Loading

འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་[#ERROR 134: The tsheg bar ("syllable") {?urya"i} has no legal parses.]་འོད་ཅེས་བྱ་བའི་གཟུངས།
རྒྱུད།
not checked
།།རྒྱ་གར་སྐད་དུ། ཨཱཪྻ་ཏ་ཐཱ་ག་ཏ་བཻ་ཌཱུཪྻ་པྲ་བྷ་ནཱ་མ་བ་ལ་དྷ་ན་ས་མཱ་དྷི་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་ པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྻའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་ དུས་གཅིག་ན། བཅོམ་ལྡན་འདས་སྨན་གྱི་གནས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ ཏུ་གཡོས་སོ། །ལྷའི་ཙནྡན་གྱི་ཕྱེ་མ་དང༌། །མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ་བོ། །དེ་བཞིན་གཤེགས་པ་བདུན་འཁོར་དང་བཅས་པ་འཇིག་རྟེན་གྱི་ཁམས་འདིར་གཤེགས་ ཏེ༑ དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་བྱུང་བའི་སེང་གེའི་ཁྲི་ལ་བཞུགས་ཤིང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་བསྐོར། ལྷ་དང༌། ཀླུ་དང༌། གནོད་ ༄༅། །སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་ རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །དེ་ བཞིན་གཤེགས་པ་ཐམས་ཅད་དགོངས་སུ་གསོལ། །སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱང་བ་དང༌། ནད་ཐམས་ཅད་བསལ་བ་དང༌། རེ་བ་ཐམས་ཅད་བསྐང་ དུ་གསོལ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དེ་དག་གི་མཚན་དང༌། སྔོན་གྱི་སྨོན་ལམ་གྱིས་བྱིན་གྱིས་བརླབས་པའི་གཟུངས་བཤད་དུ་གསོལ། །དེ་ནས་བཅོམ་ ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ། ལེགས་སོ། །ལེགས་སོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ ཤིག་དང༌། ངས་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ། དེ་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང༌། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ རིན་པོ་ཆེ་དང༌། ཟླ་བ་དང༌། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨན་ གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་ལྟར་རྣམ་པར་སྣང་བྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ལྟར་རབ་ཏུ་བསིལ་བྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ ༄༅། །སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤོབས་པ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བལྟ་ན་མཛེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ལེགས་པར་རྣམ་པར་སེམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་བརྩེགས་པ་ལ་ཕྱག་ འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་ཆེན་པོའི་རྩེ་འཛིན་རྒྱལ་པོ་ལ་ཕྱག་འཚལ་ ལོ༑ ༑འཕགས་པ་དགྲ་བཅོམ་པ་ཤཱ་རིའི་བུ་དང༌། མཽ་འགལ་གྱི་བུ་ཆེན་པོ་ལ་ཕྱག་འཚལ་ལོ། །དགེ་བསྙེན་ཆེན་པོ་དཔལ་ཚངས་པ་དང༌། བརྒྱ་བྱིན་ལ་ཕྱག་འཚལ་ལོ། །རྒྱལ་ པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །ཀླུའི་དགེ་བསྙེན་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་གསུང་དབྱངས་གཅིག་གིས་གཟུངས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་པྲ་ཏི་ཧ་ཏ། བྷཻ་ཥ་ཛྱཻ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུཾ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ་པཱ་ལེ་པཱ་བཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོ་ཏ་ཏ་མེ། ཨུ་ མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲི་ཏྱུ་ནི་ཝཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་ན། རཀྵ་ནྟུ་མེ། སརྦ་དེ་བ་ས་མེ། ཨ་ས་མེ། ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་ས་ཏྭཱ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ། སརྦ་ཨི་ཏྱུ་པ་དྲཱ་པ། བྱ་དྷ་ཡཿ། པཱུ་ར་ཎི། སུ་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་མེ། བཻ་ཌཱུཪྻ་པྲ་ཏི་བྷཱ་ས་ སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱཧཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། ས་མུངྒ་ཏེ་སྭཱཧཱ། དེ་བཞིན་གཤེགས་པའི་མཚན་དང༌། གཟུངས་འདི་བཀའ་སྩལ་པའི་ཚེ་སྣང་བ་ཆེན་པོ་བྱུང་སྟེ་ས་ཆེན་ པོ་ཡང་གཡོས་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་བ་དག་སྣང་ངོ༌། །འཁོར་ཇི་ལྟར་ལྷགས་པ་དེ་དག་གིས་ཀྱང་སྤོས་དང༌། བདུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ནས་ ལེགས་སོ་ཞེས་བྱ་བ་གསོལ་ཏེ་ལན་བདུན་བསྐོར་བ་བྱས་སོ། །དེ་ནས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་འདི་ ༄༅། །སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་དང༌། གསུངས་འདི་འཛིན་པ་དང༌། འཆང་ བ་དང༑ ཀློག་པ་དང༌། མཆོད་པ་དེས་གཙང་མར་བྱས་ཏེ་ཕྱོགས་གཙང་མར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བས་ ས་ག་ལ་བབ་པའི་ཉ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་བྱས་ལ་ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔ་ལ་སྨྱུང་བར་གནས་པས་གཟུངས་འདི་དག་བཞི་ བཅུ་རྩ་དགུ་འམ། སྟོང་རྩ་བརྒྱད་དམ། སྟོང་ཕྲག་བཞི་བཅུ་རྩ་དགུར་འདོན་ཅིང༌། མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མར་མེ་དང༌། ཕྲེང་བ་དང༌། རོལ་མོའི་སྒྲ་དང༌། གདུགས་ དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་པ་བྱེད་ན། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པར་འགྱུར། བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཀླུའི་དགེ་བསྙེན་ཆེན་པོ་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་པར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་ གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྻའི་འོད་ཀྱི་གཟུངས་ ཞེས་བྱ་བར་ཟུངས་ཤིག །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་སྦྱོང་བ་ཞེས་བྱ་བར་ཡང་ཟུངས་ཤིག །དེ་བཞིན་གཤེགས་པ་བདུན་གྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བར་ ཟུངས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པའི་བཻ་ཌཱུཪྻའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་ ༄༅། །གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤྲཱི་རེནྡྲ་བོ་དྷི་དང༌། ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ ཀྱིས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཐོ་ལྡིང་གསེར་ཁང་དུ་སྐད་གསར་བཅས་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །། Copyright © 2012 by the Asian Classics Input Project. All rights reserved.