Loading

སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ།
ཕལ་ཆེན།
checked, but not manually proofread
༄༅༅། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ། བམ་ པོ་དྲུག་ཅུ་རྩ་གསུམ་པ། དེ་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེའི་ནང་ནས་། བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་ ༄༅༅། །བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང༌། འབྱུང་བ་རྣམ་པར་དག་པ་ནི་ཇི་ ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ གདུང་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ སྐྱེ་བ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་ གཤེགས་པའི་སྐུ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ བཞིན་གཤེགས་པའི་གསུང་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ ཡེ་ཤེས་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ནི་ ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆགས་པ་མི་མངའ་བའི་རྣམ་པར་སྤྱོད་པ་ནི་ཇི་ཙམ་ཞིག་ཏུ་ བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ་ སྙམ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཐུགས་ཀྱིས་ཐུགས་སུ་ཆུད་ནས། བྱང་ཆུབ་ སེམས་དཔའ་ཨུཏྤ་ལའི་སྙིང་པོ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བྱིན་དང་ལྡན་ ༄༅༅། །པར་མཛད་དོ། །དེ་བཞིན་གཤེགས་པའི་འོད་ཀྱིས་སྣང་བར་མཛད་དོ། །སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཡོངས་ སུ་རྒྱས་པར་མཛད་དོ། །སངས་རྒྱས་ཀྱི་མི་འཇིགས་པ་ལ་རབ་ཏུ་བཞག་གོ །སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ལ་འཇུག་པ་ཁོང་དུ་ཆུད་ པར་མཛད་དོ། །སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཉིད་དང༌། རྫུ་འཕྲུལ་གྱི་ཡུལ་རབ་ཏུ་རྟོགས་པར་མཛད་དོ། །ཆགས་པ་མེད་པའི་རྒྱུད་ འབྱམས་ཀླས་པ་ལ་རབ་ཏུ་བཞག་གོ །སངས་རྒྱས་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིགས་རབ་ཏུ་རྟོགས་པར་མཛད་དོ། ། སངས་རྒྱས་ཀྱི་ཚུལ་གྱི་གནས་བརྗོད་དུ་མེད་པ་ལ་རབ་ཏུ་བཞག་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཨུཏྤ་ལའི་སྙིང་པོས་ ཆོས་ཀྱི་དབྱིངས་ལ་འཇུག་པ་རིག་ཅིང་ཁོང་དུ་ཆུད་པས། ཆགས་པ་མེད་པའི་དབྱིངས་སུ་བསྒྲུབས་པའི་ཡིད་དང༌། ཆོས་ཐམས་ ཅད་ལ་བསྒྲིབས་པ་མེད་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། ཀུན་ཏུ་བཟང་པོའི་སྨོན་ལམ་དང་ལྡན་པའི་ཡང་དག་པར་འཇུག་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ སོང་བའི་སངས་རྒྱས་བལྟ་བ་དང༌། སྙིང་རྗེ་ཆེན་པོས་ལྟ་བའི་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱོང་བའི་གོ་ཆ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་ཡི་དམ་དང༌། སྤྱོད་པའི་དཀྱིལ་འཁོར་ རྒྱུན་ཆད་པ་མེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པ་སྐད་ཅིག་གི་ཆ་ཤས་ལ་རྣམ་པར་སྤྱོད་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་མཐོང་བ་མི་ཟད་པ་དང༌། ཐ་དད་ པ་ཡང་དག་པར་ཤེས་པའི་རྣམ་པ། གཟུངས་ཐམས་ཅད་ཀྱིས་སྣང་བར་བྱས་པ་དང་ལྡན་པས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་པདྨོའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་རྒྱལ་བའི་སྲས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པ་ལ་རྣམ་པར་སྤྱོད་པ་སྟེ། ཀྱེ་རྒྱལ་བའི་སྲས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པར་འཕྲུལ་པ་ ཆེན་པོ་ལ་རྣམ་པར་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལ་སྐུའི་མཚན་ཉིད་ཐམས་ཅད་རབ་ཏུ་བརྙེས་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཏིང་ངེ་འཛིན་དང་དགོངས་པས་སྦྱར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐ་དད་པ་ཡང་དག་པར་ ༄༅། །མཁྱེན་པ་བཞི་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཤིན་ཏུ་སྟོན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལ་བསམ་གྱིས་མི་ཁྱབ་པར་རྣམ་པར་སྤྱོད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་གསུང་དང་དབྱངས་ནི་ཚད་མེད་པའོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ནི་བརྗོད་དུ་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ནི། ཐམས་ཅད་མངོན་པར་མཁྱེན་པའོ། །ཀྱེ་རྒྱལ་བའི་སྲས་དག། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་ཅིང་བསྟན་པ་ནི་བསྒྲིབས་པ་མེད་པའི་ མཐར་ཐུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ཆོས་རྣམ་པ་བཅུ་ སྟེ༑ བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་རྣམ་པར་དག་པ་ནི་རྙོག་པ་མེད་པར་རྒྱུད་ཐམས་ཅད་དུ་བྱུང་བས་མཐའ་དང་དབུས་མེད་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆགས་པ་མེད་པའི་སྤྱན་ནི། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སྤྱན་མངོན་པར་སངས་རྒྱས་པས་མཐའ་དང་དབུས་མེད་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆགས་པ་མེད་པའི་སྙན་ནི། འགྲོ་བ་ཐམས་ཅད་ཀྱི་སྒྲ་བསྒྲིབས་པ་མེད་པར་ཐུགས་སུ་ཆུད་པས་མཐའ་དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཤངས་ཀྱི་སྐྱེ་མཆེད་ནི། སངས་རྒྱས་ཀྱི་མངའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྙེས་པས་མཐའ་དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྗགས་ ཤིན་ཏུ་ཡངས་པ་ནི། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གསུང་གི་དབྱངས་རྗེས་སུ་འགྲོ་བས་མཐའ་དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུའི་ཆོས་ཉིད་ནི། སེམས་ ཅན་ཐམས་ཅད་མ་ལུས་པའི་སེམས་ཀྱི་རྣམ་པ་ལ་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དམིགས་པས་མཐའ་དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱི་འཕྲིན་ ལས་ནི། ཆོས་ཀྱི་སྐུ་དང་ཐ་མི་དད་ཅིང༌། དུས་གསུམ་ཆགས་པ་མེད་པར་ཐུགས་སུ་ཆུད་ཅིང་རྣམ་པར་དག་པས་མཐའ་དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་ རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མི་མངའ་བ་ལ་རྣམ་པར་སྤྱོད་པ་ནི། སངས་རྒྱས་ཀྱི་གོ་འཕང་དང༌། རྣམ་པར་འཕྲུལ་བ་དང༌། ཆོ་འཕྲུལ་མི་ཟད་པ་ཡང་དག་པར་སྟོན་པས་མཐའ་ དང་དབུས་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་ནི། བརྗོད་དུ་མེད་པའི་རྒྱན་བྱིན་གྱིས་བརླབས་པས། སངས་རྒྱས་ཀྱི་ ༄༅། །ཞིང་ཉེ་བར་ཉོན་མོངས་པ་མེད་པ་ཡང་དག་པར་བསྟན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པར་མཛད་པས་མཐའ་དང་དབུས་མེད་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་དང༌། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ནི། རྣམ་པར་རོལ་བའི་ཡེ་ཤེས་ཀྱི་ཆོས་ཡོངས་ སུ་རྫོགས་ཏེ། ཆོས་ཐམས་ཅད་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་མཐའ་དང་དབུས་མེད་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྐད་ཅིག་གཅིག་ལ་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པ་ཡང་དག་པར་བསྟན་པའོ། །བཅུ་གང་ཞེ་ན། སྐད་ཅིག་གཅིག་ལ་འཇིག་རྟེན་ གྱི་ཁམས་ཐམས་ཅད་དུ་དགའ་ལྡན་གྱི་གནས་ནས་འཕོ་བ་ཡོངས་སུ་བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚེ་ཡོངས་སུ་ བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་འབྱུང་བ་ཡོངས་སུ་བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཤིང་མངོན་པར་འཚང་རྒྱ་བ་ཡོངས་སུ་བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོངས་སུ་བསྟན་པ་དང༌། སྐད་ ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་ཇི་ལྟ་བ་བཞིན་དུ་དུས་ལ་བབ་པར་ཤེས་པས་སངས་རྒྱས་བསྙེན་བཀུར་བ་ཡོངས་སུ་བསྟན་པ་ དང༑ སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཇི་ལྟར་འདུལ་བའི་ཚུལ་བཞིན་དུ་དེ་བཞིན་གཤེགས་པ་བརྗོད་དུ་མེད་པ་དང༌། སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་ པར་དམིགས་པ་ཡོངས་སུ་བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་སྣ་ཚོགས་དང༌། རྒྱན་བརྗོད་དུ་མེད་པས་དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུ་ ཕྱུང་བ་དང༌། ཐམས་ཅད་མཁྱེན་པའི་མཛོད་ཡོངས་སུ་བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་དག་པ་གཅིག་མ་ཡིན་པ་ཐམས་ཅད་ཡོངས་སུ་ བསྟན་པ་དང༌། སྐད་ཅིག་གཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་སྐྱེ་བ་ཐམས་ཅད་དུ་དབང་པོ་དང༌། བརྩོན་འགྲུས་ རྣམ་པ་ཐ་དད་པ་བྱུང་བ་དང༌། མོས་པ་དང༌། སྤྱོད་པ་རྣམ་པ་ཐ་དད་པ་བྱུང་བ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་རྒྱུད་དུ་མངོན་པར་འཚང་རྒྱ་བ་ཡོངས་སུ་བསྟན་པ་སྟེ། ཀྱེ་རྒྱལ་བའི་སྲས། ༄༅། །བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྐད་ཅིག་ལ་ཡེ་ཤེས་མངོན་པར་སྒྲུབ་པ་ཡང་དག་པར་བསྟན་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་དུས་ལས་མི་འདའ་བ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་ པར་འཚང་རྒྱ་བ་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་རྣམ་པར་སྨིན་པ་དང༌། རྣམ་པར་མ་སྨིན་པ་མཉམ་པ་ཉིད་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་ནི། དེའི་དུས་ལས་ མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་བསམ་པའི་རྒྱུད་དུ་ཆོ་འཕྲུལ་ཡོངས་སུ་བསྟན་པ་ནི། དེའི་དུས་ལས་མི་འདའ་ བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་མོས་པ་ཇི་ལྟ་བུ་དང་ལྡན་པའི་ཚུལ་བཞིན་དུ་སྐུ་ཡོངས་སུ་བསྟན་པ་ནི། དེའི་དུས་ལས་མི་ འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཏང་སྙོམས་སུ་བཞུགས་པ་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཡུལ་དང་གྲོང་དང་གྲོང་རྡལ་དུ་གཤེགས་པ་ནི། དེའི་དུས་ལ་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་དད་པ་ཇི་ལྟ་བུ་དང་ལྡན་པའི་ ཚུལ་བཞིན་དུ་སེམས་ཅན་ཡོངས་སུ་འཛིན་པ་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང་ལྡན་ ཞིང་གདུལ་དཀའ་བ་ལ་གཞན་ལ་ལྟོས་པ་མི་མངའ་བར་འདུལ་བ་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་ པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པ་བསྟན་པ་ནི། དེའི་དུས་ལས་མི་འདའ་བས་དུས་ལ་བབ་པ་ཡིན། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་དུས་ལས་མི་འདའ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་དཔེ་མེད་ཅིང་བསམ་ གྱིས་མི་ཁྱབ་པ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་དགང་བ་དང༌། དུས་གཅིག་ཏུ་སངས་རྒྱས་ཐམས་ཅད་ཡོངས་སུ་ བསྟན་པ་དང༌། འོད་ཟེར་གཅིག་གིས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སྣང་བར་བྱ་བ་དང༌། སྐུ་གཟུགས་གཅིག་གིས་ལུས་དང༌། གཟུགས་ཐམས་ཅད་ཡོངས་སུ་བསྟན་པ་ ༄༅། །དང༑ གནས་གཅིག་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་བྱོན་པའི་སྐུར་འགྱུར་བ་དང༌། ཡེ་ཤེས་གཅིག་རྟོགས་པས་ཆོས་ཐམས་ ཅད་ལ་བསྒྲིབས་པ་མེད་པར་འགྱུར་བ་དང༌། ཐུགས་གཅིག་བསྐྱེད་པས་ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་རྒྱས་པར་འགེངས་པ་དང༌། སངས་རྒྱས་ཀྱེ་ཆེ་བ་ཉིད་ཚད་མེད་པ་དང་ ལྡན་པའི་གཤེགས་སྟབས་གཅིག་གིས་དེ་ཁོ་ན་ཉིད་ཡང་དག་པར་བསྟན་པ་དང༌། དུས་གསུམ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་གིས་རྒྱས་པར་འགེངས་པ་དང༌། འགྲོ་བ་ཐམས་ ཅད་དང་མ་འདྲེས་པར་བཞུགས་ཤིང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་དམིགས་པའི་ཚུལ་གྱིས་རྒྱུད་ཀྱི་ཚུལ་གཅིག་པ་ སྟེ༑ ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་དཔེ་མེད་ཅིང་བསམ་གྱིས་མི་ཁྱབ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་མངོན་པར་སྒྲུབ་པའི་ཡེ་ཤེས་ཏེ། བཅུ་གང་ཞེ་ན། འཇུག་པ་མེད་པའི་ཆོས་ཐམས་ཅད་ལ་འཇུག་པས་སྨོན་ ལམ་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ལུས་མེད་པ་ལ་ལུས་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་མི་གཉིས་པ་ལ་མངོན་པར་འཚང་རྒྱ་བ་མངོན་པར་སྒྲུབ་པའི་ཡེ་ ཤེས་དང༌། སེམས་ཅན་གྱི་མཐར་ཐུག་པར་བདག་མེད་པ་ལ་སེམས་ཅན་འདུལ་བ་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་མཚན་མ་མེད་པ་ལ་མཚན་མ་སྣ་ཚོགས་མངོན་པར་ སྒྲུབ་པའི་ཡེ་ཤེས་དང༌། འཇིག་རྟེན་གྱི་ཁམས་ཀྱི་ཡུལ་མ་སྐྱེས་པ་ལ་འཇིག་རྟེན་གྱི་ཁམས་འདུ་བ་དང༌། འཇིག་པ་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཡུལ་ཐམས་ཅད་མངོན་པར་འདུ་བྱ་ བ་མེད་པ་ལ་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པ་ལ་ཆོས་ཀྱི་དབྱིངས་སུ་གསུང་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཆོས་ཐམས་ ཅད་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བས་འཇུག་པ་མེད་པ་ལ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མངོན་པར་སྒྲུབ་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་མ་སྐྱེས་པ་ལ་ སྐྱེ་བ་དང༌། འཇིག་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་པར་སྒྲུབ་པའི་ཡེ་ཤེས་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ ཀྱི་མངོན་པར་སྒྲུབ་པའི་ཡེ་ཤེས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚད་མེད་པའི་ཁོངས་སུ་ཆུད་པ་དག་སྟེ། བཅུ་གང་ཞེ་ན། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི། དུས་གསུམ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ཐམས་ཅད་འདུལ་ ༄༅། །བར་མཛད་པ་ནི། ཆོ་འཕྲུལ་ཆེན་པོ་གསུམ་གྱི་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ལ་མཁས་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་གཟུངས་ཐམས་ཅད་ཀྱི་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་ཐམས་ཅད་ནི། དེ་བཞིན་གཤེགས་པའི་ཐ་དད་པ་ཡང་ དག་པར་མཁྱེན་པ་བཞིར་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ནི། ཐུགས་རྗེ་ཆེན་པོའི་ཁོངས་སུ་ཆུད་པ་ཡིན། སངས་ རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་མཉམ་པར་བཞག་པ་ནི། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་རྣམ་པར་གཟིགས་པའི་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་དགེ་བའི་རྩ་བ་ནི། སེམས་ཅན་རྣམ་པར་གདུལ་བ་ཐམས་ཅད་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆགས་པ་མི་མངའ་བར་ སྤྱོད་པ་ནི། ཆོས་ཀྱི་དབྱིངས་ཐམས་ཅད་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐད་ཅིག་གཅིག་ཏུ་ནི། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་ རྒྱས་སྐྱེ་བ་ཐམས་ཅད་ཁོངས་སུ་ཆུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉི་མ་གཅིག་ཏུ་ནི། དུས་གསུམ་གྱི་བསྐལ་པའི་གྲངས་ཁོང་དུ་ཆུད་པར་བསྟན་པ་ཐམས་ཅད་ཁོངས་ སུ་ཆུད་པ་ཡིན། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚད་མེད་པའི་ཁོངས་སུ་ཆུད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བ་རྣམས་ཏེ། བཅུ་གང་ཞེ་ན། བདུད་ཀྱི་དཀྲུགས་མ་རབ་ཏུ་འཇོམས་ཞིང་རྣམ་པར་འཐོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། །མུ་སྟེགས་ཅན་གཞན་དང༌། ཕས་ཀྱི་རྒོལ་བ་ཚར་བཅད་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་ བཟོད་པར་དཀའ་བའོ། །འདུལ་བའི་སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་མཛད་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། ། སེམས་ཅན་འདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། ། ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པའི་ཡེ་ཤེས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ ལུས་པར་སྐུས་ཁྱབ་ཅིང༌། སངས་རྒྱས་ཀྱི་སྐུ་རྣམ་པར་ཕྱེ་བ་སྣ་ཚོགས་ཐམས་ཅད་དུ་མི་གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་ ༄༅། །པར་དཀའ་བའོ། །གསུང་གི་ཡན་ལག་ཐམས་ཅད་ལ་སེམས་ཅན་མོས་པར་བྱ་བ་དང༌། ཐོས་པར་བྱ་བ་དང༌། གདུལ་བར་བྱ་བ་དོན་ཡོད་པར་ཐ་དད་པ་ཡང་དག་པར་ མཁྱེན་པ་ཐོགས་པ་མེད་པས་བསྟན་པའི་ཚུལ་དུ་ཐ་དད་པ་ཡང་དག་པར་མཁྱེན་པ་བཞི་འབྱུང་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བ་སྤུའི་བུ་ག་གཅིག་ནས། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བསམ་གྱིས་མི་ཁྱབ་ཅིང་ཐོགས་པ་ མེད་པའི་ཚུལ་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཐབས་ཀྱིས་འབྱུང་ཞིང༌། དེ་བཞིན་དུ་སངས་རྒྱས་ཀྱིས་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་འབྱུང་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་ཤིན་ཏུ་ཕྲ་བ་ གཅིག་ལ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྟོན་ཅིང༌། སངས་རྒྱས་ཀྱི་རྒྱན་དང༌། རང་བཞིན་གྱི་ལྷབ་ལྷུབ་དང༌། ཆོས་ཀྱི་འཁོར་ ལོ་བསྐོར་བ་རྒྱུན་མི་འཆད་ཅིང༌། སེམས་ཅན་རྣམ་པར་འདུལ་བ་ཐོགས་པ་མེད་པ་ལ་འཇིག་རྟེན་གྱི་ཁམས་དེ་དག་ཏུ་གཏོགས་པ་རྣམས་ལའང་མི་བདེ་བ་དང༌། གནོད་པ་མེད་ཀྱང་རྡུལ་ ཤིན་ཏུ་ཕྲ་བ་དེ་ཡང་ཡངས་པར་མ་བྱས། འཇིག་རྟེན་གྱི་ཁམས་དེ་དག་ཀྱང་ཆུང་བར་མ་བྱས་པར་ཇི་ལྟར་གནས་པའི་ཆོས་ཀྱི་དབྱིངས་ཀྱང་ཐུགས་སུ་ཆུད་པའི་ཡེ་ཤེས་མངའ་བ་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། །མུན་པ་མེད་པའི་ཁམས་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ མུན་པ་མེད་ཅིང་བསྒྲིབས་པ་མི་མངའ་ལ། སེམས་ཅན་ཕ་རོལ་གྱི་བསྒྲིབས་པ་སྣ་ཚོགས་ཀྱི་གནས་རྣམ་པར་སེལ་ན། དེ་ལ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་ པ་ནི༑ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྒྱ་ཆེ་བའི་ཆོས་ལ་བཟོད་པར་དཀའ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ ཏུ་རྒྱ་ཆེ་བའི་ཆོས་བཟོད་པར་དཀའ་བའོ། །ཀྱེ་རྒྱལ་བའི་སྲས་དག། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ ཤིན་ཏུ་དག་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་པར་བསྒྲུབས་པ་བདག་ཉིད་ཆེ་བ་ནི། སྔོན་གྱི་མཐའ་ནས་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ ཅིང་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་རྒྱུད་དུ་རིགས་དང་ལྡན་པར་འབྱུང་བའི་བདག་ཉིད་ཆེ་ ༄༅། །བ་ནི། དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་རྣམ་པར་ཤེས་པ་ལ་མི་གནས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། ཕྱི་མའི་མཐའི་མུར་ཐུག་པར་གནས་པས། རྣམ་པ་ཐམས་ཅད་དུ་ཁ་ ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དུས་གསུམ་ལ་མི་གནས་པར་རྣམ་པར་སྤྱོད་ཅིང་ཆོས་ཐམས་ཅད་ལ་རྟེན་པ་ཡང་དག་པར་བཅོམ་ པས༑ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ དངོས་པོ་རྣམ་པ་ཐ་དད་པ་ལ་རྣམ་པར་གཞག་པ་གཅིག་གིས་ལེན་པ་མེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐར་ཆོས་ཀྱི་དབྱིངས་ལ་གནས་པས་མཉམ་པའི་བསོད་ནམས་མི་ཟད་པ་ དང་ལྡན་པས། མི་ཟད་པའི་བསོད་ནམས་མངའ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་ དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་གཟུགས་དང༌། ཁ་དོག་མཐའ་ཡས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་འདུལ་བའི་དུས་དང་དབང་གིས་ཆགས་ པ་མེད་པར་བཞུགས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་མི་འཇིགས་པ་བཞི་བརྙེས་པས་བག་ཚ་བ་མི་མངའ་བར་བཞུགས་ཤིང་ཁྱུ་མཆོག་དང༌། སེང་གེའི་ང་རོ་འབྱིན་ཏེ། རྒོལ་བའི་ནང་ན་སྟག་ལྟ་བུའི་མཐུ་དང་ལྡན་ལ། ཆོས་ ཐམས་ཅད་བསྟན་པ་ལ་ཐུགས་སྒྲོན་མ་ལྟ་བུ་མངའ་བས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་ པའོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིག་ལོན་ཡང་མཚན་གྱི་ཚིག་ཐོས་པ་ཙམ་གྱིས་བཞུགས་ པ་དང་འདྲ་བར་སེམས་ཅན་རྣམས་ཀྱི་ཡོན་ཤིན་ཏུ་སྦྱོང་ཞིང༌། མྱ་ངན་ལས་འདས་ནས་དེ་སྲིད་ཀྱི་ཡུན་རིང་པོ་འདས་ཀྱང༌། སངས་རྒྱས་ལ་བསྐྱེད་པའི་ཡོན་ཏན་ཟད་པར་མི་འགྱུར་བས། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ ༄༅། །ཡང་བརྗོད་དུ་མེད་པ་དག་ན་བཞུགས་ཤིང༌། འཇིག་རྟེན་གྱི་ཁམས་རྒྱང་རིང་པོ་ན་བཞུགས་ཀྱང༌། འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་རྣམས་ ཀྱིས་རྗེས་སུ་དྲན་པར་བྱས་ན། སྐུ་མངོན་པར་སྟོན་པ་མཛད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་ དག་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་ཉིད་ཆེ་བ་ནི། རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ ཀྱི་ཚངས་པའི་སྤྱོད་པ་རྣམ་པར་དག་པ་ལ། སྔོན་གྱི་སྨོན་ལམ་གྱིས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆགས་པ་མེད་པའི་ཚུལ་ཁྲིམས་ཀྱིས་ ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སེལ་བས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་ཞིང་གིས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་གྱིས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་རིགས་རྣམ་པར་དག་པས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། གཟུགས་ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་པས་ཤིན་ཏུ་ རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་སྐུ་རྙོག་པ་མེད་པས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཀྱི་ཕུང་པོ་བསྒྲིབས་པ་མེད་པས་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་རྣམ་པར་ཐར་པ་ཐམས་ཅད་ལ་མཐུ་ཆེན་པོ་བརྙེས་ཤིང༌། ཕ་རོལ་ཏུ་ ཕྱིན་པ་དམ་པ་བརྙེས་པས་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའོ། །ཀྱེ་རྒྱལ་བའི་སྲས་དག། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འབྱུང་ཞིང་དུས་ཐམས་ཅད་དུ་གནས་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་ པ་ཐོབ་པའི་སེམས་ཅན་རྣམས་ལ་དུས་ཐམས་ཅད་དུ་སངས་རྒྱས་བསྟན་པ་དང༌། སེམས་ཅན་སེམས་ཅད་ཤེས་དང་ལྡན་པ་རྣམས་ལ་དུས་ཐམས་ཅད་དུ་ཆོས་བསྟན་པ་དང༌། སེམས་ཅན་ སངས་རྒྱས་ལ་དད་པའི་སེམས་དང་ལྡན་པའི་དགེ་བའི་རྩ་བ་དུས་ཐམས་ཅད་དུ་བསྐྱེད་པ་དང༌། ཆོས་སྐྱོན་མེད་པར་འདས་པའི་སེམས་ཅན་རྣམས་དུས་ཐམས་ཅད་དུ་ཡེ་ཤེས་ཁོང་དུ་ཆུད་པར་ ༄༅། །བྱ་བ་དང༌། འགྲོ་བ་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པ་དང༌། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་དུས་ཐམས་ཅད་དུ་ཆགས་པ་མི་མངའ་བར་གཤེགས་པ་དང༌། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དུས་ཐམས་ཅད་དུ་མི་གཏོང་བ་དང༌། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་སངས་རྒྱས་ཀྱི་སྤྲུལ་པ་དུས་ཐམས་ཅད་དུ་ཐོགས་པ་མེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་སྣ་ཚོགས་དུས་ཐམས་ཅད་དུ་ཐོགས་ པ་མེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་དབྱིངས་གནས་པའི་སངས་རྒྱས་དུས་ཐམས་ཅད་དུ་འབྱུང་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འབྱུང་ཞིང༌། དུས་ཐམས་ཅད་དུ་གནས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱ་མཚོ་མི་ཟད་པའི་ཚུལ་རྣམས་ཏེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ དེ་བཞིན་གཤེགས་པའི་སྐུས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་འཕྲིན་ལས་ཚད་མེད་པ་བརྙེས་པས་ཡེ་ཤེས་རྒྱ་མཚོ་མི་ཟད་ པའོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་མངའ་བས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཚད་མེད་པ་བསམ་གྱིས་ མི་ཁྱབ་པ་མངའ་བས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་ཚར་མངོན་པར་འབེབས་པས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སངས་རྒྱས་ཀྱི་ཡོན་ཏན་དང༌། ལེགས་པ་མང་པོ་མངའ་བས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔོན་གྱི་མཐའི་ཐམས་ཅད་མཁྱེན་པའི་སྨོན་ལམ་ དང་ཁྱད་པར་མངའ་བས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱི་མའི་མཐའི་མུར་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པར་བསྒྲུབ་པས་ ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་གྱི་རིགས་ཐམས་ཅད་མ་ལུས་པའི་སེམས་དང་སྤྱོད་པ་ལ་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་ཐམས་ཅད་མཁྱེན་པའི་བསོད་ནམས་ཟིལ་གྱིས་མི་ནོན་པས་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱ་མཚོ་མི་ཟད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ ༄༅། །ཚུལ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་མངོན་པར་བྱུང་བ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ ནོ༑ ༑འདི་ལྟ་སྟེ། ཆོས་ཐམས་ཅད་ལ་མི་མཁྱེན་པ་གང་ཡང་མི་མངའ་བ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་དང་ ལྡན་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ཀྱང་སྟོབས་བཅུ་ཚད་མེད་པ་དང་ལྡན་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ཀྱང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ཀྱང་སེམས་ཅན་འདུལ་བ་ཡང་དག་པར་ཞུགས་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཐམས་ཅད་ཀྱང་འགྲོ་བ་ཐམས་ཅད་ ཀྱི་དོན་དུ་མངོན་པར་སངས་རྒྱས་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། འདུལ་བའི་སེམས་ཅན་རྣམས་འདུལ་བ་ལ་ཐོགས་པ་མི་མངའ་བ་ འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། མི་གཉིས་པར་ཡང་དག་པར་སྤྱོད་པའི་མཚན་ཉིད་ཀྱི་ཆོས་ལ་རབ་ཏུ་གཞོལ་བ་འདི་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ནོ། །འདི་ལྟ་སྟེ། ཇི་ལྟར་ཡོངས་སུ་སྨིན་པར་གྱུར་པ་དང༌། དུལ་བར་གྱུར་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡུལ་མུ་མེད་པས། སངས་རྒྱས་ཀྱི་ཡོངས་སུ་ མྱ་ངན་ལས་འདའ་བ་སྟོན་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ ལོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་ཤིན་ཏུ་བསྟན་པའི་སྒོ་རྣམས་ཏེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་སེམས་ཅན་གྱི་ཁམས་ཤིན་ཏུ་བསྟན་པའི་སྒོར་མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་གྱི་སྤྱོད་པ་སྣ་ཚོགས་ཤིན་ཏུ་བསྟན་པའི་སྒོར་མཐའ་ ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ལས་དང༌། རྣམ་པར་སྨིན་པ་ཤིན་ཏུ་བསྟན་པའི་སྒོར་མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་སེམས་ཅན་ཐམས་ཅད་ལ་གདམས་ངག་དང༌། མན་ངག་ཤིན་ཏུ་བསྟན་པའི་སྒོར་མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་མཐའ་ཡས་པ་རྣམ་པར་སྦྱོང་ བའི་ནན་ཏན་གྱི་སྒོར་མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གདམས་ངག་དང༌། མན་ངག་གིས་ཡོངས་སུ་གཞོག་པའི་སྒོར་ ༄༅། །མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་སྨོན་ལམ་རྣམ་པ་ཐ་དད་པས་འབྱུང་བ་ཤིན་ཏུ་བསྟན་པའི་སྒོར་ མཐའ་ཡས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པའི་འདུ་བ་དང༌། འཇིག་པ་ཤིན་ཏུ་བསྟན་པའི་སྒོར་མཐའ་ཡས་པའོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའི་བསམ་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྟན་པའི་སྒོར་མཐའ་ཡས་པའོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་བསྐལ་ པ་ཡངས་པ་དེ་དང་དེ་དག་ཏུ་བསྟན་ཅིང་བརྗོད་པ་དང༌། ཡོངས་སུ་བཤད་པས་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་སྒོར་མཐའ་ཡས་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་ཤིན་ཏུ་བསྟན་པའི་སྒོའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་སེམས་ཅན་རྣམས་ལ་སྒྲུབ་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཡོངས་སུ་བསྟན་པ་ནི། སེམས་ ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ལེན་པ་མཛད་པ་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལེན་པ་མི་མཛད་པ་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ ལས་སྒྲུབ་བོ། །ས་དང༌། ཆུ་དང༌། མེ་དང༌། རླུང་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་བྱིན་གྱི་རླབས་ཀྱི་ཡུལ་དང་མི་དམིགས་པ་ཐམས་ཅད་ཡུལ་དུ་མཛད་པས་ཀྱང༌། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཀྱང་ སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞིང་ལ་དམིགས་པར་མཛད་པས་ཀྱང༌། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་ སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པས་ཀྱང༌། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་བོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་མི་གསུང་བར་བཞུགས་པ་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་སྒྲུབ་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་ ༄༅། །ཀྱི་སངས་རྒྱས་ཀྱི་འཕྲིན་ལས་སེམས་ཅན་རྣམས་ལ་སྒྲུབ་པའོ།། །།བམ་པོ་དྲུག་ཅུ་རྩ་བཞི་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་གཙོ་བོའི་ཆོས་ཏེ། བཅུ་གང་ཞེ་ན། སྨོན་ལམ་ཆེན་པོ་ལ་རབ་ཏུ་བརྟན་ཞིང་སྨོན་ལམ་ཞིག་པ་མི་མངའ་བས་ཇི་སྐད་དུ་གསུང་བ་དེ་ལྟར་མཛད་ཅིང་གཉིས་ སུ་མི་གསུང་བ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་དང་པོའོ། །ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་ཐམས་ཅད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོན་ཏན་ཐམས་ཅད་ཡོངས་སུ་ རྫོགས་པར་མཛད་པར་རབ་ཏུ་བརྩོན་ཞིང་སྒྱིད་ལུག་པ་མི་མངའ་བ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་གཉིས་པའོ། །སེམས་ཅན་འདུལ་བར་འགྱུར་བ་གཅིག་ཅིག་གཟིགས་ཀྱང་འཇིག་ རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་གཤེགས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་པ་ལ་ཐག་ཐོགས་མེད་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་ གསུམ་པའོ། །ཞེ་སྡང་བའི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོས་སྙོམས་པ་དང༌། དད་པའི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོས་སྙོམས་པ་འདི་ནི། སེམས་ཅན་གྱི་གཙོ་ བོའི་ཆོས་བཞི་པའོ། །གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་ རྒྱས་ཀྱི་བར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་རོ་སྙམ་དུ་བྱང་ཆུབ་ཀྱི་སེམས་མ་ཉམས་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་ལྔ་པའོ། ། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་ཅིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་འཇུག་གི །འཇིག་རྟེན་པའི་རྒྱུད་ལ་མ་ཡིན་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་དྲུག་པའོ།། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བསྔོ་ན། སངས་རྒྱས་ཀྱིས་སྤྱད་པའི་སེམས་སུ་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ཀྱིས་སློབ་ཅིང་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྤྱོད་པས་ཐམས་ཅད་ མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་བདུན་པའོ། །བྱང་ཆུབ་སེམས་ དཔའི་སེམས་རྣམ་པར་དག་ཅིང༌། འོད་གསལ་ལ་དྭངས་པ། ཐམས་ཅད་དུ་སྣང་ཞིང་ཀུན་ཏུ་འོད་འབྱུང་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་ཞིང་ཐམས་ཅད་དུ་སྙོམས་པས་ཐམས་ཅད་ མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་བརྒྱད་པའོ། །འཇིག་རྟེན་པའི་བདེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ། འཇིག་རྟེན་པའི་དགའ་བ་ཐམས་ཅད་ལ་ མ་ཆགས་པ་དང༌། འཇིག་རྟེན་ཐམས་ཅད་ཀྱིས་གོས་པ་མེད་པའི་སྨོན་ལམ་ཐམས་ཅད་དུ་མཉམ་པ་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་བྱས་ཏེ། སྡུག་བསྔལ་ ༄༅། །དང༑ སྤྲོས་པ་ཐམས་ཅད་རབ་ཏུ་འཇོམས་པ་འདི་ནི། སེམས་ཅན་གྱི་གཙོ་བོས་ཆོས་དགུ་པའོ། །སྡུག་བསྔལ་གྱི་མི་བདེ་བ་ཐམས་ཅད་ཉམས་སུ་བབ་སྟེ། འགྲོ་བ་ ཐམས་ཅད་ཀྱི་དོན་དུ་དཀའ་ཐུབ་ཀྱིས་ཤིན་ཏུ་གདུངས་ཀྱང་བླ་བར་སེམས་བསྐྱེད་པས། སངས་རྒྱས་ཐམས་ཅད་ཀྱི་རིགས་ཡོངས་སུ་བསྲུང་བ་དང་ལྡན་པ་དང༌། སྟོབས་བཅུའི་སའི་བར་ དུ་སངས་རྒྱས་ཀྱི་ཡུལ་ལ་མོས་པས་མཐར་ཐུག་པ་འདི་ནི། སེམས་ཅན་གྱི་གཙོ་བོའི་ཆོས་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་སེམས་ཅན་གྱི་གཙོ་བོའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་ཆགས་པ་མེད་པ་རྣམས་ཏེ་། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཤེགས་པས་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་བཞུགས་པས་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི༑ འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་དང༌། བཞེངས་པ་དང༌། བཞུད་པས་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཆོས་སྟོན་པས་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་གྱི་ཁམས་མ་ལུས་ པ་ཐམས་ཅད་ཀྱི་དགའ་ལྡན་གྱི་གནས་ན་བཞུགས་ཀྱང༌། ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ ཀྱི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བའི་མཐའ་ལ་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་ མ་ལུས་པ་ཐམས་ཅད་ཙམ་གྱི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་ཀྱང་ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་མ་ ལུས་པ་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་གཟིགས་ཤིང༌། ཐུགས་ཀྱི་སྐད་ཅིག་གཅིག་ལ་ཆོ་འཕྲུལ་ཆེན་པོ་གསུམ་གྱིས་སེམས་ཅན་རྣམ་པར་འདུལ་ཡང་ཆགས་པ་མི་མངའ་བར་ རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐུ་གཅིག་གིས་ཀྱང་ཚད་མེད་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་ཆེན་པོར་རྣམ་པར་སྤྱོད་ཀྱང་ ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་གྱི་ཁམས་འབྱམས་ཀླས་པ་མ་ལུས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཆོས་ ༄༅། །མ་ལུས་པ་ཐམས་ཅད་ཀྱི་མཐར་ཐུག་པ་བསམ་གྱིས་མི་ཁྱབ་པར་སྟོན་ཅིང་གསུང་ཡང༌། ཆགས་པ་མི་མངའ་བར་རྣམ་པར་སྤྱོད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་ཆགས་པ་མེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པ་རྣམས་ཏེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཚན་དང་དཔེ་བྱད་བཟང་པོ་སྣ་ཚོགས་ཀྱིས་ རྣམ་པར་བརྒྱན་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུའི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཡན་ལག་གི་མཆོག་དམ་ པ་དྲུག་ཅུ་དང་ལྡན་ཞིང་ཡན་ལག་ལྔ་བརྒྱས་ཡོངས་སུ་བཟུང་བ་དང༌། རྒྱན་བརྒྱ་སྟོང་དུ་མས་རབ་ཏུ་བརྒྱན་པ་དང༌། དབྱངས་ཀྱི་ཡན་ལག་མཐའ་ཡས་མུ་མེད་པས་རྣམ་པར་དག་པ་ དང༑ སངས་རྒྱས་ཀྱི་ཆོས་ཀྱི་དོན་དང༌། ཚིག་དང༌། ཡི་གེ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་རབ་ཏུ་ཚིམ་པར་མཛད་པ་དང༌། བག་ཚ་བ་མི་མངའ་བས་སེངྒེའི་ང་རོ་ཆེན་པོ་ སྒྲོགས་པ་དང༌། འཇིགས་པ་མེད་པ་ཆེན་པོས་བསྙེངས་པ་མི་མངའ་བར་གྱུར་པ་དང༌། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་གྲགས་ཅིང་བསལ་ཏེ་ ཁོང་དུ་ཆུད་པར་འགྱུར་བ་དང༌། སེམས་ཅན་བསམ་པ་ཐ་དད་པ་དང༌། དབང་པོ་ཐ་དད་པ་རྣམ་པ་སྣ་ཚོགས་འདུལ་བར་ཉེ་བར་གནས་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ གི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱི་འཕྲིན་ལས་ནི་སྟོབས་བཅུས་བརྒྱན་པ། སངས་རྒྱས་ཀྱི་ཏིང་ངེ་འཛིན་ཆེན་པོ་ཐམས་ཅད་ཀྱི་མེ་ཏོག་ ཤིན་ཏུ་རྒྱས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྒྱན་གྱིས་ཤིན་ཏུ་བརྒྱན་ཅིང་བསྒྲུབས་པས་ཆགས་པ་མེད་པའི་སྤྱོད་ཡུལ་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་གཞི་ལ་རབ་ཏུ་ རྟེན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་གཏིང་མེད་པ་རབ་ཏུ་བརྙེས་པ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ། དུས་གསུམ་གྱི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ ཅད་ཀྱི་སེམས་ཅན་ཀུན་གྱི་སེམས་དང་སྤྱོད་པ་ཐམས་ཅད་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱི་རབ་ཏུ་མཁྱེན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱི་རྒྱན་ མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འོད་ཟེར་བྱེ་བ་བརྗོད་དུ་མེད་པ་རབ་ཏུ་འགྱེད་པར་མཛད་དེ། འོད་ཟེར་དེ་དག་རེ་རེ་ལ་ཡང་འོད་ཟེར་གྱི་འཁོར་གྱི་དྲ་ བ་བརྗོད་དུ་མེད་པ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་འབྱམས་ཀླས་པ་ཐམས་ཅད་མ་ལུས་པར་སྣང་བར་བྱེད་ཅིང༌། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་མུན་པ་མེད་པར་སྟོན་པ། ༄༅། །སངས་རྒྱས་སྐྱེ་བ་དང་མི་འབྲེལ་བས་སངས་རྒྱས་ཀྱི་འཕྲིན་ལས་ལས་ཕྱིར་མི་ལྡོག་ཅིང་དོན་ཡོད་པ། སངས་རྒྱས་སྐྱེ་བ་བརྗོད་དུ་མེད་པས་གནས་པ་མེད་པ་རང་ བཞིན་རྣམ་པར་དག་ཅིང༌། ཀུན་དུ་སྙོམས་པར་འབྱུང་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཟེར་གྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་བཞད་མོ་འཛུམ་པར་སྟོན་ན། ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ ལུས་པ་ཐམས་ཅད་སྣང་བར་བྱེད་པ། སེམས་ཅན་གྱི་ཁམས་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་རྣམ་པར་སྟོན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པ་ གཞན་དུ་མི་འགྱུར་བར་ལུང་སྟོན་པ། འགྲོ་བ་ཐམས་ཅད་དུ་ཤིན་ཏུ་གསལ་བར་འབྱུང་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཞད་མོ་འཛུམ་པ་བསྟན་པའི་རྒྱན་མཆོག་ དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་ཚད་མེད་པ་སྟེ། བསྒྲིབས་པ་མེད་པས་རྣམ་པར་དག་པ་ཆོས་ཐམས་ཅད་ཆགས་པ་མེད་པ་ཉིད་ཀྱི་མཐར་ ཐུག་པ། མཐའ་དང་དབུས་མེད་པའི་ཆོས་ཀྱི་དབྱིངས་ལ་གནས་པ། འཇིག་རྟེན་ཐམས་ཅད་དང་མ་འདྲེས་པ། འཇིག་རྟེན་ཐམས་ཅད་དང་འཛི་བ་མེད་པ། འཇིག་རྟེན་ཐམས་ཅད་ཀྱི་དེ་ ཁོ་ན་ཉིད་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་ཐམས་ཅད་ལས་གྱེན་དུ་འཕགས་པ། འཇིག་རྟེན་ཐམས་ཅད་ལས་འདས་པའི་ཆོས་ཀྱིས་ཡང་དག་པར་སྤྱོད་པ། ཚིག་གི་ལམ་དང་བྲལ་ བ༑ བརྗོད་དུ་མེད་པའི་མཐར་ཕྱིན་པ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང་བྲལ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུའི་རྒྱན་མཆོག་དམ་པ་བླ་ན་མེད་ པའོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འོད་ཚད་མེད་པ་མངའ་བ་སྟེ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་འོད་མ་འདྲེས་ཤིང་རྒྱན་དུ་མ་དང་ལྡན་པ། ཁ་དོག་སྣ་ཚོགས་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྒྱན་དང་ལྡན་པ། འོད་ཀྱི་སྣང་བ་ཀུན་དུ་ཐོགས་པ་མེད་ཅིང་ཐམས་ཅད་དུ་ཆགས་པ་མེད་པ། འོད་ཀྱི་དཀྱིལ་འཁོར་བསྒྲིབས་པ་མེད་པ་ཚད་མེད་ པའི་མཛོད་དུ་གྱུར་པ། འོད་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་ཁ་དོག་མཐའ་ཡས་པ་མངའ་བ་སྟེ། ཁ་དོག་ཡིད་དུ་འོང་བ་མངའ་བའོ། །ཁ་དོག་འོད་གསལ་བ་མངའ་བའོ། །ཁ་དོག་ཚད་མེད་པ་མངའ་བའོ། །སེམས་ཅན་གྱི་ཁམས་མ་ ལུས་པ་ཐམས་ཅད་ཀྱི་བསམ་པ་དང་མོས་པ་བཞིན་དུ་རྣམ་པར་དམིགས་པའི་ཁ་དོག་མངའ་བའོ། །དེ་མ་ཡིན་པའི་ཁ་དོག་གཞན་ཁམས་གསུམ་དུ་གཏོགས་པ་ཐམས་ཅད་ཟིལ་གྱིས་ ༄༅། །གནོན་པའི་ཁ་དོག་མངའ་བའོ། །ཁ་དོག་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྙེས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཁ་དོག་བླ་ན་མེད་པ་མངའ་བ་སྟེ། འདི་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཁ་དོག་གི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བས་ཤིན་ཏུ་རྣམ་པར་དག་པ་སྟེ། འདས་པ་དང༌། མ་བྱོན་ པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་དགེ་བ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ལ་ཤིན་ཏུ་བྱུང་བའོ། །ཆོས་ཉིད་ཀྱི་རྣམ་པ་ཐམས་ཅད་དུ་ཁྱད་པར་ཡོད་པ་དང༌། ཁྱད་ པར་མེད་པའི་སྤྱོད་པས་རྣམ་པར་དག་པའི་རྒྱན་གྱི་ཡེ་ཤེས་སྐྱེ་བ་ཐམས་ཅད་ཀྱི་ནང་དུ་གཏོགས་པ་དང༌། དེ་བཞིན་གཤེགས་པའི་རིགས་བསྒྲིབས་པ་མེད་པའི་རྒྱུད་རྣམ་པར་དག་པས་ འཇིག་རྟེན་གྱི་མི་སྙན་པ་ཐམས་ཅད་ཀྱིས་མི་སྙན་པ་བརྗོད་དུ་མེད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རིགས་དང་རྒྱུད་རྣམ་པར་དག་པའི་རྒྱན་མཆོག་དམ་པ་ བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱམས་པ་ཆེན་པོའི་མཐུ་དང༌། རང་བཞིན་གྱི་རྒྱན་མངའ་བ་སྟེ། ཤིན་ཏུ་དང་བ་ཡོངས་སུ་རྟོག་པའི་རྙོག་པ་མི་མངའ་བ་སྐུའི་འཕྲིན་ ལས་ཡོངས་སུ་གསལ་བ། བལྟ་བས་མི་སྐྱོ་བ། ཐུགས་ཤིན་ཏུ་རྣམ་པར་གསལ་བ། ཐུགས་རྗེ་ཆེན་པོ་མངའ་བ། འགྲོ་བ་ཐམས་ཅད་སྐྱོ་བ་པ་ཡོན་གྱི་གནས་ཀྱི་དམ་པ། བླ་ན་མེད་པ་ ཡོངས་སུ་འཛིན་པའི་ནང་ན་ཐུགས་བརྩེ་བ་ཅན་ཕན་པར་མཛད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་ཆེན་པོ་བྱིན་གྱིས་བརླབས་ཏེ། བསོད་ནམས་ཆེན་པོས་ཡོངས་སུ་འཕགས་པ། འགྲོ་བ་ ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར་པ། སེམས་ཅན་རྣམས་ཀྱི་ཡོན་ཏན་དང༌། ཡེ་ཤེས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་འཕེལ་བར་མཛད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོའི་མཐར་ཐུག་པའི་བསོད་ནམས་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་ བསྒྱུར་བའི་ཆོས་རྣམས་ཏེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ལ་མངའ་བ་དང༌། ཆོས་ཐམས་ཅད་ལ་སྣང་བར་མཛད་པའི་མངའ་བསྒྱུར་བས། ཚིག་ དང་ཡི་གེ་མཐའ་ཡས་པ་ལ་ཐོགས་པ་མི་མངའ་བའི་སྤོབས་པ་མངའ་བ་དང༌། ཆོས་ཐམས་ཅད་མ་ལུས་པར་ཡོངས་སུ་བརྗོད་པས་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་དང་པོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པ་དང༌། སྨོན་ལམ་ཇི་ལྟར་བཏབ་པའི་ཚུལ་ ༄༅། །བཞིན་དུ་འདུལ་བ་ལ་ཐོགས་པ་མི་མངའ་བས་མངའ་ཆེ་སྟེ། འདི་ནི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བ་སྒྱུར་བའི་ཆོས་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སེམས་ཅན་གཅིག་ལའང་གནོད་པ་མེད་པར་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་པ་དང༌། འཇིག་རྟེན་གྱི་ཁམས་རྒྱན་རྣམ་པར་བཀོད་པ་གྲངས་ མེད་ཚད་མེད་པ་དང་ལྡན་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་གཅིག་ནས་གཅིག་ཏུ་འཕང་བ་དང༌། གཅིག་ནས་གཅིག་ཏུ་གཞུག་པ་དང༌། གཅིག་ནས་གཅིག་ཏུ་བསྡུ་ བ་དང༌། གཅིག་ནས་གཅིག་ཏུ་བསྲེ་བས་འཇིག་རྟེན་གྱི་ཁམས་གཞན་དང༌། གཞན་དག་གཞན་དང་གཞན་གྱི་ཕྱོགས་སུ་རབ་ཏུ་བཞག་ཀྱང༌། སེམས་ཅན་གྱི་ཁམས་རྣམས་འཁོར་ ཞིང་རྨོངས་པར་མི་འགྱུར་ལ་ཐེ་ཚོམ་དུ་མི་འགྱུར་བར་མཛད་པས་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་གསུམ་པའོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་བྱིན་གྱིས་རློབ་པའི་ཡེ་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་རྒྱན་ཕན་ཚུན་དུ་བྱིན་གྱིས་བརླབ་པ་དང༌། ཐུགས་སྐད་ ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་ཡང་དག་པར་བསྟན་པ་དང༌། བསྐལ་པ་གྲངས་མེད་པར་བརྗོད་ཀྱང་ཡི་གེ་ཤིན་ཏུ་བསྟན་པ་ཟད་མི་ཤེས་པ་དང༌། འཇིག་རྟེན་ གྱི་ཁམས་མ་ལུས་པ་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་དང༌། མི་མཐུན་པ་མེད་ཅིང་ཉེ་བར་ཉོན་མོངས་པ་མེད་པ་དང༌། སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཡོངས་སུ་འདུ་བར་སངས་ རྒྱས་ཀྱི་ཞིང་རྣམ་པར་དག་པ་ཐམས་ཅད་བྱིན་གྱིས་བརླབ་པ་ལ་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་བཞི་ པའོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཟིགས་ན་སེམས་ཅན་གཅིག་གི་དོན་དུ་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་སྐྱིལ་མོ་ཀྲུང་གཅིག་གིས་ བཞུགས་ན་ཡང་དེ་བཞིན་གཤེགས་པའི་སྐུ་ལ་མི་བདེ་བ་མི་མངའ་ཞིང་ཐུགས་ལ་མི་བདེ་བ་མི་མངའ་སྟེ། གང་ཟག་དེ་ཡང་མི་བསྙེལ་བས་འདུལ་བའི་དུས་ལས་མི་འདའ་བ་དང༌། གང་ཟག་གཅིག་ ལ་ཇི་ལྟ་བ་དེ་བཞིན་དུ་རིམ་པ་རིམ་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཕྱི་མའི་མཐའི་མུར་ཐུག་པའི་སྐུ་ཚེ་ལ་མངའ་བར་བྱིན་གྱིས་བརླབས་ཏེ་བཞུགས་ཀྱང་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་སྐྱོ་བ་མི་མངའ་བ་སྟེ། དེ་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་མཐར་གྱིས་རིམ་པས། སངས་རྒྱས་ཀྱིས་འདུལ་བའི་གང་ཟག་གི་དོན་དུ་ཡོངས་སུ་སྐྱོང་བ་མཛད་པ་ལ་ མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་ལྔ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་གྱི་ཁམས་མ་ལུས་པ་ ༄༅། །ཐམས་ཅད་དུ་ཡང་དག་པར་གཞོལ་བའི་དེ་བཞིན་གཤེགས་པའི་བཞུད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཞུད་པ་ལ་ཐག་ཐོགས་མི་མངའ་བ་དང༌། ཕྱོགས་བཅུའི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོ་འབྱམས་ཀླས་པ་དང༌། ཕྱོགས་ཀྱི་དྲ་བའི་རྒྱུད་ཐམས་ཅད་དུ་ཐུགས་སྐད་ཅིག་གཅིག་དང་ ལྡན་པས་བཞུད་པར་བྱིན་གྱིས་རློབ་ཅིང་ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པ་ཁོང་དུ་ཆུད་པར་བྱ་བས། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པ་རབ་ཏུ་བསྐོར་བ་ལ་མངའ་ཆེ་བ་སྟེ། འདི་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་དྲུག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ ཀྱི་དོན་དུ་ཐུགས་སྐད་ཅིག་རེ་རེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མངའ་ཆེ་བ་སྟེ། དེ་ལ་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པ་གང་ ཡང་མེད་ལ། གང་གིས་མངོན་པར་སངས་རྒྱས་པའང་མེད་དེ། མངོན་པར་འཚང་རྒྱ་བར་འགྱུར་བ་མེད་ཀྱང༌། སློབ་པའི་ས་ལ་གནས་ཤིང་མངོན་པར་འཚང་རྒྱ་བར་ཡང་མི་བརྗོད་ པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་བསྒྲིབས་པ་མེད་པར་རྟོགས་པར་ཐུགས་སུ་ཆུད་པས་སེམས་ཅན་ཐམས་ཅད་འདུལ་བའི་དོན་དུ་ཡེ་ཤེས་ཚད་མེད་པའི་ཚུལ་གྱིས་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོའི་ཡུལ་ཡོངས་སུ་རྒྱུན་མི་གཅོད་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་བདུན་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྤྱན་གྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་གང་བསྒྲུབ་པ་དེ་སྙན་གྱི་སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ། །སྙན་གྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་ འཕྲིན་ལས་གང་བསྒྲུབ་པ་དེ་ཤངས་ཀྱི་སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ། །ཤངས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་གང་བསྒྲུབ་པ་དེ་ལྗགས་ཀྱི་སྐྱེ་མཆེད་ཀྱིས་ཡོངས་ སུ་གྲུབ་པར་མཛད་དོ། །ལྗགས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་གང་བསྒྲུབ་པ་དེ་ནི་སྐུའི་སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ། །སྐུའི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་འཕྲིན་ ལས་གང་བསྒྲུབ་པ་དེ་ཐུགས་ཀྱི་སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ། །ཐུགས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་གང་བསྒྲུབ་པ་དེ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ ཅད་ཀྱི་དམིགས་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་སྣ་ཚོགས་རྣམ་པར་ཕྱེ་བ་ཐམས་ཅད་དུ་གྲུབ་པར་མཛད་དོ། །དེ་བཞིན་དུ་དམིགས་པ་ཐམས་ཅད་རེ་རེ་ཡང་སྣྲེལ་ཞིང་བསྒྲུབ་ པས༑ སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབ་པ་ལ་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་བརྒྱད་པའོ། །སངས་ ༄༅། །རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་སྐུའི་བ་སྤུའི་བུ་ག་གཅིག་གི་ནང་དུ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གཟུད་པར་མཛད་ཅིང་ཁོངས་སུ་ཆུད་ བར་མཛད་པ་དང༌། སེམས་ཅན་རེ་རེ་ཞིང་ཡང་ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཙམ་དུ་ཡངས་པར་མཛད་ཀྱང༌། སེམས་ཅན་དེ་དག་ལ་གནོད་པ་དང༌། མི་བདེ་བར་མི་འགྱུར་བ་ དང༑ དེ་དག་དུ་ཡང་སེམས་ཅན་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པས་བསྐལ་པ་གྲངས་མེད་པ་ཟད་པར་གནས་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་གྲངས་ མེད་པར་གོམ་པ་གཅིག་གིས་ཕྱིན་པས་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སངས་རྒྱས་བྱུང་བ་རྣམས་ཀྱི་སྤྱན་སྔར་འགྲོ་བར་བྱ་བ་དང༌། སངས་རྒྱས་དེ་དག་བྱུང་བའི་ཚེ་ཡང་བརྗོད་དུ་མེད་ པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དང་གླིང་དེ་དག་ན་སེམས་ཅན་གྱི་གཙོ་བོས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང༌། བ་སྤུའི་བུ་ག་དེ་ནས་ སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འབྱུང་བར་བྱ་བ་དང༌། སེམས་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་ མེད་པ་འབྱུང་བར་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྐོར་བར་བྱ་བ་དང༌། ཆོས་ཀྱི་དབྱིངས་བསྟན་པ་གཅིག་ནས་ གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཤིན་ཏུ་བསྟན་པར་བྱ་བ་དང༌། འདས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པ་དང༌། མ་འོངས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ བརྗོད་དུ་མེད་པ་དང༌། ད་ལྟར་བྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བརྗོད་དུ་མེད་པ་ཡོངས་སུ་བརྗོད་པར་བྱ་བ་དང༌། ནམ་མཁའི་དབྱིངས་མཐའ་དང་དབུས་མེད་པར་བསྟན་པ་ཀུན་ཏུ་མཚམས་མེད་པར་ སེམས་ཅན་ཐམས་ཅད་འོང་ཞིང་འགྲོ་བ་དང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་འདོད་པའི་ལོངས་སྤྱོད་རྒྱ་ཆེན་པོ་བགེགས་མེད་པ་ཐམས་ཅད་འབྱུང་བར་བྱ་བ་ལ་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་སྒྱུར་བའི་ཆོས་དགུ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་པདྨོའི་རྒྱན་ཆེན་ པོས་བརྒྱན་པའི་སེངྒེའི་ཁྲི་པདྨོའི་སྙིང་པོ་ཅན་ལ་དེ་བཞིན་གཤེགས་པ་གཅིག་གི་ཆོས་ཀྱི་དབྱིངས་ཚད་མེད་པ་ཐམས་ཅད་དུ་ཁྱབ་པའི་སྐུས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་བསྟན་པ་མཛད་པ་དང༌། དེ་བཞིན་གཤེགས་པ་གཅིག་གི་ཇི་ལྟ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ སེམས་ཅན་གྱི་གཙོ་བོ་ཐམས་ཅད་ཀྱང་དེ་བཞིན་དུ་དགོངས་པ་སྐད་ཅིག་མ་རེ་རེའི་བྱིན་གྱིས་རླབས་ཀྱིས་བརླབས་པ་དང༌། དགོངས་པ་སྐད་ཅིག་ལ་ཇི་ལྟ་བ་བཞིན་དུ་དགོངས་པ་སྐད་ཅིག་ཐམས་ ༄༅། །ཅད་ལའང་པདྨོའི་རྒྱུད་ཀྱིས་ཡོངས་སུ་དག་པར་མངོན་པར་འཚང་རྒྱ་བར་བྱ་བ་དང༌། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པའི་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མེད་པ་རྣམ་པར་དག་པ་རྒྱན་སྣ་ཚོགས་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སུ་དམིགས་པ་རྣམ་པ་སྣ་ཚོགས་དང་ལྡན་པའི་ཞིང་རྣམ་པར་དག་པ་འབྱམས་ཀླས་པ་བརྗོད་དུ་མེད་པ་ མཚན་ཉིད་ཐ་དད་པ་རྣམ་པ་ཐ་དད་པའི་རྒྱུད་ཚད་མེད་ཅིང་འབྱམས་ཀླས་པ་དུས་ཀྱི་རྒྱུད་གྲངས་མེད་པ་དང་ལྡན་པ། བསྟན་པ་མ་འདྲེས་པ་དང་ལྡན་པ། བློ་ཚད་མེད་པ་དང༌། མོས་པ་ཤིན་ཏུ་ ཡངས་པ་དང་ལྡན་པ། མཚན་ཉིད་སྣ་ཚོགས་ཀྱི་གནས་མེད་པ། མཚན་ཉིད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཚད་མེད་པ་ཐམས་ཅད་དགོངས་པ་སྐད་ཅིག་མ་ལས་དགོངས་པ་སྐད་ཅིག་ མ་གཅིག་གིས་ཐམས་ཅད་ཡོངས་སུ་བསྟན་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆེད་དུ་སྒྲུབ་པ་མི་མཛད་པ་ལ་མངའ་ཆེ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་ རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་བའི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མངའ་ཆེན་པོས་མངའ་བསྒྱུར་ བའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། བཅུ་གང་ཞེ་ན། མཚན་རེ་རེ་ཞིང་བསོད་ནམས་བརྒྱ་པའི་མཚན་ཡོངས་སུ་དག་པར་འགྱུར་བ་འདི་ནི་ཡོངས་སུ་རྫོགས་པ་དང་པོ་སྟེ། དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་ མངོན་པར་འཚང་རྒྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཕུན་སུམ་ཚོགས་པའི་སྤྱོད་པ་ཡོངས་སུ་དག་པ་ཡོངས་སུ་རྫོགས་ པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། འདུལ་བ་ཡོངས་སུ་རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་ རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །སངས་རྒྱས་ཀྱི་མངའ་འགྲོ་བ་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པ་ཡོངས་སུ་རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་ མངོན་པར་འཚང་རྒྱའོ། །ཞིང་ཡོངས་སུ་དག་པར་བྱ་བ་ཡོངས་སུ་རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་ སུ་རྫོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །མཚན་དང་དཔེ་བྱད་བཟང་པོ་དང༌། གཟུགས་ཀྱི་སྐུ་བལྟ་ན་དོན་ཡོད་པར་ཡོངས་སུ་རྫོགས་པས་ ༄༅། །སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཡོངས་སུ་རྫོགས་པས་ སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་ནས། ཡོངས་སུ་མྱ་ངན་ལས་འདའོ།། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐབས་མཁས་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་བྱིན་གྱིས་བརླབས་པ་ མེད་ཅིང་སྤྲོས་པ་ཐམས་ཅད་མེད་པར་ཡང་ཐུགས་སུ་ཆུད་ལ། དགེ་བའི་སྒོ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱང་ཤིན་ཏུ་སྟོན་ཅིང་བརྗོད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་དང་པོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ལ་གཟིགས་པ་མེད་ཅིང་ཕན་ཚུན་དུ་མཁྱེན་པ་མེད་དོ། །མ་ བཅིངས་མ་གོལ་བ་དང༌། གཟུང་བ་མེད་ཅིང་བསགས་པ་མེད་དེ། ཡོངས་སུ་རྫོགས་པ་མེད་པར་ཡང་ཐུགས་སུ་ཆུད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངའ་དམ་པ་ཡང་བརྙེས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བ་དེ་ཡང་ཡང་དག་པ་དེ་ཁོ་ན་ཉིད་མ་ནོར་བ་རྣམ་པ་གཞན་དུ་མི་འགྱུར་བ་དང༌། ཆོས་ཐམས་ཅད་བདག་གི་མེད་ཅིང་ཡོངས་ སུ་འཛིན་པ་མེད་ལ་དེ་ཁོ་ན་ཉིད་ཀྱི་མཐའ་ལས་རྣམ་པར་མི་འདའ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངའ་ཆེན་པོས་ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བ་ལའང་རབ་ཏུ་མཁྱེན་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚན་མའི་མཐའ་ཐམས་ཅད་མི་མངའ་སྟེ། མཚན་མ་ ཐམས་ཅད་དང་མི་འགྲོགས་ཤིང༌། མཚན་མའི་མངོན་པར་ཤེས་པ་ཐམས་ཅད་དང་མ་འདྲེས་ལ། དེའི་རང་བཞིན་དུ་ངོ་བོ་ཉིད་མེད་པ་དང༌། ཇི་ལྟར་ངོ་བོ་ཉིད་མེད་པའི་སྒྲའི་ཚུལ་ཐམས་ ཅད་ཐུགས་སུ་ཆུད་ཀྱང་གཟུགས་ཀྱི་མཚན་མའི་སྐུ་གཟུགས་རྣམ་པར་དག་པ་གྲངས་མེད་པ་དང༌། ཞིང་གི་མཚན་མ་དང༌། རྣམ་པར་སྤྱོད་པའི་མཚན་མ་ཟད་མི་ཤེས་པ་རྣམ་པ་སྣ་ཚོགས་ ཡང་དག་པར་བསྟན་ཅིང་བཤད་པའི་ཡེ་ཤེས་ཀྱི་ཕུང་པོ་མུན་པ་མེད་པ་འགྲོ་བ་ཐམས་ཅད་ཀྱི་སྒྲོན་མ་ཆེན་པོར་གྱུར་པས་མུན་པ་མེད་པའི་སྣང་བ་སྟོན་པ་འདི་ནི། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་གསུམ་པའོ། །ཆགས་པ་མེད་པའི་མཐའ་ནི་སྔོན་གྱི་མཐའ་ཡང་མ་ཡིན། ཕྱི་མའི་མཐའ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། ༄༅། །ཆོས་ཀྱི་དབྱིངས་སུ་གནས་པ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཡང་མ་ཡིན་པས། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་འབྱུང་བ་མེད་ཀྱང་ སངས་རྒྱས་འབྱུང་བ་རྣམས་ཀྱི་རིགས་ཚད་མེད་པའི་ཕྱིར་ཤིན་ཏུ་བསྟན་པ་བརྗོད་དུ་མེད་པས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་པ་སྐྱེ་བ་ཡང་རབ་ཏུ་བརྗོད་ ཅིང་ཀུན་ཏུ་གཟིགས་པའི་སངས་རྒྱས་ཀྱི་ཡུལ་གྱིས་དེ་བཞིན་དུ་གཟིགས་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བཞི་པའོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་སྐུའི་འཕྲིན་ལས་དང༌། གསུང་གི་འཕྲིན་ལས་དང༌། ཐུགས་ཀྱི་འཕྲིན་ལས་ཀྱི་མངོན་པར་འདུ་མཛད་པ་ཡང་མི་མངའ་ལ་ཡོངས་སུ་བླང་བ་མི་མངའ་བས་བཞུགས་ ཤིང་རྣམ་པར་ཕྱེ་བ་མེད་པའི་མཐར་ཐུག་པ་སྟེ། དོར་བ་མེད་པའི་ཆོས་ཀྱི་གནས་ཀྱི་ཕ་རོལ་ཏུ་ཕྱིན་ལ་བགྲང་བའི་ཚུལ་ལས་རྣམ་པར་འདས་ཀྱང་ཚུལ་གྲངས་མེད་པའི་མཛོད་དུ་གྱུར་ ཅིང༑ བགྲང་བ་དང་མངོན་པར་སྒྲུབ་པ་མཐའ་ཡས་པ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམ་པ་སྣ་ཚོགས་ཐ་དད་པའི་གྲངས་ཀྱི་ཚུལ་ཐུགས་སུ་ཆུད་པ་ཡེ་ཤེས་བསྒྲིགས་ པ་མེད་པས་གཟིགས་པ་རྣམས་ཏེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་གདུལ་བ་རྣམ་པར་དམིགས་པ་ལ་རྫུ་འཕྲུལ་སྣ་ཚོགས་ཚད་མེད་མུ་མེད་པར་མངོན་ པར་སྒྲུབ་པ་མཛད་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་ལྔ་པའོ། །ཆོས་ཐམས་ཅད་ལྟ་བ་མེད་པས་ཐ་མི་དད་པ་དང༌། བྱེ་བྲག་མེད་པ་དང༌། འབྱུང་བ་མེད་ པ་དང༌། མཚན་ཉིད་མེད་པ་དང༌། སྣ་ཚོགས་མེད་པ་དང༌། བླང་བ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་མེད་པར་རབ་ཏུ་མཁྱེན་ཀྱང་ཆོས་ཀྱི་རྒྱུད་ཤིན་ཏུ་ངེས་པར་ཡང་དག་པར་སྒྲུབ་ཅིང་ འཇིག་རྟེན་གྱི་ཚུལ་དང་འགལ་བ་མེད་པ་དང༌། རང་བཞིན་མེད་པ་ཡང་ཡང་དག་པར་གཟིགས་པས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པར་བྱ་བ་ཐམས་ཅད་མ་ལུས་པར་ གཟིགས་པས་ཆོས་ལ་མངའ་བསྒྱུར་བ་ཐམས་ཅད་ཀྱང་རབ་ཏུ་སྟོན་ལ། དེ་བཞིན་ཉིད་ཀྱི་རང་བཞིན་ལས་ཀྱང་མི་ཉམས་པ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ མཁས་པ་དྲུག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་སུ་ཆུད་པའི་རྣམ་པ་གཅིག་གིས་གཞན་དང་གཞན་མཁྱེན་པར་བྱ་བ། ཆོས་དེའི་སྐྱོན་མེད་པ་ལས་རྣམ་པར་མ་འདས་པ་ གནས་པ་མེད་པ། དགེ་བའི་རྩ་བ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཆོས་སྐྱོན་མེད་པས་དུས་ཐམས་ཅད་དུ་གནས་པ་རབ་ཏུ་མཁྱེན་ཏེ། དེ་ལ་ཡང་ཉི་མ་གཅིག་གམ། ཟླ་བ་ཕྱེད་དམ། ལོ་གཅིག་ གམ། ལོ་བརྒྱའམ། བསྐལ་པ་འཇིག་པ་དང༌། འདུ་བས་རྗེས་སུ་བསྙག་པ་དང༌། ཕྱིར་ཕྱོགས་པ་མི་མངའ་བར་དུས་ཚད་མེད་པ་དང༌། ཉི་མ་གཅིག་དང༌། ཡུད་ཙམ་གཅིག་གི་དུས་དང༌། སྔ་ ༄༅། །དྲོ་ནས་ཉི་མ་ཕྱེད་ཀྱི་དུས་དང༌། ཕྱི་དྲོ་ནས་སྔ་དྲོའི་དུས་དང༌། ཉི་མ་གུང་ནས་ཕྱི་དྲོའི་དུས་དང༌། ཉི་མ་འགྲངས་པའི་དུས་དང༌། ཉི་མ་བདུན་དང༌། ཟླ་བ་ཕྱེད་ཀྱི་དུས་ དང༑ ཟླ་བ་དང༌། ལོ་དང༌། ལོ་བརྒྱའི་དུས་དང༌། བསྐལ་པ་གཅིག་གི་དུས་དང༌། ཚད་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་དུས་ནས། ཕྱི་མའི་མཐའི་མུར་ཐུག་པའི་དུས་སུ་ཆོས་ བསྟན་པ་དང༌། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་ཅིང་ཕྱིར་མི་ལྡོག །རྒྱུན་ཆད་པར་མི་འགྱུར། བྲལ་བར་མི་འགྱུར། བར་ཆད་པར་མི་འགྱུར། མེད་པར་མི་འགྱུར། འཇིག་པར་མི་འགྱུར། གཡོ་བར་མི་འགྱུར། རིང་དུ་མི་འགྱུར། འཁོར་དེ་ན་གནས་པ་ཉིད་དུ་ཡང་རྒྱུན་ཆད་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བདུན་ པའོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་རྟག་ཏུ་དུས་ལ་བབ་པར་བཞུགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་འཇིགས་ པ་ཚད་མེད་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་གྲངས་མེད་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་ཚད་མེད་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་ པ་ཟད་མི་ཤེས་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་ཐོགས་པ་མེད་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་མཐའ་ཡས་པ་མངའ་བའོ། །ཐུན་མོང་མ་ཡིན་པའི་ ཐ་དད་པ་ཡང་དག་པར་མཁྱེན་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་མཐར་ཐུག་པ་མེད་པ་མངའ་བའོ། །ཐ་དད་པ་ཡང་དག་པར་མཁྱེན་པ་དེ་ཁོ་ན་དང་ལྡན་པ་མངའ་བའོ། །ཐ་དད་པ་ཡང་ དག་པར་མཁྱེན་པ་ཚིག་གི་ཚུལ་ཐམས་ཅད་རབ་ཏུ་རྟོགས་པ་མངའ་བའོ། །ཆོས་ཐམས་ཅད་ཐ་དད་པ་ཡང་དག་པར་མཁྱེན་པ་མངའ་བའོ། །བསམ་པ་དང༌། མོས་པ་དང༌། དབང་པོ་ཇི་ལྟ་བ་ བཞིན་དུ་ཆོས་ཀྱི་ཚུལ་དང༌། རྣམ་གྲངས་ཚུལ་ཇི་ལྟར་རྣམ་པར་བཀོད་པ་བཞིན་དུས་མཚམས་མེད་པར་སྟོན་ཏེ། མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པའི་ཡང་བརྗོད་པ་མེད་པ་རྣམས་མདོ་ སྡེ་དེ་དང་དེ་ལ་ཐོག་མ་དང༌། ཐ་མ་དང༌། དབུས་ཀྱི་ཚུལ་གྱིས་ཡང་དག་པར་སྟོན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བརྒྱད་པའོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་མིང་མེད་ཀྱང༌། མིང་དང་རིགས་སུ་བྱུང་བའི་ཆོས་ཐམས་ཅད་ཚིག་དང༌། ཡི་གེས་ཤིན་ཏུ་དབྱངས་པའི་དབྱིངས་མངོན་པར་སངས་རྒྱས་པ་སྟེ། མིང་འདས་པ་ མ་ཡིན་པ་དང༌། མིང་མ་འོངས་པ་མ་ཡིན་པ་དང༌། མིང་ད་ལྟར་བྱུང་བ་མ་ཡིན་པ་དང༌། མིང་སེམས་ཅན་མ་ཡིན་པ་དང༌། མིང་ཞིང་མ་ཡིན་པ་དང༌། མིང་ཆོས་མ་ཡིན་པ་དང༌། མིང་ཡོན་ ཏན་མ་ཡིན་པ་དང༌། མིང་བྱང་ཆུབ་སེམས་དཔའ་མ་ཡིན་པ་དང༌། མིང་སངས་རྒྱས་མ་ཡིན་པ་དང༌། མིང་གྲངས་མ་ཡིན་པ་དང༌། མིང་གྲངས་མེད་པ་མ་ཡིན་པ་དང༌། མིང་སྐྱེ་བ་མ་ཡིན་པ་ ༄༅། །དང༑ མིང་འགག་པ་མ་ཡིན་པ་དང༌། མིང་མེད་པ་མ་ཡིན་པ་དང༌། མིང་ཡོད་པ་མ་ཡིན་པ་དང༌། མིང་གཅིག་པ་མ་ཡིན་པ་དང༌། མིང་ཐ་དད་པ་མ་ཡིན་པ་ དང༑ མིང་ཐམས་ཅད་མ་ཡིན་པ་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་བརྗོད་དུ་མེད་པ་དང༌། ཕྱོགས་མེད་པ་དང༌། བརྡ་མེད་པ་དང༌། ཚིག་གི་ལམ་མེད་པ་དང༌། སྒྲ་དང་བྲལ་ བ༑ སྒྲའི་རྣམ་པ་ཐམས་ཅད་མི་འབྱུང་བ་ཡོངས་སུ་བསྒྲུབས་པ་མེད་པ། བྱས་པ་དང་རྣམ་པར་བྱས་པ་མེད་པ། རྣམ་པ་གཅིག་མ་ཡིན་པ། རྣམ་པ་མང་པོ་མ་ཡིན་པ་ཡང་ཐུགས་ སུ་ཆུད་ལ་བརྗོད་པ་དང༌། སྤྱོད་པ་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་མཆོག་བརྙེས་པ་དག་སྟེ། རྣམ་པར་རྟོག་པའི་ཡུལ་མི་མངའ་བ་དག་གོ །མངོན་པར་འདུ་མཛད་པ་མེད་པ་ ལ་རབ་ཏུ་བརྩོན་པ་དག་གོ །རྟོག་པ་དང༌། ཀུན་ཏུ་རྟོག་པ་དང༌། ཡོངས་སུ་རྟོག་པ་འགག་པ་དག་གོ །སྤྱོད་པ་ཐམས་ཅད་ལ་མི་གནས་པར་སྤྱོད་པ་དག་སྟེ། འདི་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་དགུ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ཀྱི་གཟུགས་མ་སྐྱེས་པ་རབ་ཏུ་མཁྱེན་པ་སྟེ། ཚོར་ བའི་སྤྲོས་པ་མེད་པ་དང༌། འདུ་ཤེས་ཀྱི་གྲངས་མེད་པ་དང༌། འདུ་བྱེད་ཀུན་ཏུ་རྒྱུ་བ་མེད་པ་དང༌། རྣམ་པར་ཤེས་པ་ཉེ་བར་ལེན་པ་མེད་པ་དང༌། རང་བཞིན་གྱིས་ཞི་བར་རབ་ཏུ་ མཁྱེན་ཏེ། ཆོས་ཐམས་ཅད་སྐྱེ་མཆེད་ཀྱི་རྒྱུད་མེད་པ་དང༌། ཁམས་རྣམས་མི་དམིགས་པ་དང༌། ཆོས་ཐམས་ཅད་མི་འཇིགས་པ་དང༌། ཆོས་ཐམས་ཅད་བསྐྱོད་དུ་མེད་ཅིང་རང་བཞིན་གྱིས་ ནམ་མཁའ་ལྟ་བུ་དང༌། ཆོས་ཐམས་ཅད་དབེན་པ་དང༌། ལས་མེད་པ་དང༌། རྣམ་པར་སྨིན་པ་མེད་པ་དང༌། སྤྱོད་པས་འབྱུང་བ་མེད་པ་དང༌། མ་གྲུབ་པ་དང༌། མ་བྱུང་བ་དང༌། གྲངས་ཀྱིས་མི་ བརྗོད་པ་དང༌། ཡོད་པ་མ་ཡིན་པ་དང༌། མེད་པ་མ་ཡིན་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། སྐྱོན་མེད་པ་ དང༑ གནས་མེད་པ་དང༌། ཡོངས་སུ་གནས་པ་མེད་པ་དང༌། ཡོངས་སུ་སྨིན་པར་བྱས་པ་མེད་པ་དང༌། རྣམ་པར་བཏུལ་བ་མེད་པ་དང༌། སེམས་ཅན་མེད་པ་དང༌། སེམས་ཅན་མེད་པ་མ་ཡིན་ པ་དང༌། སྲོག་མེད་པ་དང༌། སྲོག་མེད་པ་མ་ཡིན་པ་དང༌། རྐྱེན་མེད་པ་དང༌། རྐྱེན་མེད་པ་མ་ཡིན་པ་དང༌། རྟེན་པ་མེད་པ་དང༌། རྟེན་པ་མེད་པ་མ་ཡིན་པར་ཆོས་ཐམས་ཅད་ཐུགས་སུ་ཆུད་ཀྱང་ ཆོས་ཀྱི་དབྱིངས་ཐམས་ཅད་ཤིན་ཏུ་བསྟན་པ་ལ་ཕ་རོལ་ཏུ་ཕྱིན་པའི་དམ་པ་བརྙེས་པ་དག་སྟེ། ངེས་པ་དང༌། མ་ངེས་པ་དང༌། ལོག་པར་ངེས་པའི་ཕུང་པོ་གསུམ་རྣམ་པར་དགོད་པ་ རྣམས་ལ་སྟོབས་བཅུས་ཐུགས་སུ་ཆུད་པའི་ཡེ་ཤེས་མི་འཇིགས་པ་བཞིས་རྣམ་པར་དག་པའི་སངས་རྒྱས་ཀྱི་ཡུལ་ཆེན་པོ་དང་ལྡན་པས་སེང་གེའི་སྒྲ་སྒྲོག་པ་འདི་ནི། སངས་རྒྱས་ ༄༅། །བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་མཁས་པ་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ སངས་རྒྱས་ཀྱི་ཐབས་མཁས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་ཚད་མེད་པ་བསམ་གྱིས་མི་ ཁྱབ་པ་རྣམས་ཏེ། དེ་དག་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཉན་ཐོས་དང༌། རང་ སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་པའོ། །བཅུ་གང་ཞེ་ན། ཕྱོགས་བཅུའི་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ ཁམས་མ་ལུས་པ་ཐམས་ཅད་དུ་དགའ་ལྡན་དུ་སྐྱེ་བ་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་མུ་མེད་པ་དག་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། ཁ་དོག་ཚད་མེད་པ་། གཟི་བརྗིད་ཚད་མེད་པ། སྣང་བ་ཚད་མེད་པ། དབྱངས་ཚད་མེད་པ། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཚད་མེད་པ། གསུང་བརྗོད་པས་རྣམ་པར་དམིགས་པ་ཚད་མེད་པ། ཏིང་ངེ་འཛིན་ཚད་མེད་པ་ལ་སྤྱོད་པ། ཤེས་རབ་དང༌། ཡེ་ཤེས་ཡུལ་ཚད་མེད་པ་མངའ་བ་རྣམས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་འདོགས་པ་མཛད་དེ། བདུད་དང་བཅས་ པ༑ ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཕན་འདོགས་པ་མཛད་དོ། །བྱམས་པ་ཆེན་པོའི་སྤྱོད་ཡུལ་ཐོགས་ པ་མེད་པ་དང༌། ཐབས་ཐུགས་རྗེ་ཆེན་པོའི་སྒོའི་མཐར་ཐུག་པས་སེམས་ཅན་ལ་ཕན་འདོགས་པ་མཛད་དོ། །བསོད་ནམས་ཀྱི་སྟོབས་དང༌། མངའ་ཕུན་སུམ་ཚོགས་པ་དང༌། དབང་པོ་རྣམ་ པར་སྦྱང་བ་དང༌། ཅང་ཤེས་ཀྱི་སེམས་ཡོངས་སུ་དག་པས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པ་མཛད་དོ། །ཐེག་པ་སྣ་ཚོགས་རྣམ་པར་དག་པས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་ པ་མཛད་དོ། །ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པར་མཛད་དོ། །འགྲོ་བ་ཐམས་ཅད་གདོན་པས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་ པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་དང་པོའོ། །དགའ་ལྡན་གྱི་ཕོ་བྲང་ནས་འཕོས་པ་མེད་ཀྱང་ཡུམ་གྱི་སྐུར་གཤེགས་ཤིང༌། བྱང་ཆུབ་ སེམས་དཔའི་སྐུ་ཐ་མ་སྐྱེ་བར་བསྟན་པ། སྒྱུ་མ་ལྟ་བུར་ཡོངས་སུ་སྤྱོད་པ། སྤྲུལ་པ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐར་ཐུག་པ། མིག་ཡོར་ལྟ་བུར་རྣམ་པར་དམིགས་པ། ནམ་མཁའི་ཡུལ་ ཚད་མེད་པར་ཁྱབ་པ། བཞེད་པ་བཞིན་དུ་སྐྱེ་ཡང་ཆགས་པ་མི་མངའ་བ། སྨིག་རྒྱུ་བ་ལྟ་བུར་བསྟན་པ། ཉོན་མོངས་པ་མེད་པའི་ཆོས་ལ་ཡང་དག་པར་གཞོལ་བ། གནས་མེད་པའི་ ༄༅། །ཡེ་ཤེས་ལ་གནས་པ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བས་རྣམ་པར་དག་པ། རྒྱན་ཤིན་ཏུ་རྒྱ་ཆེ་བའི་མཛོད་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། ། ཁང་པ་བརྩེགས་པ་རིན་པོ་ཆེ་ལས་བྱས་པའི་ཕོ་བྲང་ཆེན་པོ་རིན་པོ་ཆེའི་རྒྱན་མང་པོ་ལྡན་པ་ན་བཞུགས་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །རྫུ་འཕྲུལ་གྱིས་ཀྱང་སངས་རྒྱས་ཀྱི་ འཕྲིན་ལས་མཛད་དོ། །ཡིད་ལ་བྱ་བ་བྱིན་གྱི་རླབས་ཆེན་པོས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །རྣམ་པར་འཕྲུལ་བའི་མཛོད་ཆེན་པོ་ཡང་དག་པར་བསྟན་པས་ཀྱང་སངས་རྒྱས་ཀྱི་ འཕྲིན་ལས་མཛད་དོ། །ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ཆེན་པོས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ཡུམ་སྐུ་སྐྱེད་པའི་སྐུ་ན་བཞུགས་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་ དོ༑ ༑སངས་རྒྱས་ཀྱི་ཡུལ་གྱི་སྤྱོད་ཡུལ་ཆེན་པོ་བརྙེས་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སངས་རྒྱས་ཀྱི་བྱིན་གྱིས་འཇིག་རྟེན་བྱིན་དུ་བརླབས་པ་མཐའ་ཡས་པས་ཀྱང་སངས་རྒྱས་ཀྱི་ འཕྲིན་ལས་མཛད་དོ། །ཏིང་ངེ་འཛིན་ཆེན་པོ་གྲངས་མེད་པ་ལ་རྣམ་པར་སྤྱོད་ཅིང་སྙོམས་པར་འཇུག་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ཏིང་ངེ་འཛིན་ལས་བཞེངས་པ་དེ་དང་དེ་ དག་གིས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སྤྱོད་པའི་ཐོག་མ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐར་ཐུག་པའི་བར་དུ་ཐོག་མ་དང༌། དབུས་དང༌། ཐ་མའི་ཚུལ་ གྱིས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ས་འདི་ལ་གཉིས་སུ་མེད་པ་ཐམས་ཅད་མཐར་ཕྱིན་པར་བྱས་ནས་ཐ་མར་འཇིག་རྟེན་གྱི་གྲངས་ཀྱིས་སྐྱེ་བ་ཡོངས་སུ་སྟོན་ཏེ། སྐྱེ་བས་ཀྱང་འཇིག་ རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །གཞོན་ནུར་གྱུར་པས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །བྱང་ཆུབ་སེམས་དཔར་གྱུར་པས་ཀྱང་ འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །མངོན་པར་འབྱུང་བས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །མངོན་པར་འཚང་རྒྱ་བས་ཀྱང་འཇིག་ རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ཐབས་མཁས་པ་སྣ་ཚོགས་ཀྱིས་ ཀྱང་འཇིག་རྟེན་སྣ་ཚོགས། འཇིག་རྟེན་ཚད་མེད་པ། འཇིག་རྟེན་ཀུན་ཏུ་མཐའ་ཡས་པ་ཕྱོགས་ཀྱི་དྲ་བའི་རྒྱུད་དང༌། རིགས་ཐམས་ཅད་ཀྱི་འཇིག་རྟེན་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ ལས་མཛད་དོ། །ཞིང་གི་རྒྱུད་མ་ལུས་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ལས་ཀྱི་རྣམ་པར་སྨིན་པ་མ་ལུས་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སེམས་ ཅན་གྱི་རྒྱུད་མ་ལུས་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སྐྱེ་བ་དང་ཤི་འཕོ་བའི་རྒྱུད་མ་ལུས་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སྤྲུལ་པ་ཆེན་ ༄༅། །པོའི་རྒྱུད་དང༌། སངས་རྒྱས་ཀྱི་རིགས་དང༌། ཆོས་དྲན་པའི་སྒོའི་འཁོར་ལོས་ཀྱང༌། སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། འདི་ན་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་གཉིས་པའོ། །དགེ་བར་སྤྱོད་པའི་ལས་རྣམ་པར་དག་ཅིང༌། གདུང་རབས་ཐམས་ཅད་དུ་ཡེ་ཤེས་ཀྱི་ཚུལ་རྣམ་པར་དག་པས་སྐུ་ཚེའི་རྒྱུད་ཀྱི་ ཚུལ་དང་ལྡན་པ། སེམས་ཅན་ཐམས་ཅད་གདུལ་བ་ཐུགས་སུ་ཆུད་པ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་ཅིང་བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་སྟོན་ཀྱང༌། སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བའི་ཚུལ་གྱི་གནས་ལ་བཞུགས་པ་རྣམས་སྒྲ་དང༌། ཚིག་ཐམས་ཅད་དང་བྲལ་བར་བརྟགས་པས་དངོས་པོ་ཐམས་ཅད་དངོས་པོ་མེད་ པ་ལས་བྱུང་བར་ཁོང་དུ་ཆུད་པར་བྱ་བ་དང༌། དངོས་པོ་ཐམས་ཅད་ཤེས་པ་ལ་གཟུད་པར་བྱ་བ་དང༌། ཚུལ་ཁྲིམས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པར་ཡོངས་ སུ་རྫོགས་པར་བྱ་བ་དང༌། སྙིང་རྗེ་ཆེན་པོས་འགྲོ་བ་མུ་མེད་པ་ལ་རྣམ་པར་བལྟ་བར་བྱ་བ་དང༌། བྱམས་པ་ཆེན་པོས་སེམས་ཅན་མེད་པའི་ཡུལ་ལ་རབ་ཏུ་རྟོག་པར་བྱ་བ་དང༌། དགའ་བ་ ཆེན་པོས་འཇིག་རྟེན་བརྗོད་དུ་མེད་པར་ཁོང་དུ་ཆུད་པར་བྱ་བ་དང༌། བཏང་སྙོམས་ཆེན་པོས་སེམས་ལ་དབང་སྒྱུར་བ་ལ་གནས་པར་བྱ་བ་དང༌། ཐམས་ཅད་མཁྱེན་པའི་ཡོན་ཏན་གྱིས་ རང་ཡོངས་སུ་རྒྱས་པར་བྱེད་པར་བྱ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་ལུས་མ་ལུས་པར་མངོན་པར་བསྒྲུབ་པར་བྱ་བ་དང༌། ཐམས་ཅད་དུ་གནས་མེད་པའི་ལུས་ཡོངས་སུ་རྫོགས་པར་བྱེད་པར་བྱ་ བ་དང༌། འཁོར་ཐམས་ཅད་རྣམ་པར་དག་པར་ནན་ཏན་དུ་བྱེད་པར་བྱ་བ་དང༌། ཆོས་བསྟན་པ་རྣམ་པར་བརྗོད་པ་རབ་ཏུ་བརྗོད་པར་བྱ་བ་དང༌། འཇིག་རྟེན་གྱི་དངོས་པོ་ལ་སྨོད་པར་བྱ་བ་དང༌། འགྲོ་བ་ཐམས་ཅད་ཀྱི་ཉེས་པ་ལ་རྟོག་པར་བྱ་བ་མཛད་ཅིང་སྤྱོད་པ་དང༌། དགེ་བའི་རྩ་བར་རྣམ་པར་སྨིན་པ་ཡང་དག་པར་བསྟན་པ་དང༌། ཇི་ལྟར་བཀོད་པའི་ཚུལ་དུ་སེམས་ཅན་གདུལ་བ་དང༌། ཡོངས་སུ་མ་སྨིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། ཡོངས་སུ་སྨིན་པ་རྣམས་ཚུལ་བཞིན་དུ་གདུལ་བ་དང༌། གྲངས་མེད་པའི་ཐབས་མཁས་པ་མངོན་པར་སྒྲུབ་པ་དང༌། སངས་ རྒྱས་ཀྱི་འཕྲིན་ལས་ཕྱིར་མི་ལྡོག་པ་ཡོངས་སུ་བསྟན་པ་དང༌། སྒོ་སྣ་ཚོགས་ནས་ཆོས་ཀྱི་སྤྱོད་པ་རབ་ཏུ་བརྗོད་པ་དང༌། སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་རྣམ་པར་སྦྱང་བ་དང༌། ཐུགས་ རྗེ་ཆེན་པོ་ལས་བྱུང་བའི་ཆོས་ཀྱི་སྤྲིན་གྱིས་མངོན་པར་སྤང་བ་དང༌། ཐམས་ཅད་ལ་སྐྱོབ་པའི་བྱམས་པ་ཆེན་པོ་བསྐྱེད་པའི་ཆོ་འཕྲུལ་གསུམ་གྱིས་ཡོངས་སུ་བརླན་པ་དང༌། སངས་རྒྱས་ ཐམས་ཅད་མཐོང་བ་དང༌། རྣམ་པར་དམིགས་པའི་བཙུན་མོའི་འཁོར་གྱི་ནང་དུ་བསྟན་པ་ཡན་ཆད་དུ་འཇིག་རྟེན་མཐའ་དང་དབུས་མེད་པར་སངས་རྒྱས་ཀྱི་འཕྲིན་ལས་ཡོངས་སུ་བསྟན་པ་ ༄༅། །མཛད་ཅིང༌། ཡེ་ཤེས་ཀྱི་མཐུ་ཆེན་པོ་ཐོགས་པ་མེད་པ་དང༌། སངས་རྒྱས་ཀྱི་མངོན་པར་མཁྱེན་པ་བསྒྲིབས་པ་མེད་པར་བསྒྲུབས་པ་དང༌། ཆོས་རྣམ་པ་གསུམ་གྱིས་ ཐབས་མཁས་པ་དང་ལྡན་པའི་འཕྲིན་ལས་ཀྱི་མཐའ་དང༌། སྐུའི་འཕྲིན་ལས་ཀྱི་མཐའ་ཤིན་ཏུ་རྣམ་པར་དག་པ་དང༌། གསུང་གི་འཕྲིན་ལས་ཡེ་ཤེས་ཉམས་པ་མེད་པས་རྣམ་པར་དག་ པ་དང༌། ཐུགས་ཀྱི་འཕྲིན་ལས་ཀྱི་མཐའ་ཟབ་ཅིང་ཆགས་པ་མེད་པའི་མཐར་ཐུག་པའི་ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་གསུམ་པའོ།། །།བམ་པོ་དྲུག་ཅུ་ལྔ་པ། རྣམ་པར་རྒྱལ་བ་ཆེན་པོ་མངའ་བ་རྣམས་ནི་བཙུན་མོའི་འཁོར་རྒྱན་རྣམ་པར་སྐྱེ་བ་ ཚད་མེད་པ་དང་ལྡན་པ་ཡིད་དུ་འོང་བ་སྤངས་ཏེ། མངོན་པར་འབྱུང་བའི་སྤྱོད་པ་ཡོངས་སུ་བསྟན་པས་སེམས་ཅན་རྣམས་འཇིག་རྟེན་གྱི་གནས་ལས་བསྐྱོད་པ་དང༌། འཇིག་རྟེན་གྱི་ མངོན་པར་ཞེན་པ་རྣམ་པར་བཟློག་པ་དང༌། འཇིག་རྟེན་དུ་གཏོགས་པ་ཐམས་ཅད་མི་རྟག་པར་ཤེས་པར་བྱ་བ་དང༌། འཇིག་རྟེན་གྱི་ཚུལ་ལ་མངོན་པར་ཞེན་པ་རྣམ་པར་བཟློག་པ་དང་ འཇིག་རྟེན་གྱི་དགའ་བ་ལ་སྲེད་པ་ཡོངས་སུ་བཅད་པ་དང༌། འཇིག་རྟེན་གྱི་ཉོན་མོངས་པ་བྱང་ཞིང་ནུབ་པ་ལ་ཡང་དག་པར་སྤྱོད་པར་བྱ་བ་དང༌། སེམས་ཅན་གྱི་དོན་རྗེས་སུ་དྲན་ པར་བྱ་བའི་ཕྱིར། མངོན་པར་འབྱུང་བའི་དོན་ལ་རབ་ཏུ་གཞོལ་བ་དང༌། ཁྱིམ་པའི་ཚུལ་ཡོངས་སུ་སྤང་བ་བསྟན་པ་དང༌། ཉོན་མོངས་པ་མེད་པའི་ཆོས་ཀྱི་སྦྱོར་བ་ལ་ཡང་དག་པར་གནས་པར་བྱ་བ་ དང༑ སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཡོན་ཏན་གྱི་དཀྱིལ་འཁོར་ཚད་མེད་པ་ཡོངས་སུ་སྣང་བར་བྱ་བ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་བརྙེས་པས་སེམས་ཅན་རྣམས་ ཀྱི་མི་ཤེས་པའི་སྒྲིབ་པ་རབ་ཏུ་བསལ་བ་དང༌། བདག་ཉིད་བསོད་ནམས་ཀྱི་ཞིང་བླ་ན་མེད་པར་གྱུར་པར་འགྲོ་བ་ཐམས་ཅད་ལ་བསྟན་པ་དང༌། དགེ་བའི་རྩ་བ་ཐམས་ཅད་སངས་རྒྱས་ལ་བསྐྱེད་ པའི་དགེ་བའི་རྩ་བའི་ནང་དུ་འདུས་པར་འགྲོ་བ་ཐམས་ཅད་ལ་ཡང་དག་པར་བརྗོད་པ་དང༌། བདག་ཉིད་ཀྱིས་ཡེ་ཤེས་ཀྱི་དོན་གཟིགས་པར་བསྟན་པ་དང༌། སེམས་ཅན་རྣམས་རྣམ་པར་དག་ པའི་སྒོར་བརྗོད་པ་དང༌། སེམས་ཅན་རྣམས་ཁ་ན་མ་ཐོ་བ་མེད་པའི་སྒོར་སྒྲུབ་པ་དང༌། འཇིག་རྟེན་ཐམས་ཅད་དུ་འབྱུང་བའི་སྒོ་རབ་ཏུ་བསྟན་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱལ་ མཚན་ཡང་དག་པར་བསྒྲེང་བ་མཛད་ཅིང་མངོན་པར་འབྱུང་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་བཞི་པའོ། །དོན་གཅིག་མ་ཡིན་པ་མཁྱེན་པ་ དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་རྣམས་ནི། ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བར་བྱའོ་ཞེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱོན་ཏེ། བྱང་ཆུབ་ཏུ་མངོན་པར་འཚང་ ༄༅། །རྒྱ་བས་ཀྱང་བདུད་ཀྱི་དཔུང་ཐམས་ཅད་རབ་ཏུ་གཞོམ་པ་དང༌། སྐུའི་བྱིན་གྱི་རླབས་ཀྱི་མཛོད་ཀྱི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་རྒྱས་པར་དགང་བའི་ ཕྱིར༑ བྱིན་གྱི་རླབས་ཟད་མི་ཤེས་པའི་མཐར་ཐུག་པས་མཐའ་རྣམ་པར་སྤངས་པ་སྤྱོད་པ་ཚད་མེད་པ་རབ་ཏུ་བརྙེས་པ་ཐམས་ཅད་མཁྱེན་པའི་ཡུལ་གྱིས་རྣམ་པར་རོལ་པའི་ཡེ་ཤེས་ཀྱི་དོན་ དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡོན་ཏན་ཡང་དག་པར་སྒྲུབ་པ་ཡོངས་སུ་རྫོགས་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གདན་རྣམ་པར་བཀྲམ་པས་ཡོངས་སུ་རྒྱས་པ། སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམ་པར་དམིགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ཐོབ་པ་རྣམས་ཀྱིས་ཞལ་དུ་བལྟ་བ། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་རྣམ་པ་དང༌། སྨོན་ལམ་ཁྱད་པར་ཅན་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཡང་དག་པར་བསམ་པའི་ཆོས་ཀྱི་འཁོར་ལོ་ ཟབ་མོ་རབ་ཏུ་བསྐོར་བ། སངས་རྒྱས་ཀྱི་ཡུལ་ཚད་མེད་པ་བརྩམས་པས། བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་འབྱུང་གནས་སུ་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ སྤྱོད་པ་ལ་ཡང་དག་པར་གཞོལ་བའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་བྱིན་གྱིས་བྱིན་དུ་ རློབ་པའི་ཡུལ་མངའ་བ། དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་གྱིས་རྣམ་པར་དམིགས་པ་དགེ་བའི་རྩ་བ་ཐམས་ཅད་ཐ་མི་དད་པ་དང་ལྡན་པ་འབྱུང་བའི་ས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ ཡས་པའི་མཐུའི་གནས་ལ་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་རབ་ཏུ་བརྙེས་ནས་བཞུགས་པ་འཇིག་རྟེན་གྱི་རྣམ་པ་ཐམས་ཅད་མ་ལུས་པའི་མཐར་ཐུག་པ། སེམས་ཅན་གྱི་རྣམ་པ་ཐམས་ ཅད་དང༌། ཞིང་གི་རྣམ་པ་ཐམས་ཅད་དང༌། ཆོས་ཀྱི་རྣམ་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ཅད་དང༌། ཡོངས་སུ་སྨིན་པར་བྱ་བའི་རྣམ་པ་ཐམས་ཅད་དང༌། དུས་ཀྱི་ རྣམ་པ་ཐམས་ཅད་དང༌། འདུལ་བའི་རྣམ་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའི་རྣམ་པ་ཐམས་ཅད་མ་ལུས་པར་མཐར་ཐུག་པ་རྣམས་འགྲོ་བ་མ་ལུས་པ་ཐམས་ཅད་དུ་ མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་འཚང་རྒྱ་བས་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ལྔ་པའོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་པ་ཕྱིར་མི་ལྡོག་པའི་ཚུལ་གྱིས་ཕྱིར་མི་ལྡོག་པའི་འཁོར་ལོ་དང༌། འཇིག་རྟེན་ཐམས་ཅད་ཀྱིས་ཁོང་དུ་ཆུད་པར་འགྱུར་བའི་ཚུལ་གྱིས་ ཚད་མེད་པའི་འཁོར་ལོ་དང༌། མི་འཇིགས་པའི་སེངྒེའི་ང་རོ་ཆེན་པོའི་ཚུལ་གྱིས་ཐམས་ཅད་མ་ལུས་པར་མངོན་པར་སངས་རྒྱས་པའི་འཁོར་ལོ་དང༌། ཆོས་ཀྱི་མཛོད་མུན་པ་མེད་པའི་ ༄༅། །སྒོས་སྣང་བར་བྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཁྱེན་པའི་མཛོད་ཀྱི་འཁོར་ལོ་དང༌། ཡེ་ཤེས་ནམ་མཁའི་དབྱིངས་ལྟར་ཚད་མེད་པའི་ཚུལ་གྱིས་ཆགས་པ་ མེད་པའི་འཁོར་ལོ་དང༌། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་རང་བཞིན་རབ་ཏུ་རྟོགས་པར་བྱ་བའི་ཚུལ་གྱིས་བསྒྲིབས་པ་མེད་པའི་འཁོར་ལོ་དང༌། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་ མིག་རྣམ་པར་སྦྱོང་བའི་ཚུལ་གྱིས་འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མའི་འཁོར་ལོ་དང༌། འཇིག་རྟེན་ཐམས་ཅད་དུ་རྒྱས་པར་འགེངས་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པའི་ཆོས་བརྗོད་ པའི་འཁོར་ལོ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མི་འགལ་བའི་ཚུལ་གྱིས། སངས་རྒྱས་ཐམས་ཅད་འདབ་འདྲེས་པར་གྱུར་པའི་འཁོར་ལོ་དང༌། དེ་དག་ལ་སོགས་པ་རྣམ་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྣམ་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་ བས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་འཕྲིན་ ལས་དྲུག་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། རྒྱལ་པོའི་གནས་སུ་གཤེགས་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ ཀྱི་འཕྲིན་ལས་མཛད་དེ། མིའི་རྒྱལ་པོའི་གནས་དང༌། ལྷའི་རྒྱལ་པོའི་གནས་དང༌། ཀླུའི་རྒྱལ་པོའི་གནས་དང༌། གནོད་སྦྱིན་གྱི་རྒྱལ་པོའི་གནས་དང༌། དྲི་ཟའི་རྒྱལ་པོའི་གནས་དང༌། ལྷ་མ་ཡིན་གྱི་རྒྱལ་པོའི་གནས་དང༌། ནམ་མཁའ་ལྡིང་གི་རྒྱལ་པོའི་གནས་དང༌། མིའམ་ཅིའི་རྒྱལ་པོའི་གནས་དང༌། ལྟོ་འཕྱེ་ཆེན་པོའི་རྒྱལ་པོའི་གནས་དང༌། སྲིན་པོའི་རྒྱལ་པོའི་གནས་ དང༑ ཤ་ཟའི་རྒྱལ་པོའི་གནས་དག་ཏུ་གཤེགས་པས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། འདི་ལྟ་སྟེ། གྲོང་ཁྱེར་གྱི་ཁྲོད་བྱོན་ན། ས་ གཡོ་བ་དང༌། འོད་ཟེར་སྣང་བ་དང༌། ལོང་བ་རྣམས་མིག་འཐོབ་པ་དང༌། འོན་པ་རྣམས་སྒྲ་ཐོས་པར་འགྱུར་བ་དང༌། སྨྱོས་པ་རྣམས་དྲན་པ་འཐོབ་པར་འགྱུར་བ་དང༌། གོས་མེད་པ་ རྣམས་གོས་འཐོབ་པར་འགྱུར་བ་དང༌། སྡུག་བསྔལ་བ་རྣམས་བདེ་བ་འཐོབ་པ་དང༌། རོལ་མོའི་ཆ་སྤྱད་མ་དཀྲོལ་མ་བརྡུངས་པར་སྒྲ་ཡིད་དུ་འོང་བ་རང་འབྱིན་པ་དང༌། རྒྱན་སྣོད་ན་འདུག་ པ་དང༌། གནས་ནས་མ་ཕོག་པ་དང༌། མ་བསྐྱོད་མ་དཀྲོལ་བར་བསྐྱོད་ཅིང་དཀྲོལ་བའི་སྒྲ་འབྱུང་བ་དང༌། བྱ་སྣ་ཚོགས་མང་པོའི་སྒྲ་སྐད་ཡིད་དུ་འོང་བ་འབྱུང་བ་དང༌། བལྟ་ན་གཏང་མི་བྲ་ ཞིང་མི་མཐུན་པ་མེད་པའི་སྐུ་མཐོང་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །མཚན་དང་དཔེ་བྱད་བཟང་པོ་བསྟན་ ༄༅། །པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། ཡོངས་སུ་གཟིགས་པ་དང༌། རྣམ་པར་གཟིགས་ པ་དང༌། བརྐྱང་བ་དང་བསྐུམ་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །གཤེགས་པ་དང༌། སླར་བཞུད་པ་དང༌། བཞེངས་པ་དང༌། འཆག་པ་དང༌། བཞུགས་པ་དང༌། གཟིམས་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །ཆོས་བསྟན་པ་དང༌། མི་གསུང་བར་བཞུགས་པས་ཀྱང་སེམས་ཅན་རྣམས་ལ་ སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ རྣམས་འཇིག་རྟེན་གྱི་ཁམས་ཀྱི་ཡུལ་སེམས་ཅན་བསམ་པ་སྣ་ཚོགས་རྒྱ་མཚོ་དང་ལྡན་པ། འཇིག་རྟེན་གྱི་སྤྱོད་པ་ཐམས་ཅད་རྒྱུ་ཞིང་འབྱུང་བ་དང་ལྡན་པ། དགེ་བའི་རྩ་བ་ཆེན་ པོས་ཤིན་ཏུ་བསྟན་པ། སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ། སྔོན་འགྲོགས་འགྲོགས་པའི་བྱང་ཆུབ་སེམས་དཔའ་དང་གནས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ ལས་མཛད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྐུ་གཟུགས་བལྟ་ན་མི་ངོམས་པའོ་ཞེས་བྱ་བར་གཞོལ་བ་དང༌། སངས་རྒྱས་རྣམས་སྐྱེ་བར་དཀོན་ནོ་ཞེས་བྱ་བར་ ཡིད་ཆེས་པར་བྱེད་པ་དང༌། དེ་བཞིན་གཤེགས་པ་མཐོང་ཞིང༌། དེ་བཞིན་གཤེགས་པའི་གསུང་ཐོས་པ་ནི་བསོད་ནམས་ཀྱི་ཆོས་དཀར་པོའི་འབྱུང་གནས་སུ་གྱུར་པའོ་ཞེས་སངས་རྒྱས་ཀྱི་ སྤྱོད་པ་ཡིད་ལ་བྱེད་པ་དང༌། འཇིག་རྟེན་ཐམས་ཅད་རྣམ་པར་དག་པ་ནི། དེ་བཞིན་གཤེགས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ནི་ མཐའ་ཡས་པའོ་ཞེས་བྱ་བར་ཡང་དག་པར་ལྟ་བ་དང༌། མ་བྱོན་པའི་སངས་རྒྱས་འབྱུང་བའི་དེ་བཞིན་གཤེགས་པའི་རིགས་ཡང་དག་པར་སྒྲུབ་པ་དང༌། དགེ་བའི་རྩ་བ་དང༌། མོས་པའི་ཚུལ་ ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ནི་ཡོན་ཏན་མཐའ་ཡས་པའོ་ཞེས་ཁོང་དུ་ཆུད་པར་བྱེད་པ་དང༌། དེ་བཞིན་ གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་མངོན་དུ་གྱུར་པར་རྟོག་པ་དང༌། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་བར་སེམས་པ་དང༌། དེ་བཞིན་གཤེགས་པ་ནི་ཞིང་ཐམས་ཅད་ན་སྣང་བར་ཁོང་དུ་ཆུད་པ་དང༌། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་འབྱུང་བས། འཇིག་རྟེན་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ རྣམས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །དད་པར་བྱས་པ་དང༌། ཕྱག་འཚལ་བ་དང༌། ཐལ་མོ་སྦྱར་བ་བྱས་པ་དང༌། རྗེས་སུ་བསྟོད་པ་དང༌། སྤྱན་དྲངས་པ་དང༌། ༄༅། །མཆོད་པ་དང༌། མངོན་དུ་མཐོང་བ་དང༌། འཛུམ་པ་བྱས་པ་དང༌། སངས་རྒྱས་ལ་དགའ་བའི་སེམས་ཀྱིས་མོས་པར་བྱ་བའི་དགེ་བའི་རྩ་བའི་སྒོ་ནས་ཀྱང་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སངས་རྒྱས་རྗེས་སུ་དྲན་པར་གྱུར་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །སངས་རྒྱས་མཐོང་བར་འདོད་པར་བྱ་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ལ་ སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །དེ་བཞིན་གཤེགས་པའི་སྐུ་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཚད་མེད་པ་བསྟན་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ། །དེ་བཞིན་གཤེགས་པའི་གསུང་ཐོས་པར་བྱ་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ འཕྲིན་ལས་མཛད་དེ། དེ་དག་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་དག་འཇིག་ རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། མཐུ་དང་འདུལ་བ་ཇི་ལྟ་བའི་ཚུལ་ལས་མི་འདའ་བར་འབྱུང་ངོ༌། །དེ་ལྟར་སངས་རྒྱས་ཀྱི་འཕྲིན་ ལས་འཇིག་རྟེན་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་སེམས་དང༌། སྤྱོད་པ་དང༌། བསམ་པ་ལ་གནས་པ་དགེ་བ་རྒྱ་ཆེ་བ་ཚད་མེད་པ་དག་ཕྱིར་མི་ལྡོག་པའི་ཡུལ་དང༌། སྙིང་རྗེ་ཆེན་པོས་རབ་ཏུ་ བསྐུལ་བ་དང༌། སྔོན་གྱི་སྨོན་ལམ་གྱིས་ཡོངས་སུ་སྐྱོ་བ་མེད་པ་དང༌། སངས་རྒྱས་ཀྱི་འཕྲིན་ལས་མཁྱེན་པའི་སྟོབས་དང་ཤུགས་ཀྱིས་འཇིག་རྟེན་ཐམས་ཅད་དུ་འབྱུང་སྟེ། འདི་ནི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོན་པ་ལ་བཞུགས་སམ། ཞི་བར་བཞུགས་སམ། དབེན་པར་བཞུགས་ སམ༑ སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་ལ་བཞུགས་སམ། །ཏིང་ངེ་འཛིན་ཆེན་པོའི་གནས་ལ་བཞུགས་སམ། གཅིག་པུ་དགྱེས་པར་བཞུགས་སམ། སྐུ་མི་སྣང་བར་བཞུགས་སམ། ཡེ་ ཤེས་ཟབ་མོའི་གནས་ལ་བཞུགས་སམ། སངས་རྒྱས་ཀྱི་ཡུལ་གྱི་སྟོབས་ཚད་མེད་པ་ལ་བཞུགས་སམ། སྐུའི་ཡོངས་སུ་སྤྱོད་པ་མི་མཐོང་བར་བཞུགས་ཀྱང་རུང་སྟེ། སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་གཞན་གྱིས་མི་ཚུགས་པའི་ཡེ་ཤེས་དང༌། སྨོན་ལམ་གྱི་ཚུལ་གྱིས་མོས་པ་བཞིན་དུ་འདུལ་བའི་སེམས་ཅན་རྣམས་ལ་རྒྱུན་མི་འཆད་ པར་འབྱུང་སྟེ། སངས་རྒྱས་ལྷ་ཡོངས་སུ་ཚོལ་བས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །སངས་རྒྱས་ཀླུ་ཡོངས་སུ་ཚོལ་བས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་ ༄༅། །དོ༑ ༑སངས་རྒྱས་གནོད་སྦྱིན་ཡོངས་སུ་ཚོལ་བ་དང༌། སངས་རྒྱས་མིའམ་ཅི་ཡོངས་སུ་ཚོལ་བ་དང༌། སངས་རྒྱས་ལྟོ་འཕྱེ་ཆེན་པོ་ཡོངས་སུ་ཚོལ་བ་དང༌། སངས་ རྒྱས་སྲིན་པོ་ཡོངས་སུ་ཚོལ་བ་དང༌། སངས་རྒྱས་མི་དང་མི་མ་ཡིན་པ་ཡོངས་སུ་ཚོལ་བ་དང༌། སངས་རྒྱས་ཉན་ཐོས་དང༌། སངས་རྒྱས་རང་སངས་རྒྱས་དང༌། སངས་རྒྱས་བྱང་ཆུབ་ སེམས་དཔའ་ཡོངས་སུ་ཚོལ་བས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །ཆོས་སྟོན་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །སངས་རྒྱས་གཅིག་བརྗོད་པས་ ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །སངས་རྒྱས་ཐམས་ཅད་བརྗོད་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ དང༌། སྨོན་ལམ་ཐམས་ཅད་གཅིག་ཏུ་བརྗོད་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་རྣམ་པར་ཕྱེ་སྟེ། སྤྱོད་པ་ཐ་དད་པ་བརྗོད་ པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །འཇིག་རྟེན་གྱི་ཡུལ་སངས་རྒྱས་ཀྱི་ཡུལ་དུ་བརྗོད་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །སངས་རྒྱས་ཀྱི་ ཡུལ་འཇིག་རྟེན་གྱི་ཡུལ་དུ་བརྗོད་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དོ། །ཡུལ་མ་ཡིན་པ་སངས་རྒྱས་ཀྱི་ཡུལ་དུ་བརྗོད་པས་ཀྱང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ མི་འཆད་དོ། །ཉིན་མཚན་དང༌། ཡུད་དུ་ཡན་མན་དང༌། ཟླ་བ་དང༌། ལོ་འགྲངས་པར་བཞུགས་པ་དང༌། ཡོངས་སུ་བཞུགས་པ་ནས་དེ་བཞིན་དུ་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་ མེད་པའི་བར་དུ་བཞུགས་པ་དང༌། ཡོངས་སུ་བཞུགས་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། འདི་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་བརྒྱད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རྣམས་ལ་འབྱུང་གནས་ལྟ་བུ་སེམས་ཅན་ཐམས་ཅད་ཀྱི་ བསམ་པ་ཀུན་ལ་རྣམ་པར་སྦྱོང་བ་ལྟ་བུ། སངས་རྒྱས་རྣམས་ལ་དད་པ་ལྟ་བུ། སེམས་ཁོང་དུ་ཆུད་པར་བྱ་བ་ལ་ཤིན་ཏུ་མོས་པ་ལྟ་བུ། དབང་པོ་རྣམས་ལ་སྒྲུབ་པ་ལྟ་བུ། སེམས་ ཅན་སྐྱེ་དགུ་ཐམས་ཅད་ལ་འདུལ་བ་ལྟ་བུ། འགྲོ་བ་ཐམས་ཅད་ལ་མོས་པ་ལྟ་བུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབྱུང་བ་ལྟ་བུ། བྱང་ཆུབ་ཏུ་ཞུགས་པ་རྣམས་ལ་བསྐུལ་ བ་ལྟ་བུ། གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ལྟ་བུ་དག་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་མི་རྟག་པར་སྟོན་པ་དང༌། སངས་རྒྱས་ཀྱི་འཕྲིན་ ལས་རྒྱུན་མི་འཆད་པར་བརྗོད་པ་དང༌། འཕྲིན་ལས་མཛད་པའི་མཐར་ཐུག་པར་བསྟན་པ་དང༌། ཆོས་ཀྱི་རྒྱུད་ཉམས་པ་མེད་པའི་དངོས་པོར་བརྗོད་པ་དང༌། སྲིད་པའི་ཚུལ་རྩ་བ་ནས་ཆད་ ༄༅། །པར་བརྗོད་པ་དང༌། སེམས་ཅན་ཐམས་ཅད་སྐྱོ་བར་བྱ་བར་བསྟན་པ་དང༌། སངས་རྒྱས་ཀྱི་རྗེས་སུ་འགྲོ་བའི་སེམས་སུ་མཐུན་པར་བྱ་བ་དང༌། སྐུ་ཚེའི་མཐའ་ལྟ་ བུར་སེམས་ཅན་རྣམས་ཀྱིས་ཤེས་པར་བྱ་བ་དང༌། སེམས་ཅན་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་དུ་དགའ་བར་བྱ་བ་མེད་པར་བསྟན་པ་དང༌། སེམས་ཅན་རྣམས་ལ་མ་བྱོན་པའི་ སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཉེས་པར་གྱིས་ཤིག་པར་བསྟན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་ཏུ་མི་རུང་བར་ཁོང་དུ་ ཆུད་པར་བྱ་བ་དང༌། འཇིག་རྟེན་རྣམས་ཀྱི་རྩོལ་བ་བསྐྱེད་པ་དང༌། སངས་རྒྱས་ལ་དམིགས་པར་བརྩོན་པའི་སེམས་ལ་དགོད་པ་དང༌། ཡུན་དུ་དྲན་པ་རྣམ་པར་དག་པས་དེ་བཞིན་ གཤེགས་པ་མཐོང་བའི་རྣམ་པར་རྟོག་པ་བསྐྱེད་པ་དང༌། སྐྱོ་བའི་དབང་པོ་ཕྱིར་བཟློག་ཅིང༌། ཡོངས་སུ་དག་པར་མཛད་པ་དང༌། སངས་རྒྱས་ལ་མོས་པ་བསྐྱེད་པ་དང༌། སྐྱོ་བར་གྱུར་ བའི་སེམས་ཅན་རྣམས་ལ་བྱིན་གྱིས་བརླབ་པར་བྱ་བ་དང༌། སངས་རྒྱས་ལ་དམིགས་པའི་རྐྱེན་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཕྱིན་པར་དགོངས་པ་མཛད་པ་དང༌། སྐུ་ཐམས་ཅད་བཤིག་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་གིས་སེམས་ཅན་རྣམས་ཡོངས་སུ་གཟུང་བ་མཛད་པ་དང༌། འཇིག་རྟེན་རྣམ་པར་འཁྲུགས་པ་དང༌། དྲེགས་ཤིང་ མྱོས་པའི་སེམས་ཅན་རྣམས་སྡོམ་པ་ལ་དགོད་པ་མཛད་ཅིང་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པས་ཀྱང༌། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་དགུ་པའོ། །དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བའི་ཚེ༑ འཇིག་རྟེན་ཐམས་ཅད་ན་སེམས་ཅན་རྣམས་སྨྲེ་སྔགས་འདོན་ཅིང་ངུ་བ་དང་ མྱ་ངན་བྱེད་པ་དང༌། མཆི་མ་འབྱིན་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེའམ། ཐུགས་རྗེ་ཆེན་པོ་ཞེའམ། དེད་དཔོན་ཆེན་པོ་ཞེའམ། ཕན་པར་བཞེད་པ་ཐུགས་བརྩེ་བ་ ཅན་ཞེའམ། ལྷ་དང་བཅས་པའི་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ། མགོན་དུ་གྱུར་པ། རྟེན་དུ་གྱུར་པ། བླ་ན་མེད་པ་བསོད་ནམས་ཀྱི་ཞིང་ནུབ་པར་གྱུར་ཏོ། ། ཞེའམ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འབྱུང་བར་དཀའོ་ཞེས་རྣམ་པ་དེ་ལྟ་བུར་སྨྲེ་སྔགས་འདོན་པ་དང༌། མྱ་ངན་བྱེད་པ་དང༌། སངས་རྒྱས་མཐོང་བ་རྗེས་སུ་དྲན་པའི་སེམས་ ཅན་རྣམས་ཀྱི་བསམ་པ་དང༌། ཡིད་ལ་བྱ་བ་དེ་དང་དེ་དག་གི་སྒོར་སངས་རྒྱས་ཀྱི་འཕྲིན་ལས་ཚད་མེད་པ་རྒྱུན་མི་འཆད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ ལས་འདའ་བའི་ཚེ། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་སེམས་དད་པར་བྱ་བའི་དབང་དང༌། སེམས་ཅན་རྣམས་དད་པས་མཆོད་པར་བྱ་བའི་དབང་དང༌། སེམས་ཅན་རྣམས་ལྷག་ ༄༅། །པའི་བསམ་པ་རྣམ་པར་སྦྱོང་བར་བྱ་བའི་དབང་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་དབང་དང༌། སེམས་ཅན་རྣམས་ཡོངས་སུ་སྦྱང་བར་བྱ་ བའི་དབང་དང༌། སེམས་ཅན་རྣམས་འདུལ་བའི་དབང་དང༌། སེམས་ཅན་རྣམས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དབང་དང༌། སེམས་ཅན་རྣམས་དེ་བཞིན་ གཤེགས་པ་ལ་མཆོད་པས་དམིགས་པར་བྱ་བའི་དབང་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དམ་པ་སྣ་ཚོགས་སུ་བརྒྱན་པས། ཕྱོགས་དང་ཡུལ་སྣ་ཚོགས་སུ་སེམས་ཅན་རྣམས་ ཀྱི་དགེ་བའི་རྩ་བ་བསགས་པར་བྱ་བའི་དབང་གིས་སེམས་ཅན་རྣམས་ཀྱི་བསམ་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་སྐུ་གདུང་དང༌། རིང་བསྲེལ་བྱིན་གྱིས་རློབ་སྟེ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མིའི་གནས་ཐམས་ཅད་དུ་འདུལ་པ་དང༌། མོས་པའི་ཚུལ་ཇི་ ལྟ་བ་བཞིན་དུ་སྐུ་གདུང་དང༌། རིང་བསྲེལ་བྱིན་གྱིས་རློབ་བོ། །རང་གི་སྐུ་རྣམ་པར་ཕྱེ་སྟེ། སྐུ་གདུང་དང་རིང་བསྲེལ་ཚད་མེད་པ་གྲངས་མེད་པ། དཔག་ཏུ་མེད་པ། བསམ་གྱིས་ མི་ཁྱབ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱིན་གྱིས་རློབ་བོ། །དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་སངས་རྒྱས་ཀྱི་སྐུ་གདུང་འཇིག་རྟེན་ཐམས་ཅད་དུ་རྣམ་པར་ཕྱེ་བ་ དེའི་ཡུལ་དང༌། ཕྱོགས་ཀྱི་ཀླུའི་གནས་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་གནས་དང༌། མིའི་གནས་པ་དང༌། སྲིན་ པོའི་གནས་དག་ཏུ་སྐུ་གདུང་དང་རིང་བསྲེལ་མཆོད་པར་བྱེད་པར་འགྱུར་བས། སྐུ་གདུང་གི་རིང་བསྲེལ་དང༌། དབུ་དང་ཕྱག་སེན་གྱི་མཆོད་རྟེན་དང༌། སངས་རྒྱས་བཞུགས་པའི་མཆོད་རྟེན་ ལ་འགྲོ་བ་ཐམས་ཅད་ངེས་པར་སངས་རྒྱས་དྲན་པར་འགྱུར་ཏེ། ཆོས་ལ་རབ་ཏུ་རྟེན་པར་འགྱུར་རོ། །དགེ་འདུན་ལ་དད་པ་རབ་ཏུ་འཐོབ་པར་འགྱུར་རོ། །ཡུལ་དང་ཕྱོགས་ཀྱི་གནས་དེ་དང་དེ་དག་ ཏུ་འང་རྒྱུན་མི་འཆད་པར་སངས་རྒྱས་མཆོད་པ་ལ་བརྩོན་པའི་བསམ་པས་སྦྱིན་པ་ཡོངས་སུ་གཏོང་བར་འགྱུར་རོ། །བསོད་ནམས་བྱེད་པར་འགྱུར་རོ། །མཐོ་རིས་དེ་དང་དེ་ཡོངས་སུ་དག་པ་རབ་ ཏུ་འཐོབ་པར་འགྱུར་རོ། །རིགས་དང་རྒྱུད་ཀྱི་བདག་ཉིད་ཆེ་བ་རབ་ཏུ་འཐོབ་པར་འགྱུར་རོ། །ལོངས་སྤྱོད་ཆེན་པོ་དང་འཁོར་རྣམ་པར་དག་པ་རབ་ཏུ་འཐོབ་པར་འགྱུར་རོ། །ལྷ་དང་མིའི་ཕུན་ སུམ་ཚོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །ལོག་པར་ལྟུང་བ་མེད་པའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་འབྱུང་བ་དོན་ཡོད་པ་རབ་ཏུ་སྒྲུབ་པར་འགྱུར་རོ། །ཆོས་དཀར་ པོ་ལ་གནས་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཁམས་གསུམ་པ་ལས་འབྱུང་བའི་ལམ་ཡོངས་སུ་སྦྱོང་བར་འགྱུར་རོ། །ཐེག་པ་གང་ལ་དད་པའི་སྨོན་ལམ་གྱིས་ངེས་པར་འབྱུང༌། ༄༅། །བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དང་དེ་དག་ལ་དྲིན་དུ་གཟོ་བ་རབ་ཏུ་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བརྟེན་པ་དང༌། སྐྱབས་བཙལ་བ་དང༌། མགོན་བཙལ་བ་དང༌། དཔུང་གཉེན་བཙལ་བའི་སེམས་བསྐྱེད་པར་འགྱུར་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་ ཀྱང་ཡོན་བསམ་གྱིས་མི་ཁྱབ་པ་སྦྱོང་བ། བསོད་ནམས་ཟད་མི་ཤེས་པའི་ཡོན་གྱི་གནས་དག་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་དུ་བྱུང་ན། དེ་ལྟར་སེམས་ཅན་ རྣམས་ཀྱི་དགེ་བའི་རྩ་བ་རྣམ་པ་མང་པོ་རབ་ཏུ་བསགས་པས་བསོད་ནམས་ཀྱི་ཚོགས་རབ་ཏུ་རྫོགས་པར་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ འཕྲིན་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་རྒྱ་ཆེན་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ རྣམས་སོ། །དེ་དག་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཆེད་གཟུང་བར་མི་ནུས་པའོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་ བྱུང་བའི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་ མེད་པར་སྤྱོད་ཅིང༌། དངོས་པོ་རྣམ་པ་གཉིས་སུ་མེད་པའི་ཆོས་ཀྱི་དབང་ཕྱུག་གི་ཆོས་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལུང་བསྟན་པ་ ཐམས་ཅད་སྟོན་པ་ལ་གཉིས་སུ་མེད་པར་སྤྱོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེམས་ཅན་སངས་རྒྱས་ཀྱི་རྗེས་སུ་དྲན་པ་ལ་བརྩོན་པ་རྣམས་ཀྱི་སེམས་དང་བསམ་པ་བརྗོད་ དུ་མེད་པ་འབྱམས་ཀླས་པ་རྣམས་ལ་གཉིས་སུ་མེད་པར་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དོན་མ་ལུས་པར་མངོན་པར་སངས་རྒྱས་པས་གཉིས་སུ་མེད་པའི་སྐུ་རྣམ་པར་དམིགས་ པར་མཛད་དོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་རང་བཞིན་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་མངའ་བའོ། །འབྱུང་བ་དང༌། འབྱུང་བའི་མཐའ་གཉིས་སུ་མེད་པ་དང༌། སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང༌། ད་ལྟར་བྱུང་བའི་མཐའ་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་མངའ་བའོ། །སངས་རྒྱས་ཀྱི་ ཞིང་ཐམས་ཅད་གཉིས་སུ་མེད་པས་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཅིག་པར་རབ་ཏུ་མཁྱེན་ཅིང་སྟོན་པ་ཐུགས་སུ་ཆུད་པར་མངའ་བའོ། །སངས་རྒྱས་གཅིག་དང༌། སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་མངའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་སུ་ཆུད་པ་དང༌། འདུལ་བ་མཛད་པའི་རྣམ་པར་ ༄༅། །དམིགས་པ་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་མངའ་བའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་གཉིས་སུ་མེད་པར་ཐུགས་སུ་ ཆུད་པ་མངའ་བའོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དགེ་བའི་རྩ་བ་གཅིག་སྟེ། གཉིས་སུ་མེད་པར་ཐུགས་ སུ་ཆུད་པར་མངའ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་མེད་པར་སྤྱོད་ཅིང༌། དངོས་པོ་གཉིས་སུ་མེད་པའི་ཆོས་ཀྱི་ དབང་ཕྱུག་གི་ཆོས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་བཞུགས་པ་ཆོས་ཐམས་ཅད་ལ་རབ་ཏུ་ བཞུགས་པ་རྣམས་སོ། །བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་དབྱིངས་གནས་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ལ་བཞུགས་པའོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་ཆེན་པོ་མི་ཉམས་པ་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་ཇི་ལྟ་བ་བཞིན་དུ་འབྱུང་བ་ལ་བཞུགས་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་སེམས་ཅན་ཡོངས་སུ་མི་གཏོང་བ་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དངོས་པོ་མེད་པ་ལ་གནས་ པའི་ཆོས་ཉིད་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་བཞིན་གཤེགས་པའི་སྐུ་སྐལ་བ་མཉམ་པ་ཐ་མི་དད་ཅིང་དོན་ཡོད་པ་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའི་ཐུགས་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ཉམས་པ་མེད་པར་གཞོལ་བར་ལ་བཞུགས་པའོ། །སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་ཆགས་པ་མེད་པའི་ཐུགས་ཀྱིས་རྣམ་པར་སྤྱོད་པ་ལ་བཞུགས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་ པས་གྲུབ་པ་མེད་པའི་ཡང་དག་པའི་མཐའི་མཚན་ཉིད་ལ་བཞུགས་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་ བཞུགས་པ་ཆོས་ཐམས་ཅད་ལ་བཞུགས་པ་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་མ་ལུས་པར་མངོན་པར་ མཁྱེན་པ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འདས་པ་འགྲངས་པ་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། མ་འོངས་པ་འགྲངས་ པ་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། ད་ལྟར་བྱུང་བ་འགྲངས་པ་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། ཚིག་གི་ལམ་མཐའ་དག་ཐམས་ཅད་མངོན་པར་ ༄༅། །མཁྱེན་པ་དང༌། འཇིག་རྟེན་གྱི་རྒྱུད་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། སེམས་ཅན་གྱི་བསམ་པ་དང༌། ཤེས་པ་མཐའ་དག་ཐམས་ཅད་མངོན་ པར་མཁྱེན་པ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། རྣམ་པ་སྣ་ཚོགས་སུ་རྣམ་པར་གནས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བ་རྣམས་ལ་ བསམ་པ་ཚད་མེད་པ་ཡོངས་སུ་མི་བཏང་བས། སངས་རྒྱས་ཀྱི་ཡེ་ཤེས་འབར་བར་བྱ་བ་དང༌། ཡོངས་སུ་རྫོགས་པར་བྱ་བ་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། ཆོས་ ཐམས་ཅད་འཚང་རྒྱ་བའི་མཁྱེན་པ་མཐའ་དག་ཐམས་ཅད་མངོན་པར་མཁྱེན་པ་དང༌། འཇིག་རྟེན་གྱི་རྒྱུད་ཐམས་ཅད་རྣམ་པར་དབྱེ་བའི་ཡེ་ཤེས་གཟིགས་པ་མཐའ་དག་ཐམས་ ཅད་མངོན་པར་མཁྱེན་པ་དང༌། ཆོས་ཀྱི་དབྱིངས་ཀྱི་གཞི་མིག་འཕྲུལ་གྱི་རྣམ་པ་ལྟ་བུར་དབྱེ་བ་ཐམས་ཅད་མངོན་པར་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པའོ།། །།བམ་པོ་དྲུག་ཅུ་རྩ་དྲུག་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་ཆེན་པོ། སྟོབས་དམ་པ། སྟོབས་ཚད་མེད་པ། སྟོབས་བདག་ཉི་ཆེ་བ། སྟོབས་ཐུབ་པ་མེད་པ། སྟོབས་མི་མཉམ་པ། སྟོབས་སྙིང་པོ་དང་ ལྡན་པ། སྟོབས་མི་ཤིགས་པ། སྟོབས་འཇིག་རྟེན་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པ། སྟོབས་སེམས་ཅན་ཐམས་ཅད་ཀྱིས་མི་འཕྲོགས་པ། སངས་རྒྱས་ཀྱི་རྒྱལ་མཚན་སྟོབས་པོ་ཆེ་ དཔའ་བོ་ཆེན་པོའི་སྟོབས་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྐུ་ནི་ཕ་རོལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་ཤིགས་མི་ཆོད་པའོ། །འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱིས་ སྐུ་ཚེའི་དབང་པོ་ཉམས་པར་མི་ནུས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསྐལ་པའི་མེའི་གདུང་བས་འཚིག་པར་མི་ནུས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་པར་གཏོགས་ པའི་ཆུའི་ཕུང་པོར་འགྲོངས་པར་མི་འགྱུར་བའོ། །བདུད་ཐམས་ཅད་དང༌། བདུད་ཀྱི་སྡེ་ཐམས་ཅད་དང༌། ལྷ་ཐམས་ཅད་ཀྱི་དཔུང་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་ དང༑ ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་དཔུང་དང༌། ཤ་ཟ་དང༌། སྲིན་པོ་ཐམས་ཅད་ཀྱི་དཔུང་དང༌། སེམས་ཅན་མ་ལུས་པ་ ཐམས་ཅད་ཀྱི་དཔུང་གིས་བརྒལ་བར་དཀའ་བའོ། །རྡོ་རྗེ་རི་རབ་ཀྱི་རི་ཙམ་གྱི་ཆར་པ་དང༌། ཁོར་ཡུག་གི་རི་ཆེན་པོ་ཙམ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་ཙམ་གྱི་རྡོ་རྗེའི་ཆར་བབ་ཀྱང༌། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བ་སྤུ་གཅིག་ཀྱང་འགུལ་བར་མི་འགྱུར། གཡོ་བར་མི་འགྱུར་ཏེ། བག་ཚ་བའི་ཤས་མི་མངའ་ ༄༅། །བའོ༑ ༑བཞུགས་སམ། བཞེངས་སམ། བཞུད་དམ། གཟིམས་ཀྱང་རུང་སྟེ། སྤྱོད་ལམ་འགྱུར་བ་མེད་དོ། །དེ་བཞིན་གཤེགས་པ་གང་ན་བཞུགས་ བའི་ཡུལ་དེ་དང༌། དེའི་འཁོར་དག་ཏུ་ཡང་དེ་བཞིན་གཤེགས་པ་དགྱེས་ན་ཀུན་ཏུ་འབབ་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞབས་འབྲིང་རྣམས་ལ་ཡང་གནོད་པར་མི་འགྱུར་རོ། །སངས་ རྒྱས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཞིང་མི་གཡོ་ན། དེ་བཞིན་གཤེགས་པའི་སྐུ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ཆེན་པོ་སྟོབས་སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་དང་པོའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་ན། ཆོས་ཀྱི་དབྱིངས་ ཐམས་ཅད་ཀྱིས་ཀླས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རི་རབ་ཀྱི་རི་དང་བཅས་པ། ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་དང་བཅས་པ། རྒྱ་མཚོ་དང་རི་དང་ནགས་ཚལ་ཐིབས་ པོ་དང༌། སེམས་ཅན་གནས་པའི་གནས་ཐ་དད་པ་ཀུན་དང་བཅས་པ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་གཅིག་ཏུ་བཙུད་དེ། ཕྱི་མའི་ མཐའི་བསྐལ་པའི་མུར་ཐུག་པར་བཞག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར་སེམས་ཅན་རྣམས་ཀྱིས་ཤེས་པར་མི་ནུས་སོ། །དེ་བཞིན་གཤེགས་པ་དེ་ དག་ནི་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྐུའི་བ་སྤུའི་ཁུང་བུ་གཅིག་གིས་བཟུང་སྟེ། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བསྣམས་ཤིང༌། གཤེགས་སམ། བཞུགས་སམ། བཞེངས་ སམ། གཟིམས་ཀྱང་རུང་སྟེ། དེ་བཞིན་གཤེགས་པའི་ཐུགས་སྐད་ཅིག་ཙམ་ཡང་སྐྱོ་བ་མངའོ། །ཆད་ཅིང་དུབ་པར་མི་འགྱུར་རོ། །མཐུ་དང་སྟོབས་ལ་ཡོངས་སུ་ཉམས་པར་འགྱུར་བ་ མི་མངའོ། །སྤྱོད་ལམ་རྣམ་པར་འགྱུར་བ་མི་མངའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་ཆོས་ཀྱི་དབྱིངས་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཛིན་ཀྱང་ སྐྱོ་བ་མེད་དོ། །དུབ་པ་མེད་དོ། །གནོད་པ་མེད་དོ། །མེད་པར་མི་འགྱུར་རོ། །མི་གཡོ། མི་འབྱུང༌། མི་འཇིག་གོ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བ་སྤུའི་ཁུང་བུ་ གཅིག་ཏུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་བསྣམས་ཀྱང༌། དེའི་རྒྱུས་ཐུགས་སྐད་ཅིག་ཙམ་དུ་ཡང་མི་བདེ་བའི་སྐུ་ཉམས་མི་འབྱུང་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་མཐུ་བོ་ཆེ་ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་གཉིས་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་གཤེགས་སྟབས་གཅིག་ཏུ་བཞུད་ པས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་འདའ་ཞིང་ཐུགས་བསྐྱེད་པ་གཅིག་གིས་བསྐལ་པ་ཐ་དད་པའི་ ༄༅། །རིམ་པས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་བར་མཛད་དོ། །དེ་ལྟ་བུར་གཤེགས་པས་བསྐལ་པ་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་གཤེགས་ཤིང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཇི་སྙེད་པའི་བསྐལ་པར་བཞུད་དེ། འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཙམ་དུ་འཁོར་ཀུན་ཏུ་རྒྱ་ཆེ་ཞིང་ཡངས་པའི་ཁོར་ཡུག་ཆེན་པོའི་རྡོ་རྗེའི་རི་དང༌། སངས་རྒྱས་ཀྱི་ཞིང་གི་རྣམ་པ་བརྗོད་དུ་ མེད་པའི་ཡང་བརྗོད་དུ་མེད་པ་ལ་བསྒྲེས་པ་སྙེད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་དེ་ལ་བསྒྲེས་པ་དེ་སྙེད་བ་སྤུའི་ཁུང་བུ་གཅིག་ཏུ་བཙུད་དེ། བ་སྤུའི་ཁུང་བུ་གཅིག་ཏུ་ཇི་ལྟ་བ་བཞིན་དུ་སྐུའི་ བ་སྤུའི་ཁུང་བུ་ཐམས་ཅད་དུ་བཙུད་དེ། བ་སྤུའི་ཁུང་བུ་ཡང་སེམས་ཅན་ཐམས་ཅད་སྙེད་དུ་གྱུར་ལ་དེ་དག་ཐམས་ཅད་བསྣམས་ཏེ། དེ་སྙེད་ཀྱི་བ་སྤུའི་ཁུང་བུར་ཚུལ་དེ་བཞིན་དུ་བཤམས་ ཏེ༑ ཐུགས་བསྐྱེད་པ་དེ་ལྟ་བུས་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུ་ཞིང་གཤེགས་སམ། ཕྱོགས་ཀྱི་དྲ་བ་ཐམས་ཅད་དུ་རྒྱུ་ཞིང་གཤེགས་སམ། ནམ་ མཁའི་དབྱིངས་ཐམས་ཅད་དུ་རྒྱུ་ཞིང་གཤེགས་སམ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འགྲངས་པ་སྔོན་གྱི་མཐར་གཏོགས་པ་ནས་བཟུང་སྟེ། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་ པར་དེ་བཞིན་དུ་གཤེགས་པས་བསྐལ་པ་ཐམས་ཅད་ཟད་པར་གྱུར་ཀྱང་དེ་བཞིན་གཤེགས་པ་བཞུད་པ་ལ་བརྩོན་པ་ནི་ཉམས་པར་མི་འགྱུར་རོ། །སྐུ་ཉམ་ཆུང་བར་མི་འགྱུར་རོ། །ཐུགས་ རྣམ་པར་འཁྲུག་པར་མི་འགྱུར་རོ། །ཏིང་ངེ་འཛིན་ཉམས་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ མཐུ་བོ་ཆེ་ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་གསུམ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་སྙོམས་གཅིག་བཞེས་ནས་བསྐལ་ པ་བརྗོད་དུ་མེད་པར་སྐྱིལ་མོ་ཀྲུང་གཅིག་བཅས་པས་ཉིན་མཚན་གྱི་རྒྱུད་དུ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའི་མུར་གཏོགས་པའི་བསྐལ་པ་འདས་པར་བཞུགས་ཀྱང་སྐུ་མི་གཡོ་ ཞིང་བདེ་བའི་དམ་པ་ལ་སྤྱོད་པ་དང༌། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་བསམ་གྱིས་མི་ཁྱབ་པས་རྣམ་པར་སྤྱོད་ཀྱང་སེམས་ཅན་འགའ་ཙམ་ལའང༌། སངས་རྒྱས་ཀྱི་འཕྲིན་ ལས་རྒྱུན་འཆད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བཀོད་དོ། འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་ གཅིག་གི་ལུས་ཀྱང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཙམ་དུ་ཆེ་བ་དེ་ལྟ་བུར་གྱུར་ལ། སེམས་ཅན་གཅིག་ ༄༅། །གི་ལུས་ཀྱི་ཚད་ཇི་ཙམ་པ་དེ་ཙམ་གྱི་ལུས་སུ་སེམས་ཅན་ཐམས་ཅད་ཀྱང་གྱུར་ལ། སེམས་ཅན་དེ་དག་རེ་རེའི་གཟུགས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱི་ལྕིད་ཇི་ཙམ་ཡོད་པ་དེ་ཙམ་དུ་གྱུར་ཏེ། སེམས་ཅན་གཅིག་ཇི་ལྟར་ལྕི་བ་བཞིན་དུ་སེམས་ཅན་ཐམས་ཅད་རེ་རེའི་ལྕིད་ཀྱང་དེ་ཙམ་དུ་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་དེ་ བཞིན་གཤེགས་པའི་ཕྱག་སོར་གྱི་རྩེ་མོ་གཅིག་ལ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བསྣམས་ཏེ། ཕྱག་སོར་གྱི་རྩེ་མོ་གཅིག་གིས་ཇི་ལྟར་བསྣམས་པ་དེ་བཞིན་དུ་ཕྱག་ སོར་ཐམས་ཅད་ཀྱི་རྩེ་མོ་ལའང་དེ་ཙམ་རེ་རེ་བསྣམས་ཀྱང༌། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སྐུ་མཉེལ་བའམ། ཐུགས་དུབ་པར་མི་འགྱུར་ཏེ། ཐུགས་བསྐྱེད་པའི་ཆ་ཤས་ ཤིན་ཏུ་ཕྲ་བ་གཅིག་ཙམ་དུ་ཡང་སྡུག་བསྔལ་མི་བདེ་བ་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་དང༌། ནམ་མཁའི་དབྱིངས་ལ་འཇུག་པ་དང༌། ཕྱོགས་ ཀྱི་དྲ་བའི་རྣམ་པ་ལ་འཇུག་པ་རེ་རེ་དང༌། དེ་ལྟ་བུ་ལ་འཇུག་པ། ནམ་མཁའི་ཁམས་མ་ལུས་པའི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ། སྐྲའི་རྩེ་མོའི་ ཆ་ཤས་ཀྱིས་གཞལ་བའི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་ཐམས་ཅད་རེ་རེ་ཞིང་ཡང་སྐྲའི་རྩེ་མོའི་ཆ་ཤས་ཀྱིས་གཞལ་ཏེ། ནམ་མཁའི་དབྱིངས་ཀྱི་ཀུན་ཏུ་ཁྱབ་པ་ཐམས་ཅད་མ་ ལུས་པའི་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཀྱིས་ནམ་མཁའི་དབྱིངས་ལ་འཇུག་པ་ཐམས་ཅད་དུ་ཞུགས་ཏེ། དེ་བཞིན་གཤེགས་པའི་སྤྱོད་ལམ་འདིའི་ཚུལ་དང༌། སྐྱིལ་མོ་ཀྲུང་གཅིག་ཏུ་བཞུགས་ པའི་སྤྱོད་པས་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་ཟད་པར་མཛད་དེ། བསྐལ་པ་འདའ་བར་མཛད་ཅིང་བསྐལ་པ་ལ་རབ་ཏུ་འཇུག་སྟེ། འདི་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་བཞི་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་གཅིག་ལ་དབུ་སངས་ རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱིན་གྱིས་བརླབས་ཏེ། དབུ་རེ་རེ་ལ་ལྗགས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་བྱིན་གྱིས་བརླབས་ནས། དེ་དག་རེ་རེས་ཀྱང་དབྱངས་ཀྱི་ཡན་ལག་དང༌། སྒྲ་སྐད་ཀྱི་གསུང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་ བ་སྙེད་རེ་རེ་བརྗོད་དེ། ཆོས་ཀྱི་དབྱིངས་མ་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གོ་བར་མཛད་ཅིང་དབྱངས་ཀྱི་ཡན་ལག་དང༌། སྒྲ་སྐད་ཀྱི་གསུང་རེ་རེས་ཀྱང་མདོ་སྡེ་སངས་རྒྱས་ ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བཤད་ལ། མདོ་སྡེ་རེ་རེ་ལ་ཡང་ཆོས་བསྟན་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་ ༄༅། །པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་གཞོལ་བར་མཛད་དེ། ཆོས་བསྟན་པ་གཅིག་ལས་ཀྱང་ཆོས་ཀྱི་ཚིག་དང༌། ཡི་གེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་ པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བརྗོད་པར་གྱུར་ལ། ཆོས་བསྟན་པ་གཅིག་ལས་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ཐམས་ཅད་ལས་ཀྱང་དེ་སྙེད་ཀྱི་ཆོས་ཀྱི་ཚིག་དང༌། ཡི་ གེ་བརྗོད་དེ། དེ་ལྟར་བརྗོད་པས་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་རབ་ཏུ་བསྟན་ལ། བསྐལ་པ་སངས་རྒྱས་ཀྱི་ཞིང་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཟད་པར་གྱུར་ཀྱང༌། ད་དུང་གཞན་ཡང་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་བརྒྱུད་ཅིང་རབ་ཏུ་སྟོན་པའི་ཚུལ་གྱི་རྣམ་གྲངས་འདིས་བསྐལ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་རབ་ཏུ་བསྟན་ལ། རྣམ་ གྲངས་འདི་འདྲ་བས་བསྐལ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཟད་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྙེད་ཀྱི་བསྐལ་པ་འདས་པར་གྱུར་ ཏེ༑ ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་ཟད་ཅིང་འདས་པར་བྱས་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ཆོས་ཐམས་ཅད་སྣང་བའི་འཁོར་ལོ་བསྐོར་བ་དང༌། ཆོས་ཐམས་ཅད་ རབ་ཏུ་ཤེས་པར་བསྟན་ཅིང་ལུང་བསྟན་པ་དང༌། ཐེ་ཚོམ་ཐམས་ཅད་རབ་ཏུ་གཅོད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོས་ཐམས་ཅད་སྣང་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ དང༑ བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བརྗོད་པའི་རྒྱུན་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ཆེན་པོའི་རྒྱན་དང་ལྡན་པའི་ཆོས་ ཀྱི་འཁོར་ལོ་བསྐོར་བ་དང༌། འགྲོ་བ་ཐམས་ཅད་མ་ལུས་པའི་ཡེ་ཤེས་ཀྱི་སྒྲོན་མ་ཆེན་པོས་བརྒྱན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཐ་དད་པ་ཡང་དག་པར་མཁྱེན་པ་དང༌། མི་ འཇིགས་པ་ཆེན་པོས་བརྒྱན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱུན་མི་འཆད་དེ། སངས་རྒྱས་ཀྱི་སྐུ་གཅིག་གི་བྱིན་གྱི་རླབས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོའི་སྤྲིན་ཆེན་པོ་ དཔེ་ཐམས་ཅད་ལ་དཔེ་མེད་པར་རབ་ཏུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་སྐྲའི་རྩེ་མོའི་ཆ་ཤས་ཀྱིས་ གཞལ་བ་མ་ལུས་པ་ཐམས་ཅད་ཆགས་པ་མེད་པར་རྣམ་པར་དབྱེ་བས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྙེད་ཀྱི་སངས་རྒྱས་ཀྱི་སྤྲུལ་པ་དེ་སྙེད་དེ་སྙེད་དུ་ཐུགས་ ཀྱི་སྐད་ཅིག་རེ་རེ་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྤྲུལ་པ་མཛད་ཅིང༌། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཐམས་ཅད་ལས་དེ་བཞིན་གཤེགས་པའི་སྐུ་རེ་རེ་ལའང་དེ་ ༄༅། །སྙེད་དེ་སྙེད་ཀྱི་དབུ་མངའ་བར་གྱུར་ལ། གཞུང་དེ་བཞིན་དུ་སྐུ་རེ་རེ་ལའང་དེ་སྙེད་དེ་སྙེད་ཀྱི་ལྗགས་མངའ་བར་གྱུར་ཏེ། ལྗགས་རེ་རེ་ལས་ཀྱང་དེ་སྙེད་དེ་སྙེད་ ཀྱི་དབྱངས་ཀྱི་ཡན་ལག་དང༌། སྒྲ་སྐད་ཀྱི་གསུང་ཆོས་ཀྱི་དབྱིངས་མ་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གོ་བར་མཛད་པ་བྱུང་ལ། དབྱངས་ཀྱི་ཡན་ལག་དང༌། སྒྲ་སྐད་ཀྱི་ གསུང་དེ་དག་རེ་རེས་ཀྱང་དེ་སྙེད་དེ་སྙེད་ཀྱི་མདོ་སྡེ་བཤད་པར་གྱུར་ལ། མདོ་སྡེ་དེ་དག་རེ་རེ་ལ་ཡང་དེ་སྙེད་དེ་སྙེད་ཀྱི་ཆོས་བསྟན་པ་ལ་རབ་ཏུ་གཞོལ་བ་མཛད་དེ། ཆོས་བསྟན་པ་ དེ་དག་རེ་རེ་ལས་ཀྱང་དེ་སྙེད་དེ་སྙེད་ཀྱི་ཆོས་ཀྱི་ཚིག་དང༌། ཡི་གེ་བརྗོད་པར་གྱུར་ལ། ཆོས་ཀྱི་ཚིག་དང་ཡི་གེ་དེ་དག་རེ་རེས་ཀྱང་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དབྱངས་ ཀྱི་རྒྱས་པར་བཀང་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གོ་བར་མཛད་ཀྱང༌། དེ་བཞིན་གཤེགས་པའི་དབྱངས་ལ་དུབ་བ་མི་མངའ་སྟེ། ཉམས་པར་མི་འགྱུར་ལ་ ཐོགས་པ་མི་མངའ་ཞིང་དམའ་བར་མི་འགྱུར་ཏེ། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་བསྐོར་ཡང་བསྐལ་པ་ཕྱི་མའི་མཐའི་མུར་ཐུག་པའི་བར་དུ་རྒྱུན་འཆད་པར་མི་འགྱུར་ཏེ། འདི་ ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་ལྔ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་ཐུགས་དཔལ་གྱི་བེའུས་བརྒྱན་པ་རྡོ་རྗེ་ཆེན་པོ་ལྟར་ཤིན་ཏུ་བསྟན་པར་གྲུབ་པ་མངའ་བ་དག་སྟེ། དེ་དག་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱོན་ན་བདུད་སྡིག་ཏོ་ཅན་གྱི་སེམས་ཅན་ཐམས་ཅད་སྙེད་ ཀྱི་བདུད་ཀྱི་སྡེ་གཟུགས་སྣ་ཚོགས་ཅན་ཤིན་ཏུ་མི་སྡུག་པ། འཇིགས་འཇིགས་ལྟར་འདུག་པ་རབ་ཏུ་སྡང་བའི་གཟུགས་ཅན། འཇིག་རྟེན་ཐམས་ཅད་ཤིན་ཏུ་འཇིགས་པའི་གཟུགས་ཅན། རབ་ཏུ་སྐྱི་གཡའ་བ་སྐྱེད་པའི་གཟུགས་ཅན། བདུད་ཤིན་ཏུ་མི་སྡུག་པའི་གཟུགས་འཆང་བ། རབ་མཆོག་པོར་འཇིགས་པ་འཇིགས་པ་ཆེན་པོ་སྐྱེད་པ། འགྲོ་བ་ཐམས་ཅད་གསོད་པ། འཇིག་ རྟེན་ཐམས་ཅད་ཕུང་བར་བྱེད་པ། དེ་ལྟ་བུ་ཤ་སྟག་གིས་བྱང་ཆུབ་ཀྱི་ཤིང་དྲུང་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་དང༌། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པར་གང་བར་གཟིགས་ཀྱང་ བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བསྙེངས་པ་མི་མངའོ། །བག་ཚ་བ་མི་མངའོ། །བ་སྤུ་གཅིག་ཀྱང་གཡོ་བ་མེད་དོ། །ཐུགས་ཀྱི་ཆ་ཤས་ ཤིན་ཏུ་ཕྲ་བ་འགའ་ཙམ་གྱིས་ཀྱང་དེ་ལྟར་རྣམ་པ་ཐ་དད་པའི་གཟུགས་ལ་མཚན་མ་རྣམ་པ་ཐ་དད་པ་འཛིན་པ་མི་མངའ་སྟེ། ཤིན་ཏུ་བརྟན་ནོ། །གཡོ་བ་མེད་དོ། །མི་སྒུལ་ཏོ། ། འགྱུར་པ་མེད་དོ། །རྣམ་པར་རྟོག་པ་མེད་དོ། །ཤིན་ཏུ་ཞི་བའོ། །བསྙེངས་པ་དང༌། བག་ཚ་བ་ཐམས་ཅད་དང་ཤིན་ཏུ་བྲལ་ལོ། །སྡུག་པ་དང་ཁོང་ཁྲོ་བ་ཤིན་ཏུ་སྤངས་སོ། །སངས་ ༄༅། །རྒྱས་ཀྱི་སྤྱོད་པ་རྒྱུན་མི་འཆད་དོ། །བྱམས་པ་ཆེན་པོའི་སྟོབས་དང་ལྡན་པའོ། །ཐུགས་རྗེ་ཆེན་པོའི་གནས་ཀྱིས་དབང་པོ་ཤིན་ཏུ་དབེན་པའོ། །བག་ཚ་བ་ མི་མངའ་བའི་ཐུགས་དང་ལྡན་པའོ། །ཐུགས་ཤིན་ཏུ་བརྟེན་ཞིང་ཉམས་པ་མི་མངའ་བའོ། །ཚུར་ཟིལ་གྱིས་མི་གནོན་ལ་ཕར་ཟིལ་གྱིས་གནོན་པའི་ཐུགས་དང་ལྡན་པ་སྟེ། བདུད་ཐམས་ཅད་དང༌། བདུད་ཀྱི་རིས་སུ་གཏོགས་པའི་ལྷ་ཐམས་ཅད་དང༌། བདུད་ཀྱི་སྡེ་ཐམས་ཅད་ཤིན་ཏུ་ཟིལ་གྱིས་གནོན་ཏོ། །ཤིན་ཏུ་སྤ་གོང་ངོ༌། །དེ་ལྟར་ཟིལ་གྱིས་ མནན་ཏེ་སྤ་གོང་བ་དང༌། དེ་བཞིན་གཤེགས་པ་ལ་སྐྱབས་ཚོལ་ལོ། །དེ་དག་ལའང་བཅོམ་ལྡན་འདས་དེ་དག་ཆོ་འཕྲུལ་ཆེན་པོ་གསུམ་གྱིས་དེ་བཞིན་གཤེགས་པའི་ འདུལ་བ་མཛད་པ་ཉེ་བར་སྒྲུབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ མཐུ་བོ་ཆེ་ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་དྲུག་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཐོགས་པ་མེད་པ་ནི། འཇིག་རྟེན་གྱི་ཁམས་མ་ལུས་པ་དེ་དང་དེ་དག་ཐམས་ཅད་དུ་སེམས་ཅན་རྣམས་འདུལ་བའི་དོན་གྱིས་རྣམ་པར་དམིགས་པར་ཀུན་ཏུ་ཁྱབ་པར་འབྱུང་སྟེ། དེ་བཞིན་གཤེགས་ པའི་གསུང་དེ་ནི་རི་རྣམས་ལ་ཐོགས་པ་མེད་དོ། །རི་རབ་ལ་ཐོགས་པ་མེད་དོ། །རིན་པོ་ཆེའི་རི་ལ་ཐོགས་པ་མེད་དོ། །ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ལ་ཐོགས་པ་མེད་དོ། །ལྷའི་ཁྱིམ་ལ་ཐོགས་པ་ མེད་དོ། །ཀླུའི་ཁྱིམ་ལ་ཐོགས་པ་མེད་དོ། །གནོད་སྦྱིན་གྱི་ཁྱིམ་ལ་ཐོགས་པ་མེད་དོ། །དྲི་ཟའི་ཁྱིམ་ལ་ཐོགས་པ་མེད་དོ། །ལྷ་མ་ཡིན་གྱི་ཁྱིམ་ལ་ཐོགས་པ་མེད་དོ། །ནམ་མཁའ་ལྡིང་གི་ ཁྱིམ་ལ་ཐོགས་པ་མེད་དོ། །མིའམ་ཅིའི་ཁྱིམ་ལ་ཐོགས་པ་མེད་དོ། །ལྟོ་འཕྱེ་ཆེན་པོའི་ཁྱིམ་ལ་ཐོགས་པ་མེད་དོ། །མི་དང་མི་མ་ཡིན་པའི་ཁྱིམ་ལ་ཐོགས་པ་མེད་དོ། །གལ་ཏེ་བརྒྱ་ལ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སྒྲ་ཆེན་པོ་འཇིག་རྟེན་རྣམ་པ་ཐ་དད་པའི་སྒྲས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ། ཅ་ཅོ་འདྲེས་པར་གྱུར་ཀྱང་དེ་ལ་དེ་བཞིན་གཤེགས་ པའི་གསུང་ནི་འདུལ་བའི་སེམས་ཅན་རྣམས་ཀྱི་རྣ་བའི་རྣམ་པར་དམིགས་པ་ལ་བསྒྲིབས་པ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་གསུང་འབའ་ཞིག་དེ་དག་གི་རྣ་བའི་རྣམ་པར་ དམིགས་པ་ལ་ལྷང་ངེ་ལྷམ་མེ་ལྷན་ནེ་སྟེ་གོ་བར་མཛད་པའི་ཚིག་དང༌། ཡི་གེ་རྣམས་ཀྱང་རླག་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ ཆེན་པོའི་སྟོབས། སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་བདུན་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ནི་ཆགས་པ་མི་མངའ་བ་སྟེ། ༄༅། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཡོངས་སུ་སྦྱངས་པའོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་ བྱུང་བའི་སངས་རྒྱས་ཐམས་ཅད་དང་རྒྱན་གཅིག་ཏུ་གྱུར་པའོ། །རྙོག་པ་མེད་ཅིང་རྣམ་པར་དང་སྟེ་ཤིན་ཏུ་གསལ་བའོ། །བདག་གི་ཞེས་བྱ་བ་མི་མངའ་བའོ། །ཆོས་ཐམས་ཅད་ ལ་མི་གནས་པའོ། །ནང་ན་གནས་པ་མ་ཡིན་པའོ། །ཕྱི་རོལ་ན་གནས་པ་མ་ཡིན་པའོ། །མ་སྐྱེས་པའོ། །དམིགས་པ་ཐམས་ཅད་ཀྱིས་དབེན་པའོ། །ཞི་ཞིང་གནས་པ་མེད་པའོ། ། རྩོམ་པ་མེད་པའོ། །འདུ་ཤེས་སྣ་ཚོགས་ཐམས་ཅད་ལ་མི་གནས་པའོ། །དངོས་པོའི་རྣམ་པར་རྟོག་པ་ཐམས་ཅད་འགགས་པའོ། །རང་བཞིན་གྱིས་འོད་དང་ཞིང་གསལ་བའོ། ། ཡོངས་སུ་དག་པའོ། །དམིགས་པ་དང༌། ཡིད་ལ་བྱ་བ་ཐམས་ཅད་དང་མ་འདྲེས་པའོ། །ཆོས་ཐམས་ཅད་ཉོན་མོངས་པ་མེད་པའི་ཡུལ་དང་ལྡན་པའོ། །ཡང་དག་པའི་མཐའ་ འདོད་ཆགས་དང་བྲལ་བས་དག་པའོ། །ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པའི་མཐར་ཐུག་པའོ། །ཆོས་ཀྱི་དབྱིངས་ཀུན་ནས་མི་ཟད་པ་དང་ལྡན་པའོ། །འདུ་ཤེས་ཀྱི་རྣམ་པ་ཐམས་ ཅད་ཀྱི་ཚད་དང་ཚད་མེད་པ་དང་བྲལ་བའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་བརྗོད་པ་ཐམས་ཅད་འགགས་པའོ། །ཚིག་གི་ལམ་གྱིས་བརྗོད་དུ་མེད་པའི་མཐར་ཐུག་པའི་ཡུལ་ ལོ༑ ༑མི་ཟད་པ་དང་ཆགས་པ་མེད་པའི་དབྱིངས་ཀྱི་མཐར་ཐུག་པའོ། །ཡེ་ཤེས་སྔོན་དུ་འགྲོ་བའོ། །སྟོབས་བཅུའི་རྒྱན་དུ་གྱུར་པའོ། །ཆོས་ཐམས་ཅད་ཀྱིས་རྣམ་པར་དག་པའོ། །ཐབས་མཁས་ པས་བྱུང་བའོ། །ཆོས་སྣ་ཚོགས་དང༌། ཆོས་དུ་མ་དང༌། ཆོས་ཐམས་ཅད་ཤིན་ཏུ་བསྟན་པ་དང་མི་འགལ་བའོ། །དུས་གསུམ་དུ་ཐ་དད་པ་མེད་པའོ། །ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཆོས་ གཞི་མེད་པ་ཐམས་ཅད་ཀྱི་མངའ་བའི་ཕ་རོལ་ཏུ་ཕྱིན་པ་གཉིས་པའོ། །ཆོས་ཐམས་ཅད་ལ་མངའ་བའི་འབྱུང་གནས་དང་མཛོད་དུ་གྱུར་པའོ། །ཆོས་ཀྱི་ཚུལ་ཐམས་ཅད་ལ་དགོངས་ པ་ཁྱད་པར་དུ་རྨོངས་པ་མེད་པའོ། །ཞིང་གི་རྒྱུད་དུ་གཏོགས་པ་ཐམས་ཅད་དང༌། ཕྱོགས་ཀྱི་དྲ་བ་དང༌། རྒྱུད་འབྱམས་ཀླས་པ་མ་ལུས་པ་ཐམས་ཅད་ལ་མི་གནས་པ་བརྟན་ཞིང་མི་གཡོ་ ལ༑ ཉམས་པ་མེད་པའི་ཡེ་ཤེས་ཀྱིས་རབ་ཏུ་གཟིགས་པ་ཆོས་མ་ལུས་པ་ཐམས་ཅད་ཀྱི་མཐར་ཐུག་པ། ཟག་པ་ཐམས་ཅད་ཡོངས་སུ་ཟད་པ་ཐུགས་རྣམ་པར་གྲོལ་ཞིང་ཟག་པ་མི་ མངའ་བ་དང༌། ཤེས་རབ་རྣམ་པར་གྲོལ་བས་ཤིན་ཏུ་རྣམ་པར་གྲོལ་བ་ཡང་དག་པའི་མཐའ་མི་ཟད་པས་ཀླས་པ། ཆགས་པ་མེད་པར་རྣམ་པར་སྤྱོད་པ་རྟག་ཏུ་མཉམ་པར་བཞག་ པ༑ དུས་གསུམ་ཐམས་ཅད་ཀྱི་བསྒྲུབ་པ་མེད་པར་འབྱུང་བ། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་དང་སྤྱོད་པ་ཐམས་ཅད་མ་ལུས་པར་ཐུགས་སྐད་ཅིག་གིས་རབ་ཏུ་མཁྱེན་ ༄༅། །པ་སྟེ༑ འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ཆེན་པོའི་སྟོབས་སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་བརྒྱད་པའོ། །གཞན་ ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ནི་སྐུ་མི་མངའ་བ་སྟེ། རང་བཞིན་གཅིག་ཏུ་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཚད་མེད་པའི་སྐུའོ། །མཐའ་དང་ དབུས་མེད་པར་ཡོངས་སུ་གྲུབ་པའི་སྐུའོ། །འཇིག་རྟེན་ཐམས་ཅད་ཀྱིས་ཟད་པར་མི་ནུས་པའི་སྐུའོ། །ཁམས་གསུམ་པས་གོས་པ་མེད་པའི་སྐུའོ། །བརྟེན་པའི་སྐུས་རྣམ་པར་ དམིགས་པའོ། །ལྷག་པའི་བསམ་པ་དང་རྗེས་སུ་དྲན་པའི་བྱིན་གྱི་རླབས་ཀྱིས་སྐུའི་རང་བཞིན་ཡང་དག་པར་སྟོན་པའོ། །བདེན་པ་མེད་པ་དང༌། རྫུན་པ་མེད་པའི་སྐུ་མཉམ་ པ་ཉིད་ཀྱི་ཡོངས་སུ་དག་པའོ། །ཆོས་ཀྱི་སྐུ་བཞུད་པ་དང༌། བྱོན་པ་མེད་པའི་སྐུའོ། །འདུས་མ་བྱས་པས་འཇིག་པ་མེད་པའི་སྐུའོ། །མཚན་ཉིད་མེད་པས་མཚན་ཉིད་གཅིག་ པའི་ཆོས་ཀྱི་སྐུའི་རང་བཞིན་ནོ། །ཡུལ་ན་མི་གནས་པ་དང༌། ཕྱོགས་ན་མི་གནས་པའི་སྐུའོ། །མ་ལུས་པ་ཐམས་ཅད་ཀྱི་ལུས་ཀྱི་སྐུའོ། །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་ པ་དང༌། རྣམ་པར་འཕྲུལ་པ་མཐའ་ཡས་པའི་སྐུའི་རང་བཞིན་ནོ། །ལུས་ཐམས་ཅད་དུ་ཡོངས་སུ་གཞོལ་བའི་སྐུ་སྣ་ཚོགས་སུ་རྣམ་པར་དམིགས་པ་མཛད་ཀྱང་ཆོས་ཀྱི་སྐུའི་ ཚུལ་གྱི་རྗེས་སུ་འབྲང་བའོ། །ཡེ་ཤེས་ཀུན་ཏུ་སྣང་བའི་སྙིང་པོ་ཅན་ནོ། །སྐུ་ཡོངས་ཀྱི་མཛོད་དུ་གྱུར་པའོ། །ཆོས་ཀྱི་དབྱིངས་རྣམ་པ་ཐ་དད་པ་མེད་པ་ཤིན་ཏུ་བསྟན་པའི་སྐུའོ། །ཁམས་གསུམ་ མ་ལུས་པ་ཐམས་ཅད་རྒྱས་པར་འགེངས་པས་ཀུན་ཏུ་ཁྱབ་པའི་སྐུའི་རང་བཞིན་ནོ། །མི་གཡོ་མི་དགོངས་པའི་སྐུ་རྣམ་པར་དག་པའོ། །ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པའི་ཚུལ་ དང་ཚུལ་མ་ཡིན་པར་རབ་ཏུ་བརྗོད་པའི་སྐུའོ། །སེམས་ཅན་གྱི་མོས་པ་རྣམ་པ་སྣ་ཚོགས་འདུལ་བར་གྱུར་པའི་སྐུའོ། །འགགས་པ་ཡང་མ་ཡིན། མ་འགགས་པ་ཡང་མ་ཡིན་པས་ འདུལ་བ་སྟོན་པའི་སྐུའོ། །ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཡང་དག་པར་འབྱུང་བས་ཤིན་ཏུ་འཕགས་པའི་སྐུའོ། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་དེ་བཞིན་ཉིད་དུ་ཡང་དག་པར་ བསྒྲུབས་པའི་སྐུའོ། །རང་བཞིན་གྱིས་རབ་ཏུ་ཞི་ཞིང་བསྒྲིབས་པ་མེད་པའི་མཐར་ཐུག་པའི་སྐུའོ། །ཐོགས་པ་མི་མངའ་བས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སྐུའོ། །ཐམས་ཅད་ཀྱི་ རྗེས་སུ་སོང་བའི་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་དག་ཅིང༌། འཇིག་རྟེན་ཐམས་ཅད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་སྐུའོ། །ཕྱིར་མི་ལྡོག་ཅིང་བསྒྲིབས་པ་མི་མངའ་ལ། སངས་རྒྱས་ཀྱི་རྣམ་ པར་ཐར་པས་ཡེ་ཤེས་ཐམས་ཅད་རྗེས་སུ་འབྲང་ཞིང་ཡང་དག་པར་གཞོལ་བས་ཐུགས་སུ་ཆུད་པའི་སྐུ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་བོ་ཆེ་ཆེན་པོའི་ ༄༅། །སྟོབས་སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་དགུ་པོའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་མཉམ་པ་མེད་པ་དང་ མཉམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཆུད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་བྱུང་བའོ། །མངོན་པར་འགྲུབ་པའི་སྤྱོད་པ་ཁྱད་པར་ དུ་འཕགས་པའི་སྨོན་ལམ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པས་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་བྱས་པའོ། ། ཐ་དད་པ་མེད་པའོ། །སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་བཟུང་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོའི་སྤྱོད་པའི་ཚུལ་ཐམས་ ཅད་ཐུགས་སུ་ཆུད་པའོ། །སྨོན་ལམ་དང་སྤྱོད་པ་ཆེན་པོས་ཡོངས་སུ་མི་དོག་པའོ། །སྤྱོད་པ་ཐམས་ཅད་མི་མཉམ་པ་མེད་པས་ཡོངས་སུ་རྫོགས་པར་བྱས་པའོ། །སྤྱོད་པའི་སྟོབས་ ལ་ཐུབ་པར་དཀའ་བའི་སྤྱོད་པ་ཐམས་ཅད་ཀྱིས་མངོན་པར་བྱུང་བའོ། །སྤྱོད་པ་ཐམས་ཅད་ཀྱི་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལེགས་པར་སྤྱད་པས་རྒྱུད་ དམའ་བ་མེད་པའོ། །སངས་རྒྱས་ཐམས་ཅད་ཀྱིས་ཚད་མེད་བར་སྤྱོད་པའོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་མཐའ་ཡས་པའོ། །ལམ་ཐམས་ཅད་ཀྱིས་རབ་ཏུ་བརྗོད་པ་མ་ ཡིན་པའོ། །ལམ་གྱི་ཡུལ་མེད་པའོ། །ལམ་ཐམས་ཅད་ལ་རབ་ཏུ་ཞུགས་པའོ། །ཡེ་ཤེས་དམ་པའི་སྟོབས་ཀྱི་ཚུལ་མཁྱེན་པའོ། །བག་ཚ་བ་མི་མངའ་བས་ཆོས་ཀྱི་ཆར་འབེབས་ པའི་འཁོར་ལོ་དང་ལྡན་པའོ། །དགེ་བ་དྲིས་པ་དང་མ་དྲིས་པ་ལ་རྗེས་སུ་མཐུན་པའི་ཆོས་ཀྱི་ཚུལ་སྟོན་པ་མཁྱེན་པའོ། །མཉམ་པ་མེད་པ་དང་མཉམ་པས་ཤིན་ཏུ་དག་པའོ། །སྐུ་དང༌། ཐུགས་ དང༑ གསུང་གི་ཡང་དག་པར་སྤྱོད་པ་རྣམས་ལ་འཕྲིན་ལས་གསུམ་ཡོངས་སུ་དག་པ་དང༌། སངས་རྒྱས་ཀྱི་བསྒོམ་པས་བརྙེས་པའོ། །སངས་རྒྱས་ཀྱི་རྣམ་པར་སྤྱོད་པས་བརྙེས་པའོ། །དེ་ བཞིན་གཤེགས་པའི་རིགས་ཐམས་ཅད་བསྐྱེད་པའི་དོན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཛད་པ་ཐམས་ཅད་རབ་ཏུ་འབྱུང་བའོ། །ཐམས་ཅད་མཁྱེན་པའི་གནས་ཀྱི་བསྟན་པ་ཚད་མེད་པའི་གནས་ རྩ་བ་མེད་པ་དང་ལྡན་པའོ། །མངོན་པར་ཤེས་པའི་ཡེ་ཤེས་ཐམས་ཅད་ཀྱིས་མཐར་ཐུག་པར་མི་འགྱུར་པའོ། །འཇིག་རྟེན་གྱི་སེམས་ཀྱིས་སྤྱོད་པའི་ཤེས་པ་ཐམས་ཅད་ཀྱིས་བསམ་གྱིས་ མི་ཁྱབ་པའོ། །ཆོས་ཐམས་ཅད་མ་ལུས་པར་མཁྱེན་ཅིང་གཟིགས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །དུས་གསུམ་ཡངས་པ་ཐམས་ཅད་ཀྱི་ཚུལ་ཤིན་ཏུ་ཕྲ་བ་མཐའ་དང་དབུས་ མེད་པ་མ་ལུས་པར་མཁྱེན་པའོ། །འཇིག་རྟེན་ལས་འདས་པའི་དོན་མཁྱེན་པའི་ཕྱིར་ཕྲ་བའི་ཡེ་ཤེས་ཐུགས་སུ་ཆུད་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྣམ་པར་དག་པ། ༄༅། །ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་བརྗོད་དུ་མེད་པ་འཇིག་རྟེན་ཐམས་ཅད་དུ་སྦྱོར་བའོ། །སངས་རྒྱས་ཀྱི་སྐུ་འགྲངས་པ་ཐམས་ཅད་ ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱིས་ཡི་གེ་མེད་པའི་ཆོས་ཐུགས་སུ་ཆུད་པའོ། །ཡི་གེ་སྣ་ཚོགས་རྣམ་པར་ཕྱེ་བ་དང༌། ཡི་གེ་ཐམས་ཅད་སྨོས་ཤིང་བརྗོད་པ་མཁྱེན་པས་བརྗོད་དུ་མེད་ པ་ཐུགས་སུ་ཆུད་པའོ། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་དགེ་བའི་རྩ་བའི་ཆོས་སྤྱད་པ་ཐམས་ཅད་རྣམ་པར་དག་པའོ། །དམ་བཅས་པའི་ཚུལ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ ལུས་དང༌། སྐྱེ་མཆེད་ཇི་ལྟ་བར་ཐུགས་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་སྟོན་པ་མཁྱེན་པའོ། །ཆོས་ཐམས་ཅད་ཀྱི་དོན་དུ་ཆོས་ཡོངས་སུ་ བཏང་ཞིང་རིམ་གྲོར་བྱ་བས་ཐུགས་སུ་ཆུད་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡུལ་དུ་གྱུར་པའོ། །ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཡུལ་དུ་གྱུར་པའོ། ། དུས་གསུམ་ཐམས་ཅད་ལ་ཐུགས་སྐད་ཅིག་གིས་ཆགས་པ་མེད་པར་མཁྱེན་ཅིང་ཐུགས་སུ་ཆུད་པའི་ཡུལ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་འབྱུང་ བ་མ་ལུས་པར་ཡུལ་དུ་གྱུར་པའོ། །འཇིག་པ་མེད་པར་འདུལ་བ་ཐམས་ཅད་ཡུལ་དུ་གྱུར་པའོ། །ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྣམ་པར་དག་པའི་ཡུལ་ཐམས་ཅད་མངོན་པར་ སངས་རྒྱས་པའོ། །ས་མཚམས་མེད་ཅིང་ཐུག་པ་མེད་པའི་མངོན་པར་ཤེས་པ་རྣམ་པར་སངས་རྒྱས་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་རྣམ་པ་དུས་ གསུམ་དུ་བརྗོད་པ་མ་ལུས་པ་ཐམས་ཅད་ཐུགས་སྐད་ཅིག་གིས་མཁྱེན་ཅིང་ཐུགས་སུ་ཆུད་པའོ། །སེམས་ཅན་གྱི་རྣམ་པ་ཐམས་ཅད་ལས་མཚམས་མ་བཅད་པའོ། །འཇིག་རྟེན་གྱི་ ཁམས་ཀྱི་རྣམ་པ་ཐམས་ཅད་ལ་མུ་མེད་པའོ། །དུས་གསུམ་གྱི་རྣམ་པར་ཐམས་ཅད་ལ་མཐའ་ཡས་པའོ། །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བའི་རྣམ་པ་ཐམས་ཅད་ལ་ཚད་མེད་པའི་ ཤེས་བྱའི་རྣམ་པ་ཐམས་ཅད་ལ་ལྷག་མ་མ་ལུས་པ་སྟེ། དེ་དག་ཐམས་ཅད་ལྷག་མ་མེད་པར་མངོན་པར་སངས་རྒྱས་པས་སངས་རྒྱས་ཀྱི་ཡེ་ཤེས་སངས་རྒྱས་ཀྱི་རྫུ་འཕྲུལ་དང༌། རྣམ་ པར་འཕྲུལ་པས་བྱུང་བ་ཐམས་ཅད་ཐུགས་སུ་ཆུད་པ་དང༌། མཁྱེན་པ་ཐམས་ཅད་རྒྱུན་ཆད་པ་མེད་དེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ ཕྱུང་བའི་སྐུས་མཐའ་དང་དབུས་མེད་པར་སྤྱོད་པ་ཡིན། ཆགས་པ་མེད་པའི་ཐུགས་ཀྱིས་སྤྱོད་པས་མཐའ་དང་དབུས་མེད་པར་སྤྱོད་པ་ཡིན། ཐུགས་རྗེ་ཆེན་པོའི་སྦྱོར་བས་དུས་ཐམས་ ཅད་དུ་རྟག་ཏུ་རྒྱུན་མི་འཆད་པར་ཆོས་བསྟན་པ་ལ་སྤྱོད་པས་མཐའ་དང་དབུས་མེད་པར་སྤྱོད་པ་ཡིན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་མཐུ་བོ་ཆེ་ཆེན་པོའི་ ༄༅། །སྟོབས་སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་བོ་ ཆེ་ཆེན་པོའི་སྟོབས་སངས་རྒྱས་ཀྱི་སྤྱོད་པའི་རྒྱལ་མཚན་གྱི་ཆོས་རྣམས་ཏེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་ནུས་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོགས་ པ་མི་མངའ་བ་རྣམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགའ་ལྡན་གྱི་ཚེ་ཇི་སྲིད་པར་བཞུགས་ནས། འཕོ་བ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི། ཟླ་བ་བཅུས་བལྟམས་པ་བསྟན་པ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མངོན་པར་འབྱུང་བར་དགྱེས་པའི་ཐུགས་ཀྱི་མངོན་ པར་འབྱུང་བ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་འཚང་ རྒྱ་བ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཐུགས་སྐད་ཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་སངས་རྒྱས་ནས། འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་བསྟན་པ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དུས་བཞིན་དུ་འདུལ་བ་ རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པའི་ཚུལ་བཞིན་དུ་དུས་ལ་བབ་པར་བཤད་ ཅིང་ལུང་བསྟན་པ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དུས་ལ་བབ་པའི་ཚུལ་བཞིན་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་ལ་ཐོགས་པ་མི་མངའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་རྣམས་ལུང་བསྟན་པ་ལ་ཐོགས་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐད་ ཅིག་གཅིག་ཏུ་སེམས་ཅན་ཐམས་ཅད་ཀྱི་དྲི་བ་ཡོངས་སུ་དྲིས་པ་སྐད་ཅིག་གཅིག་གིས་ལུང་བསྟན་པ་ལ་ཐོགས་པ་མི་མངའ་སྟེ། ཀྱེ༑ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཐོགས་པ་མི་མངའ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་མྱུར་ དུ་འབྱུང་བའི་ཆོས་རྣམས་ཏེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་ངན་སོང་དང་བྲལ་བར་འགྱུར་རོ། །སངས་རྒྱས་ ༄༅། །བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་བསོད་ནམས་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་དགེ་བའི་རྩ་བ་ལ་ཡོངས་སུ་སྨིན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་ སེམས་ཅན་རྣམས་མྱུར་དུ་མཐོ་རིས་སུ་སྐྱེ་བ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་ཡིད་ གཉིས་དང༌། ནེམ་ནུར་ཡང་དག་པར་བསལ་བ་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་བྱང་ཆུབ་ཀྱི་སེམས་ བསྐྱེད་ནས་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་ཏེ། སེམས་ཅན་མོས་པ་ཡངས་པ་དང་ལྡན་པ། སངས་རྒྱས་ཀྱིས་འདུལ་བ་ལས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ཀྱང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ནི། མཐོང་མ་ཐག་ཏུ་སྐྱོན་མེད་པར་མ་འདས་པ་དམིགས་པའི་ལྟ་བ་ཅན་གྱི་སེམས་ཅན་ རྣམས་མྱུར་དུ་སྐྱོན་མེད་པ་འདའ་བའི་རྒྱུ་རབ་ཏུ་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་ འདས་པའི་དབང་པོ་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་བསྒྲིབས་པ་ཐམས་ཅད་བྱང་བ་འཐོབ་པར་འགྱུར་ རོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་མ་ཐག་ཏུ་སེམས་ཅན་རྣམས་མྱུར་དུ་སྣང་བ་འཐོབ་ཅིང་མི་འཇིགས་པ་ཞུམ་པ་མེད་པའི་སྤོབས་པ་རབ་ཏུ་རྩོམ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་མྱུར་དུ་འབྱུང་བའི་ཆོས་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་དྲན་པ་རྣམ་པར་དག་པ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྔོན་གྱི་སྦྱོར་བས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྤྱོད་པ་རྣམ་པར་དག་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྨོན་ ལམ་ཆེན་པོ་ཡོངས་སུ་རྫོགས་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཡང་དག་པར་བསྒྲུབས་པས་ཀྱང་ ༄༅། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྔོན་གྱི་མཐར་སངས་རྒྱས་ཀྱི་ཚངས་པར་སྤྱོད་པ་ ལ་སྤྱད་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མངོན་པར་འཚང་རྒྱ་བའི་སྒོ་ནས་ཀྱང་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། གཟུགས་ཀྱི་སྐུ་ཚད་མེད་མུ་མེད་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་ དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སངས་རྒྱས་ཀྱི་ཡུལ་གྱིས་རྣམ་པར་འཕྲུལ་པ་ཚད་མེད་མུ་མེད་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་ སུ་དྲན་པར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྟོབས་བཅུ་དང༌། མི་འཇིགས་པས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱ་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་དྲན་པ་རྣམ་པར་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་ པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་སྤྱོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ཐམས་ཅད་དང༌། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ ཚོགས་དང༌། སེམས་དུ་མ་དང༌། སྤྱོད་པ་དང༌། གཡོ་བའི་རྒྱུད་ཐམས་ཅད་མ་ལུས་པར་ཐུགས་གཅིག་གིས་ཐུགས་སུ་ཆུད་པ་དང༌། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལས་དང༌། ལས་ཀུན་ནས་བླངས་པ་སྣ་ཚོགས་ཆོ་མ་ཆོ་དགུ་རྣམ་པ་ཐ་དད་པས་མངོན་པར་འགྲོ་ཞིང་ཉེ་བར་གསོག་པ་མང་ཉུང་དང༌། རྣམ་པར་སྨིན་པ་ཐ་དད་པ་མ་ལུས་པར་ཐུགས་གཅིག་གིས་ཐུགས་ སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་སེམས་ཅན་གྱི་རིགས་སྣ་ཚོགས་དང༌། སེམས་ཅན་གྱི་རིགས་དུ་མའི་སེམས་ཅན་མ་ལུས་པ་ཐམས་ཅད་འདུལ་བའི་དུས་ཇི་བཞིན་དུ་ཡོངས་སུ་བསྟན་པའི་ཆོ་ འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བྱིན་གྱིས་བརླབས་ཡང་དག་པར་བསྟན་པ་མ་ལུས་པར་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ དང༑ ཕྱོགས་དྲ་བའི་རྒྱུད་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚན་མ་བཟུང་སྟེ། སངས་རྒྱས་བསྟན་པ་དང༌། སྐྱེ་བ་དང༌། རྣམ་ པར་དབྱེ་བ་མ་ལུས་པར་ཐུགས་སུ་ཆུད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང༌། མོས་པ་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་བཞིན་དུ་ རྣམ་པ་ཐ་དད་པ་ཚད་མེད་པར་སྐད་ཅིག་ཏུ། སངས་རྒྱས་བསྟན་པ་དང༌། རྣམ་པར་དམིགས་པར་བྱ་བ་དང༌། བྱིན་གྱིས་བརླབས་པ་མ་ལུས་པར་ཐུགས་སུ་ཆུད་པ་དང༌། འཇིག་རྟེན་གྱི་ ༄༅། །ཁམས་ཐམས་ཅད་ཀྱི་སེམས་ཅན་ཕ་རོལ་གྱི་བསམ་པ་ལ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཡང་དག་པར་བསྟན་པ་མ་ལུས་པར་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་ དབྱིངས་ཐམས་ཅད་ཀྱི་སེམས་ཅན་རྣམས་འདུལ་བ་ཇི་ལྟ་བ་བཞིན་དུ་ཉེ་བར་ལེན་པ་མེད་པའི་སངས་རྒྱས་ཉིད་དུ་འགྱུར་བར་གདམས་ངག་དང༌། རྗེས་སུ་བསྟན་པས་དེ་བཞིན་གཤེགས་པ་ འབྱུང་བ་བསྟན་པ་མ་ལུས་པར་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་འགྲོ་བ་དང༌། དེ་དང་དེར་འགྲོ་བའི་ལམ་མ་ལུས་པར་ ཐུགས་ཀྱི་སྐད་ཅིག་གཅིག་གིས་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱིས། སངས་རྒྱས་རྗེས་སུ་དྲན་པའི་ཕྱོགས་ཐམས་ཅད་དུ་བཏང་བའི་ཚུལ་མ་ ལུས་པར་ཐུགས་ཀྱི་སྐད་ཅིག་གཅིག་གིས་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་མོས་པ་དང༌། སེམས་ཀྱི་ཚད་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ ཁ་དོག་མུ་མེད་པ། དབྱིབས་མཐའ་ཡས་པ་བསྟན་པ་མ་ལུས་པར་ཐུགས་ཀྱི་སྐད་ཅིག་གཅིག་གིས་ཐུགས་སུ་ཆུད་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཐམས་ཅད་ལ་རྟག་ ཏུ་མཉམ་པར་བཞག་ཀྱང་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་འང་སྐད་ཅིག་གཅིག་ཏུ་ཆོས་སྟོན་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་ མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ལ་མཉམ་པར་བཞག་ཀྱང༌། སྐད་ཅིག་གཅིག་གིས་སེམས་ཅན་གྱི་ཁམས་སྣ་ཚོགས་རྣམ་པ་ཐ་དད་པ་རྣམས་ཀྱང་བདག་མེད་པའི་མཐའ་ལ་གནས་ པར་ཡོངས་སུ་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་དུས་གསུམ་ལ་མཉམ་པར་བཞག་ཀྱང་ཐུགས་ཀྱི་སྐད་ཅིག་གཅིག་གིས་ཆ་ཤས་ ལའང་མཉམ་པར་བཞག་ཅིང་རྣམ་པར་སྤྱོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་ཕྱོགས་འབྱམས་ཀླས་པའི་དྲ་བ་ཐམས་ཅད་ཀྱི་སངས་ རྒྱས་ཀྱི་ཞིང་གི་རྒྱུད་དང༌། རྣམ་པ་ཐམས་ཅད་ལ་མཉམ་པར་བཞག་ཀྱང་མི་ཟད་པའི་ཞིང་གི་མཐའ་ལ་ཡང་བཞུགས་ཤིང་རྣམ་པར་སྤྱོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་སྐུ་མུ་མེད་པ་ལ་མཉམ་པར་བཞག་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་པར་དམིགས་པར་ཡང་དག་ ༄༅། །པར་སྟོན་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སྐུ་དང༌། གསུང་དང༌། ཐུགས་ཀྱིས་ཡོངས་སུ་རྒྱས་ པར་རྟག་ཏུ་མཉམ་པར་བཞག་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་འབྱུང་བའི་མཛོད་སྣ་ཚོགས་ལ་ཡང་མོས་པ་དང་ཡིད་ལ་བྱེད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྤྱོད་དོ། །སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རྟག་ཏུ་མཉམ་པར་བཞག་ཀྱང་འདོད་ཆགས་དང་བྲལ་བའི་མཐའི་མུར་ཐུག་པ་ལ་བཞུགས་ པ་ཡང་ཡོངས་སུ་མི་གཏོང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་བརྟེན་པ་ལ་རྟག་ཏུ་མཉམ་པར་བཞག་ཀྱང་ ཐུགས་སྐད་ཅིག་གཅིག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བརྗོད་པ་ཡང་རབ་ཏུ་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འཇིག་རྟེན་ པ་དང༌། འཇིག་རྟེན་ལས་འདས་པ་འབྱམས་ཀླས་པ་ལ་རྟག་ཏུ་མཉམ་པར་བཞག་ཀྱང་ཐུགས་སྐད་ཅིག་གཅིག་གིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་མུ་མེད་པ་བསྟན་པ་རྣམ་པར་ དགོད་པའི་ཚུལ་མུ་མེད་པས། སངས་རྒྱས་བསྟན་པ་རྒྱུན་མི་གཅོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་བསྒྲིབས་པ་མེད་པར་རྟག་ཏུ་ མཉམ་པར་བཞག་ཀྱང་ཐུགས་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྟོགས་པར་ཐུགས་སུ་ཆུད་ཅིང༌། སངས་རྒྱས་ཀྱི་རྣམ་པར་ཐར་པ་མུ་མེད་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ བརྙེས་པར་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་བསམ་ གྱིས་མི་ཁྱབ་པ་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་རྣམས་ཏེ། བཅུ་གང་ཞེ་ན། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་སངས་རྒྱས་ སྐྱེ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྐོར་བ་ཡོངས་སུ་ བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་ པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་ བྱུང་བའི་སངས་རྒྱས་སྐྱེ་བ་ཐམས་ཅད་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཞིང་གི་རྒྱུད་ཡོངས་སུ་བསྟན་ ༄༅། །པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང༌། རྣམ་ པར་འཕྲུལ་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་ བསྟན་པའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང༌། མ་བྱོན་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཡོངས་སུ་བསྟན་པའི་རྣམ་པར་ཐར་ པ་སྟེ༑ ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པའོ། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ། སུམ་ཅུ་དགུ་པའོ།། །།བམ་པོ་དྲུག་ཅུ་རྩ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་མཚན་ རྒྱ་མཚོ་བརྗོད་དུ་མེད་པའི་དོན་དུ། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་པའི་སྲས་དག །དེ་བཞིན་གཤེགས་པའི་དབུ་ལ་མི་ཆེན་པོའི་མཚན་ཆོས་ཀྱི་རྒྱན་རིན་པོ་ཆེ་སྣ་ ཚོགས་སུམ་ཅུ་རྩ་གཉིས་མངའ་བས། དེ་བཞིན་གཤེགས་པའི་དབུ་དེ་ནི་འཁོར་ཀུན་ནས་འོད་ཟེར་གྱི་དྲ་བ་ཤིན་ཏུ་འཕྲོ་བའི་སྤྲིན་རབ་ཏུ་འབྱུང་ཞིང་རྒྱས་པར་འགེང་པ་སྟེ། དེ་ལ་མི་ཆེན་ པོའི་མཚན་རིན་པོ་ཆེ་དང་པོ་དབུའི་དབུ་མཚམས་ན་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་རྒྱལ་པོ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་བཀྱེ་བས། དཔལ་གྱིས་ཡོངས་སུ་རྒྱས་ཤིང་ ཡན་ལག་དང༌། ཉིང་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྤྲིན་རྣམ་པར་བཀྱེ་བ་ཡོངས་སུ་འཁྱིལ་བའི་ཀློང་གི་དབྱིངས་ཀྱི་ཕྱོགས་ཐམས་ཅད་འོད་ཀྱིས་རྣམ་པར་སྣང་བ་ཞེས་ བྱ་བ་མངའ་བ་དང༌། སངས་རྒྱས་ཀྱི་དབུ་ལ་འཕྲོ་བའི་འོད་ཀྱི་དཀྱིལ་འཁོར་གློག་གི་ཕྲེང་བ་ལྟ་བུར་འབྱུང་བས། ཕྱོགས་མཚམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་སྙིང་པོ་བྱང་ཆུབ་ ཏུ་བཞུགས་པ་སྟོན་ཅིང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ནམ་མཁའི་སྤྲིན་ཀུན་དུ་འདལ་བས་ཆོས་ཀྱི་དབྱིངས་ཀྱི་གཞི་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་མཛོད་ སྤུ་གཡས་ཕྱོགས་སུ་འཁྱིལ་བའི་དབྱིབས་ལས་གསེར་གྱི་ཁ་དོག་བཟང་པོར་འོད་ཟེར་འབར་བར་འཇིག་རྟེན་གྱི་ཁམས་སུ་བྱུང་བའི་འོད་ཀྱིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་བཞིན་ གཤེགས་པའི་དབུ་དང༌། དེ་བཞིན་གཤེགས་པའི་སྤྱན་གསལ་བའི་འོད་ཀྱི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་རིན་པོ་ཆེའི་འོད་ཀྱི་ཀློང་གཡས་ཕྱོགས་སུ་ ཡོངས་སུ་འཁྱིལ་བ་ཆོས་ཀྱི་དབྱིངས་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བསོད་ནམས་དང༌། ཡེ་ཤེས་ཀྱི་སྒྲོན་མ་སྣང་བས་འཇིག་རྟེན་ ༄༅། །གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་སངས་རྒྱས་ཀྱི་སྤྲིན་རྣམ་པར་འདལ་བ་བྱང་ཆུབ་སེམས་དཔའི་མཆོག་རྣམས་ལ་སྣང་བས། ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་ བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་མཚན་གསེར་ཡིད་དུ་འོང་བའི་སྤྲིན་སྣ་ཚོགས་ཀྱིས། དེ་བཞིན་གཤེགས་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་རབ་ཏུ་འབར་བས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རྣམ་པར་སྣང་བར་བྱས་པས། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་སྣང་བར་བསྟན་པའི་འོད་ཀྱི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་ བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་བཻ་ཌཱུ་ཪྻའི་འོད་ཟེར་དང༌། མེ་ཏོག་གི་མདོག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་སྣང་བར་རྣམ་པར་འཕྲུལ་པའི་སྤྲིན། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་མཚན་ཉིད་ལྟ་བུའི་དབུ་སྐྲ། རིན་པོ་ཆེ་སྣ་ཚོགས་སྣང་བའི་མཚན་ཉིད་ཀྱི་འོད་ཆགས་པས། ཕྱོགས་ཐམས་ཅད་རྣམ་པར་སྣང་བར་བྱེད་པ། སངས་རྒྱས་ཀྱི་ སྔོན་གྱི་དཀའ་ཐུབ་དང༌། དཔལ་གྱི་ཡེ་ཤེས་ལས་རྣམ་པ་དེ་ལྟ་བུར་བྱུང་བའི་རིན་པོ་ཆེའི་འོད་ཟེར་རབ་ཏུ་བཀྱེ་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་ བཞིན་གཤེགས་པའི་མཚན་དང༌། རིན་པོ་ཆེའི་འོད་ཟེར་གཡས་ཕྱོགས་སུ་འཁྱིལ་ཞིང་འཕྲོ་བས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ། རིན་པོ་ཆེའི་ཅོད་པན་གྱི་འོད་དེ་བཞིན་ གཤེགས་པའི་སྟོབས་ཀྱི་རྣམ་པར་རྒྱས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེ་འོད་ཚད་མེད་པར་དེ་བཞིན་གཤེགས་པའི་ཆོས་ཀྱི་རང་བཞིན་གྱིས། རྣམ་པར་འཕྲུལ་པ་ཡང་ དག་པར་སྟོན་པའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། སངས་རྒྱས་ཀྱི་དབུ་དེ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་རྣམ་པར་འཕྲུལ་པས། ནོར་བུ་རིན་པོ་ཆེ་རྒྱ་མཚོས་བཀྱེ་བའི་འོད་དང༌། འོད་ཟེར་དྲི་མ་མེད་པ་རབ་ཏུ་འཕྲོས་པས་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་རྒྱ་མཚོ་རྣམ་པར་སྣང་བ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ ཡེ་ཤེས་རྒྱ་མཚོ་ཤིན་ཏུ་ཡངས་པས་ཆོས་ཀྱི་དབྱིངས་ཀུན་ཏུ་དེ་བཞིན་གཤེགས་པའི་གསུང་གི་སྤྲིན་འབྱུང་བ་ཞེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ། རིན་པོ་ཆེའི་རྒྱལ་པོ་སེམས་ཀྱི་ རྒྱལ་པོ་དང༌། ཨིནྡྲ་ནཱི་ལ་ལས་འོད་བཀྱེ་བ་གཡས་ཕྱོགས་སུ་འཁྱིལ་བས་འཇིག་རྟེན་གྱི་ཁམས་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྣང་བའི་བྱང་ཆུབ་སེམས་དཔའི་འོད་འཕྲོ་བ་སྒྲོན་མའི་ སྤྲིན༑ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རྒྱ་མཚོ་རབ་ཏུ་སྒྲོགས་པས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་ང་རོ་འབྱིན་ཅིང༌། སངས་རྒྱས་ཀྱི་སྟོབས་ཡོངས་སུ་དག་པ་རྒྱ་ མཚོ་དང༌། སངས་རྒྱས་རྒྱ་མཚོ་འབྱིན་པའི་སྤྲིན་ཤིན་ཏུ་ཡངས་པའི་འོད་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་དང༌། རིན་པོ་ཆེའི་རྒྱལ་པོ་ ༄༅། །བཻ་ཌཱུཪྻའི་འོད་ཟེར་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་ཀུན་ཏུ་འབྱུང་བའི་དྲ་བ་མངོན་པར་འཕགས་པ་ལས། ཆོས་ཀྱི་ལུས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཇིག་ རྟེན་གྱི་ཁམས་ཐམས་ཅད་དང༌། ཕྱོགས་རྒྱ་མཚོར་དེ་བཞིན་གཤེགས་པའི་ས་ཡང་དག་པར་སྟོན་ཅིང་སངས་རྒྱས་ཀྱི་སྟོབས་ཆོས་ཀྱི་དབྱིངས་ལ་མངོན་དུ་གྱུར་པ་རབ་ཏུ་སྟོན་པར་བཞུགས་ པ༑ སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྟོན་པས་དེ་བཞིན་གཤེགས་པའི་ས་ཚད་མེད་མུ་མེད་པར་ཡང་དག་པར་འཕགས་ཤིང་ཡོངས་སུ་དག་ལ་དྲི་མ་མེད་པ་ཡོངས་སུ་མནན་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་ འོད་ཀུན་ཏུ་སྣང་བའི་རང་བཞིན་རབ་ཏུ་བཀྱེ་བའི་འོད་ཟེར་དཀྱིལ་འཁོར་གྱི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་མཚན་འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་བཞུགས་ པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་རིན་པོ་ཆེ་ལས་འོད་རབ་ཏུ་བཀྱེ་བས། ཞིང་ཐམས་ཅད་ཀུན་ནས་ཡོག་ཅིང་བསྒྲིབས་པ་མེད་དེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ ཀྱི་གསུང་རིན་པོ་ཆེའི་མེ་ཏོག་ཤིན་ཏུ་རྒྱས་པའི་འོད་ཟེར་འཕྲོ་བ་རབ་ཏུ་བཀྱེ་བས། ཆོས་ཀྱི་རྒྱ་མཚོ་ཆེན་པོ་རབ་ཏུ་སྦྱར་བ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་སྙིང་པོ་དང༌། སྣང་བ་ཅན་གྱི་སྤྲིན་ལངས་པའི་འོད་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་བཻ་ཌཱུཪྻ་དང༌། ཨིནྡྲ་ནཱི་ལ་དང༌། རྡོ་རྗེ་མང་པོ་ལས་ནོར་བུ་རིན་པོ་ཆེ་རྣམ་པར་བཏོན་ ཏེ༑ རབ་ཏུ་བཀྲམ་པའི་ཁ་དོག་མཐའ་ཡས་པའི་འོད་རྣམ་པར་དག་པ། རིན་པོ་ཆེ་བཻ་ཌཱུཪྻའི་འོད་ཀུན་ཏུ་འབྱུང་བ་ལས་སྒྲ་སྐད་རྒྱ་མཚོ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཀྱི་སྣང་བ་ རྣམ་པར་སྟོན་པའི་ཆོས་རྒྱ་མཚོའི་ཡེ་ཤེས་སངས་རྒྱས་སྤྲུལ་པའི་འོད་ཀུན་དུ་འགྱེད་པའི་སྤྲིན་རབ་ཏུ་སྣང་བ་ཞེས་བྱ་བ་མངའ་བ་དང༌། སངས་རྒྱས་ཀྱི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ ཆེའི་འོད་གཡས་ཕྱོགས་སུ་འཕྲོ་བའི་མེ་ཏོག་རིན་པོ་ཆེའི་ལྷབ་ལྷུབ་ཀྱིས་བརྒྱན་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་གྱི་སྤྲིན་མངོན་པར་ འཐོན་པ། ཆོས་ཀྱི་དབྱིངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་རྣམ་པར་དག་པ་སྟེ། བསྐལ་པ་ཐམས་ཅད་དུ་རྣམ་པར་ཐར་པས་ཆོས་ཀྱི་དབྱིངས་རྣམ་པར་སངས་རྒྱས་པའི་ སྤྲིན་ཅེས་བྱ་བ་མངའ་བ་དང༌། སངས་རྒྱས་ཀྱི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་སེམས་ཀྱི་རྒྱལ་པོའི་འོད་ཟེར་དམ་པ་རྒྱ་མཚོས་བརྒྱན་པའི་ཆོས་ཀྱི་རྒྱན་དུ་མཚན་རྣམ་པར་ བཀོད་པ་ལས། འཇིག་རྟེན་གྱི་ཁམས་ན་འཁོད་པའི་བྱང་ཆུབ་སེམས་དཔའི་སྤྲིན་ལ་སྣང་བ་ཤིན་ཏུ་འབྱུང་ཞིང་ཡེ་ཤེས་ཀྱི་སྐུ་དང༌། ཆོས་ཀྱི་སྐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མཚན་རྒྱ་མཚོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་ཁྱབ་པའི་སྤྲིན་དང༌། ཆོས་ཀྱི་དབྱིངས་ཀྱི་སྤྲིན་གྱི་འོད་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་ ༄༅། །པའི་མཚན་རྡོ་རྗེའི་གཞི། མེ་ཏོག་དང་ལྡན་པའི་བཻ་ཌཱུཪྻ་ཀུན་ཏུ་སྣང་བས་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རྒྱན་དུ་གྱུར་ཏེ། རྣམ་པར་སྣང་བས་ཆོས་ཀྱི་དབྱིངས་རྒྱ་ མཚོ་ཡོངས་སུ་རྒྱས་པར་འགེངས་ཤིང༌། འཇིག་རྟེན་གྱི་ཁམས་སུ་རིན་པོ་ཆེ་ཐམས་ཅད་ཀྱི་པདྨོའི་འོད་ཀྱི་རྒྱན་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁེབས་པར་བྱང་ཆུབ་སེམས་ དཔའི་སྤྱོད་པ་བཞིས་རྣམ་པར་འཕྲུལ་པ་དང༌། ང་རོས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྒྱས་པའི་མཚན་རྒྱ་མཚོས་ཐམས་ཅད་དུ་བརྒྱན་པའི་སྤྲིན་སྣང་བ་ཞེས་བྱ་བ་མངའ་བ་དང༌། དེ་བཞིན་ གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་ཆོས་ཀྱི་དབྱིངས་རྒྱ་མཚོའི་གཞི་གངས་ཆེན་མཚོ་ཐམས་ཅད་ཀྱི་རྒྱན་དང༌། དེ་བཞིན་གཤེགས་པའི་རྒྱན་ཚད་མེད་པ་ཐུགས་སྐད་ཅིག་ གིས་ཡང་དག་པར་སྟོན་ཅིང༌། ཆོས་ཀྱི་དབྱིངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པར་འགེངས་པས། སངས་རྒྱས་ཀྱི་ཏིང་ངེ་འཛིན་རྒྱ་མཚོའི་སྤྱོད་པ་རྣམ་ པར་གཟིགས་པའི་སྤྲིན་སྣང་བ་ཞེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་པདྨོའི་གཞི་དང༌། རྒྱན་གྱི་མེ་ཏོག་རི་རབ་རྒྱ་མཚོའི་འོད་ཟེར་རིན་ པོ་ཆེའི་གཞི་སངས་རྒྱས་ཀྱི་དགོངས་པ་ལས་བྱུང་བ་དང༌། རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་རྒྱ་མཚོ་མི་ཟད་པའི་འོད་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་ དབུ་ལ་དེ་བཞིན་གཤེགས་པའི་མཚན་དཔལ་རིན་པོ་ཆེ་དྲི་མ་མེད་པར་སངས་རྒྱས་ཀྱི་འོད་སྣ་ཚོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་ཁྲི་དང༌། རྒྱན་དང༌། སངས་རྒྱས་ཀྱི་སྐུའི་གཟུགས་ བརྙན་ཁོང་ན་སྲེལ་ཅིང༌། རིན་པོ་ཆེའི་འོད་འཕྲོ་བའི་གཞི་རྒྱ་མཚོ་དང༌། སངས་རྒྱས་ཀྱི་ཆོས་ཁྱུ་མཆོག་གི་མཐུ་ཕྱུང་བ་དང༌། སངས་རྒྱས་ཀྱི་ཚུལ་གྱིས་ཞིང་རྒྱ་མཚོ་ཐམས་ཅད་དུ་སྣང་བའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་བཻ་ཌཱུཪྻ་རིན་པོ་ཆེའི་མེ་ཏོག་དང༌། གསེར་གྱི་ པདྨོ་ལས་ཆོས་ཀྱི་འོད་ཟེར་གྱི་སྤྲིན་དང༌། རིན་པོ་ཆེའི་རྒྱལ་པོ་སྒྲོན་མ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་རྣམ་པར་དག་པས་སྣང་བའི་རྒྱན་བསྟན་པས། ཆོས་ཀྱི་དབྱིངས་ཐམས་ཅད་ དུ་དམིགས་ཤིང་རྣམ་པར་བཀྱེ་བས་ཐ་མི་དད་ཅིང་སངས་རྒྱས་ཀྱི་དབུའི་རིན་པོ་ཆེའི་སྤྲིན་དང༌། རྡོ་རྗེའི་འོད་འཕྲོ་བའི་རི། འོད་ཟེར་སྟུག་པོའི་སྤྲིན་གྱིས་ཆོས་ཀྱི་དབྱིངས་ལ་འཇུག་ཅིང༌། ཆོས་རྒྱ་ མཚོའི་ཚུལ་གྱིས་རྣམ་པར་འཕྲུལ་པས་སྣང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་འཁོར་ལོ་རྩིབས་སྟོང་པ་རིན་པོ་ཆེའི་འོད་ཟེར་ སྣ་ཚོགས་ཚད་མེད་པ་དང་ལྡན་ཅིང་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ལ། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱོགས་བཅུ་ཐམས་ཅད་དུ་ཤེས་རབ་ཀྱི་ཉི་མ་ཤིན་ཏུ་གསལ་བ་དང༌། ཡེ་ཤེས་ཀྱི་འོད་ ༄༅། །ཀྱི་ཆོས་རྒྱ་མཚོའི་དབྱངས་དང་ལྡན་པ་སངས་རྒྱས་ཀྱི་གདུང་རྣམ་པར་དག་པའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་ མཚན་རིན་པོ་ཆེའི་ཕྲེང་བ་རྣམ་པར་བཀྱེ་བ་དང༌། རིན་པོ་ཆེའི་མེ་ཏོག་དང༌། རིན་པོ་ཆེ་བཻ་ཌཱུཪྻའི་འོད་དུ་འཕྲོ་བའི་སངས་རྒྱས་ཀྱི་འོད་སེང་གེ་རྣམ་པར་སྣང་བའི་མཐུ་དང་ལྡན་པས། ཆོས་ཀྱི་དབྱིངས་ ཐམས་ཅད་དུ་རྣམ་པར་གནོན་པའི་མཚན་རྒྱ་མཚོའི་སྤྲིན་གྱི་རྡུལ་གཅིག་ལས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དུ་ཡང་དག་པར་འཕྲོ་བས། སངས་རྒྱས་ཀྱི་མཚན་ཡང་དག་པར་སྟོན་ ཅིང་དེའི་དཀྱིལ་འཁོར་གྱི་ཡེ་ཤེས་སྟོན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་དང༌། རྣམ་པར་འཕྲུལ་པའི་སྤྲིན་སྣང་བ་ཞེས་བྱ་བ་མངའ་བ་དང༌། སངས་རྒྱས་ཀྱི་དབུ་ལ་དེ་བཞིན་ གཤེགས་པའི་མཚན་དེ་ཁོ་ན་ཐུགས་སུ་ཆུད་པའི་མཚན་ཉིད་རིན་པོ་ཆེའི་རྒྱན་རྣམ་པར་དག་པས་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྙིང་པོ་ཚད་མེད་པ་དང༌། ཆོས་ ཀྱི་དབྱིངས་ཐམས་ཅད་དུ་སྣང་བའི་འོད་ལ་འཇུག་པ་ཞེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་བཻ་ཌཱུཪྻའི་མེ་ཏོག་དང༌། སེང་ གེའི་ཟླ་བ་འོད་ཟེར་རྣམ་པར་སྣང་བ་དང༌། རིན་པོ་ཆེའི་རྒྱལ་པོ་འོད་ཟེར་བརྒྱ་པ་ཀུན་ཏུ་སྙོམས་པར་དཔལ་གྱི་སྤྲིན་གྱིས། ཆོས་ཀྱི་དབྱིངས་དང༌། ནམ་མཁའ་ཁྱབ་པའི་སངས་རྒྱས་ཀྱི་འོད་ ཟེར་སྣང་བས། ཞིང་དང་འཇིག་རྟེན་མང་པོར་དེ་བཞིན་གཤེགས་པ་བཞུགས་པའི་འོད་རྣམ་པར་སྣང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་ པའི་མཚན་སངས་རྒྱས་ཀྱི་སྣང་བ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བའི་སྒྲོན་མ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་རྒྱུད་ཀྱིས་ཀུན་ཏུ་རྣམ་པར་དག་པས། སངས་རྒྱས་ཀྱི་འོད་ཀྱི་སྤྲིན་ཕྱོགས་བཅུར་བཀྱེ་ བ་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་འོད་འཕྲོ་བའི་ན་བུན་གྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ དེ་བཞིན་གཤེགས་པའི་སྙིང་པོ་བྱང་ཆུབ་ཏུ་བཞུགས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་ཐུགས་ཀྱི་སྐད་ཅིག་རེ་རེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དག་པར་སྟོན་ཅིང༌། རྒྱན་བརྗོད་ དུ་མེད་པའི་ཡང་བརྗོད་དུ་མེད་པ་ཐམས་ཅད་ཡོངས་སུ་སྟོན་པའི་སྤྲིན་སྣང་བ་ཞེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་རྒྱ་མཚོ་ དང༑ སྤོས་ཡིད་དུ་འོང་བ་སྣ་ཚོགས་ཀྱི་འོད་ཟེར་རིན་པོ་ཆེའི་དྲ་བ་རབ་ཏུ་འཕེལ་བས་སེམས་ཅན་གྱི་ཁམས་ཀྱི་ལས་རྒྱ་མཚོ་ཐམས་ཅད་སྒྲོག་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་སྒྲོག་ པའི་དབྱངས་ཀྱི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་དེ་བཞིན་གཤེགས་པའི་སྤྱན་ཡོངས་སུ་དག་པས། ཞིང་ཐམས་ཅད་ཀྱི་ ༄༅། །རྒྱན་རབ་ཏུ་སྣང་བ་རྣམ་པར་བཀོད་པའི་ཕྱིར་ཆོས་རྒྱ་མཚོའི་སྒྲ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ནས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་ ཀྱི་རང་བཞིན་གྱི་གཞི་སྣ་ཚོགས་ཀུན་ཏུ་སྣང་བས། སངས་རྒྱས་ཀྱི་སྤྲུལ་པ་མང་པོ་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་ པའི་མཚན་སངས་རྒྱས་རྒྱ་མཚོའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་བསྒྲུབས་པ་མི་མངའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་བཞུགས་པའི་འོད་རབ་ཏུ་སྣང་བའི་ སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང༌། སེམས་ཅན་རྒྱ་ མཚོ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཚུལ་མང་པོ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྣང་བའི་སངས་རྒྱས་ཀྱི་སྤྲིན་ཀུན་ཏུ་མཆེད་པ་དང༌། རིན་པོ་ཆེའི་ སྤྲིན་གྱི་སྒྲོན་མའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་ཡེ་ཤེས་ཀུན་ཏུ་ཡངས་པའི་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་ སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང༌། ཆོས་རྒྱ་མཚོའི་ལམ་ཚད་མེད་པ་དང༌། ཞིང་གི་དཀྱིལ་འཁོར་དང༌། བྱང་ཆུབ་སེམས་དཔའི་བསྔོ་བ་སེམས་ཅན་གྱི་རྒྱུད་ཐམས་ཅད་ཀྱི་ བསམ་པ་ཇི་བཞིན་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་གྱིས་ཞུགས་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་དང༌། སྤྱོད་པའི་ང་རོས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཞི་ཀུན་གྱི་མཐར་ ཐུག་ཅིང་ཐམས་ཅད་མངོན་པར་མཁྱེན་པས། ཆོས་ཀྱི་དབྱིངས་ཀྱི་གཞི་ཀུན་ཏུ་ཐུག་པར་འབྱུང་བའི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་ མཚན་ཆོས་ཀྱི་དབྱིངས་དང༌། ནམ་མཁའི་དབྱིངས་ཐམས་ཅད་དུ་རིན་པོ་ཆེ་སྣང་བའི་སྤྲིན་ཡིད་དུ་འོང་བ། སྙིང་པོ་བྱང་ཆུབ་ཀྱི་གཟུགས་བརྙན་ཡོངས་སུ་སྟོན་པར་མངོན་པར་འཕགས་པས། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་སྐུ་ཡང་དག་པར་སྟོན་པའི་སྤྲིན་ཀུན་ཏུ་བཀྱེ་བས། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་སྤྲིན་གྱི་འོད་དུ་གནས་པ་ཞེས་བྱ་བ་ མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་གཙུག་ཏོར་འོད་ཀུན་ཏུ་སྣང་བ་ཚད་མེད་པ་སྟོན་པས་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་ པའི་འོད་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པའི་རྣམ་པར་གནོན་པ་དང༌། གཟི་ཆེན་པོས་ཆོས་ཀྱི་དབྱིངས་ཀྱི་གཞི་ཀུན་ཏུ་སྣང་བའི་རིན་པོ་ཆེའི་རྒྱལ་པོ་ལྟར་འོད་ཀུན་ནས་འབྱུང་ བ་ཡོངས་སུ་གྲུབ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འོད་ཟེར་གྱི་སྤྲིན་དང༌། འོད་ཀྱི་རྒྱན་ཕྱོགས་ཐམས་ཅད་སྣང་བས་རྣམ་པར་སྣང་བར་བྱུང་ཞིང༌། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དང༌། ༄༅། །དེ་བཞིན་གཤེགས་པའི་སྟོབས་ཤིན་ཏུ་འཕེལ་བའི་མཐུ་དང༌། སངས་རྒྱས་ཀྱི་རྣམ་པར་གནོན་པའི་སྤྲིན་གྱི་ཕྱོགས་བཅུའི་ཞིང་གི་དྲ་བ་དང༌། ནམ་མཁའི་ ཁམས་ཐམས་ཅད་རྒྱས་པར་ཁྱབ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་འོད་ཟེར་གྱི་སྤྲིན་ཅེས་བྱ་བ་མངའ་བ་དང༌། དེ་བཞིན་གཤེགས་པའི་དབུ་ལ་དེ་བཞིན་གཤེགས་པའི་མཚན་གཙུག་ ཏོར་དབུའི་གཙུག་ནས་མཐོ་བ། རིམ་གྱིས་མངོན་པར་འཕགས་ཤིང་འཛམ་བུ་ཆུ་ཀླུང་གི་གསེར་དང༌། རིན་པོ་ཆེའི་ཚོན་གྱིས་ཁ་དོག་བཟང་པོ་རྣམ་པ་སྣ་ཚོགས་ཀྱི་འོད་དང་ལྡན་པར་གྱུར་ པ༑ གསེར་གྱི་ཐིག་ལེ་དྲི་མ་མེད་པའི་མིག་འཕྲུལ་གྱིས་ཀུན་ནས་ཤིན་ཏུ་བརྒྱན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀྱི་ སྐད་ཅིག་རེ་རེ་ལ་ཡོངས་སུ་སྟོན་པའི་སྤྲིན་གྱིས་ཀུན་ཏུ་རྒྱས་པར་ཁྱབ་ཅིང༌། ཞིང་གི་དཀྱིལ་འཁོར་སྣང་བར་གྱུར་བས་ཞིང་གི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའི་གནས་སུ་གྱུར་པ། རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་ཏུ་སྣང་བའི་དེ་བཞིན་གཤེགས་པའི་གཙུག་ཏོར་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱན་དུ་གྱུར་ཅིང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རྒྱན་དུ་གྱུར་ བའི་སྤྲིན་སྣང་བ་ཞེས་བྱ་བ་མངའ་བའོ། །ཀྱེ་རྒྱལ་བའི་སྲས་དག །སངས་རྒྱས་ཀྱི་མཛོད་སྤུ་ལ་དེ་བཞིན་གཤེགས་པའི་མཚན་སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱི་འོད་རབ་ཏུ་སྣང་བ། རིན་པོ་ཆེ་ ཐམས་ཅད་ཀྱི་མདོག་ལྟར་སྣང་བ་ཉི་མ་དང་ཟླ་བ་ལྟར་སྣང་ཞིང་ཤིན་ཏུ་རྣམ་པར་དག་པས། ཕྱོགས་བཅུར་འོད་ཟེར་རྒྱ་མཚོ་རབ་ཏུ་འགྱེད་པ་ཀུན་ནས་རིན་པོ་ཆེའི་འོད་ཟེར་འབྱུང་བ། འོད་ཀུན་ཏུ་ སྣང་བ། དཔལ་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་སྐུ་རབ་ཏུ་འབར་བའི་སྒྲོན་མ་དྲི་མ་མེད་པའི་མེ་ཏོག་ཤིན་ཏུ་རྒྱས་ཤིང༌། རིན་པོ་ཆེའི་སྤྲིན་ཆེན་པོ་ཤིན་ཏུ་འགྱེད་པ། ཕྱོགས་ཀྱི་འཁོར་ཐམས་ ཅད་དུ་རྣམ་པར་སྣང་ཞིང༌། དེ་བཞིན་གཤེགས་པའི་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་དབྱངས་ཀྱི་སྒྲ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཤིན་ཏུ་འཕགས་པའི་མར་མེ་རབ་ཏུ་སྣང་བས། རིན་པོ་ ཆེའི་རྒྱལ་པོའི་མེ་ཏོག་ཀུན་ཏུ་རྒྱས་ཤིང་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པའི་སྤྲིན་ཅེས་བྱ་བ་མངའ་བའོ། །དེ་བཞིན་གཤེགས་པའི་སྤྱན་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་སྣ་ཚོགས་ སེམས་ཅན་གྱི་ཁམས་སུ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་གྲུབ་པ། འོད་འཕྲོ་བའི་སྤྲིན་རིན་པོ་ཆེ་དངུལ་གྱི་མདོག་ཏུ་ཀུན་ཏུ་སྟོན་པས་རྣམ་པར་འཕྲུལ་བའི་སྤྲིན་ཅེས་བྱ་བ་ མངའོ། །དེ་བཞིན་གཤེགས་པའི་ཤངས་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་དག་པས། རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང༌། མཆོག་དང་ཁ་དོག་དང༌། ལྡན་པར་གྱུར་པ་དེ་བཞིན་ཐུགས་སུ་ཆུད་པ། རིན་པོ་ཆེའི་མེ་ཏོག་གི་སྤྲིན་གྱིས་ཀུན་ཏུ་རྒྱས་ཤིང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་བསམ་གྱིས་མི་ཁྱབ་ ༄༅། །པ་དང༑ སེམས་ཅན་གྱི་འཇིག་རྟེན་ཐམས་ཅད་མངོན་པར་མཁྱེན་པའི་ཡེ་ཤེས་ཀྱི་སྤྲིན་ཅེས་བྱ་བ་མངའོ། །སངས་རྒྱས་ཀྱི་ལྗགས་ཡངས་པ་ལ་འཇིག་རྟེན་གྱི་ ཁམས་རྒྱ་མཚོ་ཐམས་ཅད་ལྗགས་ཡངས་པའི་སྤྲིན་གྱིས་ཀུན་ཏུ་ཁྱབ་པའི་མཚན་ཉིད་ཡོངས་སུ་རྫོགས་པའི་དགེ་བའི་རྩ་བས་ཡོངས་སུ་གྲུབ་པ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་པོའི་གཞི་ ལས་འོད་འཕྲོས་པས་ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་སྣང་བར་མཛད་པའི་ངང་ཚུལ་ཅན། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ཀྱི་གཟུགས་བརྙན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་རྒྱན་ཐམས་ཅད་ཤིན་ཏུ་སྟོན་པའི་གསུང་དང་ལྡན་པའི་སངས་རྒྱས་ཀྱི་མཚན་གྱི་ལྗགས་ཡངས་པའི་སྒྲོ་རིན་པོ་ཆེ་ཐམས་ཅད་། ཁ་དོག་དང༌། མདོག་གིས་རབ་ཏུ་བརྒྱན་པ་འོད་ཟེར་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྣང་བ། བཞད་མོ་འཛུམ་པས་ཕྱོགས་བཅུར་རབ་ཏུ་བཀྱེ་ཞིང་འགྲོ་བ་ཐམས་ཅད་ཤིན་ཏུ་ དང་སྟེ། རིན་པོ་ཆེའི་རྒྱལ་པོའི་འོད་འཕྲོ་བས་རབ་ཏུ་བརྒྱན་པར། དེ་བཞིན་གཤེགས་པའི་གསུང་སྣ་ཚོགས་རྣམ་པར་དག་པ་རབ་ཏུ་བརྗོད་ཅིང༌། ཤིན་ཏུ་རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་ རྒྱ་མཚོ་ཐམས་ཅད་དུ་ཆོས་ཀྱི་ང་རོ་འབྱིན་པ། བསྐལ་པ་ཚད་མེད་པར་སངས་རྒྱས་ཀྱི་གསུང་གི་སྒྲ་འབྱིན་པ། ཆོས་ཀྱི་དབྱིངས་གནས་པ་ཐམས་ཅད་དུ་ང་རོ་ཡངས་པ་འབྱིན་པ། འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་དབྱངས་ཤིན་ཏུ་སྒྲོག་ཅིང༌། སྣང་བ་ཡང་དག་པར་སྟོན་པའི་དབྱངས་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ལྗགས་ཀྱི་འོག་གི་དྲུང་ན་དེ་བཞིན་ གཤེགས་པའི་མཚན་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ལྟར་སྣང་ཞིང་མཛོད་སྤུ་ཡོངས་སུ་འཁྱིལ་བའི་དབྱིབས་ལྟ་བུ། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ལྟ་བུ། སངས་རྒྱས་ཐམས་ཅད་ ཀྱི་གསུང་གི་དཀྱིལ་འཁོར་ཕྱོགས་བཅུ་ནས་བཏང་བའི་དབྱངས་དང་ལྡན་པ། སངས་རྒྱས་ཀྱི་གསུང་གི་སྦུབས་ཅན་ལྗགས་ཀྱི་མཚན་ཉིད་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ ཀྱི་རྡུལ་གྱི་མཚན་ཉིད་མེད་པའི་རང་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་དབྱངས་སྒྲོག་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ལྗགས་ ཀྱི་རྩེ་མོ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་གསེར་གྱི་འོད་འཕྲོ་བས། སངས་རྒྱས་རྒྱ་མཚོའི་དབྱིངས་ཐམས་ཅད་དུ་སྣང་ཞིང༌། ཡིད་དུ་འོང་བའི་རིན་པོ་ཆེའི་རྒྱལ་པོའི་དབྱངས་ཀྱི་ ཡན་ལག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲོག་ཅིང་གསུང་སྙན་པའི་རོ་མྱོང་བས། སེམས་ཅན་ལ་གོ་བར་མཛད་ཅིང་བསྐལ་པ་བསམ་གྱིས་མི་ཁྱབ་པར་མཉན་དུ་ཡོད་པར་དབྱངས་ ཀྱི་ཡན་ལག་གི་སྒྲ་ཡང་དག་པར་སྟོན་པའི་སྤྲིན་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བའི་ཆོས་སུ་སྣང་བས་ཆོས་ཀྱི་དབྱིངས་རྣམ་པར་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་ ༄༅། །གཤེགས་པའི་ལྗགས་ཀྱི་རྩེ་མོ་ལ་དེ་བཞིན་གཤེགས་པའི་མཚན་ཞིང་ཚད་མེད་པ་ཡོངས་སུ་དག་པ་ན་བཞུགས་པའི་གསུང་རིན་པོ་ཆེའི་རྒྱལ་བས་ཀུན་ ནས་བརྒྱན་ཅིང་སྣ་ཚོགས་སུ་གྱུར་པས། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་བསྔགས་པ་རབ་ཏུ་འཇུག་པ་རྣམ་པར་ཕྱེ་བ་གཞན་དང་གཞན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ ཡང་དག་པར་སྟོན་པའི་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཀྱི་གཞི་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་ནས་ཡོག་པར་སངས་རྒྱས་ཀྱི་གསུང་ལ་བྱང་ཆུབ་སེམས་ དཔའ་འཛུད་ཅིང༌། ཞིང་ཐམས་ཅད་དུ་རིན་པོ་ཆེའི་རྒྱལ་པོ་སྒོ་ཀུན་ནས་སྟོན་པས། ཆོས་ཀྱི་དབྱིངས་སུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞལ་གྱི་རྐན་ལ་དེ་ བཞིན་གཤེགས་པའི་མཚན་ཨིནྡྲ་ནཱི་ལ་སྣ་ཚོགས་དང་བཻ་ཌཱུཪྻའི་དབྱིབས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པའི་བྱང་ཆུབ་སེམས་དཔའི་སྤྲིན་ཡོངས་སུ་རྒྱས་པར་མཛད་པ། ཕྱོགས་ ཐམས་ཅད་དུ་རིན་པོ་ཆེའི་འོད་འཕྲོ་ཞིང་དྲི་མ་མེད་པ་བྱུང་བས། རྣམ་པར་སྣང་བའི་སྤོས་ཀྱི་སྒྲོན་མའི་སྤྲིན་གྱི་ཁོངས་སུ། བྱང་ཆུབ་སེམས་དཔའི་ཚོགས་འདུས་པར་སྣང་བས། ཞིང་རྒྱ་ མཚོའི་མིང་དུ་བྱ་བ་ཐམས་ཅད་དུ་རྣམ་པར་འཕྲུལ་བའི་ཚུལ་ལ་རབ་ཏུ་གནས་ཤིང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡང་དག་པར་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། ། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གཡས་ཀྱི་འོག་མ་ལ་དེ་བཞིན་གཤེགས་པའི་མཚན་འོད་རིན་པོ་ཆེའི་མཚན་གྱི་རྒྱན་གྱིས་ཆོས་ཀྱི་དབྱིངས་ཡངས་པ་འོད་ཟེར་སྣང་བའི་དཀྱིལ་འཁོར་ གྱི་འཁོར་ལོ་སྣ་ཚོགས་ཀྱི་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་རིན་པོ་ཆེ་རྣམ་པ་ཐམས་ཅད་དུ་མཛེས་པར་བྱུང་བ། དེ་བཞིན་གཤེགས་པའི་སྐུའི་འོད་གསལ་བས་འོད་ཀྱི་དྲ་བ་ཀུན་ཏུ་བཀྱེ་བ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སེམས་ཅན་དུ་གཏོགས་པ་ཐམས་ཅད་ལ་བཀྲ་ཤིས་དང༌། འཁོར་ལོ་རྣམ་པ་ཀུན་ཏུ་མཛེས་པས། རྣམ་པར་སྣང་བའི་སངས་རྒྱས་ཀྱི་ཚེམས་མཆེ་ བ་དེ་བཞིན་གཤེགས་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གཡས་པ་གོང་མ་ལ་དེ་བཞིན་གཤེགས་པའི་མཚན་རྡོ་རྗེ་སྤོས་ཀྱི་འོད་འཕྲོ་བའི་སྤྲིན་ཀུན་ཏུ་ སྣང་བའི་འོད་ཟེར་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བའི་སྙིང་པོ་ཅན་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚད་ཀྱིས་ཀློག་པ་རིན་པོ་ཆེའི་འོད་ཟེར་སྣ་ཚོགས་རབ་ཏུ་བཀྱེ་བའི་འོད་ཟེར་རེ་རེའི་ ཁོངས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཆུད་པར་སྟོན་པ། ཞིང་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་གྱི་སྤྲིན་ཀུན་དུ་ནར་ཅིང་མཆེད་པས་འོད་ཀྱི་སྤྲིན་ རིན་པོ་ཆེའི་འོད་དུ་འཕྲོ་བ་རི་རབ་ཀྱི་སྙིང་པོ་ཅན་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གཡོན་པ་འོག་མ་ལ་དེ་བཞིན་གཤེགས་པའི་མཚན་ཐ་དད་པའི་མཚན་ ༄༅། །ཉིད་ཤིན་ཏུ་སྟོན་པས་སྤོས་དང༌། རིན་པོ་ཆེ་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་ཚུལ་སྣ་ཚོགས་ཀྱི་འཁོར་ལོ་དང་ རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་རྣམ་པར་སྣང་བ་ཀུན་ཏུ་འཕྲོ་བའི་སྒྲོན་མ་དྲི་མ་མེད་པའི་སྤྲིན་ཡང་དག་པར་བསྟན་པས། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་རབ་ཏུ་གསལ་བས་ རྣམ་པར་སྣང་ཞིང༌། དེ་བཞིན་གཤེགས་པ་གདན་སེང་གེའི་ཁྲི་པདྨོའི་སྙིང་པོ་ཅན་དྲི་མ་མེད་པ་ལ་བཞུགས་པའི་སྤྲིན། བྱང་ཆུབ་སེམས་དཔའི་རྒྱ་མཚོའི་དབྱིངས་སུ་རིན་པོ་ཆེ་སྣ་ཚོགས་ ཐམས་ཅད་ཀྱི་རི་རབ་ཀྱི་མར་མེ་རབ་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གཡོན་པ་གོང་མ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་གསེར་ གྱི་འོད་སྣ་ཚོགས་ཀུན་ནས་རྣམ་པར་དག་པ། འཛམ་བུ་ཆུ་ཀླུང་གི་རིན་པོ་ཆེའི་རྒྱུད་ཀྱི་དྲ་བའི་འཁོར་ལོ་དང༌། རིན་པོ་ཆེའི་མེ་ཏོག་ཤིན་ཏུ་སྣང་བའི་འཁོར་ལོ་སྣ་ཚོགས་ཡོངས་སུ་འཁྱིལ་ བ༑ ཆོས་ཀྱི་དབྱིངས་སུ་གསུང་སྒྲོག་ཅིང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྟོན་པས། བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་མཛད་ཅིང༌། ནམ་ མཁའི་དབྱིངས་སུ་རྒྱན་ཐམས་ཅད་ཀྱི་གཟུགས་བརྙན་གྱི་སྤྲིན་ཟད་མི་ཤས་པ་ཀུན་ཏུ་མཆེད་པར་འགྱེད་པས། ཆོས་རྒྱ་མཚོ་རབ་ཏུ་སྒྲོག་པའི་སངས་རྒྱས་ཀྱི་གསུང་དང༌། རིན་པོ་ཆེ་ཐམས་ ཅད་ཀྱི་ཚེན་དུ་སྣང་བའི་སངས་རྒྱས་ནམ་མཁའི་དབྱིངས་ལས་གསུང་གི་སྒྲ་འབྱིན་པ། ཆོས་ཀྱི་སྒྲོན་མའི་འོད། དེ་བཞིན་གཤེགས་པའི་སྤྲིན་དུ་སྣང་བ་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ ཚེམས་ཀྱི་མཚམས་ན། དེ་བཞིན་གཤེགས་པའི་མཚན་ཚེམས་ཀྱི་མཚམས་ཐམས་ཅད་ན་མཚན་གཅིག་པར་མེ་ཏོག་གི་མཚན་དང༌། རྒྱ་མཚོའི་སྒོའི་མཚན་གྱི་སྤྲིན་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་ དོག་ཏུ་འདལ་བ་ལས། རིན་པོ་ཆེའི་འོད་ཟེར་རྒྱ་མཚོ་རབ་ཏུ་འགྱེད་ཅིང༌། བཞད་མོ་འཛུམ་པས་སངས་རྒྱས་ཀྱི་འོད་ནོར་བུ་རིན་པོ་ཆེའི་འོད་དུ་འཕྲོ་བ་གཡས་ཕྱོགས་སུ་འཁྱིལ་ཞིང༌། ཆོས་ཀྱི་དབྱིངས་ རྒྱས་པར་ཁྱབ་པར་རིན་པོ་ཆེའི་འོད་ཟེར་རྒྱ་མཚོའི་ཁོངས་སུ་ཆུད་པའི་སྙིང་པོ་ཅན་གྱིས་སངས་རྒྱས་ཀྱི་ཚེམས་ཀྱི་མཚམས་ཐམས་ཅད་རྒྱས་པར་གང་བས། སྐད་ཅིག་ཏུ་འོད་ཀྱིས་རྒྱས་པར་ཀུན་ཏུ་ རྒྱུ་བའི་འོད་ཟེར་སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་རྒྱ་མཚོ་ཀུན་ཏུ་འགྱེད་པའི་སྤྲིན་སྣང་བ་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྒྲོས་ལ་དེ་བཞིན་གཤེགས་པའི་མཚན་འཛམ་བུ་ ཆུ་ཀླུང་གི་གསེར་དང༌། པདྨོའི་མདོག་དང༌། འོད་ལྟར་སྣང་བ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་མདངས་རབ་ཏུ་སྣང་བས་དཔལ་ཕུན་སུམ་ཚོགས་པ། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་དང༌། མདངས་ཀྱི་ཀུན་ཏུ་ཁྱབ་པར་རྣམ་པར་སྣང་ཞིང༌། གསེར་དང༌། པདྨོའི་མདོག་ཡོངས་སུ་དག་པས་ཀུན་ཏུ་སྦྱངས་པས། རིན་པོ་ཆེ་ཐམས་ཅད་ཀྱི་མདངས་དང༌། མདོག་ཏུ་སྣང་བ་མངའོ། །དེ་ ༄༅། །བཞིན་གཤེགས་པའི་མགུར་ལ་དེ་བཞིན་གཤེགས་པའི་མཚན་དུང་གི་མགུར། སངས་རྒྱས་ཐམས་ཅད་ཀྱི་འོད་ལམ་མེ། ལམ་མེར་ཡོངས་སུ་སྣང་བས། མདོག་ཤིན་ཏུ་གསལ་ཞིང༌། གཞི་ཐམས་ཅད་རིན་པོ་ཆེའི་རྒྱལ་པོས་རྣམ་པར་སྣང་བར་བྱས་པས། ཕྱོགས་ཐམས་ཅད་དུ་རྣམ་པར་གསལ་བའི་འོད་ཟེར་རབ་ཏུ་འགྱེད་ཅིང༌། འཇིག་རྟེན་ གྱི་ཁམས་ཐམས་ཅད་སྣང་བར་མཛད་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྐུ་ཕྲག་པ་གཡས་པ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང༌། གསེར་གྱི་ཁ་དོག་རབ་ཏུ་འཕེལ་བས་པདྨའི་མདོག་རྣམ་པར་སྣང་བ་དང༌། རིན་པོ་ཆེའི་འོད་ཀྱི་དྲ་བ་རབ་ཏུ་སྣང་སྟེ། ཀུན་ཏུ་གསལ་བར་ཆོས་ཀྱི་དབྱིངས་སྣང་བར་མཛད་ཅིང༌། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཁོངས་སུ་ཆུད་པའི་སྤྲིན་རབ་ཏུ་སྣང་བས། སངས་རྒྱས་རབ་ཏུ་མང་པོ་ཐམས་ཅད་སྙིང་པོར་བྱས་པ། རིན་པོ་ཆེ་ཐམས་ཅད་ཀྱི་གཞི་དང་ལྡན་པའི་སྤྲིན་ཅེས་ བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྐུ་ཕྲག་པའི་དབུས་ན་དེ་བཞིན་གཤེགས་པའི་མཚན་ཤིན་ཏུ་འཕགས་ཤིང༌། ཡོངས་སུ་རྒྱས་ལ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་འོད་ དང༑ མདོག་ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའི་འཁོར་ལོ་རབ་ཏུ་སྣང་བས། ཆོས་ཀྱི་དབྱིངས་སྣང་བར་རིན་པོ་ཆེའི་རྒྱལ་པོ་མཆོག་ཏུ་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། ། དེ་བཞིན་གཤེགས་པའི་སྐུ་ཕྲག་པ་གཡོན་པ་ལ་སངས་རྒྱས་ཀྱི་དབུའི་མཛོད་སྤུའི་དཀྱིལ་འཁོར་རྒྱ་མཚོའི་གཞི་ལས། རིན་པོ་ཆེ་འོད་ཟེར་གྱི་དྲ་བ་སྣ་ཚོགས་ཤིན་ཏུ་བསྒྲུབས་པ། འཛམ་ བུ་ཆུ་ཀླུང་གི་གསེར་དང༌། པདྨོའི་མདོག་ལྟར་གསལ་ཞིང་བཟང་བ་རབ་ཏུ་བཀྱེ་བས། ཆོས་ཀྱི་དབྱིངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་འོད་སྟོན་ཅིང༌། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད་སྤུ་རིན་པོ་ཆེའི་སྤྲིན་གྱི་འོད་རབ་ཏུ་སྣང་བ་བཀྱེ་བས། དཔལ་རབ་ཏུ་འབར་ཞིང་ཆོས་ཀྱི་དབྱིངས་སྣང་བར་མཛད་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་ གཤེགས་པའི་སྐུ་ཕྲག་པ་གཡས་པའི་ལྷུན་ལ་དེ་བཞིན་གཤེགས་པའི་མཚན། མཚན་ཉིད་རྣམ་པར་ཕྱེ་བ་རིན་པོ་ཆེའི་གོ་ཆ། འཛམ་བུ་ཆུ་ཀླུང་གི་གསེར་ལྟ་བུ། དཔལ་ཐམས་ཅད་ཀྱིས་ རྒྱས་པས། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་འོད་ཀྱི་དབྱིངས་རྒྱ་མཚོའི་འོད་རྣམ་པར་སྣང་བ། རིན་པོ་ཆེའི་མེ་ཏོག་སྤོས་ཀྱི་འོད་འཕྲོ་བས་ཞིང་རྒྱ་མཚོ་ཐམས་ཅད་རྒྱན་རྣམ་པར་ཕྱེ་བས་ བརྒྱན་ཏེ། ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྐུ་ཕྲག་པ་གཡོན་པའི་ལྷུན་ལ་དེ་བཞིན་གཤེགས་པའི་མཚན་སྒྲོན་མའི་འོད་འཕྲོ་བའི་ཕུང་པོའི་སྤྲིན་ཆོས་ཀྱི་ དབྱིངས་ཀུན་ཏུ་རབ་ཏུ་མཆེད་པས། བྱང་ཆུབ་སེམས་དཔའི་དགེ་འདུན་ཡོངས་སུ་ཁྱབ་ཅིང༌། ཆོས་ཀྱི་དབྱིངས་ཀྱི་གཞིའི་རྒྱན་དུ་གྱུར་པར་ཀུན་ཏུ་མཆེད་ཅིང་སྣང་བའི་དབྱིངས་ཀྱི་སྤྲིན་ཅེས་བྱ་བ་ ༄༅། །མངའོ། །སངས་རྒྱས་ཀྱི་ཐུགས་ཀའི་དཔལ་གྱི་བེའུ་ལ། དེ་བཞིན་གཤེགས་པའི་མཚན། མཚན་ཉིད་རྒྱ་མཚོས་ཀུན་ཏུ་བརྒྱན་པས་རབ་ཏུ་འཇམ་པའི་གཞི་ རིན་པོ་ཆེ་ཐམས་ཅད་ཀྱི་མདོག་ལྟ་བུར་སྣང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཚད་དུ་འོད་ཟེར་གྱི་དཀྱིལ་འཁོར་ཀུན་ཏུ་འཁྱིལ་བས་ཡོངས་སུ་དག་ཅིང༌། ཆོས་རྒྱ་མཚོའི་གསུང་དབྱངས་དང་ལྡན་ པ༑ རིན་པོ་ཆེའི་མེ་ཏོག་ཤིན་ཏུ་རྒྱས་པས་རྣམ་པར་བརྒྱན་ཏེ། རིན་པོ་ཆེའི་འོད་ཟེར་གྱི་མཚན་གྱི་དབྱིངས་རྒྱ་མཚོ་ལ་གནས་པའི་དཔལ་རྒྱ་མཚོ་ཀུན་གྱི་གཞུང་གི་སྤྲིན་ཅེས་བྱ་བ་མངའོ། དེ་བཞིན་གཤེགས་པའི་དཔལ་གྱི་བེའུའི་གཡས་ཕྱོགས་འདབ་ཆགས་ན་དེ་བཞིན་གཤེགས་པའི་མཚན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་འཁོར་ལོ་སྣང་བའི་གཞིའི་རྒྱན། རིན་པོ་ ཆེའི་མིག་འཕྲུལ་གྱི་འཁོར་ལོ་རྣམ་པར་དག་པ་ལས། སངས་རྒྱས་ཀྱི་སྤྲིན་གྱི་ལྷུན་དྲི་མ་མེད་པས་རབ་ཏུ་སྣང་ཞིང༌། ཕྱོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སུ་འོད་རྣམ་པར་སྣང་བ། དཔལ་གྱི་བེའུ་དང་མཚམས་སྦྱོར་བ་རབ་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་དཔལ་གྱི་བེའུའི་འདབ་ཆགས་གཡོན་ཕྱོགས་ན་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ ཅོད་པན་ལ་སྣང་བ་ཤིན་ཏུ་འཕགས་པའི་སྤྲིན་གྱི་ལྷུན་དྲི་མ་མེད་པས་ཐམས་ཅད་དུ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་སྟོན་ཅིང༌། ཆོས་རྒྱ་མཚོའི་སྤྱོད་པ་རབ་ཏུ་སྟོན་ པས༑ འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ དཔལ་གྱི་བེའུའི་གཡས་ཕྱོགས་ཀྱི་འོག་རོལ་འདབ་ཆགས་ན་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་མེ་ཏོག་དང༌། རིན་པོ་ཆེའི་མཛོད་སྤུས་རབ་ཏུ་བརྒྱན་པའི་རིན་པོ་ཆེའི་འཁོར་ལོ། རིན་ པོ་ཆེའི་འོད་འཕྲོ་བའི་སྒྲོན་མ་དྲི་མ་མེད་པ། པདྨོའི་དབྱིབས་འཇིག་རྟེན་གྱི་ཁམས་སུ་སྟོན་པས། མེ་ཏོག་རྒྱས་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་དཔལ་གྱི་བེའུའི་གཡོན་ཕྱོགས་[*PHYOGS?] གྱི་འོག་རོལ་གྱི་འདབ་ཆགས་ན་རིན་པོ་ཆེ་ཐམས་ཅད་ཀྱི་འོད་སེམས་ཀྱི་རྒྱལ་པོའི་སྙིང་པོ་ཅན་རིན་པོ་ཆེའི་རྒྱལ་པོའི་འོད་ཟེར་གྱི་འཁོར་ལོ་དང༌། འོད་རབ་ཏུ་བཀྱེ་བས། ཀུན་ཏུ་དྲི་མ་མེད་པའི་རྒྱ་ མཚོ་ཤིན་ཏུ་འཕགས་པའི་ཁོངས་སུ་སངས་རྒྱས་ཀྱི་ཚུལ་ཐམས་ཅད་རབ་ཏུ་སྣང་བའི་རིན་པོ་ཆེའི་ཕུང་པོ་མ་ལུས་པར་ཆུད་པའི་སྙིང་པོ་ཅན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གསེར་རབ་ཏུ་འབར་ བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་དཔལ་གྱི་བེའུའི་རྩེ་མོ་ལ་ནམ་མཁའི་དབྱིངས་སུ་རིན་པོ་ཆེའི་སྒྲོན་མ། སྤོས་རིན་པོ་ཆེའི་རྒྱལ་པོ་ལུས་ཐམས་ཅད་ལ་སྙིང་པོ་བྱང་ཆུབ་ཀྱི་ འོད་ཟེར་རབ་ཏུ་འབར་ཞིང༌། བཻ་ཌཱུཪྻའི་དཀྱིལ་འཁོར་གྱི་སྒྲོན་མ་ལ་སྤོས་ཀྱི་ཕྲེང་བས་ཕྱོགས་ཡངས་པ་ཐམས་ཅད་རྒྱས་པར་འགེངས་ཤིང༌། ཀུན་ཏུ་གཡས་ཕྱོགས་སུ་འཁྱིལ་པ། སངས་རྒྱས་ཀྱི་ ༄༅། །དཔལ་གྱི་བེའུ་རྒྱ་མཚོའི་སྤྲིན་ཅེས་བྱ་བ་མངའོ། །དེའི་འོག་ན་རྗེས་སུ་འགྲོ་བའི་དཔལ་གྱི་བེའུ་གཉིས་པ་ཡོད་པའི་དབུས་ན་དེ་བཞིན་གཤེགས་པའི་མཚན་མཚན་ ཉིད་ཀྱི་པདྨོའི་གཞི་ལ་ཟེ་བ་བྱང་ཆུབ་སེམས་དཔའ་གཡས་ཕྱོགས་སུ་འཁོར་བར་འཁོད་པ་རབ་ཏུ་སྣང་བས་ཤིན་ཏུ་འཕགས་ཤིང་ཡོངས་སུ་དག་ལ། ཆོས་ཀྱི་དབྱིངས་རྒྱ་མཚོར་གསུང་ སྒྲོག་པའི་སངས་རྒྱས་ཀྱི་འོད་ཟེར་གྱི་ཕུང་པོའི་སྙིང་པོ་ཅན། རིན་པོ་ཆེའི་རྒྱལ་པོས་ཤིན་ཏུ་བརྒྱན་པ། རིན་པོ་ཆེའི་འོད་རབ་ཏུ་འབར་བས་འོད་ཟེར་རྣམ་པར་སྣང་བའི་འོད་ཀྱི་ལྷུན་དང་ལྡན་ པའི་སྤྲིན་ཅེས་བྱ་བ་མངའོ། །རྗེས་སུ་འགྲོ་བའི་དཔལ་གྱི་བེའུ་གསུམ་པ་ལ་དེ་བཞིན་གཤེགས་པའི་མཚན། མཚན་རྒྱ་མཚོས་ཡོངས་སུ་གང་བའི་རིན་པོ་ཆེ་རྒྱ་མཚོའི་ནང་ན། ཞིང་ཐམས་ ཅད་གཟུགས་བརྙན་དུ་འཁོད་པར་སྟོན་ཅིང༌། བྱང་ཆུབ་སེམས་དཔའི་སྤྲིན་གཞན་དང་གཞན་མངོན་པར་ཕྱུང་བས་ཆོས་ཀྱི་དབྱིངས་རྣམ་པར་སྣང་བའི་སྤྲིན་ཀུན་ཏུ་སྟོན་པའི་འོད་ཀྱི་སྤྲིན་ ཅེས་བྱ་བ་མངའོ། །རྗེས་སུ་འགྲོ་བའི་དཔལ་གྱི་བེའུ་བཞི་པ་ལ་དེ་བཞིན་གཤེགས་པའི་མཚན། མཚན་ཉིད་ཀྱི་རྣམ་པ་རྒྱ་མཚོས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ རྣམ་པར་སྣང་བ་དང༌། འཇིག་རྟེན་གྱི་ཁམས་དང༌། རྒྱན་ཐམས་ཅད་སྣང་བས། འཇིག་རྟེན་གྱི་ཁམས་རྒྱ་མཚོར་འོད་རབ་ཏུ་བཀྱེ་བའི་འོད་ཟེར་སྣང་བ་ཕུན་སུམ་ཚོགས་པས་རྒྱས་པར་ སྣང་བའི་འོད་ཟེར་གྱི་སྤྲིན་རིན་པོ་ཆེའི་རྒྱལ་པོའི་འཁོར་ལོ་གཡས་ཕྱོགས་སུ་འཁྱིལ་བའི་ཉི་མ་རྣམ་པར་སྣང་བ་དང༌། ཕྲེང་བ་ཀུན་ཏུ་བྱུང་ཞིང་འཕགས་པའི་སྤྲིན་ཅེས་བྱ་བ་མངའོ། །དཔལ་གྱི་ བེའུ་དེའི་འོག་རོལ་ན་ཆོས་ཐམས་ཅད་ཀྱི་སྒྲོན་མའི་དབྱིངས་དྲི་མ་མེད་པ་སྤོས་ཀྱི་མེ་ཏོག་གི་འོད་ཟེར་རབ་ཏུ་སྣང་བ། སངས་རྒྱས་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་སུ་འདུས་པ་དེ་བཞིན་གཤེགས་པའི་ མཚན་རྒྱ་མཚོ་ལས། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོའི་ཀློང་ཐམས་ཅད་ཀྱི་གསུང་གི་དབྱངས་ཀྱི་སྤྲིན་འབྱིན་པ་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་དཔལ་གྱི་བེའུ་ བཅུ་པ་ལ་དེ་བཞིན་གཤེགས་པའི་མཚན། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྤྱོད་པས་མཐུ་ཕྱུང་ཞིང༌། སངས་རྒྱས་ཀྱི་འོད་ཡོངས་སུ་ དག་པ་དང༌། དྲི་མ་མེད་པ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོའི་ཀློང་ཡོངས་སུ་དག་པ་ཐམས་ཅད་ཀྱིས་ཞིང་རྒྱ་མཚོ་རབ་ཏུ་བརྒྱན་ཅིང་ ཀླུབས་ཏེ། རྣམ་པར་འགོད་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་གི་མཐིལ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དབུས་ རིན་པོ་ཆེས་བརྒྱན་པ། རིན་པོ་ཆེའི་འོད་ཟེར་རྣམ་པར་གསལ་བའི་འོད་རྣམ་པར་སྣང་བ་ཆོས་ཀྱི་དབྱིངས་སུ་འབར་ཞིང་འཁོར་ལོ་གཡས་ཕྱོགས་སུ་འཁྱིལ་བ། སངས་རྒྱས་རྒྱ་མཚོའི་གཟུངས་ ༄༅། །རྣམ་པར་སྣང་བས་སངས་རྒྱས་ཐམས་ཅད་ཀྱི་འོད་དང༌། དཔལ་གྱིས་རྒྱས་པར་གང་བའི་འོད་ཟེར་རིན་པོ་ཆེའི་རྒྱལ་པོ་རྣམ་པར་སྣང་བ་སྣ་ཚོགས་ཐམས་ ཅད་ལྟ་བུར་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་རྒྱན་གྱི་སྤྲིན་དུ་སྣང་བ་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་རིན་པོ་ཆེ་ལ་དེ་བཞིན་གཤེགས་པའི་མཚན། རིན་པོ་ཆེའི་རྒྱན་ གྱི་སྤྲིན་ཟླ་བའི་འོད་ཟེར་ཀུན་ཏུ་འབྱུང་བས་ནམ་མཁའི་དབྱིངས་ཡོངས་སུ་བརྒྱན་ཅིང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་གསུང་འཇིག་རྟེན་ཐམས་ཅད་དུ་སྒྲོག་པ་རྒྱ་མཚོས་ བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ཡང་དག་པར་བརྗོད་པ་རྒྱ་མཚོའི་འོད་ཀྱི་སྤྲིན་ཅེས་བྱ་བ་མངའོ། །སངས་རྒྱས་ཀྱི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་མེ་ཏོག་བཻ་ ཌཱུཪྻ་དང༌། ཨིནྡྲ་ནཱི་ལས་བརྒྱན་པ་གཡས་ཕྱོགས་སུ་འཁྱིལ་བ། པདྨོའི་སྙིང་པོ་ཅན། བྱང་ཆུབ་སེམས་དཔའ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེའི་ཕུང་པོ་མཆོག་ ལ་གནས་པའི་འོད། ཕྱོགས་ཐམས་ཅད་ཀྱི་དབྱིངས་བྱང་ཆུབ་ཀྱི་ཤིང་རྣམ་པར་བཀོད་པས་བརྒྱན་པ། སངས་རྒྱས་རྒྱ་མཚོའི་སྤྲིན་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་འོད་སྣང་བ་མི་གཡོ་ བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན་འོད་འཕྲོ་བ་རྣམ་པར་སྣང་བ་དང༌། རིན་པོ་ཆེའི་རླབས་ཀྱི་འོད་རྣམ་པར་སྣང་བས་། ཕྱོགས་ཐམས་ཅད་དུ་སྤྲུལ་པའི་དྲ་བའི་འོད་ཀྱི་སྤྲིན་རབ་ཏུ་བཀྱེ་སྟེ། ཆོས་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་ལ་འཇུག་པས། ཤིན་ཏུ་འཕགས་པའི་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ཚོགས་ ལས་རབ་ཏུ་མཆོད་པའི་འོད་ཟེར་སྣང་བ་འོད་འཕྲོ་བའི་འཕྲེང་བས་ཀུན་ཏུ་བརྒྱན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན། རིན་པོ་ཆེའི་ འོད་ཀྱི་གཞི་ལས་བླངས་པ་རྒྱ་མཚོའི་སྙིང་པོ་ཅན་གྱི་སྤྲིན། སངས་རྒྱས་པདྨོས་ཡོངས་སུ་ཁྱབ་པའི་མདོག་གི་མེ་ཏོག་ཤིན་ཏུ་རྒྱས་པས་པདྨོའི་འོད་ཟེར་རིན་པོ་ཆེ་རབ་ཏུ་སྣང་བའི་སྤྲིན་ཆོས་ཀྱི་ དབྱིངས་ཐམས་ཅད་དུ་རབ་ཏུ་སྣང་བར་རིན་པོ་ཆེའི་སྤྲིན་རབ་ཏུ་བསྟན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན། རིན་པོ་ཆེའི་འོད་ཟེར་ རྒྱ་མཚོ། ཆོས་ཀྱི་དབྱིངས་སུ་བསོད་ནམས་ཀྱི་སྣང་བ་རབ་ཏུ་འགྱེད་པ། སྤོས་འོད་འཕྲོ་བ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ། མེ་ཏོག་འོད་འཕྲོ་བ་རིན་པོ་ཆེ་ལྟར་སྣང་བ་ཤིན་ཏུ་སྟོན་པས་རབ་ ཏུ་འཕགས་ཤིང་ཞིང་གི་དྲ་བ་ལ་འཇུག་པ་དང༌། སྙིང་པོ་བྱང་ཆུབ་ཀྱི་གཞི་ཀུན་ཏུ་གསལ་བར་རྣམ་པར་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་ པའི་མཚན། འཇིག་རྟེན་ཐམས་ཅད་ཀྱིས་རིན་པོ་ཆེའི་མདོག་ཏུ་བྱས་ཏེ། ཀུན་ཏུ་སྣང་བར་བརྒྱན་པའི་འོད་དང༌། རྒྱན་གྱི་དམིགས་པ་ཐམས་ཅད་དང༌། ཐུགས་སྐད་ཅིག་ལ་ཞལ་མངོན་པར་བསྟན་ ༄༅། །པ༑ སངས་རྒྱས་ཀྱི་མཉམ་པ་ཉིད་ཀྱིས་གསེར་གྱི་འོད་ཟེར་རབ་ཏུ་བཀྱེ་བ་རྣམ་པར་དག་པ་བཻ་ཌཱུཪྻའི་སྒྲོན་མའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་ པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན། མིག་འཕྲུལ་གྱི་དྲ་བའི་མདོག །རྡོ་རྗེའི་མེ་ཏོག་ཀུན་ནས་ཡིད་དུ་འོང་བས་རབ་ཏུ་བརྒྱན་པ། འཛམ་བུ་ཆུ་ཀླུང་གི་གསེར་གྱི་དབྱིངས་ཀྱི་ཤིན་ ཏུ་སྤྲས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་མཁྱེན་པའི་སྒྲོན་མ་རབ་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན་། རིན་པོ་ཆེའི་མེ་ཏོག་གི་མཚོན་གྱི་འོད་ཟེར་རབ་ཏུ་འབར་བའི་སྒྲོན་མའི་རི་རབ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ། རིན་པོ་ཆེའི་གཞི་ལ་རབ་ཏུ་གནས་པས་པདྨོའི་འོད་ཀྱི་སྤྲིན་ ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་སྤྲིན་སྟུག་པོ་གློག་གི་ཕྲེང་བ་ཀུན་ནས་འགྱུར་བར་རབ་ཏུ་འདལ་བ། ཞིང་ཐམས་ ཅད་དུ་སྣང་ཞིང་པདྨོའི་སྙིང་པོ་ཅན་གྱི་གདན་ལ་སངས་རྒྱས་ཐམས་ཅད་བཞུགས་པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་གསེར་གྱི་གཞི་ལ་རབ་ཏུ་སྣང་བའི་མིག་འཕྲུལ་གྱིས་སངས་རྒྱས་ མང་པོའི་ཕྱག་གིས་མཚན་གྱི་རྒྱུད་ཐམས་ཅད་བསྟན་པས། ཕྱོགས་ཀྱི་ཀློང་ཐམས་ཅད་དུ་འཁོར་ལོ་དང༌། མཛོད་དང༌། ཕྲེང་བ་དང༌། བུམ་པ་དང༌། རིན་པོ་ཆེ་ཀུན་ཏུ་བཀྲམ་པ་དང༌། བཀྲ་ཤིས་ཀྱིས་ཀུན་ཏུ་བརྒྱན་པའི་སངས་རྒྱས་ཀྱི་ཕྱག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་སྤྲིན་གྱིས་ཁྱབ་པའི་ཆོས་ཀྱི་དབྱིངས་འོད་རྣམ་པར་སྣང་བའི་འོད་ཟེར་གསལ་བའི་སྤྲིན་ཅེས་ བྱ་བ་མངའོ། །སངས་རྒྱས་ཀྱི་ཕྱག་གཡས་པའི་ཕྱག་སོར་ལ་དེ་བཞིན་གཤེགས་པའི་མཚན། མཚན་ཉིད་རིན་པོ་ཆེ་ཡོངས་སུ་དག་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པ། ཆུའི་ཟླ་བ་ལྟ་བུར་སྣང་ བའི་འོད་ཀྱི་ཕུང་པོའི་སྙིང་པོ་ཅན། རིན་པོ་ཆེའི་རྒྱལ་པོའི་མཚན་ཉིད་ཀྱིས་གཞི་རབ་ཏུ་བརྒྱན་པ། རིན་པོ་ཆེའི་མེ་ཏོག་གི་འདབ་མའི་མདོག་དང་ཚོན་དུ་སྣང་བས། རིན་པོ་ཆེ་ཐམས་ཅད་ཀྱི་སྒྲ་ མཁྱེན་པ་དང༌། ཞིང་ཡོངས་སུ་སྟོན་པས་བསྐལ་པ་དང༌། ཞིང་གི་ཀློང་རྒྱ་མཚོའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཕྱག་གཡོན་པའི་ཕྱག་སོར་ལ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་རྣམ་པར་བཀྱེ་བའི་རིན་པོ་ཆེའི་མཛོད། ཆོས་ཀྱི་དབྱིངས་ཀྱི་ཀློང་ཐམས་ཅད་དུ་སྣང་བ་རིན་པོ་ཆེའི་རྒྱལ་པོ་མང་པོའི་སྤྲིན་མཆེད་དེ་བྱུང་བས། ཕྱག་སོར་གྱི་མཚན་གྱི་གཞི་རིན་པོ་ཆེ་སྣ་ ཚོགས་ཀྱི་འོད་ཟེར་རྣམ་པ་ཐ་དད་པས། དེ་བཞིན་གཤེགས་པའི་ཕྱག་དྲ་བར་འབྲེལ་བ་ལ། ཨིནྡྲ་ནཱི་ལ་དང༌། རྡོ་རྗེ་ཤིན་ཏུ་བརྟན་པའི་རིན་པོ་ཆེའི་སྤྲིན་གྱི་ཚོན་སྣ་ཚོགས་རིན་པོ་ཆེ་འོད་འཕྲོ་བར་ རྣམ་པར་སྣང་ཞིང་ཆོས་ཀྱི་དབྱིངས་རྣམ་པར་སངས་རྒྱས་པས་རྣམ་པར་སྣང་བར་བྱང་ཆུབ་རྒྱ་མཚོ་ཐམས་ཅད་ཁོངས་སུ་ཆུད་ཅིང༌། ཀུན་ཏུ་མཆེད་པའི་འོད་ཟེར་གྱིས་རབ་ཏུ་བརྒྱན་པའི་བྱང་ཆུབ་ ༄༅། །སེམས་དཔའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོའི་སྒྲ་ཕྱག་གི་མཐིལ་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གོ་བར་ མཛད་པས། བྱང་ཆུབ་སེམས་དཔའ་ལ་རབ་ཏུ་སྣང་ཞིང༌། སེམས་ཡང་དག་པར་བསྐུལ་བ་དང༌། སྨོན་ལམ་གཞན་དང་གཞན་གྱི་འོད་རིན་པོ་ཆེའི་རྒྱལ་པོའི་གཞི་ཉི་མ་ལ་སྦྱིན་པ་སྣ་ཚོགས་ ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དཀྱིལ་འཁོར་ཀུན་ཏུ་འཕེལ་བས། རྣམ་པར་སྣང་བར་བྱས་ཤིང་སྤྲུལ་པ་ཆོས་ཀྱི་དབྱིངས་སུ་སྣང་བ། རིན་པོ་ཆེ་ཐམས་ཅད་ཀྱི་སྤྲིན་ཅེས་བྱ་བ་མངའོ།། དེ་བཞིན་གཤེགས་པའི་གསང་བའི་གནས་སྦུབས་སུ་ནུབ་པ་ལ། དེ་བཞིན་གཤེགས་པའི་མཚན་རིམ་པ་གཡས་ཕྱོགས་སུ་འཁྱིལ་ཅིང་འོད་རབ་ཏུ་གསལ་བ་དང་ལྡན་པ། རིན་པོ་ཆེའི་ མེ་ཏོག་ཆོས་ཀྱི་དབྱིངས་སུ་སྣང་བའི་འོད་ནམ་མཁའ་ལྟ་བུ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དུ་སྣང་བ། དེ་བཞིན་གཤེགས་པའི་འཁོར་ལོའི་གཞི་ཐམས་ཅད་ལ་རབ་ཏུ་གནས་པ། ཆོས་ཀྱི་ དབྱིངས་རྒྱ་མཚོ་གཞན་དང་གཞན་དུ་རིན་པོ་ཆེའི་འོད་སྣ་ཚོགས་དེ་བཞིན་གཤེགས་པའི་སྤྲིན་གྱིས་ཀུན་ཏུ་ཁྱབ་ཅིང་རབ་ཏུ་སྣང་བ། སངས་རྒྱས་ཀྱི་སྤྲིན་གྱིས་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་ མཚན་ཉིད་ཀུན་ཏུ་སྣང་བའི་ཀློང་སྣ་ཚོགས་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྐུ་སྟ་ཟུར་གཡས་པ་ལ་སེམས་ཅན་ཐམས་ཅད་ཀྱི་རིན་པོ་ཆེས་རབ་ཏུ་བརྒྱན་ཅིང༌། རིན་ པོ་ཆེ་བསམ་གྱིས་མི་ཁྱབ་པའི་གཞི་རྒྱ་མཚོ་འོད་འཕྲོ་བའི་ཕུང་པོ་རྣམ་པར་སྣང་བས། ཕྱོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀུན་ནས་ཁྱབ་པའི་ཚུལ་གྱིས་ནམ་མཁའི་དབྱིངས་དང༌། ཆོས་ཀྱི་ དབྱིངས་ཐམས་ཅད་དང༌། མཚན་གཅིག་པ་རྒྱ་མཚོའི་སྤྲིན་ལས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་མཚན་ཉིད་གཅིག་ཏུ་བསྟན་པའི་གཟུགས་བརྙན་ཁོངས་སུ་ཆུད་པའི་གཞིའི་ མཚན་ཉིད་ཀྱིས་རིན་པོ་ཆེ་ཐམས་ཅད་ཀྱི་སྒྲོན་མ་དང༌། ཕྲེང་བ་ཀུན་ཏུ་ཁྱབ་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་སྐུ་སྟ་ཟུར་གཡོན་པ་ལ་རིན་པོ་ཆེའི་པདྨོ་རྣམ་པར་དག་པ་ པདྨོའི་མདོག་དང༌། ཁ་དོག་གི་འོད་ཟེར་རིན་པོ་ཆེས་རབ་ཏུ་བརྒྱན་པ། ཕྱོགས་བཅུ་ཐམས་ཅད་དུ་རབ་ཏུ་མཆེད་པའི་འཁོར་ལོ། ཆོས་ཀྱི་དབྱིངས་རྒྱ་མཚོ་ཐམས་ཅད་ལ་རབ་ཏུ་གནས་པའི་ གཞི་ལ་ཀུན་ནས་བཞུགས་པའི་མཚན་གྱི་སྤྲིན་ཡང་དག་པར་བསྟན་པ་ཕྱོགས་སུ་མཆེད་ཅིང་རབ་ཏུ་བྱུང་བའི་འོད་ཟེར་གྱི་དྲ་བས་ཆོས་ཀྱི་དབྱིངས་རྒྱ་མཚོ་དང༌། ནམ་མཁའི་དབྱིངས་ཐམས་ཅད་ཀུན་ ནས་ཁྱབ་པར་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་བརླ་གཡས་པ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་ཐམས་ཅད་ཀྱི་མཚན་ཉིད་སྣ་ཚོགས་དང༌། ཆོས་ ཀྱི་འོད་ཀྱི་སྤོས་རིན་པོ་ཆེ་རབ་ཏུ་བཀྱེ་བས། རིམ་གྱིས་མཐོ་བར་གནས་ཤིང་རན་པས་རིན་པོ་ཆེའི་རྒྱལ་པོ་ཐམས་ཅད་རྣམ་པར་གནོན་པའི་མཚན་རྒྱ་མཚོ་སྤྲིན་མཛེས་པ། ཐུགས་ཀྱི་སྐད་ཅིག་རེ་རེ་ ༄༅། །ལ་མཉམ་པར་ཀུན་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །སངས་རྒྱས་ཀྱི་ཞབས་བརླ་གཡོན་པ་ལ་རིན་པོ་ཆེ་རྒྱ་མཚོ་ཐམས་ཅད་ཡོངས་སུ་ཚང་བའི་གཞིའི་ ཆོས་རིམ་གྱིས་གཞོལ་བར་གནས་པས་རབ་ཏུ་བརྒྱན་ཅིང༌། ཞབས་ཀྱི་གཤེགས་སྟབས་རྣམ་པར་བཀོད་ཀྱང་འོད་ཟེར་རྒྱ་མཚོ་རབ་ཏུ་འབྱུང་ཞིང༌། སེམས་ཅན་ཐམས་ཅད་ལ་རབ་ ཏུ་སྣང་བས། སངས་རྒྱས་ཀྱི་ཆོས་ལ་མོས་པ་རྒྱ་མཚོ་སྐྱེ་བའི་འོད་ཟེར་ཚད་མེད་པ་རྒྱ་མཚོའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་བྱིན་པ་གཡས་པ་རི་དྭགས་ཨེ་ ན་ཡའི་བྱིན་པ་ལྟ་བུ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེའི་འོད་ཟེར་གྱི་མེ་ཏོག་འཛམ་བུ་ཆུ་ཀླུང་གི་གསེར་ལྟར་སྣང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་སྣང་ཞིང་ གཤེགས་སྟབས་ཐམས་ཅད་ལ། འོད་ཟེར་ཞིང་ཐམས་ཅད་ཡོངས་སུ་སྐྱོད་པ། ཀུན་ཏུ་གསུང་གི་དབྱངས་རབ་ཏུ་འགྱེད་པས། དེ་བཞིན་གཤེགས་པའི་མཚན་གྱི་གཞིའི་སྒྲ་འབྱིན་ པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་བྱུང་བའི་འོད་ཞིང་ཐམས་ཅད་ཀྱི་ནམ་མཁའི་དབྱིངས་སུ་རྣམ་པར་སྣང་ཞིང༌། རིན་པོ་ཆེའི་འོད་འཕྲོ་བས་ཀུན་ཏུ་བརྒྱན་པ་དང༌། ཡོངས་སུ་དག་ པའི་ཞིང་དུ་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྙིང་པོ་ཆོས་ཀྱི་དབྱིངས་དང༌། ནམ་མཁའི་ཁམས་ཐམས་ཅད་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་བྱིན་པ་གཡོན་ པ་རི་དྭགས་ཨེ་ན་ཡའི་བྱིན་པ་ལྟ་བུ་ལ་དེ་བཞིན་གཤེགས་པའི་མཚན། གསེར་ཁ་དོག་བཟང་པོ་ལྟར་ཤིན་ཏུ་འོད་འབར་བའི་འོད་ཟེར་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དུ་རྟག་ཏུ་འབྱུང་བ་གཤེགས་ སྟབས་ཐམས་ཅད་ཀྱི་ཞབས་ཀྱི་འོག་ན། ཞིང་ཐམས་ཅད་རབ་ཏུ་གནས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་རྒྱས་ཀྱི་སྣང་བའི་དབྱིངས་ཀྱིས་རྒྱས་པར་ཁེབས་ཤིང༌། སངས་རྒྱས་ ཕལ་པོ་ཆེའི་མེ་ཏོག་ཀུན་ཏུ་རྒྱས་པ། ཆོས་ཀྱི་དབྱིངས་རྒྱ་མཚོ་ཐམས་ཅད་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་བྱིན་པའི་སྤུ་ཡན་ལག་གྱེན་དུ་གནས་པ་ལ་དེ་ བཞིན་གཤེགས་པའི་མཚན། རིན་པོ་ཆེའི་འོད་ཟེར་གྱི་མཛོད་ཕྱོགས་ཐམས་ཅད་དུ་རབ་ཏུ་བཀྱེ་བས། ཕྱོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སུ་འོད་ཟེར་གྱི་དྲ་བ་གཅིག་ཏུ་གྱུར་པའི་ སྤུ་ལས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་བསྟན་པ་སྤུ་ཐམས་ཅད་ཀྱི་ནང་དུ་ཞིང་གི་གཟུགས་བརྙན་ཐམས་ཅད་ཁོངས་སུ་ཆུད་པར་སྟོན་པས། ཆོས་ཀྱི་དབྱིངས་ཀུན་ཏུ་འོད་རབ་ ཏུ་སྣང་བ་ཡོངས་སུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ལ་དེ་བཞིན་གཤེགས་པའི་མཚན། འཛམ་བུ་ཆུ་ཀླུང་གི་གསེར་དང༌། རྡོ་རྗེ་དང༌། པདྨོ་གསེར་གྱི་ མདོག་ཏུ་སྣང་བ། རིན་པོ་ཆེའི་འོད་ཟེར་འབར་བ་རབ་ཏུ་འགྱེད་པ། འོད་ཟེར་གྱི་དྲ་བས་ཕྱོགས་བཅུའི་ཞིང་རྒྱ་མཚོ་ཐམས་ཅད་རྒྱས་པར་འགེངས་པའི་སྤྲིན་གྱི་མེ་ཏོག་ཀུན་ཏུ་རྒྱས་པར་རིན་པོ་ ༄༅། །ཆེའི་སྤོས་ཀྱི་འོད་འཕྲོ་བའི་རི་ལས། འཁོར་གྱི་གཞི་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྲུལ་པ་དང༌། སྤོས་ཐམས་ཅད་དང༌། རིན་པོ་ཆེའི་ཁ་དོག་ཐམས་ཅད་ རྟག་ཏུ་བཀྱེ་བས། ཞབས་ཀྱི་མཐིལ་གཤེགས་སྟབས་གཅིག་ཏུ་བོར་བས་ཀྱང༌། ཆོས་ཀྱི་དབྱིངས་ཀྱི་ཀློང་གི་རྒྱུད་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་རྒྱ་མཚོ་རབ་ཏུ་གནས་པའི་སྤྲིན་ ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་བོལ་ལ་དེ་བཞིན་གཤེགས་པའི་མཚན་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའི་འོད་ཟེར་གྱི་མཛོད་རབ་ཏུ་འབར་བས། བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་འོད་ཟེར་གྱི་མཛོད་རབ་ཏུ་འགྱེད་པའི་སངས་རྒྱས་ཀྱི་གོ་འཕང་ཆེན་པོ་ཡང་དག་པར་སྟོན་ཅིང༌། སངས་རྒྱས་ཀྱི་སྤྲིན་གྱི་འོད་ ཀུན་ཏུ་རྣམ་པར་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་སོར་མོའི་མཚམས་ཐམས་ཅད་ན་དེ་བཞིན་གཤེགས་པའི་མཚན། རིན་པོ་ཆེའི་མཚན་ཉིད་ཀྱིས་ བསྒྲུབས་པ། རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་དང༌། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་རབ་ཏུ་འབར་བས། སངས་རྒྱས་ཀྱི་ཚུལ་གཞན་དང་གཞན་དག་དང༌། སངས་རྒྱས་ཀྱི་རྣམ་པར་ འཕྲུལ་པ་ཡོངས་སུ་བསྟན་པའི་འོད་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཐམས་ཅད་དུ་སྣང་བ་ལས། རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་རབ་ཏུ་འགྱེད་ཅིང༌། སྙིང་པོ་བྱང་ཆུབ་ཐམས་ཅད་ཀྱི་སྒོ་སྟོན་པ། ཀུན་ཏུ་ སྣང་བས་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ཁྱབ་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་ལ། རིན་པོ་ཆེ་མི་ཕྱེད་ པའི་གཞི་ནོར་བུའི་རྒྱལ་པོ། རི་རབ་མར་མེའི་འོད་ཟེར་དང་ལྡན་པའི་འཁོར་ལོ་བསོད་ནམས་ཀྱི་འོད་ཟེར་ལས་བྱུང་བ། རྩིབས་སྟོང་དང་ལྡན་པ་རྒྱན་གཞན་དང་གཞན་སྟོན་པས། ཆོས་ཀྱི་ དབྱིངས་རྒྱ་མཚོ་ཐམས་ཅད་དུ་ཁྱབ་པ། དེ་བཞིན་གཤེགས་པའི་མཚན་གྱི་སྤྲིན་གྱི་ཀློང་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འབར་བས་ཤིན་ཏུ་བསྟན་པའི་སྙིང་པོ་ཅན། སངས་རྒྱས་ཐམས་ ཅད་ཀྱི་འོད་ཀྱི་དབྱིངས་ཀྱིས་ཤིན་ཏུ་རྒྱས་པ། ཕྱོགས་བཅུ་ཀུན་ཏུ་འོད་ཀྱི་དྲ་བས་རྣམ་པར་སྣང་བར་མཛད་པ། རིན་པོ་ཆེའི་འོད་ཟེར་རབ་ཏུ་སྣང་བར་སྤྲིན་གྱི་འཁོར་ལོའི་གནས་མཐའ་ཡས་པས་ སྤོས་ཐམས་ཅད་ཀྱི་དྲི་ཡོངས་སུ་འཕྲོ་བའི་སྒྲོན་མ་རིན་པོ་ཆེའི་རྒྱལ་པོས་ཀུན་ཏུ་བརྒྱན་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱི་མཚན་ཉིད་ཀྱིས་གཞི་རྣམ་པར་དག་པས། ཆོས་ཀྱི་དབྱིངས་རྒྱ་མཚོ་ཐམས་ ཅད་དུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་ལ་ནམ་མཁའ་ལྟར་ཀུན་ཏུ་རྣམ་པར་དག་པའི་རིན་པོ་ཆེ་རྒྱ་མཚོ་ཡོངས་སུ་སྣང་བས། དེ་བཞིན་གཤེགས་ པ་ལ་མོས་པའི་སྐྱེ་བོ་ཐམས་ཅད་ལ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་གི་སྒྲོན་མའི་ཕྲེང་བ་དང༌། འཁོར་ལོས་ཕྱོགས་དང༌། ཕྱོགས་མཚམས་ཐམས་ཅད་རྒྱས་ཤིང༌། བྱང་ཆུབ་སེམས་དཔའི་ ༄༅། །སྤྲིན་ཤིན་ཏུ་འཕགས་པས་ཡོངས་སུ་གང་བའི་སྤྲིན་གྱི་སྒྲ། དཔལ་གྱི་བེའུ་དང༌། མཛོད་སྤུའི་དབྱིབས་ཀྱི་རིན་པོ་ཆེའི་མེ་ཏོག་གི་སྤྲིན་དང༌། སྤོས་ཀྱི་འོད་ཟེར་རབ་ ཏུ་སྣང་བ་ཀུན་ཏུ་འཕེལ་བའི་འོད་ཀྱི་དབྱིངས་སུ་སྟོན་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་རྒྱ་མཚོའི་སྤྲིན་ཀུན་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ ཞབས་ཀྱི་བོལ་གྱི་ལོགས་གཡས་པ་ལ་སངས་རྒྱས་ཀྱི་འོད་རྣམ་པར་སྣང་བ་ཐམས་ཅད་རབ་ཏུ་སྟོན་པའི་དབྱངས་དང༌། རིན་པོ་ཆེ་ཨིནྡྲ་ནཱི་ལའི་མདོག་རྣམ་པ་སྣ་ཚོགས་སུ་ཡོངས་སུ་དག་པར་ཆོས་ ཀྱི་དབྱིངས་རྒྱ་མཚོ་སྟོན་ཅིང་སྙིང་པོ་བྱང་ཆུབ་ཀྱི་གདན་ཡོངས་སུ་སྟོན་པས། སངས་རྒྱས་ཀྱི་འོད་ཀྱི་དབྱིངས་རིན་པོ་ཆེའི་འོད་ཟེར་འཛིན་པ་རབ་ཏུ་བཀྱེ་བས་ཡོངས་སུ་རྒྱས་ཤིང༌། མཚན་ ཉིད་གཅིག་པས་ཆོས་ཀྱི་དབྱིངས་མ་འདྲེས་པར་རྒྱན་གཞན་དང་གཞན་དུ་རྣམ་པར་འཕྲུལ་པའི་འོད་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་རྟིང་པ་ ལོགས་ན། དེ་བཞིན་གཤེགས་པའི་མཚན། ཆོས་ཀྱི་དབྱིངས་རྒྱ་མཚོ་ཐམས་ཅད་སྣང་བའི་མཚན་གྱི་རྒྱན་གྱིས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྣམ་པར་བཀོད་པ་ལ་ཀུན་ནས་ འཇུག་པའི་སྤྲུལ་པའི་འཁོར་ལོ་རྒྱ་མཚོ་དང༌། རིན་པོ་ཆེ་དང་སྤོས་ཀྱི་འོད་འཕྲོ་བ་རྒྱ་མཚོ་དང༌། རི་རབ་རིན་པོ་ཆེ་མེ་ཏོག་བཻ་ཌཱུཪྻ་སྣ་ཚོགས་མ་འདྲེས་པའི་རང་བཞིན་གྱིས་གཞི་བྱས་ པ༑ ཆོས་ཀྱི་དབྱིངས་ཐམས་ཅད་དུ་སྤྲུལ་པའི་རྒྱུད་ཀྱིས་ཡོངས་སུ་ཁེབས་པར་མཛད་ཅིང༌། རང་རང་གི་ཆོས་ཀྱི་རྒྱ་མཚོ་སྒྲར་སྒྲོག་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ ལ་དེ་བཞིན་གཤེགས་པའི་མཚན། རིན་པོ་ཆེའི་གཞི་སྣ་ཚོགས་ཤིན་ཏུ་ཟབ་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་རྣམ་པར་སྣང་ཞིང༌། འཛམ་བུ་ཆུ་ཀླུང་གི་གསེར་གྱི་འོད་ལྟ་བུར་སྣང་ བས་ཕྱོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་སྣང་བར་མཛད་ཅིང༌། འཇིག་རྟེན་གྱི་ཁམས་དང༌། རི་རབ་ཀྱི་སྤྲིན་གྱིས་མངོན་པར་ཁྱབ་པ། སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཐམས་ཅད་ཡོངས་ སུ་སྟོན་པའི་འོད་ཀྱི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ལ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་རྣམ་པར་སྣང་བ་ཟླ་བ་དང༌། རིན་པོ་ཆེའི་འོད་འཕྲོ་བས་ཤིན་ཏུ་བརྒྱན་ པའི་སྙིང་པོ་ཅན། ཨིནྡྲ་ནཱི་ལའི་དྲ་བས་གཞི་ཀུན་ནས་བརྒྱན་པར་ཆོས་ཀྱི་དབྱིངས་སུ་སྣང་བའི་སྤྲིན། ནོར་བུའི་རྒྱལ་པོ་སྤོས་ཀྱི་སྒྲོན་མ་ཐམས་ཅད་ཀྱི་འོད་ཀུན་ཏུ་འཕྲོ་བ་ལྟ་བུའི་སྤྲིན། དེ་ བཞིན་གཤེགས་པའི་མཐུས། ཐུགས་ཀྱི་སྐད་ཅིག་རེ་རེ་ལ་ཆོས་ཀྱི་དབྱིངས་རྒྱ་མཚོའི་ཁ་དོག་འགྱུར་བ་གཞན་དང་གཞན་དུ་ཤིན་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་ པའི་ཞབས་ལ་དེ་བཞིན་གཤེགས་པའི་མཚན། ནམ་མཁའི་དབྱིངས་སུ་རིན་པོ་ཆེའི་སྤྲིན་སྣང་བ་གཡས་ཕྱོགས་སུ་འཁྱིལ་ཅིང་མངོན་པར་འཕགས་པའི་འོད་ཟེར་རིན་པོ་ཆེའི་དཀྱིལ་ ༄༅། །འཁོར་རབ་ཏུ་སྣང་བ་ལ། སངས་རྒྱས་ཐམས་ཅད་བཞུགས་ཤིང་མཛོད་སྤུ་དང༌། རིན་པོ་ཆེའི་རྒྱལ་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ བྱང་ཆུབ་ཀྱི་རྒྱན་རབ་ཏུ་བསྟན་པའི་འོད་གཞི་ཀུན་ཏུ་ཁྱབ་པ། རྡོ་རྗེ་དང༌། ཨིནྡྲ་ནཱི་ལའི་ཚོན་ལྟ་བུས་རབ་ཏུ་བརྒྱན་པའི་སྤྲིན་ཀུན་ཏུ་མཆེད་པ་ཞེས་བྱ་བ་མངའོ། །དེ་བཞིན་གཤེགས་ པའི་ཞབས་ལ་དེ་བཞིན་གཤེགས་པའི་མཚན་འབར་ཞིང་སྣང་བ་དང༌། ཆོས་ཀྱི་དབྱིངས་ཟབ་མོའི་གསུང་ཤིན་ཏུ་འཕགས་པ། ཆོས་ཀྱི་དབྱིངས་སུ་སྣང་བའི་སྤྲིན་གྱི་མེ་ཏོག་རིན་པོ་ཆེའི་ ཟེ་བ་ཅན་ཡོངས་སུ་རྒྱས་པས་ཆོས་ཀྱི་དབྱིངས་དང༌། ནམ་མཁའི་དབྱིངས་ཀྱི་མཚན་ཉིད་རྒྱ་མཚོ་རྒྱས་པར་ཁྱབ་པའི་སྤྲིན་མཚན་ཉིད་གཅིག་པ་རྒྱ་མཚོ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ རྒྱ་མཚོ་རབ་ཏུ་སྣང་ཞིང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང༌། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་རྒྱ་མཚོ་ལ་འཇུག་པ་ཤིན་ཏུ་བསྟན་པ་མི་ཟད་པའི་རྒྱུད་ཆོས་ཀྱི་དབྱིངས་ཀྱི་ གཞིར་ཐུག་པར་ཀུན་ཏུ་སྣང་བའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ལ་གསེར་རྣམ་པར་དག་ཅིང་ཡིད་དུ་འོང་བ་ཁ་དོག་བཟང་པོའི་སྤྲིན། འཛམ་བུ་ཆུ་ཀླུང་གི་ འོད་ཟེར་ལས་སངས་རྒྱས་ཀྱི་སྤྲིན་ཀུན་ཏུ་ཁྱབ་པ་ཞིང་གི་རྒྱུད་དང༌། ཀློང་རྣམ་པར་བཀོད་པར་རྣམ་པར་འཕྲུལ་ཞིང༌། བྱང་ཆུབ་སེམས་དཔའི་ཆོས་སྣང་བ་རྒྱ་མཚོའི་གཞིར་ཐུག་ པ་མི་ཟད་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང༌། མཐུ་ཕྱོགས་སུ་ཀུན་ཏུ་རྣམ་པར་སྣང་ཞིང༌། བྱང་ཆུབ་སེམས་དཔའི་སྙིང་པོ་ལ་ཀློང་མེད་པའི་ཆོས་ཀྱི་དབྱིངས། རིན་པོ་ཆེའི་སྤྲིན་དུ་སྣང་བའི་ རྒྱན་རབ་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའོ། །དེ་བཞིན་གཤེགས་པའི་ཞབས་ལ་དེ་བཞིན་གཤེགས་པའི་མཚན། སངས་རྒྱས་ཀྱི་འོད་ཟེར་ཟླ་བ་འོད་འཕྲོ་བས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན། རིན་པོ་ཆེའི་རྒྱལ་པོ་ཀུན་ཏུ་དྲི་ཞིམ་ཞིང་འོད་འབྱུང་བའི་འོད་ཟེར་གྱི་དཀྱིལ་འཁོར་རྒྱ་མཚོའི་གཞི་རིན་པོ་ཆེའི་འཁོར་ལོ་ཐམས་ཅད་དུ་འབྱུང་བ་སྣ་ཚོགས་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ དང༑ མདོག་དང༌། འོད་ཟེར་གྱི་འཁོར་ལོ་ཁོངས་སུ་ཆུད་པའི་གཞིར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དང༌། སངས་རྒྱས་རྒྱ་མཚོ་ཁོངས་སུ་ཆུད་པར་རྣམ་པར་སྣང་ཞིང་འབར་བས། འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོན་པའི་སྒོ། སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཐམས་ཅད་ཀྱི་སྤྲིན་གྱི་སྒྲའི་ང་རོ་རབ་ཏུ་གཏོང་བར། དེ་བཞིན་གཤེགས་པའི་ ཞབས་ཀྱི་མཐིལ་ལ་མཚན་ཐམས་ཅད་ཀྱི་རབ་ཏུ་བརྒྱན་པའི་རྒྱན། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་རབ་ཏུ་སྟོན་པའི་སྤྲིན་ཅེས་བྱ་བ་མངའ་སྟེ། དེ་བཞིན་གཤེགས་པ་རྣམ་པར་ སྣང་མཛད་ཀྱི་སྐུའི་ཡན་ལག་དང༌། ཉིང་ལག་ཐམས་ཅད་ནི་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པའི་མཚན་མང་པོའི་སྤྲིན། འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་ ༄༅། །གྱིས་བརྒྱན་པ་རྒྱ་མཚོ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནི་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱི་མཚན་རིན་པོ་ཆེས་རབ་ཏུ་བརྒྱན་པའོ། །ཤིན་ཏུ་རྒྱས་པ་ ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པའི་སྐུའི་མཚན་རྒྱ་མཚོ་བསྟན་པའི་ལེའུ་སྟེ། བཞི་བཅུ་པའོ།། །།བམ་པོ་དྲུག་ཅུ་རྩ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་ལ་བཀའ་སྩལ་པ། ལག་ན་རིན་པོ་ཆེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ལ། དཔེ་བྱད་བཟང་པོ་འོད་འཛིན་པ་དང་ལྡན་པའི་རྒྱལ་པོ་ཞེས་བྱ་བ་མངའ་སྟེ། དེ་ལས་འོད་ཟེར་བར་ཆད་མེད་པར་ཤིན་ཏུ་འབར་བ་ཞེས་བྱ་བ་འོད་ཟེར་གྱི་འཁོར་བརྒྱ་སྟོང་ གྲངས་མེད་པ་ཕྲག་བདུན་ཅུ་དང་ལྡན་པ་འབྱུང་སྟེ། དེ་ནམ་[*NA MA?] བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་རང་གི་ལུས་འདོར་བ་དེའི་ཚེ། འོད་ཟེར་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་གཏོང་ སྟེ༑ དེ་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་དམྱལ་བ་ཆེན་པོ་ཇི་སྙེད་ཡོད་ པ་དེ་དག་ཀྱང་ཡོངས་སུ་སྣང་བར་བྱེད་དོ། །དེ་དག་ཏུ་སེམས་ཅན་ཇི་སྙེད་སྐྱེས་པ་དེ་དག་ཀྱང་ཡོངས་སུ་སྣང་བར་བྱེད་དེ། དེ་དག་གིས་ཀྱང་སྣང་བ་དེ་མཐོང་ཞིང་ཤེས་ཏེ། སེམས་ཅན་ དེ་དག་གི་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱང་རྩེ་ཞིལ་བར་འགྱུར་རོ། །སེམས་ཅན་དེ་དག་གི་མིག་ཡོངས་སུ་སྦྱང་བ་རྣམ་པ་བཅུ་ཡང་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་ དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཡོངས་སུ་སྤྱང་བ་དག་ཀྱང་རྣམ་པར་དག་པར་འགྱུར་ཏེ། སེམས་ཅན་དམྱལ་བ་པ་དེ་དག་ཀྱང་དགའ་བ་དང་ཉམས་བདེ་བ་ཆེན་པོ་དང་ལྡན་ པར་འགྱུར་རོ། །སེམས་ཅན་དམྱལ་བ་དེ་དག་ནས་ཤི་འཕོས་ནས་ཀྱང་དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་སྐྱེས་ནས་ཀྱང་ལྷའི་རྔ་རྒ་བ་མེད་པ་ཞེས་བྱ་བ་སྒྲ་འབྱིན་པ་ཐོས་ པར་འགྱུར་རོ། །ཀྱེ་གྲོགས་པོ་དག །བག་ཡོད་པ་དང༌། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང༌། སྔོན་དགེ་བའི་བཤེས་གཉེན་བཀུར་བ་དང་ལྡན་པའི་དགེ་བའི་རྩ་བའི་སྟོབས་ དང་ཤུགས་ཀྱིས་འདིར་སྐྱེས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་ནས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་མཐུས་ལྷའི་འཇིག་རྟེན་འདིར་སྐྱེས་སོ། །དེ་ བཞིན་གཤེགས་པའི་ཞབས་ཀྱི་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ་ཀུན་ཏུ་སྣང་ཞིང་མཛེས་པའི་འོད་ཟེར་ཡོད་དེ། དེ་ལ་འོད་འཛིན་པ་དང་ལྡན་པ་ཞེས་བྱ་བའི་དཔེ་བྱད་བཟང་ པོའི་འོད་ཡོད་དོ། །དེ་ལས་འོད་ཟེར་བཞི་བཅུ་འབྱུང་སྟེ། དེའི་ནང་ནས་འོད་ཟེར་གཅིག་ཅིག་ཡོན་ཏན་ཡོངས་སུ་དག་པའི་འོད་ཅེས་བྱ་སྟེ། དེ་ནི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ ༄༅། །ཁྲིག་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྣང་བར་བྱེད་དོ། །ཡུལ་ཇི་ལྟ་བ་དང༌། བསམ་པ་ཇི་ལྟ་བ་དང༌། ཡོངས་སུ་སྨིན་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ། མནར་མེད་ པའི་སེམས་ཅན་དམྱལ་བ་ཆེན་པོའི་སེམས་ཅན་རྣམས་ཀྱང་སྣང་བར་བྱེད་དེ། དེ་དག་དེ་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དག་དེར་སྐྱེས་ནས་ཀྱང་ ལྷའི་རྔའི་སྒྲ་ལས། ཀྱེ་བཙུན་པ་ལྷའི་སྲས་པོ་དག །ལེགས་ཀྱི། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་དེ་ཉིད་ལ་ཕྱག་འཚོལ་ཅིག །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་ནི་ འདི་ཡིན་ཏེ། དྲི་མ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་བཞུགས་སོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །དེ་ནས་ལྷའི་བུ་དེ་དག་རྔ་དེས་བསྐུལ་བ་དང༌། ཡིད་ དུ་འོང་བའི་སྒྲ་འདི་ལྟ་བུ་གང་ནས་བྱུང་ཞེས་ངོ་མཚར་དུ་འཛིན་པར་འགྱུར་རོ། །དེ་ནས་ཡང་རྔ་དེ་ཉིད་ལས་སྒྲ་འདི་སྐད་དུ་འབྱུང་བར་འགྱུར་ཏེ། ལྷའི་སྲས་པོ་དག །བདག་ནི་ལྷའི་རྔ་ཞེས་ བྱ་བ་སྟེ། དགེ་བའི་རྩ་བའི་སྟོབས་དང༌། ཤུགས་ཀྱིས་གྲུབ་པའོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། ལྷའི་རྔ་ཁོ་བོ་ནི་བདག་ཅེས་བྱ་བའི་སྒྲ་བརྗོད་ཀྱང་བདག་ལ་བདག་ཏུ་ བྱ་བ་རྒྱུ་བ་མེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང༌། ང་ནི་སངས་རྒྱས་ཞེས་གསུངས་ཏེ། དེ་དག་ལ་བདག་ཏུ་བྱ་བ་མི་མངའོ། །བདག་གིར་བྱ་བ་ མི་མངའོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། བདག་གི་སྒྲ་ནི་ཤར་ཕྱོགས་ནས་ཀྱང་མ་འོངས། ལྷོ་ཕྱོགས་ནས་ཀྱང་མ་ཡིན། ནུབ་ཕྱོགས་ནས་ཀྱང་མ་ཡིན། བྱང་ཕྱོགས་ནས་ཀྱང་མ་ ཡིན་ཏེ། ཕྱོགས་བཅུ་ཀུན་ནས་ཀྱང་འོངས་པ་མེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཕྲིན་ལས་རྣམ་པར་སྨིན་པ་ཡང༌། ཤར་ཕྱོགས་ནས་མ་འོངས། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན་ཏེ། ཕྱོགས་བཅུ་ཀུན་ནས་ཀྱང་འོངས་པ་མེད་དོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། ཁྱེད་ཀྱི་སྔོན་གྱི་མཐའི་ སེམས་ཅན་དམྱལ་བ་རྣམས་ནི། ཤར་ཕྱོགས་ནས་མ་འོངས། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན་ཏེ། ཕྱོགས་བཅུ་ཀུན་ནས་ཀྱང་འོངས་པ་མེད་དོ། ། འོན་ཀྱང་ཕྱིན་ཅི་ལོག་གི་ལས་བྱེད་པ་གཏི་མུག་གི་དྲ་བ་ཅན་རྣམས་ལ་ལུས་སུ་སྣང་བ་མི་འབྱུང་བའང་མ་ཡིན་ཏེ། དེ་དག་ཀྱང་རྩ་བ་མེད་ཅིང་གནས་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་ མཛད་ཀྱི་མཐུས་སྣང་བ་ཆེན་པོ་འབྱུང་བའི་འོད་ཟེར་དེ་དག་ཀྱང་ཤར་ཕྱོགས་ནས་མ་འོངས། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན་ཏེ། ཕྱོགས་བཅུ་ཀུན་ ནས་ཀྱང་འོངས་པ་མེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་བདག་ཀྱང་ལྷའི་རྔ་ཏིང་ངེ་འཛིན་དང༌། དགེ་བའི་རྩ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱངས་རྣམ་པར་དག་པའི་མཐུས་བྱུང་བ་ ༄༅། །སྟེ༑ ཆོ་འཕྲུལ་གྱི་རྣམ་པ་འདི་འདྲ་བ་དག་སྟོན་ཏོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་རི་རབ་འདི་ནི་ཤར་ཕྱོགས་ནས་མ་འོངས། ལྷོ་ཕྱོགས་ ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན་ཏེ། ཕྱོགས་བཅུ་ཀུན་ནས་ཀྱང་འོངས་པ་མེད་དོ། །ལྷའི་སྲས་པོ་དག ། འོན་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལོངས་ སྤྱོད་པ་དང༌། ཡོངས་སུ་སྤྱོད་པ་དང༌། བདེ་བའི་རིམ་གྲོའི་ཕྱིར་རྣམ་པ་འདི་ལྟ་བུས་ཉེ་བར་གནས་སོ། །ལྷའི་སྲས་པོ་དག །བདག་ཀྱང་ལྷའི་རྔ་སྟེ། དེ་བཞིན་དུ་མཁྱེན་པར་མཛོད་ཅིག །ལྷའི་ སྲས་པོ་དག །འདི་ལྟ་སྟེ། དཔེར་ན། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཐམས་ཅད་རྡུལ་ཤིན་ཏུ་ཕྲ་མོར་བླགས་ཏེ། རྡུལ་ཕྲ་མོ་ཇི་སྙེད་ བྱུང་བ་དེ་སྙེད་ཀྱི་སེམས་ཅན་ཞིག་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། ཚོགས་ཤིང་འདུས་པར་གྱུར་ཀྱང༌། བདག་ནི་དེ་དག་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ བཤད་པས་ཚིམ་པར་བྱེད་དེ། བདག་ལ་སྐྱོ་བའམ། ཉམ་ཆུང་བར་འགྱུར་བའམ། དྲེགས་པའམ། རློམ་པ་མེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་པར་ སྣང་མཛད་དྲི་མ་དང་བྲལ་བའི་ཏིང་ངེ་འཛིན་ལ་བཞུགས་པའི་ཕྱག་གཡས་པའི་མཐིལ་གྱི་དཔེ་བྱད་བཟང་པོ་གཅིག་ལས། འོད་ཟེར་གཅིག་བྱུང་བ་ཡང༌། དེ་སྙེད་དུ་རྣམ་པར་འཕྲུལ་ ཞིང་འབྱུང་སྟེ། དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་པར་དཀའ་ན། སེམས་ཅན་རྣམས་ཀྱིས་ལྟ་ཅི་སྨོས། ལྷའི་སྲས་པོ་དག །ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་ དཔའ་བལྟ་བའི་དོན་དུ་བཞུད་ཅིག །ཉེ་བར་བཞུད་ཅིག །བསྙེན་བཀུར་མཛོད་ཅིག །བསྟེན་པར་མཛོད་ཅིག །དགེ་བའི་རྩ་བ་དག་གི་བར་ཆད་དུ་གྱུར་ཏ་རེ། ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ ན༑ བསྐལ་པའི་མེ་བྱུང་བའི་ཚེ། རིའི་རྒྱལ་པོ་རི་རབ་ལྟ་བུ་ཡང་རྨེག་མེད་པར་མི་སྣང་བར་འགྱུར་རོ། །ལྷའི་སྲས་པོ་དག །དེ་བཞིན་དུ་འདོད་ཆགས་ཀྱིས་ཀུན་ནས་འཁོར་བའི་སེམས་སུ་ གྱུར་ན༑ སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་དགོད་པ་ཙམ་ཡང་མེད་པར་འགྱུར་གྱི་དེའི་ཕྱིར། ལྷའི་སྲས་པོ་དག །ཁྱེད་ཀྱིས་དྲིན་དུ་གཟོ་བར་མཛོད་ལ་དྲིན་དུ་མི་གཟོ་བ་མེད་པར་མཛོད་ཅིག། ལྷའི་བུ་བྱས་པ་མི་དྲན་པ་དག་ནི། ལྷ་མ་ཡིན་གྱི་གཡུལ་དུ་ཕལ་ཆེར་གཞན་གྱིས་བསད་ཅིང་འཆི་བར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་དྲིན་དུ་མི་གཟོ་བའི་སེམས་ཅན་དེ་དག་ནི། ཕལ་ཆེར་སེམས་ཅན་དམྱལ་བར་འདོང་བར་འགྱུར་རོ། །ལྷའི་སྲས་པོ་དག །ཁྱེད་འོད་ཟེར་ཆེན་པོ་སྣང་བ་གང་གི་མཐུས་སེམས་ཅན་དམྱལ་བ་དེ་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ གྱུར་པའི་དགེ་བའི་རྩ་བ་དེ་ཉིད་རྒྱ་ཆེར་ཡོངས་སུ་བསྔོ་བ་མཛོད་ཅིག །ལྷའི་སྲས་པོ་དག །ལྷའི་རྔ་བདག་ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་ཏེ། བསོད་ནམས་ཀྱི་སྤྱོད་པ་བརྒྱ་ཕྲག་འདི་ ༄༅། །སྙེད་ཀྱང་ཡོངས་སུ་བརྗོད་དོ། །ལྷའི་སྲས་པོ་དག །འདི་ན་ལྷའི་བུ་དང༌། ལྷའི་བུ་མོ་དག་གི་ལོངས་སྤྱོད་གཞལ་མེད་ཁང་གི་ལོངས་སྤྱོད་དམ། བཟའ་ཤིང་ གི་ར་བའི་ལོངས་སྤྱོད་གང་ཡོད་པ་དེ་དག་ཀྱང་མཚན་ཉིད་དེ་ལྟ་བུར་བལྟའོ། །ལྷའི་སྲས་པོ་དག །ཇི་ལྟར་བདག་མ་སྐྱེས་མ་འགགས་པ་དེ་བཞིན་དུ། གཟུགས་དང༌། ཚོར་བ་དང༌། འདུ་ ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དག་ཀྱང་མ་སྐྱེས་མ་འགགས་པར་མཁྱེན་པར་མཛོད་ཅིག །ལྷའི་སྲས་པོ་དག །འདི་ནི་ཏིང་ངེ་འཛིན་གནས་མེད་པའི་ཕྱག་རྒྱ་ཞེས་བྱ་བ་ ལ་འཇུག་པར་རྟོགས་པར་མཛོད་ཅིག །དེ་ནས་ལྷའི་བུ་དེ་དག་ངོ་མཚར་དང་རྨད་དུ་གྱུར་ཏེ། མེ་ཏོག་གི་སྤྲིན་སྟོང་ཕྲག་བཅུ་དང༌། སྤོས་ཀྱི་སྤྲིན་སྟོང་ཕྲག་བཅུ་དང༌། རོལ་མོའི་སྤྲིན་སྟོང་ཕྲག་བཅུ་དང༌། རྒྱལ་མཚན་གྱི་སྤྲིན་སྟོང་ཕྲག་བཅུ་དང༌། གདུགས་ཀྱི་སྤྲིན་སྟོང་ཕྲག་བཅུ་དང༌། བསྟོད་པའི་སྤྲིན་སྟོང་ཕྲག་བཅུ་དག་མངོན་པར་སྤྲུལ་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་ ཀྱི་གཞལ་མེད་ཁང་གང་ན་བར་དེར་དོང་སྟེ་ཕྱིན་ནས་ཀྱང༌། གཞལ་མེད་ཁང་ལ་ཕྱག་འཚལ་ཞིང༌། གནས་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་དེ་མ་མཐོང་བ་དང༌། ལྷའི་བུ་ལ་ལ་འདི་སྐད་ ཅེས་ཟེར་ཏེ། ཀྱེ་གྲོགས་པོ་དག །བྱང་ཆུབ་སེམས་དཔའ་དེ་ནི་ལྷ་ཡུལ་འདི་ནས་ཤི་འཕོས་ཏེ། མིའི་འཇིག་རྟེན་དུ་རྒྱལ་པོ་ཟས་གཙང་མའི་ཁྱིམ་དུ་ལྷ་མོ་སྒྱུ་མའི་སྐུ་ན་ཙན་དན་གྱི་ཁང་པ་ བརྩེགས་པ་ཡོད་པར་བརྫུས་ཏེ་སྐྱེས་ཀྱི། ལྷའི་བུ་དག །ལྷའི་མིག་གིས་ལེགས་པར་ལྟོས་ཤིག་ཅེས་ནས། དེ་དག་གིས་བལྟས་པ་དང༌། བྱང་ཆུབ་སེམས་དཔའ་དེ་ཚངས་པའི་རིས་ཀྱི་ལྷའི་བུ་ རྣམས་དང༌། དེ་བཞིན་དུ་འདོད་པ་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ཀྱིས་མཆོད་ཅིང་རིམ་གྲོར་བྱས་ཏེ། དེ་ན་འདུག་པ་མཐོང་ངོ༌། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་གྱུར་ཏེ། བདག་ཅག་གིས་ བྱང་ཆུབ་སེམས་དཔའ་དེ་མ་མཐོང་ངམ། དེ་དང་མ་སྨྲས་ཏེ། བག་དབབ་པ་མ་ཐོ་བ་ན། སེམས་སྐད་ཅིག་ཏུ་ཡང་དགའ་ལྡན་གྱི་གནས་ན་འཁོད་པར་དགའ་བའི་སེམས་བསྐྱེད་པའི་མི་ཆའི། ། འཛམ་བུའི་གླིང་དུ་མི་འདོང་དུ་མི་རུང་ངོ་ཞེས་ནས། ལྷའི་བུ་དེ་དག་རེ་རེ་ཞིང་ཡང་ལྷའི་བུ་མོ་བྱེ་བ་ཕྲག་བཅུའི་འཁོར་དང་བཅས་ཏེ་འདོང་བར་བྱས་པ་དང༌། ལྷའི་བུ་དེ་དག་གིས་དེ་ལྟར་འདོད་ པའི་སེམས་བསྐྱེད་མ་ཐག་ཏུ་ལྷའི་རྔ་དེ་ལས་སྒྲ་འབྱུང་བ། ལྷའི་སྲས་པོ་དག །བྱང་ཆུབ་སེམས་དཔའ་དེ་ནི་སྐྱེ་བའང་མེད། ཤི་འཕོ་བའང་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དག་ནི། ཤི་འཕོ་བ་མེད་པའི་མངོན་པར་ཤེས་པ་དང་ལྡན་པ་དག་སྟེ། དེ་དག་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། མིག་ལམ་དུ་སྣང་བར་འགྱུར་རོ། །ལྷའི་ སྲས་པོ་དག །འདི་ལྟ་སྟེ། དཔེར་ན། བདག་ནི་ཁྱེད་ཀྱི་མིག་གི་ལམ་གྱིས་མི་མཐོང་སྟེ། མིག་གི་ལམ་ལས་འདས་ཀྱང་ལྷའི་སྲས་པོ་ཁྱེད་ལ་སྒྲ་བརྗོད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་བྱང་ ༄༅། །ཆུབ་སེམས་དཔའི་ཏིང་ངེ་འཛིན་དྲི་མ་དང་བྲལ་བ་ལ་མཉམ་པར་བཞག་པ་ནི་མིག་གིས་སྣང་བ་མ་ཡིན་ཡང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་སྣང་སྟེ། འོན་ ཀྱང་བྱང་ཆུབ་སེམས་དཔའ་ལ་རྟོག་པ་མེད་དོ། །རྣམ་པར་རྟོག་པ་མེད་དོ། །གཡོ་བ་མེད་དོ། །སེམས་པ་མེད་དོ། །དེ་བས་ན། ལྷའི་སྲས་པོ་དག །ཁྱེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་བསམ་པ་ཡོངས་སུ་སྦྱོང་སྟེ། སྤྱོད་པ་ལ་མནོས་ལ་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། རྣམ་པར་སྨིན་པའི་སྒྲིབ་པ་དང༌། ལྟ་བའི་སྒྲིབ་པ་ བཤགས་པར་གྱིས་ཏེ། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་སེམས་ཅན་གྱི་ཁམས་སུ་མིང་དང་ལུས་བྱིན་གྱིས་རློབས་ ཤིག་༑སེམས་ཅན་གྱི་ཁམས་དང་མཉམ་པའི་ལུས་ཀྱིས། སེམས་ཅན་གྱི་ཁམས་དང་མཉམ་པའི་མགོ་བྱིན་གྱིས་རློབས་ཤིག །སེམས་ཅན་གྱི་ཁམས་དང་མཉམ་པའི་མགོས་སེམས་ ཅན་གྱི་ཁམས་དང་མཉམ་པའི་ལྕེ་བྱིན་གྱིས་རློབས་ཤིག །སེམས་ཅན་གྱི་ཁམས་དང་མཉམ་པའི་ལྕེས་སྒྲིབ་པ་དེ་དག་ཉེས་པ་ལ་ཉེས་པར་ཤོགས་ཤིག །དེ་སྐད་ཅེས་བརྗོད་པ་དང༌། ལྷའི་བུ་དེ་དག་ངོ་མཚར་དང་རྨད་དུ་གྱུར་ཏེ། རབ་ཏུ་དགའ་ཞིང་སེམས་བདེ་བར་གྱུར་ནས། ཡང་ལྷའི་རྔ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་སྡིག་པ་འཆགས་པའི་རྣམ་པ་ཇི་ལྟ་བུ་ཞིག་ ཡོད་ཅེས་ཕྱིར་འདྲིའོ། །དེ་ནས་ལྷའི་རྔ་དེ་བྱང་ཆུབ་སེམས་དཔའ་དེའི་ཏིང་ངེ་འཛིན་གྱི་བྱིན་རླབས་དང༌། ལྷའི་བུ་དེ་དག་གི་དགེ་བའི་རྩ་བའི་སྟོབས་དང༌། བྱིན་གྱི་རླབས་ཀྱིས་རྣམ་པ་འདི་ལྟ་ བུའི་སྒྲ་འབྱིན་ཏོ། །ལྷའི་སྲས་པོ་དག །ལས་ནི་ཤར་ཕྱོགས་ནས་འོངས་ཏེ། སེམས་ལ་གནས་པ་མ་ཡིན། འདུག་པ་མ་ཡིན། ཚོགས་སུ་བསགས་པ་མ་ཡིན། ཕུང་པོར་གྱུར་པ་མ་ཡིན་ཏེ། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན། ལས་དེ་ནི་ཕྱོགས་བཅུ་ཀུན་ནས་ཀྱང་འོངས་ཏེ་གནས་པ་མ་ཡིན་ནོ། །དེ་ལྟར་དེ་ནི་བྱང་ཆུབ་སེམས་དཔས་ཕྱིན་ཅི་ ལོག་ལས་བྱུང་བ་སྟེ། གནས་མེད་པར་ཡང་དག་པར་ཤེས་པས་དེའི་ཕྱིར་དེ་ལ་འགྱོད་པ་མེད་དོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། ལྷའི་རྔ་བདག་ནི་ལས་ཀྱི་རྣམ་པར་སྨིན་པ་ཇི་ལྟ་བ་ དང༑ སྤྱོད་པ་ཇི་ལྟ་བ་དང༌། ཚུལ་ཁྲིམས་ཇི་ལྟ་བ་དང༌། དགའ་བ་ཇི་ལྟ་བ་དང༌། ཤིན་ཏུ་བྱང་བ་ཇི་ལྟ་བ་དང༌། ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་བདག་ཅེས་བརྗོད་དོ། །ལྷའི་སྲས་པོ་དག །དེ་ བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བདག་ཅེས་བྱ་བའམ། བདག་གི་ཞེས་བྱ་བའམ། སེམས་ཅན་ཞེས་བྱ་བར་གསུང་བརྗོད་ཅིང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལས་དང༌། བྱ་བའི་གསུང་ཡང་བརྗོད་དེ། ལྷའི་སྲས་པོ་དག །བདག་ཅེས་བྱ་བ་མེད་དོ། །བདག་མེད་པར་བདག་གི་ཞེས་བྱ་བ་མི་དམིགས་ ༄༅། །སོ༑ ༑དེ་དག་གི་ལས་ཀྱི་རྣམ་པ་ལམ་གྱི་རྒྱུད་དྲུག་ཏུ་རྣམ་པར་སྨིན་པར་འགྱུར་བར་བྱས་པ་དེ་དག་ཀྱང་ཤར་ཕྱོགས་ནས་མི་དམིགས་སོ། །ལྷོ་ཕྱོགས་ནས་མ་ ཡིན༑ ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན་ཏེ། ཕྱོགས་བཅུ་ཀུན་ནས་ཀྱང་དམིགས་པར་མི་རུང་ངོ༌། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། བདག་གི་སྒྲ་ནི་ལྷའི་བུ་ཡོངས་ སུ་མ་དག་པ་རྣམས་ཀྱི་རྣ་ལམ་དུ་མི་འགྲོ་བས། སེམས་ཅན་དམྱལ་བ་རྣམས་བསྐུལ་ཀྱང་ཐོས་པར་མི་འགྱུར་ཏེ། སྒྲ་དེ་ནི་མ་སྐྱེས་མ་འགགས་པའོ། །ལྷའི་སྲས་པོ་དག །དེ་བཞིན་དུ་ལས་ ཐམས་ཅད་ཀྱང་མ་སྐྱེས་མ་འགགས་པ་སྟེ། ཇི་ལྟར་ཡོངས་སུ་སྦྱངས་པ་དང༌། ཇི་ལྟར་བསགས་པའི་ཚུལ་དུ་འབྲས་བུའང་རྣམ་པར་སྨིན་པར་བྱེད་དེ། ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། བདག་གི་སྒྲ་ནི་བསྐལ་པ་ཁྲག་ཁྲིག་ཏུ་བརྗོད་ཀྱང་རྣམ་པར་རྟོག་པ་མེད་པས་ཟད་པ་མེད་དོ། །ཐུག་པ་མེད་དོ། །འགྲོ་བ་མེད་དོ། །འོང་བ་མེད་དོ། །ལྷའི་སྲས་པོ་དག །གང་ལ་འགྲོ་ བ་དང༌། འོང་བ་ཡོད་པ་དེ་དག་ལ་ནི་རྟག་པའམ་ཆད་པ་དག་ཀྱང་ཡོད་པར་སྣང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྡེམ་པོ་ངག་གིས་སེམས་ཅན་སྨིན་པར་མཛད་པའི་དོན་ དུ་སྟོན་པ་མ་གཏོགས་པར་རྟག་པའམ་ཆད་པའི་ཆོས་སྟོན་པ་མི་མཛད་དོ། །ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། སྒྲ་དེ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཚད་ མེད་པར་དབྱངས་ཀྱིས་གོ་བར་བྱེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་དུ་སྟོན་པ་མཛད་དོ། ། ལྷའི་སྲས་པོ་དག །འདི་ལྟ་སྟེ། དཔེར་ན། ཤེལ་གྱི་མེ་ལོང་གི་དཀྱིལ་འཁོར་སྒྲོན་མ་ཞེས་བྱ་བ། འཇིག་རྟེན་གྱི་ཁམས་བཅུའི་ཆད་དང་མཉམ་པ་དག་ཅིང་གསལ་ལ་མདོག་ཤིན་ཏུ་བཟང་བ་ ཡོད་དེ། དེ་ལ་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ནས་ཀྱང༌། རི་ཐམས་ཅད་ཀྱི་གཟུགས་བརྙན་དང༌། སེམས་ཅན་དེ་དག་ཐམས་ཅད་ཀྱི་གཟུགས་བརྙན་ཡང་རབ་ཏུ་སྣང་ན། ལྷའི་ སྲས་པོ་དག། དེ་ལ་ཇི་སྙམ་དུ་སེམས། དེ་ལྟར་མེ་ལོང་གི་དཀྱིལ་འཁོར་དེ་ལ། སེམས་ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མང་པོ་སྣང་བས་ཡོངས་སུ་ མ་དག་པར་མི་འགྱུར་རམ། ལུས་ཤིན་ཏུ་མི་སྡུག་པར་གནས་པ་དེ་དག་ཀྱང༌། མེ་ལོང་དེ་ལ་འཕོས་པའམ། གནས་པའམ། སེམས་དང་ལྡན་པར་གྱུར་པ་ཡོད་དམ་མེད། སྨྲས་པ། དེ་ལྟ་བུ་ནི་མེད་དོ། །སྨྲས་པ། ལྷའི་སྲས་པོ་དག །དེ་བཞིན་དུ་ལས་རྣམས་ཀྱང་འཕོ་བ་ཡང་མེད། འགྲོ་བ་ཡང་མེད། གནས་པ་ཡང་མེད་དེ། དགེ་བའི་རྩ་བ་རྣམ་པར་སྨིན་པ་ཡང་མི་སྣང་ བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། སྒྱུ་མས་ནི་མིག་བསླུ་བ་བྱེད་དོ། །ལྷའི་སྲས་པོ་དག །དེ་བཞིན་དུ་གང་གིས་ལས་རྣམས་ཤེས་ཏེ། མཐོང་བ་དང༌། ཁོང་དུ་ཆུད་པ་དེ་དག་གི་སྡིག་ ༄༅། །པ་བཤགས་པ་ནི་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །ཤིན་ཏུ་བསྟན་པ་འདི་བསྟན་པའི་ཚེ། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དགའ་ལྡན་གནས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །འདོད་པ་ལ་སྤྱོད་པའི་ལྷའི་རིས་དྲུག་གི་ ལྷའི་བུ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་དག་གིས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འདོད་པ་ལ་སྤྱོད་པའི་ལྷའི་རིས་དྲུག་པོ་དེ་དག་གི་ ལྷའི་བུ་མོ་རྣམས་ཀྱང་བུད་མེད་ཀྱི་ལུས་དེ་ལས་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་ཀུན་ཏུ་བཟང་པོའི་ཡོངས་སུ་བསྔོ་ བས་རྒྱ་ཆེར་བཤགས་ཏེ། ས་བཅུ་འཐོབ་པ་དང༌། ཏིང་ངེ་འཛིན་སྟོབས་ཀྱི་རྒྱན་ཡོངས་སུ་འཐོབ་པའི་དོན་དུ། སེམས་ཅན་གྱི་ཁམས་དང་མཉམ་པའི་ལུས་ཀྱི་ལས་དང༌། ངག་གི་ལས་ དང༑ ཡིད་ཀྱི་ལས་ཀྱི་རྒྱ་ཆེར་བཤགས་པ་བྱས་ནས། དེ་དག་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་དང༌། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རིན་པོ་ཆེ་སྣ་བདུན་གྱི་པདྨོ་ རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འཁོད་ཅིང་འོད་ཆེན་པོ་རབ་ཏུ་གཏོང་བ་མཐོང་བར་གྱུར་ཏེ། དེ་དག་གི་དཔེ་བྱད་བཟང་པོ་རེ་རེ་ནས་ཀྱང་སེམས་ཅན་གྱི་ཁམས་དང་མཉམ་པའི་འོད་ཟེར་མང་པོ་བྱུང་ སྟེ༑ འོད་ཟེར་དེ་དག་ལ་ཡང་སེམས་ཅན་གྱི་ཁམས་དང་མཉམ་པའི་དེ་བཞིན་གཤེགས་པ་བཞུགས་ཤིང༌། སེམས་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་མཐོང་བར་ གྱུར་ཀྱང༌། དེ་ཙམ་གྱིས་ཏིང་ངེ་འཛིན་དྲི་མ་དང་བྲལ་བའི་སྤྱོད་ཡུལ་གྱི་ཆ་ཤས་ཙམ་ཡང་ལེགས་པར་མཐོང་བར་མ་གྱུར་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་མེ་ཏོག་གི་སྤྲིན་ལ་སོགས་པ་སྔ་ མ་དེ་དག་དང༌། བ་སྤུའི་བུ་ག་རེ་རེ་ནས་ཀྱང་སེམས་ཅན་གྱི་ཁམས་དང་མཉམ་པའི་མེ་ཏོག་གི་སྤྲིན་མངོན་པར་སྤྲུལ་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་དང༌། དེ་དེ་བཞིན་ གཤེགས་པ་མཐའ་ཡས་པ་ལ་མཆོད་པ་བྱེད་པར་གྱུར་ཏོ། །མེ་ཏོག་ཇི་སྙེད་ཅིག་གཏོར་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྐུ་གཟུགས་སུ་གནས་པར་གྱུར་ཏོ། །སྤོས་ཀྱི་ སྤྲིན་གྱི་ཆར་རབ་ཏུ་ཕབ་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཚད་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་སེམས་ཅན་གང་གིས་ལུས་ལ་བབ་པ་དེ་དག་ཀྱང༌། འདི་ལྟ་སྟེ། དཔེར་ན། བསམ་གཏན་བཞི་པ་ལ་མཉམ་པར་བཞག་པའི་དགེ་སློང་གི་ལུས་ཀྱི་བདེ་བ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །གང་ལ་ལས་ཀྱི་སྒྲིབ་པའི་ཉེས་པ་མེད་པ་དེ་དག་ནི། སྤོས་ཀྱི་ དྲི་དེ་ཚོར་བ་ཙམ་གྱིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་བྱང་བར་གྱུར་ཏོ། ནང་གི་དངོས་པོའི་ཉོན་མོངས་པ་ལྔ་བརྒྱ་དང༌། ཕྱི་ ༄༅། །རོལ་གྱི་དངོས་པོའི་ཉོན་མོངས་པ་ལྔ་བརྒྱ་དང༌། འདོད་ཆགས་ལ་སྤྱོད་པའི་ཉོན་མོངས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། ཞེ་སྡང་ལ་སྤྱོད་པའི་ཉོན་མོངས་པ་ སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། གཏི་མུག་ལ་སྤྱོད་པའི་ཉོན་མོངས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། ཆ་མཉམ་པ་ལ་སྤྱོད་པའི་ཉོན་མོངས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། དེ་བཞིན་ དུ་འཕྲལ་གྱི་འདོད་ཆགས་ལ་སྤྱོད་པ་དང༌། འཕྲལ་གྱི་ཞེ་སྡང་ལ་སྤྱོད་པ་དང༌། འཕྲལ་གྱི་གཏི་མུག་ལ་སྤྱོད་པ་དང༌། འཕྲལ་གྱི་ཆ་མཉམ་པ་ལ་སྤྱོད་པའི་ཉོན་མོངས་པ་དང༌། མི་ཤེས་པ་ དེ་དག་ཐམས་ཅད་ཀྱང་བྱང་བར་གྱུར་ཏོ། །གང་གིས་འོད་ཟེར་སྤོས་ཀྱི་ཕུང་པོ་གཟི་བརྗིད་རྣམ་པར་འཕྲུལ་པའི་འོད་རབ་ཏུ་འཐོབ་པའི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་སྦྱངས་ཤིང་ བསྐྱེད་པ་དེ་དག་གིས་གདུགས་ཀྱི་སྤྲིན་དེ་དག་མིག་ལམ་དུ་མཐོང་བར་གྱུར་ཏེ། དེ་དག་གིས་ཀྱང་འཁོར་ལོས་བསྒྱུར་བ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཏོ། ། དེ་ནི་འདི་ལྟར་འཁོར་ལོས་བསྒྱུར་བའི་ས་གསེར་གྱི་དྲ་བས་དག་པ་འཐོབ་པའི་ཕྱིར་དགེ་བའི་རྩ་བ་རབ་ཏུ་བསྐྱེད་པར་གྱུར་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འཇིག་ རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་འཁོར་ལོས་བསྒྱུར་བར་བྱེད་དོ། །དེར་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་འགྱུར་རོ། ། འདི་ལྟ་སྟེ། དཔེར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་ལོའི་བློ་གྲོས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མེ་ལོང་གི་དཀྱིལ་འཁོར་ལྟར་སྣང་བ་ཞེས་བྱ་བ་དེ་ན། བཅོམ་ལྡན་འདས་དེའི་སྤྲུལ་པ། དགེ་སློང་བ་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མའི་གཟུགས་དང༌། གཞུང་དེ་བཞིན་དུ་སྐྱེས་པའི་རབས་ཀྱི་སྡེའི་ཁྱད་པར་ཐམས་ ཅད་ཀྱིས་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ཏུ་མི་འགྲོ་བ་དེ་ལྟ་བུའི་སྐད་ཅིག་མེད་དོ། །ཐང་ཅིག་མེད་དོ། །ཡུད་ཙམ་མེད་དོ། །དེ་བཞིན་གཤེགས་པ་དེའི་མཚན་ཀྱང་གྲག་སྟེ་ཐོས་ ནས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་འཁོར་ལོས་བསྒྱུར་བའི་ས་གསེར་གྱི་དྲ་བས་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཤིན་ཏུ་ གསལ་བའི་མཚམས་མེད་པའི་འོད་ཟེར་གྱིས་ཕོག་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེ་དག་གིས་སེམས་ཅན་ཡོངས་སུ་འདུལ་ཤིང་ས་བཅུ་འཐོབ་པར་འགྱུར་ རོ༑ ༑འདི་ལྟ་སྟེ། དཔེར་ན། ཚད་མེད་པའི་བསམ་གཏན་ཐོབ་པ་ནི། ཇི་སྲིད་དུ་བསམ་གཏན་ཡོངས་སུ་ཉམས་པར་མ་གྱུར་པ་དེ་སྲིད་དུ་ཚངས་པའི་གཞལ་མེད་ཁང་ཡང་མཐོང་ལ། ཚངས་པའི་འཇིག་རྟེན་ན་བདེ་བ་གང་ཡོད་པ་དེ་དག་ཀྱང་མྱོང་བ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བའི་ས་གསེར་གྱི་དྲ་བས་དག་པ་ལ་གནས་པའི་གཙུག་ ༄༅། །གི་རིན་པོ་ཆེའི་འོད་ཀྱིས་སུ་ལ་ཕོག་པར་གྱུར་པ་དེ་དག་ས་བཅུ་འཐོབ་པར་འགྱུར་ཏེ། ཆོས་ཚད་མེད་པ་སྣང་བ་ཆེན་པོའང་རབ་ཏུ་འཐོབ་པར་འགྱུར་རོ། །སྟོབས་ རྣམ་པར་དག་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒྲུབས་པའི་ཕྱིར་མིག་ཡོངས་སུ་སྦྱངས་པ་བཅུའང་རབ་ཏུ་འཐོབ་པར་འགྱུར་རོ། །གཞུང་དེ་བཞིན་དུ་ཡིད་ཡོངས་སུ་སྦྱངས་པ་བཅུ་ཡང་རབ་ཏུ་ འཐོབ་སྟེ། ཤའི་མིག་རྣམ་པར་དག་པ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་རྡུལ་ཤིན་ཏུ་ཕྲ་བར་བྱས་ཏེ། རྡུལ་ཤིན་ཏུ་ཕྲ་མོ་དེ་དག་བྱང་ཆུབ་སེམས་དཔའ་དེ་དག་གིས་ལག་པ་གཡོན་པས་བླངས་ཏེ་ཁྱེར་ལ། དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་དང་རྡུལ་གཅིག་བོར་ཏེ། དེ་ལྟར་གཅིག་ ནས་གཅིག་ཏུ་བཞག་པའི་ཚུལ་དང་ཐབས་དེ་ལྟ་བུར་བགྲང་བའི་ཚུལ་གྱིས་ཤར་ཕྱོགས་སུ་རྡུལ་དེ་དག་ཐམས་ཅད་ཟད་པར་གྱུར་ལ། དེ་ལྟ་བུའི་ཚུལ་དུ་གང་དུ་བོར་བ་དང༌། གང་དུ་ མ་བོར་བའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཤིན་ཏུ་ཕྲ་བའི་རྡུལ་དུ་བླགས་ལ། དེ་ལྟར་མང་བའི་རྡུལ་ཤིན་ཏུ་ཕྲ་བ་དེ་དག་ཀྱང་ཁྱེར་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་ གྱི་ཁམས་འདས་ནས་རྡུལ་ཤིན་ཏུ་ཕྲ་བ་གཅིག་བོར་ལ། ཚུལ་དེ་འདྲ་བར་ཕྱོགས་བཅུ་ཀུན་ཏུ་རྡུལ་ཤིན་ཏུ་ཕྲ་བ་དེ་དག་ཟད་པར་གྱུར་ནས། དེ་སྙེད་ཀྱི་འཇིག་རྟེན་དེ་དག་ཐམས་ཅད་ གཅིག་ཏུ་བསྡོམས་ཏེ། སངས་རྒྱས་ཀྱི་ཞིང་གཅིག་གི་ཆུ་ཞེང་དུ་གྱུར་ན། ལག་ན་རིན་པོ་ཆེ། དེ་ལ་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་ཞིང་དེ་ཆེ་ཞིང༌། ཚད་མེད་ལ་བསམ་གྱིས་མི་ཁྱབ་པ་ཡིན་ ནམ༑ གསོལ་པ། བཅོམ་ལྡན་འདས། དེ་ནི་དེ་བཞིན་ཏེ། བཙུན་པ་བཅོམ་ལྡན་འདས། གང་གིས་དཔེ་བསྟན་པའི་འདི་ཐོས་པར་གྱུར་ལ། ཐོས་ནས་ཀྱང་གློ་བ་ཆེས་ཤིང་ངོ་མཚར་གྱི་འདུ་ ཤེས་དང༌། རྨད་ཀྱི་འདུ་ཤེས་བསྐྱེད་པ་མཆིས་ན། སེམས་ཅན་དེ་དག་ཀྱང་ངོ་མཚར་དང་ལྡན་པར་འགྱུར་རོ། །བཀའ་སྩལ་པ། ལག་ན་རིན་པོ་ཆེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལག་ན་རིན་པོ་ཆེ་ཁྱོད་ཀྱིས་ཇི་སྐད་དུ་སྨྲས་པ་བཞིན་ནོ། །ལག་ན་རིན་པོ་ཆེ། རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་ནི་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་ བསྟན་པ་དེ་ལྟ་བུ་དག་ནི། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་ཏོ། །རེད་དོ། །འགྱུར་རོ། །ལག་ན་རིན་པོ་ཆེ། འདི་ལྟ་སྟེ། དཔེར་ན། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སྟོང་གི་རྡུལ་ཤིན་ ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དཔེར་རྣམ་པར་བཀོད་པ་དེ་དག་ཐམས་ཅད་ཀྱང༌། རྡུལ་ཤིན་ཏུ་ ཕྲ་བར་བླགས་ལ། སངས་རྒྱས་ཀྱི་ཞིང་རེ་རེ་ཞིང་ཡང་སངས་རྒྱས་ཀྱི་ཞིང་དེ་དག་ན། རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཞིག་ཡོད་པར་གྱུར་ཏེ། ཞིང་དེ་དག་ན་ ༄༅། །ཇི་ལྟ་བ་དེ་བཞིན་དུ་ཞིང་ཐམས་ཅད་ནའང་དེ་སྙེད་ཅིག་ཡོད་པར་གྱུར་བ། རྡུལ་དེ་དག་ཐམས་ཅད་ཀྱང་ཚུལ་དེ་བཞིན་དུ་བཀོད་དེ། རྣམ་གྲངས་འདི་འདྲ་བར་རྡུལ་ ཤིན་ཏུ་ཕྲ་བར་དགོད་པའི་ཚུལ་གྱིས་ལན་བརྒྱད་ཅུར་བསྒྲེས་ཏེ། རྡུལ་གྱི་འབྲུ་རེ་རེ་ལ་ཡང་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འབྲས་བུ་མངོན་པར་གྲུབ་པར་གྱུར་ཀྱང༌། དེ་ དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཤའི་མིག་གིས་བསྒྲིབས་པ་མེད་པར་མཐོང་སྟེ། ལག་ན་རིན་པོ་ཆེ། བྱང་ཆུབ་སེམས་དཔའི་ཤའི་མིག་ལས་ཀྱི་རྣམ་པར་སྨིན་པས་ཡོངས་ སུ་གྲུབ་པ་དེས་ནི། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་བརྒྱའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་སེམས་སྐད་ཅིག་གིས་མཐོང་སྟེ། དེ་ནི་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ལ་དབང་སྒྱུར་ཞིང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ས་གསེར་གྱི་དྲ་བས་དག་པ་ཐོབ་པའི་བསོད་ནམས་རྣམ་པར་སྨིན་པ་དང༌། དགེ་བའི་ རྩ་བ་དང༌། ཏིང་ངེ་འཛིན་གྱིས་ཡོངས་སུ་གྲུབ་པའི་ཤེལ་གྱི་མེ་ལོང་སྒྲོན་མ་ཞེས་བྱ་བ་མདོག་དག་སྟེ། བཟང་ཞིང་གསལ་བ་བཞིན་ནོ། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ ཕལ་པོ་ཆེ་ཞེས་བྱ་བ་ལས། དཔེ་བྱད་བཟང་པོའི་འོད་ཟེར་བསྟན་པའི་ལེའུ་སྟེ། བཞི་བཅུ་རྩ་གཅིག་པའོ།། །།བམ་པོ་དྲུག་ཅུ་དགུ་པ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །དེ་ནི་སེམས་ཅན་གྱི་སྣོད་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དམིགས་ཏེ། རྡུལ་ ཙམ་ཞིག་བརྗོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །སེམས་ཅན་མི་མཁས་པ་འགྱོད་པས་ཀུན་ནས་ནོན་པ། བདག་དང་བདག་གིར་བྱ་བ་ལ་མངོན་པར་ཞེན་པ། འཇིག་ ཚོགས་ལ་ཤིན་ཏུ་ཆགས་པ། ཕྱིན་ཅི་ལོག་ལ་རབ་ཏུ་རྟེན་པ། ཐེ་ཚོམ་ལ་རབ་ཏུ་གཞོལ་བ། ལོག་པར་ལྟ་བ་ཡོངས་སུ་རྟོག་པས་བྱུང་བ། རྨོངས་པས་བསྒྲུབས་པ། འཁོར་བའི་རྒྱུད་དུ་ གཞོལ་བ། དེ་བཞིན་གཤེགས་པའི་ལམ་དང་མི་ལྡན་པ་རྣམས་ཀྱི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའི་གཞན་ལ་ཞེ་སྡང་བསྐྱེད་པ་ཙམ་དུ་ཁ་ན་མ་ཐོ་བ་ཆེ་བའི་ཆོས་ནི་འགའ་ཙམ་ཡང་བདག་གིས་མ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །གཞན་ལ་ཁོང་ཁྲོ་ བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་སྒྲིབ་པའི་ཆོས་ཀྱི་སྒོ་བརྒྱ་སྟོང་ཕྲག་བཅུ་པོ་འདི་དག་ཡོངས་སུ་འཛིན་པར་འགྱུར་ཏེ། བརྒྱ་སྟོང་ཕྲག་བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་མི་མཐོང་བ་འཛིན་པར་འགྱུར་རོ། །ཆོས་མི་ཐོས་པ་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པར་སྐྱེ་བ་འཛིན་པར་འགྱུར་རོ། །ངན་སོང་དུ་གནས་པར་ ༄༅། །འཛིན་པར་འགྱུར་རོ། །མི་ཁོམ་པར་སྐྱེ་བ་འཛིན་པར་འགྱུར་རོ། །ནད་མང་བ་འཛིན་པར་འགྱུར་རོ། །སྐུར་བ་མང་བ་འཛིན་པར་འགྱུར་རོ། །ངང་ཚུལ་མི་ གསལ་བ་འཛིན་པར་འགྱུར་རོ། །བརྗེད་ངས་པ་འཛིན་པར་འགྱུར་རོ། །བློ་ཆུང་བ་འཛིན་པར་འགྱུར་རོ། །མིག་གི་སྒྲིབ་པ་འཛིན་པར་འགྱུར་རོ། །རྣ་བའི་སྒྲིབ་པ་འཛིན་པར་འགྱུར་རོ། ། སྣའི་སྒྲིབ་པ་འཛིན་པར་འགྱུར་རོ། །ལྕེའི་སྒྲིབ་པ་འཛིན་པར་འགྱུར་རོ། །ལུས་ཀྱི་སྒྲིབ་པ་འཛིན་པར་འགྱུར་རོ། །ཡིད་ཀྱི་སྒྲིབ་པ་འཛིན་པར་འགྱུར་རོ། །སྡིག་པའི་བཤེས་གཉེན་འཛིན་ པར་འགྱུར་རོ། །སྡིག་པའི་གྲོགས་པོ་འཛིན་པར་འགྱུར་རོ། །ཐེག་པ་དམའ་བ་དང་འདྲེ་བ་འཛིན་པར་འགྱུར་རོ། །སྐྱེ་བོ་མ་རབས་དང་ཕྲད་པ་འཛིན་པར་འགྱུར་རོ། །བདག་ཉིད་ཆེ་བའི་ སྐྱེ་བོ་ལ་མོས་པ་མེད་པར་འགྱུར་རོ། །ཡང་དག་པའི་ལྟ་བ་མི་མཐོང་མི་རྙེད་པ་འཛིན་པར་འགྱུར་རོ། །མུ་སྟེགས་ཅན་གཞན་གྱི་ནང་དུ་སྐྱེ་བ་འཛིན་པར་འགྱུར་རོ། །བདུད་ཀྱི་ཡུལ་དང་ བསྟན་པ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་བསྟན་པ་དང་རིང་དུ་འགྱུར་བ་འཛིན་པར་འགྱུར་རོ། །དགེ་བའི་བཤེས་གཉེན་མི་མཐོང་བ་འཛིན་པར་འགྱུར་རོ། །དགེ་བའི་རྩ་བའི་བར་ དུ་འགྱུར་བ་འཛིན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམ་པར་འཕེལ་བ་འཛིན་པར་འགྱུར་རོ། །སྐྱེ་མཆེད་དམའ་བ་འཐོབ་པ་འཛིན་པར་འགྱུར་རོ། །མཐའ་འཁོབ་ཀྱི་ཡུལ་དུ་གནས་ པ་འཛིན་པར་འགྱུར་རོ། །མིའི་ནང་ན་རྐུན་ལྡོ་བྱེད་པར་སྐྱེ་བ་འཛིན་པར་འགྱུར་རོ། །ལྷའི་ནང་ན་མི་སྲུན་པར་སྐྱེ་བ་འཛིན་པར་འགྱུར་རོ། །ཀླུ་དང༌། གནོད་སྦྱིན་ དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། སྲིན་པོ་མི་སྲུན་པར་སྐྱེ་བ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ལ་དད་པ་མེད་པ་ འཛིན་པར་འགྱུར་རོ། །བྱིས་པའི་ཆོས་ལ་བརྟེན་པ་འཛིན་པར་འགྱུར་རོ། །ཐེག་པ་དམའ་བ་ལ་མོས་པ་འཛིན་པར་འགྱུར་རོ། །ཐེག་པ་ཆེན་པོ་ལ་ཡིད་མི་ཆེས་པ་འཛིན་པར་འགྱུར་རོ། ། བསལ་པར་གནས་པས་འཇིགས་པ་མང་བ་འཛིན་པར་འགྱུར་རོ། །འཁོར་བས་སྐྱོ་བ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་ལ་སྤོང་བ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པ་ཡོངས་སུ་མི་འཛིན་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དབང་པོ་ལ་དགའ་བ་མེད་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང༌། སྤྱོད་པ་ལ་ ཐུན་མོང་དུ་སྤྱད་པ་མི་འཐོབ་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་མ་དག་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ཞུམ་ཞིང་ དམའ་བ་འཛིན་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡོངས་སུ་མི་འདུས་པར་འཛིན་པར་འགྱུར་རོ། །ཡོངས་སུ་སྒྱིད་ལུག་པས་རབ་ཏུ་ཞིག་པ་འཛིན་པར་འགྱུར་ ༄༅། །རོ༑ ༑ལས་ཀུན་ནས་ཉོན་མོངས་པ་འཛིན་པར་འགྱུར་རོ། །རྣམ་པར་སྨིན་པ་མ་དག་པ་འཛིན་པར་འགྱུར་རོ། །ཡེ་ཤེས་ཀྱི་སྟོབས་བདག་ཉིད་ཆེ་བ་མ་ཡིན་ པ་འཛིན་པར་འགྱུར་རོ། །ཡེ་ཤེས་ཀྱི་རྒྱུད་བྱང་བར་མི་ནུས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་ཆད་པ་འཛིན་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་ གདམས་ངག་ཡོངས་སུ་མི་ཟིན་པ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྲུབ་པར་མི་འགྱུར་བ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡུལ་དང་རིང་བ་ འཛིན་པར་འགྱུར་རོ། །བརྒྱུད་ཀྱི་ཡུལ་ལ་གནས་པ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡུལ་ལ་མི་གནས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གོ་ཆ་ ལ་མོས་པ་མེད་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གནས་ཀྱིས་འཇིགས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དགེ་བའི་ལས་ཀྱིས་སྐྱོ་བ་འཛིན་ པར་འགྱུར་རོ། །ལྟ་བ་དང་ཐེ་ཚོམ་ལ་མངོན་པར་ཞེན་པ་འཛིན་པར་འགྱུར་རོ། །སེམས་ཡོངས་སུ་རྨོངས་པས་བསྒྲིབས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ དང་འགྲོགས་པའི་ལས་དྲུངས་ཕྱུང་བ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཉམས་པར་གྱུར་པས་ཚུལ་ཁྲིམས་ངན་པ་འཛིན་པར་འགྱུར་རོ། །བཟོད་པའི་ སྒོ་མཐར་མ་ཕྱིན་པས་གནོད་སེམས་དང༌། གཏི་མུག་དང༌། ཁྲོ་བ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོ་ལས་མི་ལྡོག་པར་བྱ་བ་ལ་ཞུམ་པ་འཛིན་པར་འགྱུར་རོ། །ཏིང་ངེ་འཛིན་ མི་འཐོབ་པའི་འཁྲུག་པ་འཛིན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ཕྱོགས་ཤེས་རབ་འཆལ་བ་འཛིན་པར་འགྱུར་རོ། །གནས་དང་གནས་མ་ཡིན་པ་ལ་མི་མཁས་པ་འཛིན་ པར་འགྱུར་རོ། །སེམས་ཅན་གྱི་ཐབས་ལ་ཐབས་མི་མཁས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་རྣམ་པར་མི་དཔྱོད་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ ཆོས་ཀྱིས་འབྱུང་བ་ཁོང་དུ་མི་ཆུད་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མིག་འབྱམས་ཀླས་པ་བཅུ་མི་འགྲུབ་པའི་དམུས་ལོང་ལྟ་བུ་འཛིན་པར་འགྱུར་རོ། །སྒྲིབ་པ་མེད་པའི་ཆོས་ཀྱི་ རྒྱུད་མངོན་པར་སྒྲུབ་པ་ལ་གླེན་ཞིང་ལྐུགས་པ་འཛིན་པར་འགྱུར་རོ། །དབང་པོ་གཞན་དང་ནོར་བའི་དབང་པོ་འཛིན་པས་སྣ་ཡོངས་སུ་ཉམས་པ་འཛིན་པར་འགྱུར་རོ། །སེམས་ཅན་ཕ་རོལ་གྱི་ཚིག་ གི་རྒྱུད་མི་ཤེས་པས་ལྕེའི་སྒྲིབ་པ་འཛིན་པར་འགྱུར་རོ། །སེམས་ཅན་གང་ཟག་ཕ་རོལ་ལ་ཞེ་སྡང་བས་ལས་ཀྱི་སྒྲིབ་པ་འཛིན་པར་འགྱུར་རོ། །མྱོས་པའི་སེམས་འཐོབ་པར་འགྱུར་བས་སེམས་ཀྱི་ སྒྲིབ་པ་འཛིན་པར་འགྱུར་རོ། །སྡོམ་པ་གསུམ་དང་མི་ལྡན་པས་ལས་ཀྱི་སྒྲིབ་པ་འཛིན་པར་འགྱུར་རོ། །དག་གི་ཉེས་པ་བཞིས་ཀུན་ནས་ཉོན་མོངས་པས་སྐྱེ་མཆེད་ཀྱི་སྒྲིབ་པ་འཛིན་པར་འགྱུར་ ༄༅། །རོ༑ ༑ཆགས་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་མང་པས་ཡིད་ཀྱི་ལས་ཀྱི་སྒྲིབ་པ་འཛིན་པར་འགྱུར་རོ། །ཆོས་ཡོངས་སུ་བཙལ་བ་ལ་རྐུ་སེམས་འཛིན་ པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དམིགས་པ་ལ་ཐོགས་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མཐུ་ལ་ཤིན་ཏུ་ཞུམ་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་ མེད་པ་ལ་སྒྱིད་ལུག་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྒོ་སྣང་བ་རྒྱུན་འཆད་པ་འཛིན་པར་འགྱུར་རོ། །དྲན་པའི་སྟོབས་དང་ཤུགས་ཉམ་ཆུང་བ་འཛིན་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པའི་བསྟན་བ་ཡོངས་སུ་མི་འཛིན་པ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པའི་གནས་རྣམ་པར་སྤོང་བ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་ དཔའི་ཆུད་མི་ཟ་བའི་གནས་ལ་མི་སྟེན་པ་འཛིན་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱོན་མེད་པ་ཡིད་ཀྱིས་མཆོད་པ་འཛིན་པར་འགྱུར་རོ། །འདས་པ་དང༌། མ་འོངས་པ་དང༌། ད་ ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་ཚུལ་དང༌། དེ་བཞིན་གཤེགས་པའི་རིགས་དང་རིང་བ་འཛིན་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་གཅིག་ལ་གཅིག་ ངན་སེམས་བསྐྱེད་པ་ནི། དེ་དག་ལ་སོགས་པ་སྒྲིབ་པའི་ཆོས་ཀྱི་སྒོ་བརྒྱ་སྟོང་ཕྲག་བཅུ་རྣམས་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་ པ་རྣམས་ནི། ཕན་ཚུན་དུ་ངན་སེམས་ཀྱི་སེམས་བསྐྱེད་པ་ལྟ་བུར་ཁ་ན་མ་ཐོ་བ་ཆེ་བའི་ཆོས་འགའ་ཙམ་ཡང་མ་མཐོང་ངོ༌། །དེ་བས་ན། རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་སྤྱོད་པ་མྱུར་དུ་རྫོགས་ པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་ལ་བརྩོན་པར་བྱའོ། །བཅུ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་སེམས་སུ་ བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤང་བ་དང༌། ཞིང་ཐམས་ཅད་ལ་མི་ཟད་པའི་ཡེ་ཤེས་ཀྱིས་འཇུག་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་མོས་པ་དང༌། དད་པ་ཆེན་པོ་དང༌། ནམ་ མཁའི་དབྱིངས་ཀྱིས་ཀླས་པའི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྣམ་པར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་མི་གཏང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་ལ་འཇུག་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ རྣམ་པར་དཔྱད་པ་དང༌། ཐ་དད་པ་ཡང་དག་པར་ཤེས་པ་ལ་བརྩོན་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་ཡོངས་སུ་མི་སྐྱོ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་ པ་ལ་མངོན་པར་ཆགས་པ་མེད་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔས་ཆོས་བཅུ་པོ་དེ་དག་ལ་མངོན་པར་བརྩོན་པར་བྱའོ། །དེ་ཆོས་བཅུ་པོ་དེ་དག་ལ་གནས་པས་རྣམ་པར་དག་པར་བྱེད་ བའི་ཆོས་བཅུ་རབ་ཏུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཟབ་མོ་ལ་འཇུག་པ་རྣམ་པར་དག་པ་དང༌། དགེ་བའི་བཤེས་གཉེན་དང་འགྲོགས་པ་རྣམ་པར་དག་པ་དང༌། སངས་རྒྱས་ཀྱི་བསྟན་པ་ ༄༅། །ཡོངས་སུ་བཟུང་བ་རྣམ་པར་དག་པ་དང༌། ནམ་མཁའི་དབྱིངས་རྣམ་པར་སྒོམ་པ་རྣམ་པར་དག་པ་དང༌། ཆོས་ཀྱི་དབྱིངས་ལ་འཇུག་པ་རྣམ་པར་དག་པ་དང༌། མཐའ་དང་དབུས་མེད་ པའི་སེམས་རྣམ་པར་དཔྱད་པ་རྣམ་པར་དག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གྲོགས་བྱ་བའི་དགེ་བའི་རྩ་བ་རྣམ་པར་དག་པ་དང༌། བསྐལ་པ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པ་ རྣམ་པར་དག་པ་དང༌། དུས་གསུམ་ཐམས་ཅད་རབ་ཏུ་བརྟགས་པ་རྣམ་པར་དག་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ནན་ཏན་དུ་བྱ་བ་རྣམ་པར་དག་པ་སྟེ། རྣམ་པར་དག་པར་བྱེད་པའི་ཆོས་ བཅུ་པོ་དེ་དག་རབ་ཏུ་འཛིན་ཏོ། །དེ་དེ་ལྟ་བུའི་ཆོས་བཅུ་པོ་དེ་དག་ལ་གནས་པས། ཡེ་ཤེས་འབྱམས་ཀླས་པ་བཅུ་ལ་འཇུག་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ སེམས་དང་སྤྱོད་པ་ལ་འཇུག་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་ཕྱེ་བ་ལ་འཇུག་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡེ་ཤེས་སྣང་བས་འཇུག་པ་དང༌། སངས་རྒྱས་ ཀྱི་ཆོས་ཀྱི་ཚུལ་དང་ལྡེམ་པོ་དག་ལ་ཡེ་ཤེས་ཀྱིས་འཇུག་པ་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡེ་ཤེས་ཀྱིས་འཇུག་པ་དང༌། ཡི་གེ་ཐམས་ཅད་ལ་སྤོབས་པའི་ཡེ་ཤེས་ཀྱིས་འཇུག་པ་དང༌། སེམས་ ཅན་ཐམས་ཅད་ཀྱི་སྐད་དང༌། ཐ་སྙད་དང༌། ཚིག་ལ་མཁས་པའི་ཡེ་ཤེས་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་བསྟན་པའི་ཡེ་ཤེས་ལ་འཇུག་པ་དང༌། འཁོར་གྱི་དཀྱིལ་ འཁོར་ཐམས་ཅད་དུ་གཟུགས་བརྙན་འབྱུང་བ་བསྟན་པའི་ཡེ་ཤེས་ལ་འཇུག་པ་དང༌། སྐྱེ་མཆེད་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་སྟེ། ཡེ་ཤེས་འབྱམས་ཀླས་པ་བཅུ་པོ་དེ་དག་རབ་ཏུ་ འཛིན་ཏོ། །དེ་དེ་ལྟར་ཡེ་ཤེས་འབྱམས་ཀླས་པ་བཅུ་ལ་རབ་ཏུ་གནས་པས་ཡང་དག་པར་གཟུད་པ་ལ་འཇུག་པ་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྐྲའི་སྦུབས་སུ་ གཟུད་པ་ལ་འཇུག་ཅིང༌། སྐྲའི་སྦུབས་གཅིག་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་མངོན་པར་སྒྲུབ་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཅན་གཅིག་གི་ལུས་སུ་བསྡུ་ཞིང༌། སེམས་ཅན་གཅིག་གི་ལུས་བརྗོད་དུ་མེད་པའི་ལུས་སུ་མངོན་པར་བསྒྲུབ་པ་ལ་འཇུག་པ་དང༌། བསྐལ་པ་བརྗོད་དུ་མེད་པ་སེམས་ཀྱི་སྐད་ཅིག་ཏུ་གཟུད་པ་ལ་འཇུག་ཅིང༌། སེམས་ཀྱི་སྐད་ཅིག་བརྗོད་དུ་ མེད་པའི་བསྐལ་པར་འཇུག་པ་བསྟན་པ་དང༌། ཆོས་གཅིག་སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་ཡང་དག་པར་གཞོལ་བ་ལ་འཇུག་ཅིང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆོས་གཅིག་ཏུ་གཟུད་པ་ལ་འཇུག་ པ་དང༌། སྐྱེ་མཆེད་གཅིག་བརྗོད་དུ་མེད་པའི་སྐྱེ་མཆེད་དུ་བྱ་སྟེ། བརྗོད་དུ་མེད་པའི་སྐྱེ་མཆེད་དུ་བྱ་བ་ལ་འཇུག་ཅིང༌། སྐྱེ་མཆེད་བརྗོད་དུ་མེད་པ་སྐྱེ་མཆེད་གཅིག་ཏུ་བསྟན་པ་ལ་འཇུག་པ་དང༌། དབང་པོ་ གཅིག་བརྗོད་དུ་མེད་པའི་དབང་པོར་བྱ་བ་ལ་འཇུག་ཅིང༌། དབང་པོ་བརྗོད་དུ་མེད་པ་དབང་པོ་གཅིག་ཏུ་གཟུད་པ་ལ་འཇུག་པ་དང༌། དབང་པོ་ཐམས་ཅད་དབང་པོ་མེད་པ་དང༌། ཐ་མི་དད་པར་འཇུག་ཅིང༌། ༄༅། །དབང་པོ་མེད་པ་དབང་པོར་བྱ་བ་ལ་འཇུག་པ་དང༌། འདུ་ཤེས་ཐམས་ཅད་འདུ་ཤེས་གཅིག་ཏུ་བྱིན་གྱིས་བརླབ་པ་ལ་འཇུག་ཅིང༌། འདུ་ཤེས་གཅིག་འདུ་ཤེས་ཐམས་ ཅད་དུ་བྱིན་གྱིས་བརླབ་པ་ལ་འཇུག་པ་དང༌། ཚིག་གཅིག་རྣམ་པར་བརྗོད་པ་ཚིག་བརྗོད་དུ་མེད་པ་རྣམ་པར་བརྗོད་པ་བྱ་བ་ལ་འཇུག་ཅིང༌། ཚིག་རྣམ་པར་བརྗོད་པ་ཐམས་ཅད་སྒྲ་གཅིག་གི་དབྱངས་སུ་བྱིན་ གྱིས་བརླབ་པ་ལ་འཇུག་པ་དང༌། དུས་གསུམ་ཐམས་ཅད་བསམ་གཏན་གཅིག་ཏུ་བསྡུ་སྟེ། བསམ་གཏན་གཅིག་པོ་དུས་ཐམས་ཅད་དུ་ཀུན་ཏུ་སྤྲོ་བར་བསྟན་པ་ལ་འཇུག་པ་སྟེ། ཀྱེ་རྒྱལ་བའི་ སྲས་དག །ཡང་དག་པར་གཟུད་པ་བཅུ་པོ་དེ་དག་སེམས་ཀྱི་བསམ་པ་བཅུ་ལ་གནས་ཏེ། རྣམ་པར་དཔྱད་པར་བྱའོ། །བཅུ་གང་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྤྱོད་པ་ལ་མི་ སྤྱོད་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། འགྲོ་བ་ཐམས་ཅད་ཀྱི་འདུ་ཤེས་དང༌། ཡིད་ལ་བྱེད་པ་ལ་མི་གནས་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། ལྷག་པའི་བསམ་པ་ནམ་ མཁའི་དབྱིངས་ཀྱིས་ཀླས་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་ པ་ལ་མཁས་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། ཆོས་ཟབ་མོ་ཐ་མི་དད་པ་ལ་མཁས་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། དོགས་པ་ཐམས་ཅད་ལ་ལན་མེད་པར་བྱ་བའི་སེམས་ ཀྱི་བསམ་པ་ལ་གནས་པ་དང༌། དུས་ཐམས་ཅད་ཐ་མི་དད་ཅིང་མཉམ་པའི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ ཀྱི་སེམས་ཀྱི་བསམ་པ་ལ་གནས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྟོབས་ཚད་མེད་པའི་སེམས་ཀྱི་བསམ་པ་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །སེམས་ཀྱི་བསམ་པ་བཅུ་པོ་དེ་དག་ལ་གནས་ ཏེ༑ བྱང་ཆུབ་སེམས་དཔས་ཡང་དག་པར་གཟུད་པ་བཅུ་པོ་དེ་དག་རྣམ་པར་དཔྱད་པར་བྱའོ། །དེ་སེམས་ཀྱི་བསམ་པ་བཅུ་པོ་དེ་དག་ལ་གནས་པས། སངས་རྒྱས་ཀྱི་ཆོས་ལ་མཁས་པའི་སྣང་བ་བཅུ་ འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཟབ་མོ་སྣང་བ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཡངས་པ་མངོན་པར་སྒྲུབ་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་ རྒྱས་ཀྱི་ཆོས་སྣ་ཚོགས་ཤིན་ཏུ་བསྟན་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་འཇུག་པ་ལ་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐ་དད་པའི་སྣང་བ་ ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐ་མི་དད་པ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་པོ། །སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། ། སངས་རྒྱས་ཀྱི་ཚུལ་གཅིག་པའི་མོས་པ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་ཚུལ་ལ་འཇུག་པར་མཁས་པ་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཆོས་ཐམས་ ༄༅། །ཅད་རང་གི་སེམས་ལ་རག་ལུས་པས་རང་གི་སྟོབས་དང་མཐུ་ཕྱིར་མི་ལྡོག་པ་ལ་མཁས་པ་རབ་ཏུ་འཐོབ་སྟེ། ཀྱེ་རྒྱལ་བའི་སྲས་དག །སངས་རྒྱས་ཀྱི་ཆོས་ ལ་མཁས་པའི་སྣང་བ་བཅུ་པོ་དེ་དག་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས་དག །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་དག་ཐོས་ནས། རིམ་གྲོ་དང༌། ཞེ་ ས་ཆེན་པོའི་བསམ་པས་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་འདི་ལ་གནས་པ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དཀོན་པ་ མ་ཡིན་ཏེ། ལས་གྲོན་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་བྱིན་གྱི་རླབས་རབ་ཏུ་འཐོབ་བོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་དང་མཉམ་པ་ཉིད་དུ་ཡང་འཇུག་པར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །སངས་རྒྱས་ཀྱི་མཐུ་དང་ཆོས་ཉིད་རབ་ཏུ་ཐོབ་པས་ལྷ་རྫས་ལས་འདས་པའི་མེ་ཏོག་ གི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་སྤོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །གཞུང་དེ་བཞིན་དུ་ཕྱེ་མ་དང༌། ན་བཟའ་དང༌། རྒྱལ་མཚན་དང༌། བ་དན་ དང༑ གདུགས་དང༌། ནོར་བུ་རིན་པོ་ཆེ་དང༌། སྤྲུལ་གྱི་སྙིང་པོའི་ཙན་དན་དང༌། རྒྱན་དང་ལྷབ་ལྷུབ་ཐམས་ཅད་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་རོལ་ མོ་དཀྲོལ་བའི་སྤྲིན་དང༌། ལྷ་རྫས་ལས་འདས་པའི་རོལ་མོ་བརྡུང་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་བྱང་ཆུབ་སེམས་དཔའི་མཆོད་པའི་སྤྲིན་གྱི་ཆར་མངོན་ པར་བབ་བོ། །ལྷ་རྫས་ལས་འདས་པའི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྣམ་པར་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་དེ་བཞིན་གཤེགས་པས་ ལེགས་སོ་ཞེས་གསུངས་པའི་རྣམ་པར་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལ་འདས་ཤིང་ཆོས་ཀྱི་དབྱིངས་སུ་རྒྱས་པར་ཁྱབ་པའི་དེ་བཞིན་གཤེགས་པའི་གསུང་ གི་དབྱངས་མངོན་པར་བརྗོད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམ་པར་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །བྱང་ཆུབ་ཉེ་བར་ བརྟན་པའི་རྣམ་པར་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འོད་ཟེར་སྣང་བའི་རྣམ་པ་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ཤིན་ཏུ་བསྟན་པའི་བྱིན་གྱི་རླབས་ཀྱི་ཆར་རྣམ་ པ་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་སྟེ། ཇི་ལྟར་འཇིག་རྟེན་གྱི་ཁམས་འདིའི་གླིང་བཞི་པར། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་ ༄༅། །བའི་སྙིང་པོ་བྱང་ཆུབ་ལ་བྱང་ཆུབ་སེམས་དཔའི་ཕོ་བྲང་ན་བཞུགས་པར་སྣང་བ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་རྒྱས་པར་གང་བར་ བཞུགས་ཏེ། ཆོས་བསྟན་པ་འདིའང་ཐམས་ཅད་དུ་བྱུང་ངོ༌། །སངས་རྒྱས་ཀྱི་མཐུ་དང༌། ཕྱོགས་བཅུར་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པའི་ཆོས་ཉིད་རབ་ཏུ་ཐོབ་པས། སངས་རྒྱས་ ཀྱི་ཞིང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པའི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་འོངས་ པར་གྱུར་ཏེ། ཕྱོགས་བཅུ་བཀང་ནས་དེ་དག་འདི་སྐད་ཟེར་རོ། ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་གཤེགས་པའི་སྨོན་ལམ་ལུང་བསྟན་པའི་ཆོས་ཉིད་བརྗོད་པ་ལེགས་སོ། །ལེགས་ སོ༑ ༑ཀྱེ་རྒྱལ་བའི་སྲས། བདག་ཅག་ཀྱང་ཐམས་ཅད་ཀུན་ཏུ་བཟང་པོ་ཞེས་བྱ་བར་མིང་མཐུན་པར་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་ཀུན་ཏུ་དཔལ་ཞེས་བྱ་བ་དག་ནས་དེ་བཞིན་གཤེགས་ པའི་མཚན་ཀུན་ཏུ་དཔལ་གྱི་དབང་ཕྱུག་ཅེས་བྱ་བ་ཤ་སྟག་གི་དྲུང་ནས་འདིར་ཕྱིན་ཏེ། ཐམས་ཅད་ན་ཡང་ཆོས་བསྟན་པ་འདི་ཉིད་སངས་རྒྱས་ཀྱི་བྱིན་གྱིས་འཁོར་གྱི་རྣམ་པ་འདི་ལྟ་བུ་དག་ཏུ་ ཚིག་འདི་དག་དང༌། ཡི་གེ་འདི་དག་དང༌། གོ་བར་བྱ་བ་འདི་དག་དང༌། བརྗོད་པ་འདི་དག་གིས་ལྷག་ཆད་མེད་པར་བྱུང་བར་གྱུར་ཏེ། ཀྱེ་རྒྱལ་བའི་སྲས། བདག་ཅག་ཀྱང་དབང་དུ་གྱུར་པ་ཤ་ སྟག༑ སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་འདིར་ཕྱིན་ཏོ། །ཇི་ལྟར་བདག་ཅག་འཁོར་འདིར་ཕྱིན་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་གྱི་དེ་བཞིན་གཤེགས་ པ་མངོན་པར་འཚང་རྒྱ་བའི་གཞིར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཕྱོགས་བཅུ་བཀང་སྟེ་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་ པོས་ཕྱོགས་བཅུར་བལྟ་སྟེ། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་བརྗོད་པ་དང༌། དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བའི་དབྱིངས་ཡོངས་སུ་ བརྟོད་པ་དང༌། སྨོན་ལམ་ཆེན་པོའི་དབྱིངས་ཀུན་ཏུ་གྲགས་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་དང༌། བསྐལ་པ་ཐམས་ཅད་ཀྱི་གྲངས་ཡོངས་སུ་བརྗོད་པ་དང༌། དུས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ འབྱུང་བ་བསྟན་པ་དང༌། སེམས་ཅན་གྱི་ཁམས་དང་དབང་པོ་ཇི་ལྟར་ཡོངས་སུ་སྨིན་པའི་ཚུལ་བཞིན་དུ་སངས་རྒྱས་བྱུང་བ་མཉེས་པར་བྱ་བ་བརྗོད་པ་དང༌། བྱིན་གྱིས་བརླབས་པའི་ཚུལ་བཞིན་དུ་ སངས་རྒྱས་འབྱུང་བ་དང༌། དེ་བཞིན་གཤེགས་པའི་སྤྱོད་པ་དོན་ཡོད་པ་ཡོངས་སུ་བརྗོད་པར་བྱ་བ་དང༌། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པ་བཞིན་དུ་གསལ་བར་བྱ་བ་ཡང་དག་པར་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་མང་པོའི་མཐུ་ཆེན་པོ་བསྟན་པ་དང༌། སེམས་ཅན་ཐམས་ཅད་ལ་རྫོགས་པའི་བྱང་ཆུབ་ཀྱི་སྒྲས་སྐུལ་བར་བྱེད་ཅིང༌། དགེ་བའི་རྩ་བའི་སྟོབས་དང༌། ཤུགས་དང༌། སངས་ ༄༅། །རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཐམས་ཅད་ཤིན་ཏུ་དད་སེམས་ཀྱིས། །སྒྲིབ་པ་མ་ལུས་ཐམས་ཅད་རྣམ་པར་བསལ་གྱིས་ལ། ། ཡོན་ཏན་འབྱུང་གནས་འཇིག་རྟེན་གཙོ་བོ་ཡི། །སྨོན་ལམ་དམ་པ་བཤད་ཀྱི་མཉན་པར་གྱིས། །མཁས་མཆོག་སྐྱེས་བུ་སེང་གེ་དག །སྤྱད་པ་ཅི་འདྲ་སྔོན་སྤྱད་སྤྱོད་པར་འགྱུར་བའི་རྣམས། །བྱང་ཆུབ་ སེམས་དཔའ་གཙོ་རྣམས་ཀྱི། །སྤྱོད་པ་ཐམས་ཅད་རིམ་གྱིས་བརྗོད་པར་བྱ། །འདི་ལ་དཔེ་མེད་མཆོག་རྣམས་ཀྱི། །བསྐལ་པའི་གྲངས་དང་འཇིག་རྟེན་གྲངས་དང་ཆོས་བསྟན་དང༌། །རྒྱལ་བ་རྣམས་ཀྱི་འབྱུང་ བ་དག །ཡོངས་སུ་བརྗོད་ཀྱི་དང་བའི་ཡིད་ཀྱིས་ཉོན། །དེ་དག་སྔོན་ཆད་སྨོན་ལམ་གྱིས། །སེམས་ཅན་ཇི་ལྟར་སྡུག་བསྔལ་རྣམས་ལས་དགྲོལ་བྱ་ཞེས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ། འཇིག་རྟེན་སྒྲོན་མ་སྐྱེ་བ་རྣམས་ཀྱང་མཐོང༌། །སྤྱོད་པ་ཇི་ལྟར་ཤེས་གྱུར་ཏེ། །གསུང་གི་མཆོག་རྣམས་ཀུན་ལ་མཆོད་པ་བྱས་པས་ན། །སངས་རྒྱས་མཉམ་པ་ཉིད་རྙེད་དེ། །ཐམས་ཅད་མཁྱེན་ཉིད་ རབ་ལ་མངོན་སངས་རྒྱས། །སྔོན་གྱི་མི་ཡི་སེང་གེ་རྣམས། །སངས་རྒྱས་ཕྱོགས་བཅུར་འོད་སྣང་རབ་ཏུ་འབར་མཛད་ཅིང༌། །འོད་ཟེར་དྲ་བ་རབ་འགྱེད་པས། །ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་མཐོང་ གྱུར་ནས། །བདག་ཅག་རྒྱལ་བའི་ཡོན་ཏན་གྱིས། །བརྒྱན་པའི་འཇིག་རྟེན་སྒྲོན་མའི་དམ་པར་འགྱུར་བས་ཏེ། །སྟོབས་བཅུ་མངའ་བ་ཀུན་མཁྱེན་པར། །མི་ཡི་སེང་གེར་བྱ་ཞེས་སྨོན་ལམ་འདེབས། ། འདེབས། །ངེད་ཀྱིས་སེམས་ཅན་ཐམས་ཅད་ཀྱི། །འདོད་ཆགས་ཞེ་སྡང་གཏི་མུག་རབ་ཏུ་འབར་གྱུར་པའི། །སྡུག་བསྔལ་རྣམས་ལས་རབ་བཀྲོལ་ཏེ། །ངན་སོང་ཐམས་ཅད་ཡོངས་སུ་གཅད་བྱ་ཞེས། ། འདི་འདྲའི་སྨོན་ལམ་རྫོགས་བྱས་ཏེ། །དེ་ནས་དཔའ་བ་ཆེན་པོ་སྤྱོད་པ་རབ་ལ་སྤྱོད། །བློ་བརྟན་ཕྱིར་ལྡོག་མི་འགྱུར་བ། །སྟོབས་བཅུ་རྣམས་ཀྱི་ཆགས་མེད་རབ་ཏུ་འཐོབ། །སྐྱེས་བུ་སེང་གེ་གང་རྣམས་ ཀྱིས༑ ༑འདི་འདྲའི་སྨོན་ལམ་སྔར་བཏབ་ཕྱིར་ལྡོག་མི་འགྱུར་བར། །འཇིག་རྟེན་རྣམས་ན་སྤྱོད་མཛད་པ། །དེ་དག་དོན་ཡོད་སྤྱོད་པ་བརྗོད་པར་བྱ། །བསྐལ་པ་བཟང་པོ་གཅིག་ལ་ཡང༌། །སངས་རྒྱས་སྟོང་ གྲངས་ཚང་བར་ཀུན་ཀྱང་འབྱུང་འགྱུར་ཏེ། །ཀུན་ཏུ་གཟིགས་པ་གང་བརྗོད་པ། །དེ་དག་རིམ་གྱིས་བཤད་པ་འདི་འདྲའོ། །བསྐལ་པ་བཟང་པོ་གཅིག་བཞིན་དུ། །བརྗོད་དུ་མེད་པའི་བསྐལ་པ་ཁྲག་ཁྲིག་ དེ་བཞིན་ཏེ། །སངས་རྒྱས་མ་བྱོན་དེ་དག་གི །བཟང་པོའི་སྤྱོད་པ་བདག་གིས་བསྟན་པར་བྱ། །ཞིང་རྒྱུད་གཅིག་པོ་ཇི་བཞིན་དུ། །བརྗོད་དུ་མེད་པའི་ཞིང་རྣམས་ཐམས་ཅད་ཀུན་བཟུང་སྟེ། །མ་བྱོན་སྟོབས་ བཅུའི་སྐྱོན་མེད་པའི། །སྤྱོད་པ་ཐམས་ཅད་དེ་བཞིན་བཤད་པར་བྱ། །རྒྱལ་བ་གང་འོག་གང་འབྱུང་དང༌། །ཅི་མཚན་དེ་ཡི་སྨོན་ལམ་རྣམ་པ་ཅི་འདྲ་དང༌། །རྒྱལ་བ་གང་གིས་གང་གི་ལུང༌། །བསྟན་ མཛད་མཁས་པའི་སྐུ་ཚེ་ཇི་ཙམ་དང༌། །ཆོས་ཀྱི་རྣམ་པ་དགེ་བ་ནི། །གང་གིས་བསྒྲུབས་ཏེ་དམ་པ་བརྙེས་པར་གྱུར་པ་དང༌། །འཇིག་རྟེན་ཇི་ལྟར་བཏུལ་བ་དང༌། །རྒྱལ་བ་རྣམས་ཀྱི་དམ་ཆོས་ཅིར་གནས་ ༄༅། །དང༑ ༑རྣམ་དག་ཞིང་ཡང་ཅི་འདྲ་དང༌། །སེམས་ཅན་རྣམ་པར་དག་དང་ཆོས་ཀྱི་འཁོར་ལོ་དང༌། །བསྟན་པའི་དུས་དང་དུས་མིན་དང༌། །དེ་ལས་གང་ཟག་རྣམ་པར་ དག་འགྱུར་དང༌། །སེམས་ཅན་རྣམས་ཀྱི་ལས་གང་དང༌། །སྤྱོད་པ་གང་དང་རྣམ་གྲོལ་ཅི་འདྲར་འགྱུར་བ་དང༌། །དབང་པོ་རྣོ་རྟུལ་བར་མ་དང༌། །སྤྱོད་མཆོག་སེམས་ཅན་འདུལ་བའང་བསྟན་ པར་བྱ། །འདི་འདྲའི་ཤེས་པར་འཇུག་པ་ལ། །སྤྱོད་པའི་དམ་པ་རྣམས་ཀྱིས་རབ་ཏུ་ཞུགས་གྱུར་ཅིང༌། །བཟང་པོའི་འབྱུང་གནས་སྤྱོད་པ་དང༌། །འགྲོ་ཀུན་ཡེ་ཤེས་འཁོར་ལོ་སྤྱོད་ ཞུགས་པ། །ལུས་ཀྱི་ལས་ལ་ཆགས་མེད་ཅིང༌། །ངག་ལ་ཆགས་མེད་སྒྲ་དབྱངས་ཐམས་ཅད་རྣམ་དག་ལ། །སེམས་སྤྱོད་ཆགས་པ་མེད་པ་ཡིས། །དུས་གསུམ་མ་ལུས་ རྒྱས་པར་ཁྱབ་པར་བྱེད། །འདྲི་འདྲ་ཀུན་ཏུ་བཟང་པོ་ཡི། །སྤྱོད་པའི་མཆོག་ལ་ཕ་རོལ་ཕྱིན་པ་ཐོབ་གྱུར་པ། །བརྗོད་དུ་མེད་པའི་དཀྱིལ་འཁོར་རྣམས། །ཆོས་དབྱིངས་ ཀུན་ཏུ་རབ་ཏུ་རྗོད་པར་བྱེད། །མ་འོངས་དུས་ཀྱི་བསྐལ་པ་དང༌། །འབྱམས་ཀླས་ཞིང་རྣམས་བརྗོད་དུ་མེད་པ་ཐམས་ཅད་ཀྱང༌། །སྐད་ཅིག་སེམས་ཀྱིས་རབ་ཏུ་ཤེས། ། ཆོས་ཉིད་དེ་ལ་རྣམ་པར་རྟོག་པ་མེད། །གང་རྣམས་སྤྱོད་པའི་ས་འདི་ལ། །སྤྱོད་པའི་དམ་པས་རྗེས་སུ་ཞུགས་པར་གྱུར་པ་རྣམས། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ ཀྱི༑ ༑ཡོན་ཏན་སྤྱོད་པ་ཕྱོགས་ཙམ་བཤད་པར་བྱ། །མཐའ་དང་དབུས་མེད་ཡེ་ཤེས་ཅན། །སྟོབས་བཅུ་རྣམས་ཀྱི་སྤྱོད་ཡུལ་མཆོག་ལ་ཞུགས་གྱུར་པ། །ཐམས་ཅད་ ཤེས་བྱེད་མཁས་པའི་རྣམས། །མི་ལྡོག་སྤྱོད་པས་རབ་ཏུ་ཞུགས་གྱུར་ཅིང༌། །འོད་བྱེད་བློ་གྲོས་དམ་པ་དང༌། །ཀུན་ཏུ་བཟང་པོའི་སྨོན་ལམ་མཆོག་ལ་ཞུགས་གྱུར་ པ༑ ༑དཔེ་ཟླ་མེད་པ་དེ་དག་གི །ཡེ་ཤེས་ཚུལ་དང་སྤྱོད་པ་བརྗོད་པར་བྱ། །རྡུལ་ཕྲན་གཅིག་གི་ཆ་ཤས་ལ། །འཇིག་རྟེན་ཁམས་རྣམས་ཇི་སྙེད་དེ་དག་ཤེས་ པ་དང༌། །སྤྱོད་པ་རྒྱ་ཆེ་ཐོས་གྱུར་ན། །འཇིག་རྟེན་དེ་དག་ཐམས་ཅད་མོས་པར་འགྱུར། །རྡུལ་ཕྲན་གཅིག་ལ་ཇི་ལྟ་བ། །དེ་བཞིན་རྡུལ་ཕྲན་ཐམས་ཅད་མ་ལུས་ གཟུང་བྱ་སྟེ། །ཡེ་ཤེས་བཟང་པོ་དེ་དག་ནི། །འཇིག་རྟེན་ཁམས་ལ་འཇུག་པ་བསམ་མི་ཁྱབ། །དེ་དག་དུས་ཀྱི་རྣམ་པ་ལའང༌། །རྡུལ་ཕྲན་གཅིག་གི་ཁྱོན་གྱི་ཆ་ལ་ཡང་དག་ འཇུག །རྡུལ་ཕྲན་གཅིག་ལ་དེ་བཞིན་དུ། །ཞིང་ཡངས་རྣམ་པ་ཐ་དད་ཀུན་ལ་འཇུག །རྡུལ་ཕྲན་ཐམས་ཅད་རེ་རེ་ལ། །ཞིང་རྣམས་བརྗོད་དུ་མེད་པ་མང་པོ་འཛུད་པ་བྱེད། ། རྣམ་པ་ཐ་དད་དུ་མ་དང༌། །གཅིག་དང་ཚད་མེད་དེ་བཞིན་རབ་ཏུ་ཤེས། །ཇི་སྙེད་ཅི་ཡང་མ་ལུས་པའི། །ཆོས་དབྱིངས་གཟུང་བ་ཐམས་ཅད་ཡང་དག་གཟུང་བྱེད་ཅིང༌། ། ༄༅། །མཚན་ཉིད་ཐ་དད་སྣ་ཚོགས་ཏེ། །སེམས་ཅན་གྲངས་ཀྱི་བསྐལ་པ་རྒྱུད་མི་མཉམ། །འཇིག་རྟེན་ཕྲ་བར་འཇུག་པ་ལ། །ཕྲ་ལ་ཤིན་ཏུ་གཞོལ་བས་ཕྲ་བར་འཇུག་ བྱ་སྟེ༑ ༑བརྗོད་དུ་མེད་པ་རབ་བསྟན་པའི། །བསྐལ་པ་ཐམས་ཅད་མ་ལུས་འཛུད་པ་བྱེད། །དེ་དག་རིང་དང་ཐུང་བ་དང༌། །དུས་ཀྱི་སྐད་ཅིག་སེམས་ལ་བསྐལ་པ་མི་མཐུན་ཤེས། །ཤེས་ སྤྱོད་མི་མཉམ་མ་ཡིན་པའི། །ཤེས་པས་དེ་དག་ཐམས་ཅད་ཁོང་དུ་ཆུད། །ཡངས་དང་ཡངས་མིན་མཁས་པས་ན། །འཇིག་རྟེན་ཟབ་མོ་རྣམས་ལ་རབ་ཏུ་འཇུག་པར་བྱེད། །ལུས་ལ་ ཞིང་རྣམས་དེ་ཤེས་ཏེ། །ཞིང་ལའང་དེ་བཞིན་གཅིག་མིན་ལུས་འཛུད་དོ། །ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ། །ཕྱོགས་རྣམས་ཀུན་ལ་འཇུག་ཅིང་སྐད་ཅིག་དུ་མ་དང༌། །འཇིག་རྟེན་ ཁམས་རྣམས་འབྱམས་ཀླས་ལ། །ཚད་མེད་གཟི་བརྗིད་ལྡན་པ་རབ་ཏུ་འཇུག །གང་ཡང་ཞིང་རྣམས་མཐའ་ཡས་ཤིང༌། །དབུས་མེད་གཟུང་བ་བྱས་ཤིང་དུས་ཀྱི་དབྱིངས་སུ་འཛུད། ། ཞིང་གི་རྒྱུད་ལ་མཁས་པའི་རྣམས། །ཤེས་དང་ལྡན་པས་ཡེ་ཤེས་རབ་ཏུ་འབྱུང༌། །བཟང་པོའི་ཡོན་ཏན་ལྡན་པའི་རྣམས། །ཕྱོགས་དང་འཇིག་རྟེན་ཁམས་ཀྱི་རྒྱུད་དུ་གྱུར་པ་དག ། ཇི་སྙེད་ཡོད་པ་དེར་འཇུག་སྟེ། །བརྗོད་དུ་མེད་པ་དེ་དག་རབ་ཏུ་ཤེས། །ཞིང་དང་ཞིང་གིས་རྣམས་ཀྱི། །བརྗོད་དུ་མེད་པའི་ཞིང་རྣམས་ཀུན་ཀྱང་རབ་ཏུ་འཐོབ། །དེ་དག་ཚུལ་ཡང་རབ་ཏུ་ ཤེས༑ ༑ལས་རྣམས་གང་གིས་སྦྱངས་པའང་ཁོང་དུ་ཆུད། །གང་ཡང་ཞིང་རྣམས་དུ་མ་དག །ལས་རྣམས་ཁྲག་ཁྲིག་ཀུན་གྱིས་ཀུན་ནས་ཉོན་མོངས་པར། །འགྲོ་བ་ཀུན་དུ་བསྒྲུབ་ བྱས་པ། །དེ་དག་ཐམས་ཅད་རྒྱུད་ཀྱང་ཅི་འདྲ་ཤེས། །བརྗོད་དུ་མེད་པ་ཡངས་པའི་རྣམས། །ཞིང་གཅིག་བསྟན་པས་དེ་དག་ཡོངས་སུ་ཤེས་པར་གྱུར། །དེ་འདྲའི་ཞིང་ལ་འཇུག་པ་ དང༑ ༑གང་ལ་གྲངས་མེད་དེ་དག་ཀུན་ལ་འཇུག །འཇིག་རྟེན་ཁམས་ནི་གཅིག་ལ་ཡང༌། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཡང་དག་འཛུད་པ་བྱེད། །འཇིག་རྟེན་གཅིག་ཏུ་བསྒོངས་ མི་འགྱུར། །འཇིག་རྟེན་ཁམས་རྣམས་དེ་བཞིན་འདྲེས་མི་འགྱུར། །སྤྱིའུ་ཚུགས་རྣམས་དང་གོང་མའི་རྣམས། །བླ་དང་འོག་གིས་རྣམས་ཡོངས་སུ་གཟུང་བྱ་སྟེ། །འགྲོ་བའི་རྣམ་པར་མིང་ ཐོགས་པ། །འཇིག་རྟེན་ཀུན་ལ་འཇུག་ཅིང་རབ་ཏུ་ཤེས། །སྣྲེལ་ཞིང་རྒྱུ་བའི་རྒྱུད་རྣམས་དང༌། །ཞིང་རྣམས་མཐའ་ཡས་མཐའ་དང་དབུས་ཡོད་མ་ཡིན་པ། །སྣ་ཚོགས་ཡངས་པ་རབ་ཏུ་ཤེས།། རྣམ་པ་གཅིག་ཤེས་རྣམ་པ་ཐ་དད་ཤེས། །ཞིང་གི་གྲངས་རྣམས་རབ་ཏུ་ཤེས། །ཡེ་ཤེས་ཆགས་མེད་མཐའ་ལྡན་ཀུན་གྱི་གྲངས་རྣམས་ཀྱང༌། །བཟང་པོའི་ཐེག་པ་སྤྱོད་པ་ཡིས། །རྒྱལ་སྲས་ ཀུན་དུ་བཟང་རྣམས་རབ་ཏུ་ཤེས། །འཇིག་རྟེན་ཐམས་ཅད་སྤྲུལ་པ་དང༌། །སེམས་ཅན་རྣམ་པར་སྤྲུལ་དང་དེ་བཞིན་ཞིང་སྤྲུལ་དང༌། །ཆོས་རྣམས་སྤྲུལ་པའི་ཚུལ་ཤེས་པ། །སངས་ ༄༅། །རྒྱས་སྤྲུལ་པའི་ཕ་རོལ་ཕྱིན་པ་རྣམས། །འཇིག་རྟེན་ཕྲ་ཞིང་ཟབ་པ་དང༌། །ཡངས་ཤིང་སྣ་ཚོགས་ཡངས་པས་ཆོ་མ་ཆོ་དགུའི་རྣམས། །སྣ་ཚོགས་ཐ་དད་རྣམ་ བསགས་པ། །ལས་ཀྱི་རྣམ་སྨིན་གནས་པའི་འཇིག་རྟེན་རྣམས། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཡིས། །ཆོས་དབྱིངས་འཇུག་པར་བྱ་ལ་ཤིན་ཏུ་བསླབས་པ་ཡི། །རྒྱལ་སྲས་མཐའ་ དང་དབུས་མེད་པ། །ཕྱོགས་བཅུ་ཐམས་ཅད་མ་ལུས་འགེངས་པར་བྱེད། །འཇིག་རྟེན་ཁམས་རྣམས་དེ་དག་གི །མིང་ནི་བསྐལ་པ་སེམས་ཅན་སྙེད་ཀྱིས་མཐར་ཐུག་ཅིང༌། །ཟད་ པར་བརྗོད་པར་མི་ནུས་ཏེ། །མིང་བཤད་གལ་ཏེ་སངས་རྒྱས་གསུང་ན་གསུང༌། །འཇིག་རྟེན་མགོན་པོ་རྣམས་ཀྱི་ཡང༌། །མཚན་རྣམས་མཚན་ཉིད་མི་མཐུན་རྣམ་པ་སྣ་ཚོགས་མཚན། ། བསྐལ་པ་བརྗོད་མེད་ཟད་བྱས་ཀྱང༌། །མཚན་རྣམས་གཅིག་ནས་གཅིག་བརྒྱུད་མཐར་ཐུག་མེད། །འོན་ཀྱང་དམའ་བའི་སེམས་མེད་པར། །མཁས་པ་རྣམས་ནི་དུས་གསུམ་བདེ་གཤེགས་ སངས་རྒྱས་ཕྱིར། །ཆོས་ཀྱི་དབྱིངས་ལ་བྱུང་བ་སྟེ། །སངས་རྒྱས་ཡེ་ཤེས་ས་ལའང་རབ་ཏུ་ཞུགས། །དྲན་པས་ཆགས་མེད་དག་པ་སྟེ། །ཆགས་མེད་ཡིད་དང་ལྡན་ཞིང་བློ་གྲོས་མཐའ་ ཡས་པས། །ཡེ་ཤེས་བློ་གྲོས་མཆོག་ལྡན་པ། །ཆོས་དབྱིངས་བཤད་ལ་ཕ་རོལ་ཕྱིན་པ་ཐོབ། །གང་གིས་འཇིག་རྟེན་ཁམས་ཀྱི་རྣམས། །ཡངས་དང་ཕྲ་བ་རྣམ་པ་སྣ་ཚོགས་ཤེས་གྱུར་ ཅིང༑ ༑དེར་ནི་འདས་པའི་དུས་རྣམས་ལ། །སེམས་གཅིག་བསྐྱེད་པས་རབ་ཏུ་འཇུག་པ་བྱེད། །མི་ཡི་སེང་གེ་དེ་དག་ཏུ། །སངས་རྒྱས་སྤྱོད་པ་སྣ་ཚོགས་རྣམ་པས་ཆགས་མེད་པར། །བྱང་ ཆུབ་མཆོག་ཏུ་སངས་རྒྱས་ཤིང༌། །རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་མཛད། །དེ་བཞིན་མ་འོངས་དུས་རྣམས་ཀྱི། །རྗེས་སུ་གང་བྱོན་དེ་ཡི་བསྐལ་པ་ཅི་འདྲ་དང༌། །དེ་ལ་མི་ཡི་སེང་གེ་ གང༑ ༑སྐྱེ་བར་འགྱུར་བ་དེ་དག་ཀུན་ཀྱང་ཤེས། །སྨོན་ལམ་སྤྱོད་པ་ཅི་འདྲ་དང༌། །སྤྱོད་ཡུལ་གང་རྣམས་བསྒོམ་པ་གང་གིས་གྲུབ་གྱུར་ཅིང༌། །བསྒྲུབ་པའི་རྣམ་པ་ཅི་འདྲ་བས། །བསྐལ་པ་གང་ ལ་བྱང་ཆུབ་འཚང་རྒྱ་དང༌། །དེ་དག་འཁོར་ཀྱང་ཁོང་དུ་ཆུད། །སྐུ་ཚེའི་ཚད་དང་སེམས་ཅན་འདུལ་བ་ཅི་འདྲ་དང༌། །ཆོས་ཀྱི་སྒོ་མོ་གང་ཞིག་གིས། །འགྲོ་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤེས།། དེ་ལྟར་ཀུན་ཏུ་བཟང་པོ་ཡི། །ཡེ་ཤེས་མཆོག་གིས་བསྒྲུབས་པའི་སྤྱོད་པའི་ས་གནས་ཤིང༌། །དེ་དག་ཐམས་ཅད་རབ་ཏུ་ཤེས། །དེ་ནི་འགྲོ་གཙོ་ཀུན་གྱི་འབྱུང་གནས་ཡིན། །དེ་ལྟར་བྱུང་བ་ གཟུང་བྱས་ཤིང༌། །འཇིག་རྟེན་ཁམས་རྣམས་ཐམས་ཅད་འདབ་ཆགས་མ་ལུས་པར། །འཇིག་རྟེན་ཁམས་ལ་རབ་ཏུ་འཇུག །དེ་བཞིན་ཆོས་ཀྱི་དབྱིངས་རྣམས་རབ་ཏུ་ཤེས། །དེས་ ནི་མི་ཡི་གཙོ་བོ་རྣམས། །དགྲ་ལས་རྒྱལ་ཞིང་ཐམས་ཅད་གཟིགས་པ་ཇི་སྙེད་པ། །མི་ཐུབ་རྒོལ་བ་དཔའ་བོའི་རྣམས། །ཆོས་ཀྱི་མངའ་ལ་ཕ་རོལ་ཕྱིན་བརྙེས་པ། །དེ་དག་འཁོར་ཀྱང་ ༄༅། །རབ་ཏུ་ཤེས། །སེམས་ཅན་འདུལ་དང་ཞིང་རྣམས་རྣམ་པར་དག་པ་དང༌། །རྒྱལ་བའི་རྣམ་པར་འཕྲུལ་པའི་རྣམས། །སེམས་པས་བསྐལ་པ་ཡངས་པ་ ཟད་པར་བྱེད། །སྐྱེས་བུའི་མཆོག་རྣམས་འདུལ་མཛད་ཅིང༌། །འཇིག་རྟེན་མཆོག་ཏུ་ཕྱིན་པའི་བྱིན་རླབས་དམ་པ་ལ། །མི་ཟད་མཛོད་ཀྱི་ཤེས་ཡངས་པས། །ཡེ་ཤེས་ཚུལ་ལ་ མཁས་པ་རབ་ཏུ་འཇུག །ཆགས་མེད་མིག་གིས་བལྟ་བ་དང༌། །ཆགས་མེད་རྣ་བ་མངོན་པར་བསྒྲུབ་པ་སྒྲུབ་བྱེད་ཅིང༌། །ཆགས་པ་མེད་པའི་ལུས་ཡངས་དང༌། །ཡངས་པའི་ལྕེས་ ཀྱང་འཇིག་རྟེན་ཚིམ་པར་བྱེད། །དམ་པའི་སེམས་ལ་ཆགས་མེད་དེ། །བསམ་པ་ཀུན་ཏུ་རྣམ་ཡངས་རྣམ་པར་དག་དང་ལྡན། །ཡེ་ཤེས་འབྱུང་གནས་བདག་ཉིད་ཆེ། །དུས་གསུམ་ སེམས་རྣམས་མ་ལུས་དེས་ཁྱབ་བོ། །སྤྲུལ་པའི་ཕ་རོལ་ཕྱིན་ཐོབ་ཅིང༌། །ཞིང་རྣམས་སྤྲུལ་པའི་བསླབ་པར་བྱ་བ་བསླབ་པའི་རྣམས། །སེམས་ཅན་སྤྲུལ་ལ་མཁས་པ་དག ། སྤྲུལ་པ་སྤྲུལ་པས་འཇིག་རྟེན་འདུལ་བ་བྱེད། །འདུ་ཤེས་རྣམ་པ་དུ་མ་སྟེ། །དེས་ནི་འཇིག་རྟེན་སྣ་ཚོགས་མ་ལུས་རྣམ་པར་བྲིས། །དེ་དག་ཐམས་ཅད་རབ་ཏུ་ཤེས། །སངས་ རྒྱས་ཡེ་ཤེས་ཚུལ་ལ་རབ་ཏུ་འཇུག །འཁོར་རྣམས་བརྗོད་དུ་མེད་པ་དག །སངས་རྒྱས་སྐུ་རྣམས་རེ་རེ་དག་ལ་ཡོད་པའི་རྣམས། །ཀུན་ལ་འཇུག་ཅིང་མཐོང་བར་བྱེད། །སེམས་ཅན་ རྣམ་པར་འདུལ་བའི་མཐའ་ཡང་མེད། །ཡེ་ཤེས་ཟབ་མོ་མཐོང་བས་ན། །ཡེ་ཤེས་ཉི་མ་ཤིན་ཏུ་གསལ་བ་ཤར་གྱུར་པའི། །ཕྱིར་མི་ལྡོག་པའི་སྤྱོད་པ་ལ། །འཇིག་རྟེན་འབྱམས་ཀླས་ ཀུན་ཏུ་འཇུག་པར་བྱེད། །ཇི་ལྟའི་ཚུལ་དུ་ཞུགས་གྱུར་ཅིང༌། །འཇིག་རྟེན་འདི་དག་ཐམས་ཅད་རྣམ་པར་བཀོད་འདྲ་བར། །སེམས་ཅན་ཚུལ་བཞིན་རབ་ཏུ་འཕགས། །ཁམས་གསུམ་ ཐམས་ཅད་མིག་ཡོར་ཚུལ་འདྲར་ཤེས། །འོན་ཀྱང་རྟོག་དང་རྣམ་རྟོག་མེད། །འཇིག་རྟེན་མཐའ་དང་དབུས་མེད་ཀུན་ལ་རྟོག་མི་བྱེད། །རྟོག་དང་རྟོག་མེད་མཁས་པ་སྟེ། །རྟོག་པའི་ ཤེས་པས་རྣམ་པར་རྟོག་པ་མེད། །བསྐལ་པ་བརྗོད་དུ་མེད་པ་རྣམས། །སེམས་བསྐྱེད་གཅིག་ལ་ཡང་དག་འདུ་བར་འཛུད་བྱེད་ཅིང༌། །འཇིག་རྟེན་མི་ཁོམ་འདི་མཐོང་ནས། །སྐད་ཅིག་ སེམས་ཀྱིས་ཐམས་ཅད་ཤེས་པར་བྱེད། །བརྗོད་དུ་མེད་པའི་ཞིང་རྣམས་ཀྱང༌། །སེམས་བསྐྱེད་གཅིག་གིས་ཐམས་ཅད་ཡོངས་སུ་འདའ་བར་བྱེད། །བསྐལ་པ་བརྗོད་མེད་ཟད་བྱེད་ ཀྱང༑ ༑སྐྲ་རྩེའི་ཆ་ཤས་གཅིག་ལས་གཡོ་བ་མེད། །བསྐལ་པ་བརྗོད་དུ་མེད་པ་དག །ཉི་མ་གཅིག་དང་ཡུད་ཙམ་གཅིག་ཏུ་འཛུད་བྱེད་ཀྱང༌། །རིང་དང་ཐུང་ལ་གཞོལ་བ་མེད། །སྐད་ ཅིག་གཅིག་ལ་འཇུག་པའི་ཕ་རོལ་ཕྱིན། །སེམས་ཀྱི་རྣམ་པ་འཇིག་རྟེན་ཀུན། །འཇིག་རྟེན་རྣམ་པ་སེམས་ཅན་ཀུན་གྱི་སེམས་ཡིན་ཏེ། །རྣམ་པ་གཉིས་ཀྱི་གྲངས་སུ་ཞུགས། །འོན་ཀྱང་ ༄༅། །དེ་དག་མི་གཉིས་རྟོག་པ་མེད། །སྒྱུ་མའི་རྣམ་པ་འཇིག་རྟེན་ཏེ། །སེམས་ཅན་ཞིང་དང་སངས་རྒྱས་ཆོས་ཀྱང་དེ་བཞིན་ནོ། །འོན་ཀྱང་འཇིག་རྟེན་ མགོན་པོའི་རྣམས། །ཆོས་ཀྱི་དབྱིངས་རྣམས་ཀུན་ལ་གཅིག་ཏུ་སྙོམས། །ལུས་རྣམས་བརྗོད་དུ་མེད་པ་ཡིས། །ཕྱོགས་བཅུ་ཐམས་ཅད་རྒྱས་པར་བཀང་ཞིང་ཡོངས་སུ་སྟོན། ། འོན་ཀྱང་ལུས་ལ་གཞོལ་བ་མེད། །ཆོས་ཉིད་རྟེན་པ་གནས་མེད་རབ་ཏུ་ཤེས། །འོན་ཀྱང་མི་ཡི་སེང་གེ་རྣམས། །གཉིས་ལ་གནས་པའི་ཤེས་པས་བྱུང་བ་མ་ཡིན་ཏེ། །མི་གཉིས་ པ་ལའང་གནས་པ་མེད། །གཉིས་དང་གཉིས་མེད་ཆོས་རྣམས་རབ་ཏུ་ཤེས། །ཇི་ལྟར་སྨིག་རྒྱུ་རབ་རིབ་དང༌། །མིག་ཡོར་སྒྲ་བརྙན་དེ་བཞིན་རྨི་ལམ་འདྲ་བ་དང༌། །རྨི་ལམ་རྣམ་ པ་སྤྲུལ་པ་ལྟར། །འགྲོ་བ་ཐམས་ཅད་མ་ལུས་རབ་ཏུ་ཤེས། །དེ་ལྟར་སྤྱོད་ཡུལ་ཉམས་མེད་པས། །སངས་རྒྱས་ཀུན་གྱི་རིགས་ཀྱི་རྗེས་སུ་འབྱུང་བ་ཡིན། །ཀུན་ཏུ་བཟང་པོའི་ཡེ་ ཤེས་དང༌། །ཆོས་ཀྱི་དབྱིངས་ལ་ཤིན་ཏུ་བདལ་བ་ཡིན། །སྙིང་རྗེ་ཆེན་པོ་མཐའ་ཡས་ཀྱང༌། །སེམས་ཅན་མེད་དང་མཉམ་པར་ཞིང་རྣམས་ཐམས་ཅད་སྒོམ། །སྔོན་ནས་ཉོན་མོངས་ ཉམས་མེད་པའི། །བསམ་པ་དག་པས་འཇིག་རྟེན་ཀུན་ཏུ་འགྲོ། །མི་ཟད་མཁའ་ལྟར་རྣམ་དག་པའི། །རྒྱ་ཆེ་ཤིན་ཏུ་ཡངས་པའི་ས་ལ་རབ་ཏུ་ཞུགས། །གསུང་བའི་སེང་གེ་ ཐམས་ཅད་ཀྱི། །ཚུལ་གྱི་དཀྱིལ་འཁོར་ཐམས་ཅད་རྗེས་སུ་དྲན། །འཇིག་རྟེན་རབ་ཏུ་སྤྲོས་པ་ལ། །སྨོན་ལམ་ཚད་མེད་ཡོངས་སུ་གདབ་པ་བྱས་པས་ན། །དེ་དག་སྤྱོད་པ་ཡོངས་སུ་ དག །འཇིག་རྟེན་ཁམས་རྣམས་ཐམས་ཅད་རྒྱས་པར་ཁྱབ། །སངས་རྒྱས་རྣམས་དང་རྒྱལ་སྲས་དང༌། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཆོས་རྣམས་ཐམས་ཅད་དང༌། །འཇིག་རྟེན་ རྣམས་དང་འཇིག་རྟེན་ཆོས། །ཆགས་མེད་ཐ་དད་མེད་པའི་ཚུལ་དུ་ཤེས། །ཆོས་ཀྱི་སྐུ་ཡི་སྙིང་པོ་ཅན། །དེ་ཡི་ལུས་ལ་འཇིག་རྟེན་ཐམས་ཅད་གཟུད་བྱས་ཤིང༌། །འཇིག་རྟེན་དེ་ཡི་ ལུས་ཡིན་ཡང༌། །འཇིག་རྟེན་ཀུན་གྱིས་དེ་ལ་གོས་པ་མེད། །ཇི་ལྟར་དང་བའི་ཆུ་གསལ་ལ། །གཟུགས་བརྙན་ཡོངས་སུ་སྣང་ཡང་དེར་སོང་འཕོས་པ་མེད། །དེ་བཞིན་འཇིག་རྟེན་ཐམས་ ཅད་ཀྱི། །རྗེས་སུ་ལུས་འགྲོ་དེར་སོང་འཕོས་པ་མེད། །དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱིས། །གོས་པ་མེད་ཅིང་འཇིག་རྟེན་ཡོངས་སུ་དག་པས་ན། །ལུས་ནི་མཁའ་དང་འདྲ་བ་སྟེ། །དེ་ཡི་ ལུས་རྣམས་གང་ཡང་སྐྱེས་པ་མེད། །མི་ཟད་པ་ཡི་ལུས་ཤེས་པས། །དེ་ནི་ནམ་ཡང་སྐྱེས་ཤེས་འགགས་པ་མེད་པ་སྟེ། །རྟག་དང་མི་རྟག་མ་ཡིན་པར། །འཇིག་རྟེན་ཀུན་ལའང་རྣམ་ པར་དམིགས་པ་བྱེད། །ལྟ་བའི་རྣམ་པ་རབ་ཏུ་འགགས། །བརྟན་པ་དེ་དག་ཡང་དག་ལྟ་བ་སྟོན་པ་བྱེད། །བདག་གི་མེད་ཅིང་གནས་པ་མེད། །ལེན་པ་མེད་ཅིང་ཆོས་ཀྱི་དབྱིངས་དང་ ༄༅། །མཉམ། །ཇི་ལྟར་སྒྱུ་མཁན་མཁས་པ་ཞིག །སྣ་ཚོགས་མཚན་ཉིད་རྣམ་པ་ཐ་དད་གཟུགས་འཕྲུལ་བྱེད། །འོན་ཀྱང་དེ་ལ་འགྲོ་བ་མེད། །གང་དུ་འགྲོ་ བ་དེ་བཞིན་མི་དམིགས་སོ། །སྒྱུ་མ་ཚད་མེད་མ་ཡིན་ཏེ། །སྒྱུ་མ་ཚད་ཀྱིས་དམིགས་པར་བྱ་བའང་མ་ཡིན་ནོ། །ཚད་མེད་ཚད་དང་ལྡན་པ་ཡང༌། །ཚོགས་ཀྱི་དབུས་སུ་སྟོན་ པ་རབ་ཏུ་བྱེད། །དེ་བཞིན་རྟོགས་པའི་བློ་ལྡན་པ། །སངས་རྒྱས་ཀུན་གྱི་དགེ་བའི་རྩ་བ་རྣམས་ལས་བྱུང༌། །སེམས་ནི་ཚད་ཡོད་མ་ཡིན་ཏེ། །ཚད་མེད་པ་ལ་གནས་པའང་དེ་དག་ མིན༑ ༑འདུ་ཤེས་རྣམ་པ་གཅིག་མིན་ཏེ། །དེ་དག་ཚད་མེད་པ་དང་ཚད་དང་ལྡན་པ་སྟོན། །ལམ་གྱི་རྒྱུད་དང་འབྲེལ་བ་མེད། །ཚད་མེད་རྣམས་གནས་པའང་དེ་བཞིན་མེད། ། སངས་རྒྱས་ཆོས་རྣམས་ཟབ་པ་སྟེ། །ཤིན་ཏུ་ཡངས་པས་ཟབ་ཅིང་ཞི་བས་དེ་བཞིན་ཟབ། །ཟབ་མོ་སྣ་ཚོགས་རྒྱུད་རྣམས་དང༌། །མཐའ་ཡས་ཟབ་པ་རྣམས་ཀྱང་རབ་ཏུ་ཤེས། །ཡེ་ཤེས་ བཟང་པོ་རྨོངས་པ་མེད། །རྒྱུད་ལ་དྲི་མ་མེད་པས་བསམ་པ་རྣམ་པར་དག །བྱིན་གྱིས་རློབ་ལ་མཁས་པས་ན། །སྲོག་ཆགས་བྱེ་བ་ཤིན་ཏུ་དག་པར་བྱེད། །དགེ་བར་བྱེད་པའི་ དཀྱིལ་འཁོར་རྣམས། །རབ་ཏུ་བརྗོད་ཅིང་དགེ་དང་མི་དགེ་རྣམ་པར་སྟོན། །གནས་ལ་མངོན་པར་མ་ཆགས་པས། །ཆོས་ཀྱི་དབྱིངས་རྣམས་ཀུན་ཏུ་རབ་ཏུ་རྒྱུ། །སེམས་ཅན་ མེད་མཐར་ཕྱིན་གྱུར་ཀྱང༌། །འཇིག་རྟེན་ཐམས་ཅད་མ་ལུས་དེ་དག་ཁོང་དུ་ཆུད། །འཇིག་རྟེན་ཐམས་ཅད་མ་ལུས་པར། །རྣམ་པར་སངས་རྒྱས་མྱ་ངན་གར་མི་འདའ། །ཆོས་རྣམས་ བགྲང་བའི་ཚུལ་ལ་མཁས། །སེམས་ཅན་བགྲང་ཚུལ་ཤེས་ཀྱང་གྲངས་ལ་སྐྱེས་པ་མེད། །ཆོས་ཀྱི་སྤྲིན་ཆེན་ཆར་འབེབས་ཤིང༌། །འཇིག་རྟེན་ཁམས་རྣམས་ཐམས་ཅད་སྣང་བར་ བྱེད༑ ༑སངས་རྒྱས་བྱང་ཆུབ་མ་ལུས་ལ། །སེམས་བསྐྱེད་གཅིག་གིས་དེ་དག་རབ་ཏུ་འཇུག །དེ་དག་ཕྱིར་ལྡོག་མེད་པ་སྟེ། །སེམས་ཅན་ཀུན་གྱི་ཁམས་ལས་ཕྱིར་མི་ལྡོག ། སངས་རྒྱས་སྐུ་ནི་ཐོབ་གྱུར་ཀྱང༌། །ཆོས་རྣམས་འདི་དག་ལུས་ཡོད་མ་ཡིན་རབ་ཏུ་ཤེས། །ལུས་རྣམས་ཀུན་གྱི་ཚུལ་ལ་མཁས། །ལུས་ཀྱི་རྣམ་ཕྱེ་འཇིག་རྟེན་རབ་ཏུ་ཤེས། །སེམས་ཅན་ཀུན་ ཏུ་རྒྱུ་བ་དང༌། །བསྐལ་པ་རྣམས་དང་ཞིང་ལ་ཕ་རོལ་ཕྱིན་པ་ཐོབ། །ཕྱོགས་རྣམས་རྒྱ་མཚོ་གངས་ཆེན་མཚོར། །ཡེ་ཤེས་རྒྱ་མཚོའི་ཚུལ་ལ་མཁས་པས་ཞུགས། །ལུས་རྣམས་ཐམས་ ཅད་རེ་རེ་ལས། །སེམས་ཅན་ཀུན་གྱི་ལུས་རྣམས་སྣ་ཚོགས་ཇི་སྙེད་དང༌། །སངས་རྒྱས་སྐུ་ནི་མཐའ་ཡས་པ། །ཡེ་ཤེས་ཤིན་ཏུ་ཡངས་པ་དེ་སྟོན་ཏོ། །སྐད་ཅིག་གཅིག་གི་དུས་ཚུལ་ ལ༑ ༑མི་ཡི་གཙོ་བོ་མང་པོ་འབྱུང་བ་རབ་ཏུ་ཤེས། །བསྐལ་པ་མང་པོ་བརྗོད་མེད་དུ། །མི་ཡི་སེང་གེ་བགྲང་བས་ཟད་མི་འགྱུར། །དེ་དག་མྱ་ངན་འདའ་བ་ཡང༌། །སྐད་ཅིག་གཅིག་ ༄༅། །ལ་ཚད་མེད་ཤིན་ཏུ་ཡངས་པ་འབྱུང༌། །རིང་བསྲེལ་རྣམ་དབྱེ་མང་པོ་ཡང༌། །ཡེ་ཤེས་དྲི་མེད་ཕྲ་བས་སྟོན་པ་བྱེད། །དེ་བཞིན་མ་འོངས་དུས་ཀྱི་ཡང༌། །མི་ཡི་ སེང་གེ་མཐའ་ཡས་སྨོན་ལམ་འདེབས་པའི་རྣམས། །བྱང་ཆུབ་དྲི་མེད་སེམས་བསྐྱེད་པ། །ཡེ་ཤེས་ཡངས་ཤིང་ཤིན་ཏུ་ཕྲ་བས་ཤེས། །བཟང་པོ་སྤྱོད་ལ་གནས་བཅས་ཤིང༌། །དེ་ བཞིན་དུ་གསུམ་གཤེགས་པའི་སེམས་ཅན་གཙོ་བོ་རྣམས། །ཇི་སྙེད་སྐྱེས་པར་གྱུར་པ་དག །དེ་དག་ཐམས་ཅད་མ་ལུས་རབ་ཏུ་ཤེས། །དེ་ལྟར་རབ་ཏུ་ཤེས་པས་ན། །མཐའ་ དང་དབུས་མེད་སྤྱོད་པའི་ས་དང་དེ་བཞིན་དུ། །ཡེ་ཤེས་འབྱུང་གནས་བློ་གྲོས་ལ། །ཡེ་ཤེས་འཁོར་ལོའི་སྤྱོད་པས་ཕྱིར་མི་ལྡོག །ཡེ་ཤེས་ཕྲ་མོ་ར་བ་ཡངས་པ། །སྟོབས་བཅུ་རྣམས་ ཀྱི་སྤྱོད་ཡུལ་མཆོག་ལ་དེ་དག་ཞུགས། །བཟང་པོ་རྟོགས་པའི་བློ་ཅན་རྣམས། །ཕྱིར་མི་ལྡོག་ལ་འཇུག་པ་བརྗོད་བྱ་ན། །སངས་རྒྱས་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་གཞོལ་ བར་བྱ་ལ་དེ་དག་ཞུགས་པས་ན། །སྤྱོད་ལས་ཕྱིར་ལྡོག་མེད་པ་སྟེ། །བྱང་ཆུབ་དམ་པ་ཞི་བར་འཚང་ཡང་རྒྱ། །དེ་འདྲའི་སེམས་རྒྱུད་གཅིག་ལ་ཡང༌། །མཐའ་དང་དབུས་མེད་ སེམས་རྣམས་ཡང་དག་འཛུད་པ་བྱེད། །ཤིན་ཏུ་ཡངས་པའི་ཚད་མེད་ལས། །འདུ་ཤེས་དེ་དང་དེ་ལ་ཡང་དག་བསྒྲུབས། །ཉོན་མོངས་མེད་དང་ཉོན་མོངས་དང༌། །སློབ་ དང་མི་སློབ་སེམས་ཀྱང་དེ་བཞིན་རབ་ཏུ་ཤེས། །སེམས་རྒྱུད་དེ་དག་རེ་རེ་ལ། །སེམས་རྣམས་བརྗོད་དུ་མེད་པ་མངོན་འཚང་རྒྱ། །གཅིག་དང་གཉིས་སུ་ཤེས་པ་མེད། །དེ་དག་ ཡོངས་སུ་འདྲེས་པར་འགྱུར་བའང་མེད་པ་སྟེ། །སོ་སོའི་འདུ་ཤེས་རྣམ་པ་ལ། །སེམས་ཅན་དེ་དག་སྐྱེས་པར་གྱུར་པ་ཡིན། །འདི་ན་འདུག་པར་མཐོང་གྱུར་ཀྱང༌། །སེམས་ཅན་ བརྗོད་མེད་གཞན་དང་གཞན་སེམས་ལྡན་པའི་རྣམས། །གཞན་གྱི་ཞིང་ཕྱིར་འདུ་ཤེས་ཀྱང༌། །འཇིག་རྟེན་སྣ་ཚོགས་རྣམས་ལ་རབ་ཏུ་སྐྱེ། །འདི་འདྲའི་ཚུལ་ལ་འཇུག་པ་ལ། །སྤྱོད་ པའི་མཆོག་གིས་རྗེས་སུ་ཞུགས་པར་གྱུར་པ་རྣམས། །ཀུན་ཏུ་བཟང་པོའི་མིང་ཐོབ་སྟེ། །འཇིག་རྟེན་མགོན་པོ་ཀུན་གྱི་རྗེས་སུ་སྐྱེས། །སེམས་ཅན་བྱེ་བ་ལ་ལ་ནི། །ངན་སོང་འགྲངས་ པའི་མིང་ཐོགས་མཐོ་རིས་འདུ་ཤེས་འགྱུར། །ལ་ལ་མཐོ་རིས་ས་རྣམས་ཀྱི། །རྣམ་པ་ཀུན་ལ་ངན་སོང་འདུ་ཤེས་འགྱུར། །འཇིག་རྟེན་མི་མཚུངས་སྐལ་ལ་ལྟོས། །རྣམ་པ་ཐ་དད་ ལས་ཀྱི་ས་ལས་རབ་ཏུ་སྐྱེས། །འདུ་ཤེས་རྣམ་པ་མཐའ་ཡས་ཏེ། །གཅིག་མིན་ཡངས་ལ་འཇིག་རྟེན་རབ་ཏུ་འཇུག །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །འདུ་ཤེས་དྲ་བ་ སྐལ་བ་མི་མཉམ་རབ་ཏུ་ཤེས། །མིག་འཕྲུལ་སྒྱུ་མའི་ཚུལ་གྱིས་ན། །སྐད་ཅིག་གཅིག་གིས་སེམས་ཀྱིས་རབ་ཏུ་གཞོལ། །དེ་བཞིན་དབང་པོ་རྣམས་ལ་སྟེ། །མིག་གི་སྐྱེ་མཆེད་ ༄༅། །རྣ་བ་སྣ་ཡི་སྐྱེ་མཆེད་དང༌། །ལྕེ་དང་ལུས་དང་ཡིད་ལ་ཡང༌། །འཇིག་རྟེན་རྣམ་པ་ཐ་དད་འདུ་ཤེས་འཇུག །མིག་རྣམས་རེ་རེའི་ཡུལ་ལ་ཡང༌། །མཐའ་དང་ དབུས་མེད་མིག་རྣམས་རབ་ཏུ་འཛུད་པ་བྱེད། །རྣམ་པ་ཐ་དད་དུ་མ་སྟེ། །ཚད་མེད་ཀུན་ལའང་ཞེན་པར་འགྱུར་བ་མེད། །འོན་ཀྱང་ཕན་ཚུན་གཅིག་གིས་གཅིག །བདེ་ཞིང་གནོད་ པར་འགྱུར་བ་དེ་དག་ཀུན་ན་མེད། །བདག་བདག་སོ་སོའི་ལས་ཀྱི་རྣམས། །ཇི་ལྟར་བསགས་པའི་ཚུལ་བཞིན་ཉམས་སུ་མྱོང༌། །བཟང་ཞེས་བྱ་བ་དེ་དག་ཀུན། །ཚད་མེད་སྟོབས་དང་ ཡེ་ཤེས་ས་ཡི་ཤེས་རབ་ཀྱི། །འབྱམས་ཀླས་མིག་རྣམས་ཐམས་ཅད་ལ། །རབ་ཏུ་ཞུགས་པས་ཤིན་ཏུ་རྟོགས་པ་ཡིན། །དེ་བཞིན་འཇིག་རྟེན་ཐམས་ཅད་ཀྱང༌། །ཐམས་ཅད་མ་ལུས་ རྣམ་པ་ཐམས་ཅད་འཇིག་ཚུལ་དུ། །ཐམས་ཅད་ཤིན་ཏུ་ཤེས་གྱུར་ཀྱང༌། །རྒྱ་ཆེན་སྤྱོད་པས་མྱ་ངན་མི་འདའོ། །སངས་རྒྱས་ཤིན་ཏུ་བསྟན་པ་དང༌། །སེམས་ཅན་བསྟན་དང་དེ་བཞིན་ ཞིང་རྣམས་བསྟན་པ་དང༌། །དུས་རྣམས་ཤིན་ཏུ་བསྟན་པ་དང༌། །བསྟན་པ་སྣ་ཚོགས་རྣམ་པ་ཀུན་ཀྱང་ཤེས། །ལ་ལ་འདི་ལ་འདས་གྱུར་ཀྱང༌། །གཞན་དང་གཞན་རྣམས་མ་ འོངས་དུས་ལ་གནས་པ་ཡིན། །འོན་ཀྱང་མ་འོངས་དུས་ཀྱི་རྣམས། །ལ་ལས་ད་ལྟར་བྱུང་བར་རབ་ཏུ་ཤེས། །དེ་འདྲའི་ཚུལ་ཅན་གཅིག་མིན་པའི། །འཇིག་རྟེན་མཚན་ཉིད་ཐ་ དད་ཐམས་ཅད་རབ་ཏུ་ཤེས། །ཐམས་ཅད་མཁྱེན་པ་ཉིད་ཚུལ་གྱིས། །སངས་རྒྱས་ཡེ་ཤེས་ཀུན་ཏུ་མཐའ་ཡང་ཡས། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ ཞེས་བྱ་བ་ལས། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་སྟེ། བཞི་བཅུ་གཉིས་པའོ།། །།བམ་པོ་བདུན་ཅུ་ཐམ་པ། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོས་ རྣམ་པར་སངས་རྒྱས་པའི་ཐུགས་མངའ་བ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་སྐུ་གཅིག་པས་མཉམ་པ་ཉིད་བརྙེས་པ། སངས་རྒྱས་ ཐམས་ཅད་ཀྱི་སྤྱོད་པ་མཉམ་པ་ཉིད་དང་ལྡན་པ། ཆགས་པ་མེད་པའི་སྤྱོད་ཡུལ་མངོན་པར་མཁྱེན་པ་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་མངའ་བ། མཚན་ཉིད་ཡོང་ནས་མེད་པའི་ ཆོས་ལ་རྟེན་པ་ཆོས་ཀྱི་དབྱིངས་མི་གཉིས་པའི་སྤྱོད་ཡུལ་གྱིས་ཡང་དག་པར་སྤྱོད་པ་མཐའ་དང་དབུས་མེད་ཅིང་མཚུངས་པའི་མངོན་པར་འཚང་རྒྱ་བ་བརྙེས་པ། རྣམ་པར་ཐར་པ་ བསྒྲིབས་པ་མེད་པའི་སྤྱོད་ཡུལ་ལ་ཤིན་ཏུ་དགྱེས་པ། ཆོས་ཀྱི་སྐུ་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པ་མངའ་བ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་ཕོ་བྲང་ཁང་པ་ བརྩེགས་པའི་གཞལ་མེད་ཁང་དེ་བཞིན་གཤེགས་པ་བཞུགས་པ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཅན་འོད་ཀུན་ནས་འབྱུང་བ། རྒྱན་ཆེན་པོ་དང་ལྡན་པ་འོད་དང་ཞིང་གསལ་བ་རྣམ་ ༄༅། །པར་སྣང་བའི་སྙིང་པོ་ཅན། སངས་རྒྱས་སྐྱེ་བ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་གནས། བྱང་ཆུབ་སེམས་དཔའི་ལུས་ལས་བྱུང་བ། གཞི་འོད་ ཟེར་གྱིས་རྣམ་པར་བརྒྱན་པ། བྱང་ཆུབ་སེམས་དཔའི་ལུས་རང་བཞིན་དུ་གནས་པས་རབ་ཏུ་བསྒྲུབས་པའི་ཆོས་ཆེན་པོའི་གཞིར་གྱུར་པ། ཆོས་ཀྱི་དབྱིངས་ཀུན་ཏུ་རྒྱས་པ། དེ་ བཞིན་གཤེགས་པའི་འོད་དང་ལྡན་པ། ནམ་མཁའི་དབྱིངས་ཀྱི་མཐས་བཏུགས་པ། ཡེ་ཤེས་ཀྱི་ཡུལ་ཡང་དག་པའི་མཐའ་སྤྱོད་ཡུལ་ཆགས་པ་མེད་པས་རྣམ་པར་གསལ་ བ་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་བཟང་པོའི་པདྨོ་ཆེན་པོ་རང་རང་གི་སྨོན་ལམ་གྱི་བྱུང་བའི་དབུས་ཀྱི་སྙིང་པོ་ལ་འཁོད་པ་ཀུན་ཀྱང་ཚེ་གཅིག་གིས་ ཐོགས་པ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་ཕྱིན་པ། ཡེ་ཤེས་ཆེན་པོ་རྣམ་པར་ཕྱེ་བའི་སྤྱོད་ཡུལ་ལ་གཞོལ་བ། ཆོས་ཀྱི་དབྱིངས་ཐ་མི་དད་པའི་གཞི་མཉམ་པ་ཉིད་ ལ་ཞུགས་པ། ནམ་མཁའི་དབྱིངས་གཞི་མེད་ཅིང་མཐའ་དང་དབུས་མེད་པ་ལ་རྣམ་པར་སྤྱོད་པ། ཆོས་ཐམས་ཅད་འབྱུང་བ་མེད་ཅིང་མངོན་པར་གྲུབ་པ་མེད་པ་མངོན་དུ་བྱས་པ། བྱང་ ཆུབ་སེམས་དཔའི་ལུས་ལས་མ་གཡོས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་ཐོབ་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀུན་གྱིས་བརྗོད་པ། དེ་བཞིན་གཤེགས་ པའི་ཡེ་ཤེས་ལས་མངོན་དུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་སུམ་དུ་གྱུར་པའི་ཡེ་ཤེས་སྣང་བ་ཐོབ་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྒྱུན་མ་ཆད་པ། ཡེ་ཤེས་ཀྱི་རང་བཞིན་ ཆོས་ཀྱི་ལུས་གཅིག་ཅིང་ཐ་མི་དད་པས། གཟུགས་ཀྱི་ལུས་མཐའ་ཡས་པའི་སྒོ་ཀུན་ཏུ་སྟོན་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་འཇུག་པ་ཤིན་ཏུ་ཤེས་པ་སེམས་ཅན་གྱི་ ཁམས་སུ་རྣམ་པར་སྤྱད་པ་ལས་ཕྱིར་མི་ལྡོག་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པ་ཉིད་ཐོབ་པས་སྤྲུལ་པ་མངོན་པར་སྒྲུབ་པ་དེ་བཞིན་ གཤེགས་པ་རྣམ་པར་སྣང་མཛད་དང༌། སྔོན་ལྷན་ཅིག་ཏུ་སྐྱེས་ཤིང་དགེ་བའི་རྩ་བ་བསགས་པ་ཤ་སྟག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང༌། ཀུན་ཏུ་གྲགས་པའི་དབང་ཕྱུག་རྒྱལ་པོ་དང༌། དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་དང༌། རྡོ་རྗེ་དཔལ་གྱི་རྒྱལ་མཚན་དང༌། རྣམ་པར་གྲོལ་བ་བསྒྲིབས་པ་མེད་པའི་ཟླ་བ་ དང༑ ཉི་མའི་འོད་ཟེར་དྲི་མ་མེད་པའི་སྙིང་པོ་དང༌། མངོན་པར་ཤེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་བློ་དང༌། འོད་དྲི་མ་མེད་པའི་དཔལ་གྱི་གཟི་བརྗིད་འོད་ཟེར་གྱི་རྒྱལ་པོ་དང༌། བློ་གྲོས་རྒྱ་མཚོའི་མཆོག་འཛིན་ཅིང་བློ་ལ་རྣམ་པར་རྩེ་བ་གསལ་བས་མངོན་པར་ཤེས་པའི་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་བཅུ་མི་འཇིགས་པའི་ ༄༅། །སེང་གེའི་ང་རོ་ཆེན་པོས་རྣམ་པར་རྩེ་བས་མངོན་པར་ཤེས་པ་དང༌། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་དེ་བཞིན་ གཤེགས་པ་འབྱུང་བ་ཞེས་བྱ་བའི་འོད་ཟེར། འོད་ཟེར་གྱི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོའི་འོད་ཟེར་དང་ལྡན་པ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་ འབྱམས་ཀླས་པ་ཐམས་ཅད་མ་ལུས་པར་སྣང་བར་བྱས། འཇིག་རྟེན་གཡས་ཕྱོགས་སུ་ལན་བཅུར་བསྐོར་ཏེ། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་བསྟན་ནས། བྱང་ ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྐུལ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་རབ་ཏུ་བསྐྱོད་ནས། ངན་སོང་གི་རྒྱུད་ཐམས་ཅད་ཀྱི་སྐྱེ་ བ་དང༌། ཤི་འཕོ་རབ་ཏུ་ཞི་བར་བྱས་ཏེ། བདུད་ཀྱི་ཁྱིམ་ཐམས་ཅད་ཟིལ་གྱིས་མནན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བས་རྣམ་པར་སངས་རྒྱས་ བའི་གདན་བསྟན་པར་བྱ་སྟེ། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པར་བཀོད་པ་འབྱམས་ཀླས་པ་རབ་ཏུ་བསྟན་ནས། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་ པ༑ ནམ་མཁའི་མཐས་གཏུགས་པ་འབྱམས་ཀླས་པ་ཐམས་ཅད་མ་ལུས་པར་རྒྱས་པར་ཁྱབ་པར་བྱས་ནས་ཕྱིར་འོངས་ཏེ། བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་ཐམས་ ཅད་ལ་གཡས་ཕྱོགས་ནས་བསྐོར་ནས། དེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའ་[*BA'I?] དཔལ་གྱི་སྤྱི་བོར་ནུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ དེ་དག་ཐམས་ཅད་ངོ་མཚར་ཆེར་འཛིན་ཅིང་དགའ་བ་ཐོབ་པར་འགྱུར་ཏེ། འོད་ཟེར་གྱི་དྲ་བ་སྣང་བ་འདི་ལྟ་བུ་བྱུང་བས་ན། ཆོས་ཆེན་པོ་བརྗོད་པར་ནི་འགྱུར་དུ་ངེས་སོ་སྙམ་ནས་རྟོགས་ པའི་བློ་ཡང་ཐོབ་པར་གྱུར་ཏོ། །འོད་ཟེར་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱི་ལུས་ལ་ཕོག་པར་གྱུར་མ་ཐག་ཏུ། དེ་ནས་དེའི་ཚེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་པདྨོའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པདྨོའི་སྙིང་པོ་ དེ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པའི་འདུ་ཤེས་དང་ལྡན་པའི་ཡིད་ལ་བྱེད་པས། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་དེ་གསོལ་པ། རྣམ་དག་བློ་མངའ་ཡོན་ཏན་མཁྱེན་པས་འཕགས་པ། །སྤྱོད་ཡུལ་ཆགས་པ་མེད་པའི་ཕ་རོལ་ཕྱིན་བརྙེས། །དུས་གསུམ་ ༄༅། །མཉམ་པའི་ཆོས་ཉིད་མཉམ་པ་སྟོན་པ། །ཁྱོད་ལ་བདག་ནི་བསྟི་སྟང་རིམ་གྲོ་བགྱིད་དོ། །མཚན་ཉིད་མེད་པའི་སྤྱོད་ཡུལ་ཕ་རོལ་ཕྱིན་བརྙེས། །མཚན་ གྱིས་ཤིན་ཏུ་བརྒྱན་པའི་སྐུ་ཡང་སྟོན་མཛད། །དྲི་མེད་འོད་ཅན་འོད་ཟེར་སྟོང་དང་ལྡན་འགྱེད། །བདུད་ཀྱི་སྡེ་རྣམས་མ་ལུས་རབ་ཏུ་འཇོམས་མཛད། །ཕྱོགས་བཅུ་ཀུན་ན་གང་ རྣམས་ཇི་སྙེད་མཆིས་པའི། །ཞིང་རྣམས་ཐམས་ཅད་མ་ལུས་རབ་ཏུ་བསྐྱོད་ཀྱང༌། །ཐུགས་རྗེ་ལྡན་པས་སུ་ལའང་འཇིགས་པར་མི་མཛད། །ཁྱོད་ཀྱི་རྫུ་འཕྲུལ་མཐུ་ནི་དེ་འདྲ་དེ་ཚུལ། ནམ་མཁའི་དབྱིངས་ལ་མཉམ་པ་ཉིད་དུ་རབ་ཞུགས། །དེ་བཞིན་ཆོས་དབྱིངས་མཉམ་པ་ཉིད་ཀྱང་བརྙེས་གྱུར། །སེམས་ཅན་སྟོང་ཕྲག་བྱེ་བ་གྲོལ་བར་མཛད་ཅིང༌། །སེམས་ཅན་ཀུན་ གྱི་སྡིག་ཆེན་རབ་ཏུ་ཞི་མཛད། །བསྐལ་པ་སྟོང་དུ་བརྟུལ་ཞུགས་དམ་པོ་སྤྱོད་དེ། །བྱང་ཆུབ་མཆོག་གི་ལམ་ནི་ཡང་དག་བསྒྲུབས་ནས། །ཆགས་པ་མེད་པའི་ཡེ་ཤེས་སྤྱོད་ཡུལ་འདི་ བརྙེས༑ ༑སངས་རྒྱས་ཀུན་དང་རང་བཞིན་གཅིག་ཏུ་རབ་འགྱུར། །རྣམ་པར་འདྲེན་པ་ཁྱོད་ཀྱིས་འདི་ནས་འོད་བཀྱེ། །འཇིག་རྟེན་ཐམས་ཅད་མ་ལུས་ཀུན་ཏུ་བསྐྱོད་ནས། །ཆོ་འཕྲུལ་ མཐའ་ཡས་ཡང་དག་བསྟན་པ་བགྱི་སྟེ། །བདག་གི་ལུས་འདིར་དེ་དག་མ་ལུས་ཞུགས་གྱུར། །དེ་ལ་བདག་གི་བློ་གྲོས་འདི་ལྟར་སྐྱེས་ཏེ། །ཆོས་རྗེ་ཁྱོད་ལ་བདག་གིས་ཞུ་བའི་ དུས་བབ། །ཤིན་ཏུ་ངེས་པའི་ཆོས་ལ་རབ་ཏུ་བསླབས་པའི། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདུས་པར་གྱུར་སྙམ། །ཚོགས་འདི་དག་པ་འདུས་པས་རྣམ་པར་དག་པ། །འཇིག་ རྟེན་སློབ་དཔོན་མགོན་པོས་རབ་ཏུ་བསྔགས་པ། །ཡེ་ཤེས་མཐའ་ཡས་ལྡན་པ་ཡུལ་ལ་ཆགས་མེད། །དེ་འདྲའི་མཐུ་ཆེན་དཔའ་བོ་འདི་དག་འདིར་ཕྱིན། །དེ་དོན་འཇིག་རྟེན་སློབ་དཔོན་ དྲང་སྲོང་ཆེན་པོ། །ཡེ་ཤེས་སྟོབས་དང་བརྩོན་འགྲུས་མཐའ་ཡས་བྱུང་གྱུར། །བྱང་ཆུབ་སེམས་དཔའ་འདི་དག་སྣང་བར་མཛད་གསོལ། །ཆོས་རབ་བདག་གིས་གང་ཞུས་དེ་ཡང་བཤད་ གསོལ། །དྲང་སྲོང་ཆེན་པོའི་སྤྱོད་ཡུལ་འདི་དག་བསྟན་ཅིང༌། །ཡང་དག་མ་ནོར་བརྗོད་པར་ནུས་པ་གང་ལགས། །སྐྱེས་བུ་ཁྱུ་མཆོག་རྣམས་ཀྱི་སྲས་ནི་གང་ལགས། །འཇིག་རྟེན་མགོན་ གྱི་གཙོ་བོ་ཁྱོད་ཀྱིས་བཤད་གསོལ། །ཚིགས་སུ་བཤད་པ་དེ་དག་གསོལ་མ་ཐག་ཏུ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། མི་བསྙེངས་པའི་མཐར་ཕྱིན་པ་ཞེས་བྱ་བའི་འོད་ཟེར་ འཁོར་གྱི་འོད་ཟེར་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དང་ལྡན་པ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་མ་ལུས་པར་སྣང་བར་བྱས་ནས། འཇིག་རྟེན་གཡས་ ཕྱོགས་སུ་ལན་བཅུར་བསྐོར་ཏེ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བསྟན་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྐུལ་བ་བྱས་ཏེ། འཇིག་རྟེན་གྱི་ ༄༅། །ཁམས་འབྱམས་ཀླས་པ་ཐམས་ཅད་རབ་ཏུ་བསྐྱོད་ནས། ངན་སོང་གི་རྒྱུད་ཐམས་ཅད་ཀྱི་སྐྱེ་བ་དང༌། ཤི་འཕོ་བ་རབ་ཏུ་ཞི་བར་བྱས་ཏེ། བདུད་ཀྱི་ ཁྱིམ་ཐམས་ཅད་ཟིལ་གྱིས་མནན་ནས། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བས་རྣམ་པར་སངས་རྒྱས་པའི་གདན་བསྟན་པ་བྱས་ཏེ། སངས་རྒྱས་ཀྱི་འཁོར་ གྱི་དཀྱིལ་འཁོར་རྣམ་པར་བཀོད་པ་འབྱམས་ཀླས་པ་རབ་ཏུ་བསྟན་ནས། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པར་འབྱམས་ཀླས་པ་ ཐམས་ཅད་མ་ལུས་པར་རྒྱས་པར་ཁྱབ་པར་བྱས་ནས་ཕྱིར་འོངས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་གཡས་ཕྱོགས་ནས་བསྐོར་ནས། བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོའི་ཁའི་སྒོར་ནུབ་བོ། །དེ་བཞིན་གཤེགས་པའི་འོད་ཟེར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་རེག་པར་གྱུར་མ་ཐག་ཏུ། དེ་ ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ལུས་ཀྱི་སེང་གེའི་ཁྲི་སྔོན་ཅི་འདྲ་བ་དེ་ལས། བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་ཁྲི་བརྒྱ་ཕྲག་སྟོང་འགྱུར་ དུ་བཟང་ཞིང་ཁྱད་པར་དུ་འཕགས་པར་འདུག་སྟེ། དེ་བཞིན་གཤེགས་པའི་སེང་གེའི་གདན་མ་གཏོགས་པར་བྱང་ཆུབ་སེམས་དཔའ་གཞན་གྱི་ལུས་ཀྱི་སེང་གེའི་ཁྲི་ལས། བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་སེང་གེའི་ཁྲི་བརྒྱ་ཕྲག་སྟོང་འགྱུར་དུ་བཟང་ཞིང་ཁྱད་པར་དུ་འཕགས་པར་སྣང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཆོ་ འཕྲུལ་ཆེན་པོ། འཇིག་རྟེན་ཐམས་ཅད་ཀྱིས་ཁོང་དུ་ཆུད་པར་དཀའ་བ། བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་བར་འགྱུར་བ། བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་བསྟན་ན། ཀྱེ་རྒྱལ་ བའི་སྲས། དེ་གང་གི་སྔོན་གྱི་མཚན་མར་འགྱུར། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་ནི་བདག་འདི་སྙམ་དུ་སེམས་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཀྱི་ཆོ་འཕྲུལ་ཆེན་པོ་འདི་འདྲ་བ་དག་ཀྱང་མཐོང་སྟེ། དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་འབྱུང་བ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་དགོངས་པ་དང༌། ཆོ་ འཕྲུལ་ཆེན་པོའི་རྣམ་པ་འདི་ལྟ་བུ་དག་སྟོན་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། དེ་བཞིན་གཤེགས་ ༄༅། །བ་སྐྱེ་བ་འབྱུང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ཐོས་པར་གྱུར་མ་ཐག་ཏུ་དེའི་ཚེ་ས་ཆེན་པོ་གཡོས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ རྒྱལ་བའི་སྲས། ལེགས་པར་སྤོབས་པར་མཛོད་ཅིག །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་ཁོང་དུ་ཆུད་པར་བྱ། ཀྱེ་རྒྱལ་བའི་སྲས། འཁོར་འདུས་པ་འདི་ནི་ཤིན་ཏུ་དག་པ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་ཀུན་ནས་འདུས་པའོ། །ཀྱེ་རྒྱལ་བའི་སྲས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་སྤྱད་པ་ཤིན་ཏུ་སྤྱད་པ། ལས་ཀྱི་མཐའ་ཤིན་ཏུ་སྦྱངས་པ། དྲན་པ་དང༌། བློ་གྲོས་དང༌། རིགས་པས་ཤིན་ཏུ་འཕགས་པ། རྒྱ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་མཆོག་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དང༌། སྤྱོད་པ་དང༌། ཚུལ་ལ་རབ་ཏུ་ གནས་པ། སངས་རྒྱས་ཀྱི་རྗེས་སུ་སོང་བའི་འདུ་ཤེས་ཡིད་ལ་བྱེད་པ་མ་ཉམས་པ། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ལ་རྣམ་པར་ལྟ་བ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་ པ་ཆེན་པོས་རྣམ་པར་རོལ་པའི་སྤྱོད་ཡུལ་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རང་གི་རྒྱུད་དུ་ལེན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དཔལ་གྱི་བྱིན་གྱིས་བརླབས་ པ་སྟེ༑ དེ་དག་ལ་སོགས་པ་ཡོན་ཏན་དང༌། ལེགས་པ་ཚད་མེད་པ་མང་པོ་དང་ལྡན་པ་ཤ་སྟག་འོངས་ཤིང་འདུས་པའོ། །ཀྱེ་རྒྱལ་བའི་སྲས། ཁྱོད་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་མང་པོ་བསྙེན་བཀུར་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་མཆོག་ཏུ་ཕྱིན་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒོ་ཐམས་ཅད་ཀྱི་རྣམ་པར་མངོན་པར་ རོལ་པར་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་སུ་ཆུད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐེ་ཚོམ་ཡོངས་སུ་ཆད་པ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བྱིན་གྱིས་བྱིན་དུ་བརླབས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་རྣམ་པར་གྲོལ་བའི་ལམ་ཡང་དག་པར་སྟོན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་རྒྱུད་ཡང་དག་པར་འབྱུང་བའི་ཡེ་ཤེས་དང་ལྡན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པ་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ དེ་དག་ལ་སོགས་པ་ཡོན་ཏན་མང་པོ་ཚད་མེད་པའི་ཁྱད་པར་གྱི་མཐར་ཐུག་པ་ཡིན་གྱི། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ ༄༅། །རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་བསྟན་པ་དང༌། སྐུ་ཡང་དག་པར་བསྟན་པ་དང༌། དབྱངས་རབ་ཏུ་བརྗོད་པ་དང༌། ཐུགས་ཀྱི་མཐུ་དང༌། ཡུལ་གྱི་གནས་ དང༑ སྤྱོད་ཡུལ་བསྟན་པ་དང༌། མངོན་པར་བྱང་ཆུབ་པའི་གནས་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་མངོན་པར་བསྒྲུབ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ པ་དང༌། དེ་བཞིན་གཤེགས་པ་རྣམས་མཐོང་ཞིང་ཐོས་པ་དང༌། དེ་བཞིན་གཤེགས་པ་དང་འགྲོགས་པས་དགེ་བའི་རྩ་བ་འབྱུང་བ་བསྟན་པ་ལ་ལེགས་པར་སྤོབས་པ་མཛོད་ཅིག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་དོན་འདི་ཉིད་ཡང་བཟླས་ཏེ་བརྗོད་པའི་ཕྱིར། དེའི་ཚེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཆགས་མེད་བློ་གྲོས་ཤིན་ཏུ་རྣམ་པར་སངས་རྒྱས་བློ་ལྡན། །ཡེ་ཤེས་མཐའ་ཡས་ཡུལ་ལ་མཉམ་པ་ཉིད་དུ་གྱུར་ པ༑ ༑རྒྱལ་བའི་སྤྱོད་ཡུལ་ཚད་མེད་ལེགས་པར་ཡང་དག་ཤོད་ཅིག །དེ་ཐོས་སངས་རྒྱས་སྲས་རྣམས་ཐམས་ཅད་རབ་ཏུ་དགའ་འགྱུར། །རྒྱལ་བ་མཆོག་རྣམས་འབྱུང་བ་ཇི་ལྟར་བྱང་ ཆུབ་སེམས་དཔས། །ཁོང་དུ་ཆུད་བྱ་ཇི་ལྟར་དེ་དག་ཡང་དག་བལྟ་བྱ། །དེ་བཞིན་གཤེགས་ཐུགས་ཅི་འདྲར་སྐུ་དག་དབྱངས་ཀྱང་ཅི་འདྲ། །སྐྱེས་བུ་ཁྱུ་མཆོག་རྣམས་ཀྱི་ཡུལ་དང་སྤྱོད་ ཡུལ་ཅི་འདྲ། །དེ་བཞིན་གཤེགས་པ་བྱང་ཆུབ་ཇི་ལྟར་རྣམ་པར་འཚང་རྒྱ། །ཆོས་ཀྱི་འཁོར་ལོ་དམ་པ་རྒྱལ་བ་ཇི་ལྟར་བསྐོར་མཛད། །བདེ་གཤེགས་མྱ་ངན་འདས་པའི་ཡང་དག་ཉིད་ཀྱང་ གསུང་སྟེ། །སངས་རྒྱས་སྲས་པོ་མཐའ་ཡས་འདི་དག་དགའ་བར་མཛོད་ཅིག །གང་གིས་བདེ་གཤེགས་ཆོས་རྒྱལ་ཆེན་པོ་མཐོང་བར་གྱུར་ཅིང༌། །གང་རྣམས་འགྲོགས་ཤིང་དགེ་བ་ཡང་ དག་སྐྱེད་པར་བྱེད་པ། །དེ་དག་བསོད་ནམས་འཕེལ་བའང་མ་ནོར་བརྗོད་པར་མཛོད་ཅིག །བདེ་གཤེགས་མཐོང་ན་ཅིར་འགྱུར་དེ་དང་འགྲོགས་ན་ཅི་འགྱུར། །བདེ་གཤེགས་མྱ་ངན་འདས་དང་ འོན་ཏམ་བཞུགས་ཀྱང་རུང་སྟེ། །དེ་བཞིན་གཤེགས་པའི་མཚན་རྣམས་གང་གིས་ཐོས་པར་གྱུར་ཅིང༌། །ཡོན་ཏན་འབྱུང་གནས་རྣམས་ལ་གང་རྣམས་དད་པ་བསྐྱེད་པ། །དེ་དག་དོན་ཀྱང་ ཅིར་འགྱུར་འཁོར་འདིར་བསྟན་པར་མཛོད་ཅིག །བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཐལ་མོ་སྦྱར་ཅིང༌། །བདེ་བར་གཤེགས་དང་ཁྱོད་དང་བདག་ལ་ཀུན་ཀྱང་ལྟ་སྡོད། །དྲིས་པ་འདི་ དག་སེམས་ཅན་དག་པ་ཁྱོད་ཀྱིས་ལུང་སྟོན། །ཡོན་ཏན་རྒྱ་མཚོ་ཆེ་མངའ་རྣམས་ཀྱི་སྤྱོད་ཡུལ་བསྟན་མཛོད། །དེ་དག་དོན་དུ་ཆོས་རབ་ལྡན་པའི་གསུང་མཆོག་བརྗོད་ཅིང༌། །མཁའ་འདྲ་ཁྱོད་ཀྱི་ སྐྱེ་བོ་རྣམས་ཀྱི་ཐེ་ཚོམ་གཅད་མཛོད། །དཔེ་དང་རྒྱུར་ལྡན་ཚིག་གིས་དེ་བཞིན་གཤེགས་པའི་རིགས་སྟོན། །ཐོས་ནས་སེམས་ཅན་ཁྲག་ཁྲིག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། །ཇི་ལྟར་ཞིང་རྣམས་ ༄༅། །ཐམས་ཅད་མ་ལུས་རྒྱས་པར་བཀང་ཞིང༌། །རྒྱལ་བ་སྐུ་ཡི་ཡན་ལག་སྣ་ཚོགས་ཡང་དག་སྟོན་མཛོད། །ཇི་ལྟར་ཁྲག་ཁྲིག་ཆོས་དང་ལྡན་པའི་གསུང་རབ་ བརྗོད་པ། །སངས་རྒྱས་བྱང་ཆུབ་དཔེ་དང་རྒྱུ་ཡིས་བསྟན་པར་མཛོད་ཅིག །གང་ཞིག་ཕྱོགས་བཅུའི་ཞིང་རྣམས་ཁྲག་ཁྲིག་ཐམས་ཅད་ཀུན་ཏུ། །བསྐལ་པ་མང་པོ་བྱེ་བ་མཐའ་ ཡས་འགྲངས་པར་སོང་ཡང༌། །དེ་རིང་རྒྱལ་སྲས་འདིར་ཚོགས་འདི་འདྲའི་འཁོར་དང་འདྲ་བ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་ཤིན་ཏུ་དཀའོ། །དེ་བས་རྒྱལ་སྲས་ རང་བཞིན་དག་པ་ཁྱོད་ཀྱིས་བཤད་མཛོད། །དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཡངས་ཡོངས་སུ་སྟོན་ཅིག །བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཐལ་མོ་སྦྱར་ ཏེ༑ ༑ཡངས་པའི་ཆོས་ཀྱིས་སྐོམ་ཞིང་ཆོས་ལ་དོན་གཉེར་གནས་སོ། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་དམིགས་ནས། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་སྨྲས་པ། ཀྱེ་ རྒྱལ་བའི་སྲས་དག །འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བ་འབྱུང་བ་བསྟན་པ། ཚད་མེད་པའི་ཆོས་ཀྱི་བྱུང་བ་འདི་ ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ནི། རྒྱུ་གཅིག་མ་ ཡིན་པ་དང༌། རྐྱེན་གཅིག་མ་ཡིན་པས་ཡང་དག་པར་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །ཆོས་བཅུ་པོ་འདི་དག་ལ་སོགས་པ་ཆོས་རྣམ་པ་ཐ་དད་པ་བརྒྱ་སྟོང༌། ཚད་མེད། གྲངས་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་ཡང་དག་པར་བསྒྲུབས་པའི་རྒྱུས། དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྔོན་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང༌། བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྐྱེད་པ་ཡང་དག་པར་བསྒྲུབས་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་སྔོན་ཤིན་ཏུ་ སྦྱངས་ཤིང་ཡང་དག་པར་བསྒྲུབས་པ་དང༌། བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་ཚད་མེད་པས་སེམས་ཅན་ཡོངས་སུ་བསྐྱབ་པ་ཡང་དག་པར་བསྒྲུབས་པ་དང༌། སྤྱོད་པ་དང༌། སྨོན་ལམ་ཚད་མེད་པ་རྒྱུན་འཆད་པ་མེད་པར་ཡང་དག་པར་བསྒྲུབས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མི་ངོམས་པར་ཡང་དག་པར་བསྒྲུབས་པ་དང༌། སངས་ རྒྱས་མཆོད་ཅིང་རིམ་གྲོ་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྒྱུན་ཚད་མེད་པ་ཡང་དག་པར་བསྒྲུབས་པ་དང༌། ཐབས་དང་ཤེས་རབ་ཀྱི་ལམ་རྣམ་པར་དག་ཅིང་ཚད་མེད་ ༄༅། །པ་ཡང་དག་པར་བསྒྲུབས་པ་དང༌། ཡོན་ཏན་རྣམ་པར་དག་པའི་རྣམ་པ་ཚད་མེད་པ་ཡང་དག་པར་བསྒྲུབས་པ་དང༌། ལམ་གྱི་ཡན་ལག་རྣམ་པར་དགོད་པ་ཚད་ མེད་པའི་ཡེ་ཤེས་ཡང་དག་པར་བསྒྲུབས་པ་དང༌། དོན་དང་ལྡན་པའི་ཆོས་ཚད་མེད་པ་ཁོང་དུ་ཆུད་པས་མཐར་ཕྱིན་པར་བྱ་བ་ཡང་དག་པར་བསྒྲུབས་པ་སྟེ། ཀྱེ་རྒྱལ་བའི་སྲས་དག། ཆོས་བཅུ་པོ་དེ་དག་ལ་སོགས་པ་ཆོས་རྣམ་པ་ཐ་དད་པ་བརྒྱ་སྟོང༌། ཚད་མེད། གྲངས་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་ཡང་དག་པར་བསྒྲུབས་པའི་རྒྱུས། དེ་བཞིན་གཤེགས་ པ་རྣམས་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབྱུང་བ་ནི། རྒྱུ་གཅིག་གིས་འབྱུང་བ་མ་ཡིན། རྐྱེན་གཅིག་གིས་འབྱུང་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་རྒྱུ་ཚད་མེད་པ་དང༌། རྐྱེན་ཚད་མེད་པ་དང༌། བསྒྲུབ་པ་ཚད་ མེད་པས་ཡོངས་སུ་འགྲུབ་པར་འགྱུར་ཏེ། འདི་ལྟར་སྤྲིན་ཆེན་པོའི་ཆར་དུས་ལས་མི་འདའ་བར་རབ་ཏུ་འབབ་པས་ཀྱང་རྒྱུ་བྱས་ལ། རླུང་གི་དཀྱིལ་འཁོར་བཞི་རྒྱུན་མི་འཆད་པར་ ལྡང་བས་ཀྱང་རྒྱུ་བྱས་ནས་ཡོངས་སུ་འགྲུབ་པར་འགྱུར་རོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། ཡོངས་སུ་གཟུང་བའི་ ཕྱིར་ལྡང་ངོ༌། །རླུང་གི་དཀྱིལ་འཁོར་ཡོངས་སུ་སྐེམ་པ་ཞེས་བྱ་བ་ནི། ཆུའི་ཕུང་པོ་ཡོངས་སུ་བསྐམ་པའི་ཕྱིར་ལྡང་ངོ༌། །རླུང་གི་དཀྱིལ་འཁོར་ཡོངས་སུ་གཞོག་པ་ཞེས་བྱ་བ་ནི། གཞལ་མེད་ཁང་ཐམས་ཅད་ཡོངས་སུ་དགོད་པའི་ཕྱིར་ལྡང་ངོ༌། །རླུང་གི་ཁམས་དཀྱིལ་འཁོར་རྣམ་པར་དགོད་པར་ཞེས་བྱ་བ་ནི། སེམས་ཅན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་སུ་གཏོགས་པ་ཐམས་ཅད་ཀྱི་རྐྱེན་དུ་སྐྱེས་པའི་ལས་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་སྟོབས་དང༌། ཤུགས་ཀྱིས་གནས་ཀྱི་རྣམ་པའི་རྒྱན་རྣམ་པར་ཕྱེ་ བ༑ ཤིན་ཏུ་རྣམ་པར་དབྱེ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བའི་ཕྱིར་ལྡང་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་དག་ལ་སོགས་པའི་རྣམ་པ་ཚད་མེད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆོས་ཉིད་རབ་ཏུ་ཐོབ་པའི་ཕྱིར་ཡོངས་སུ་འབྱུང་བར་འགྱུར་བ་ཡང༌། འབྱུང་བ་དེ་ལ་འབྱུང་བར་བྱེད་པ་གང་ཡང་མེད་དེ། འབྱུང་བར་འགྱུར་ བ་ཡང་མེད་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲེས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང༌། རྒྱུ་གཅིག་མ་ཡིན་པ་དང༌། རྐྱེན་གཅིག་མ་ཡིན་པས་འབྱུང་བར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་ཚད་མེད་པ་དང༌། ༄༅། །རྣམ་པ་ཚད་མེད་པ་དང༌། ཡང་དག་པར་བསྒྲུབ་པ་ཚད་མེད་པས་འབྱུང་སྟེ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་སྔོན་ཆོས་ཀྱི་ སྤྲིན་གྱི་ཆར་ཆེན་པོ་བབ་པས་ཀྱང་རྒྱུ་བྱས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་བཞི་རྒྱུན་མི་འཆད་པར་ལྡང་བས་ཀྱང་རྒྱུ་བྱས་ནས། ཡང་དག་པར་འགྲུབ་ པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དྲན་པས་ཡང་དག་པར་བཟུང་ཞིང་གཟུངས་ཀྱིས་ཆུད་མི་ཟ་བ་ ཞེས་བྱ་བ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པ་དེ་དག་གི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཡང་དག་པར་གཟུང་བའི་ཕྱིར་ལྡང་ངོ༌། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་ འཁོར་ཆེན་པོ་ལྷག་མཐོང་དང༌། ཞི་གནས་ཀྱིས་བསྒྲུབས་པ་ཞེས་བྱ་བ་ཡོད་དེ། དེ་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བསྐམ་པའི་ཕྱིར་ལྡང་ངོ༌། །དེ་བཞིན་གཤེགས་པའི་ཡེ་ཤེས་ ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་བསྔོ་བ་ལ་མཁས་པ་ཞེས་བྱ་བ་ཡོད་དེ། དེ་ནི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱིར་ལྡང་ངོ༌། །དེ་བཞིན་གཤེགས་པའི་ཡེ་ཤེས་ ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་སྤྲུལ་པའི་རྒྱུན་རྣམ་པར་བཀོད་པ་རྣམ་པར་འབྱེད་ཅིང་རྣམ་པར་དགོད་པ་ཞེས་བྱ་བ་ཡོད་དེ། དེ་ནི་སེམས་ཅན་སྔོན་ཡོངས་སུ་སྨིན་པར་བྱས་པ་རྣམས་ཀྱི་ རྐྱེན་དུ་འབྱུང་བའི་དགེ་བའི་རྩ་བ་ཡོངས་སུ་དག་པ་དང༌། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཟག་པ་མེད་པའི་སྟོབས་དང་ཤུགས་ཀྱི་ཕྱིར་ལྡང་ངོ༌། །ཀྱེ་རྒྱལ་བའི་སྲས་དག །དེ་དག་ལ་སོགས་ པའི་རྣམ་པ་ཚད་མེད་པ་དང༌། ཡང་དག་པར་བསྒྲུབ་པ་ཚད་མེད་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཉིད་རབ་ཏུ་ཐོབ་པའི་ཕྱིར་འབྱུང་ བར་འགྱུར་ཏེ། དེ་ལ་འབྱུང་བར་བྱེད་པའམ། སྐྱེ་བར་བྱེད་པ་གང་ཡང་མེད་དེ། འབྱུང་བའང་མེད་པ་མ་ཡིན་ནོ། །དེ་ལྟར་རྒྱལ་བའི་སྲས་དག །དཔེའི་སྒོ་དང་པོས་ཁོང་དུ་ཆུད་པར་བྱ་བ་འདིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་འབྱུང་བར་འགྱུར་བའི་ཚེ། གཅིག་ཏུ་སྡུག་ཅིང་ཐ་མི་དད་པ་ཞེས་བྱ་བའི་སྤྲིན་ ཆེན་པོའི་ཆར་འབབ་སྟེ། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡོངས་སུ་སྒྲུབ་པའི་རླུང་གི་དཀྱིལ་འཁོར་མ་གཏོགས་པར་སའི་ཕྱོགས་གཞན་གྱིས་གཟུང་བའམ། བཟོད་པར་མི་ནུས་སོ། །ཀྱེ་ རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་བའི་ཚེ། དེ་བཞིན་གཤེགས་པའི་རིགས་ཐ་མི་དད་པ་ཞེས་བྱ་ ༄༅། །བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཉིད་ཀྱི་སྟོབས་དང་ཤུགས་ཀྱིས་བསྒྲུབས་པའི་ སེམས་ཀྱི་རྒྱུད་མ་གཏོགས་པར་བྱང་ཆུབ་སེམས་དཔའ་བསམ་པ་དམའ་བ་ཅན་དང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་གཟུང་བའམ། བཟོད་པར་མི་ནུས་སོ། །ཀྱེ་ རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་གཉིས་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་འདི་ལྟ་སྟེ། དཔེར་ན། སྤྲིན་ཆེན་པོའི་ཆར་དེ་དག་འབབ་པའི་ཚེ། གང་ནས་ ཀྱང་འོངས་པ་མེད་ལ་གང་དུ་ཡང་འགྲོ་བ་མེད་དེ། སེམས་ཅན་རྣམས་ཀྱི་ལས་ཀྱི་ཚོགས་ཆེན་པོས་ཆར་རབ་ཏུ་འབབ་པ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྤྲིན་ཆེན་པོ་ཆར་མངོན་པར་འབབ་པ་ཡང་གང་ནས་ཀྱང་འོངས་པ་མེད་ལ། གང་དུ་ཡང་འགྲོ་བ་མེད་ དེ༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའི་སྟོབས་དང་ཤུགས་ཆེན་པོས་ཆར་མངོན་པར་འབབ་པ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་གསུམ་ པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ།། ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་འདི་ལྟ་སྟེ། དཔེར་ན། སྤྲིན་ཆེན་པོའི་ཆར་མངོན་པ་འབབ་པ་དེ་དག་ནི། སྟོང་གསུམ་གྱི་སྟོང་ཆེན་པོར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ ཤེས་པའམ། བགྲང་བར་སླ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ནི། སྤྲིན་ཆེན་པོའི་ཆར་དེ་ལ་ སེམས་དཔས་མགོ་རྨོངས་པར་འགྱུར་རོ། །སྤྲིན་ཆེན་པོའི་ཆར་དེ་ལ་བལྟས་པས་མིག་འཁྲུགས་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་དབང་ཕྱུག་ཆེན་པོ་ནི་མ་གཏོགས་ཏེ། དེའི་ སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་དེ་ལ་ཆུང་ངུ་ན་ཆར་པའི་ཐིགས་པ་གཅིག་ཀྱང་མ་རིག་པར་མི་འབབ་བོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་ པ་དེ་དག་ཡང་དག་པར་འབྱུང་བའི་ཚེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་གྱི་ཆར་མངོན་པར་འབབ་པ་ཡང་སེམས་ཅན་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ ཅད་ཀྱིས་ཤེས་པའམ་བསམ་པར་མི་ནུས་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་གྱི་ཆར་ལ་སེམས་པས་མགོ་རྨོངས་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱི་དབང་ཕྱུག ། ༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མ་གཏོགས་ཏེ། བློ་ཤིན་ཏུ་སྦྱངས་པའི་མཐུ་དང༌། ཤུགས་ཀྱིས་དེ་དག་ལ་ཆུང་ངུ་ན་ཚིག་དང༌། ཡི་ གེ་འགའ་ཙམ་ཡང་མ་རིག་པར་སེམས་ཅན་གཞན་གྱིས་སེམས་ཀྱི་རྒྱུད་ལ་མི་འབབ་པོ། །ཀྱེ་རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་བཞི་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྤྲིན་ཆེན་པོའི་ཆར་དེ་དག་འབབ་པའི་ནང་ན། རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་མེའི་ཕུང་པོ་དེ་རབ་ ཏུ་ཞི་བར་བྱེད་དོ། །འབྱུང་བར་བྱེད་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ལས་ཆུའི་ཕུང་པོ་དེ་དག་འབྱུང་ངོ༌། །ཡོངས་སུ་གཅོད་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ ཆར་འབབ་པ་ཡོད་དེ། དེ་ནི་ཆུའི་ཕུང་པོ་དེ་དག་ཡོངས་སུ་གཅོད་དོ། །ཡོངས་སུ་བསྒྲུབ་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་ནོར་བུ་རིན་པོ་ཆེ་མང་པོ་ཡོངས་སུ་འགྲུབ་ པར་བྱེད་དོ། །རྣམ་པར་འབྱེད་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པར་འབྱེད་དོ། །ཀྱེ་རྒྱལ་བའི་སྲས་ དག་༑དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་བ་ལའང༌། རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྒྱུ་མཐུན་པའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་ སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འབར་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །འབྱུང་བར་བྱེད་པ་ཞེས་བྱ་བ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་སེམས་ཅན་ཐམས་ ཅད་ཀྱི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཡང་དག་པར་འབྱུང་བར་བྱེད་དོ། །ཡོངས་སུ་གཅོད་པ་ཞེས་བྱ་བ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་སེམས་ཅན་ཐམས་ཅད་ ཀྱི་ཉོན་མོངས་པ་དང་ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་གཅོད་དོ། །ཡོངས་སུ་སྒྲུབ་པ་ཞེས་བྱ་བ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་ཐམས་ཅད་མཁྱེན་པའི་ཆོས་རིན་པོ་ཆེ་ ཡོངས་སུ་གྲུབ་པར་བྱེད་དོ། །རྣམ་པར་འབྱེད་པ་ཞེས་བྱ་བ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་འབབ་པ་ཡོད་དེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པ་རྣམ་པར་འབྱེད་དོ། །ཀྱེ་རྒྱལ་ བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་ལྔ་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ། དཔེར་ན། ཆར་སྤྲིན་ཆེན་པོ་ཡང་རོ་གཅིག་ལ། ཆུའི་ཕུང་པོ་ཡང་རྣམ་པར་མི་རྟོག་མོད་ཀྱི། དེ་ ༄༅། །ལྟར་རྣམ་པ་ཚད་མེད་པར་ཐ་དད་པའི་ཆར་རྣམ་པར་ཕྱེ་བ་འབབ་བོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་ པོའི་ཆར་སྤྲིན་རོ་གཅིག་པ་ལས། དེ་ལྟར་ཚད་མེད་ཅིང་རྣམ་པ་ཐ་དད་པའི་ཆོས་ཀྱི་ཆར་སྣ་ཚོགས་འབབ་སྟེ། དེ་བཞིན་གཤེགས་པ་ཡང་ཡོངས་སུ་འབྱུང་ངོ༌། །ཆོས་རྣམ་པར་ ཕྱེ་བ་ཚད་མེད་པ་ཡང་སྣང་ཞིང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་དྲུག་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་ གྱི་སྟོང་ཆེན་པོ་ཡོངས་སུ་འགྲུབ་པར་འགྱུར་བའི་ཚེ། ཐོག་མ་ཉིད་དུ་གཟུགས་ལ་སྤྱོད་པའི་ལྷའི་བུ་རྣམས་ཀྱི་གཞལ་མེད་ཁང་ཡོངས་སུ་འགྲུབ་པར་འགྱུར་རོ། །དེའི་འོག་ཏུ་ འདོད་པ་ལ་སྤྱོད་པའི་ལྷའི་བུ་རྣམས་ཀྱི་གཞལ་མེད་ཁང་ཡོངས་སུ་འགྲུབ་པར་འགྱུར་རོ། །དེའི་འོག་ཏུ་མི་རྣམས་ཀྱི་གནས་ཡོངས་སུ་འགྲུབ་པར་འགྱུར་རོ། །དེའི་འོག་ཏུ་དེ་མ་ ཡིན་པའི་སེམས་ཅན་ལྷག་མ་གཞན་རྣམས་ཀྱི་གནས་རྣམ་པར་ཕྱེ་བ་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དག་པར་ འབྱུང་བའི་ཚེ་ཡང༌། ཐོག་མ་ཉིད་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུད་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་རང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུད་རྣམས་འབྱུང་ངོ༌། །དེའི་འོག་ཏུ་ཉན་ཐོས་ ཀྱི་དགེ་བའི་རྩ་བའི་ཡེ་ཤེས་ཀྱི་རྒྱུད་རྣམས་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་དེ་མ་ཡིན་པའི་སེམས་ཅན་གཞན་གྱི་འདུས་བྱས་ཀྱི་དགེ་བའི་རྩ་བ་དང༌། ཤེས་པའི་རྒྱུད་རྣམས་འབྱུང་བར་ འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་དཔེར་ན། ཆར་སྤྲིན་ཆེན་པོ་ཡང་རོ་གཅིག་ལ། ཆུའི་ཕུང་པོ་ཡང་རྣམ་པར་མི་རྟོག་པ་ལས། སེམས་ཅན་གྱི་དགེ་བའི་རྩ་བ་རྣམ་པ་ཐ་དད་པས་ གཞལ་མེད་ཁང་རྣམ་པ་ཐ་དད་པ་ཡོད་ཅིང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་ཆར་སྤྲིན་རོ་གཅིག་པ་ལས། སེམས་ཅན་གྱི་སྣོད་ རྣམ་པ་ཐ་དད་པའི་ཕྱིར། དགེ་བའི་རྩ་བ་རྣམ་པ་ཐ་དད་པ་ཡོད་ཅིང་སྣང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་བདུན་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ ཡང་འདི་ལྟ་སྟེ། དཔེར་ན། ཆུས་འཇིག་པའི་བསྐལ་པ་ཆེན་པོ་འབྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངས་ཆེན་མཚོ་གཅིག་ཏུ་གྱུར་པའི་ཚེ། ཆོས་ཉིད་ ༄༅། །ཐོབ་པས་དེ་བཞིན་གཤེགས་པ་འབྱུང་བའི་ཡོན་ཏན་རིན་པོ་ཆེས་རྣམ་པར་བརྒྱན་པ་ཞེས་བྱ་བའི་པདྨོ་མང་པོ་འབྱུང་སྟེ། དེ་དག་གིས་ནི་ཆུའི་བསྐལ་པ་ཐམས་ ཅད་ཀུན་ནས་ཁེབས་སོ། །དེ་དག་ནི་འཇིག་རྟེན་ཐམས་ཅད་འོད་ཀྱིས་རྒྱས་པར་འགེངས་ཏེ། པདྨོ་དེ་དག་བྱུང་བ་དང༌། ལྷའི་བུ་དབང་ཕྱུག་ཆེན་པོ་དང༌། གནས་གཙང་མའི་རིགས་ ཀྱི་ལྷའི་བུ་གཞན་རྣམས་ཀྱིས་ཀྱང་བསྐལ་པ་འདི་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་སྙེད་ཅིག་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཁོང་དུ་ཆུད་དོ། །ཀྱེ་རྒྱལ་བའི་སྲས་དག ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་འགྲུབ་པའི་ཚེ། རླུང་གི་དཀྱིལ་འཁོར་དག་ཅིང་འོད་གསལ་བ་ཞེས་བྱ་བ་ལྡང་སྟེ། དེ་ནི་གཟུགས་ལ་སྤྱོད་པའི་ལྷ་ རྣམས་ཀྱི་གཞལ་མེད་ཁང་ཡོངས་སུ་གནས་པར་བྱེད་དོ། །རླུང་གི་དཀྱིལ་འཁོར་དག་ཅིང་དང་ལ་འོད་གསལ་བས་རྒྱན་བཟང་པོ་ཞེས་བྱ་བ་ལྡང་སྟེ། དེ་ནི་འདོད་པ་ལ་སྤྱོད་པའི་ལྷའི་ བུ་རྣམས་ཀྱི་ལྷའི་གཞལ་མེད་ཁང་ཡོངས་སུ་འགོད་དོ། །རླུང་གི་དཀྱིལ་འཁོར་གཅིག་ཏུ་སྡུག་ཅིང་ཐ་མི་དད་པ་ཞེས་བྱ་བ་ལྡང་སྟེ། དེ་ནི་ཁོར་ཡུག་དང༌། ཁོར་ཡུག་ཆེན་པོའི་རི་རྣམས་ ཡོངས་སུ་གཞོག་པ་བྱེད་དོ། །རླུང་གི་དཀྱིལ་འཁོར་ཁྱད་པར་དུ་འཕགས་ཞེས་བྱ་བ་ལྡང་སྟེ། དེ་ནི་རི་རབ་རིའི་རྒྱལ་པོ་ཡོངས་སུ་གཞོག་པ་བྱེད་དོ། །རླུང་གི་དཀྱིལ་འཁོར་བརྟན་པ་ ཞེས་བྱ་བ་ལྡང་སྟེ། དེ་ནི་རིན་ཆེན་པོ་བཅུ་ཡོངས་སུ་གཞོག་པ་བྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེང་ལྡེང་ཅན་དང༌། དྲང་སྲོང་རི་དང༌། བདུད་ལས་རྒྱལ་དང༌། བདུད་ལས་ཤིན་ཏུ་རྒྱལ་དང༌། གཉའ་ཤིང་འཛིན་དང༌། ས་འཛིན་དང༌། བཏང་བཟུང་དང༌། བཏང་བཟུང་ཆེན་པོ་དང༌། སྤོས་ཀྱི་ངད་ཅན་དང༌། ཁ་བ་ཅན་ནོ། །རླུང་གི་དཀྱིལ་འཁོར་རབ་ཏུ་གནས་པ་ཞེས་བྱ་བ་ལྡང་སྟེ་། དེ་ནི་ས་ཆེན་པོ་ཀུན་ནས་གནས་པར་བྱེད་དོ། །རླུང་གི་དཀྱིལ་འཁོར་རྣམ་པར་བཀོད་པ་ཞེས་བྱ་བ་ལྡང་སྟེ། དེ་ནི་ས་བླའི་ལྷ་དང༌། ཀླུ་དང༌། དྲི་ཟའི་ཁྱིམ་ཀུན་ནས་གནས་པར་བྱེད་དོ། །རླུང་གི་ དཀྱིལ་འཁོར་མཛོད་མི་ཟད་པ་ཞེས་བྱ་བ་ལྡང་སྟེ། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རྒྱ་མཚོ་ཆེན་པོ་ཀུན་ནས་གནས་པར་བྱེད་དོ། །རླུང་གི་དཀྱིལ་ འཁོར་རྣམ་པར་སྣང་བའི་དཀྱིལ་འཁོར་ཞེས་བྱ་བ་ལྡང་སྟེ། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རིན་པོ་ཆེའི་རིགས་ཐམས་ཅད་ཀུན་ནས་གནས་པར་བྱེད་དོ། །རླུང་ གི་དཀྱིལ་འཁོར་རྩ་བ་བརྟན་པ་ཞེས་བྱ་བ་ལྡང་སྟེ། དེ་ནི་ཡིད་བཞིན་གྱི་ཤིང་ཐམས་ཅད་ཀུན་ནས་གནས་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་ཆར་སྤྲིན་ཆེན་པོའི་ཆར་རོ་གཅིག་ ཏུ་འབབ་པ་དང༌། ཆུའི་ཕུང་པོ་རྣམ་པར་མི་རྟོག་པ་ལས་ཆོས་ཉིད་ཐོབ་པ་དང༌། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཐ་དད་པའི་ཁྱད་པར་གྱིས་རླུང་གི་དཀྱིལ་འཁོར་རྣམ་པ་ཐ་དད་པ་ཡོད་ ༄༅། །ཅིང་སྣང་ངོ༌། །རླུང་གི་དཀྱིལ་འཁོར་རྣམ་པ་ཐ་དད་པར་གྱུར་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་ཡོད་ཅིང་སྣང་ངོ༌། །ཀྱེ་རྒྱལ་ བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཤིན་ཏུ་བསགས་པ། བླ་ན་མེད་པའི་ཡེ་ ཤེས་ཆེན་པོ་སྣང་བ་ལ་མངོན་དུ་གྱུར་པ་རྣམས་འབྱུང་བའི་ཚེ། ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་བསམ་གྱིས་མི་ཁྱབ་པ། དེ་བཞིན་གཤེགས་པའི་རིགས་རྒྱུན་མི་འཆད་པ་ཞེས་བྱ་བ་ འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྒྱས་པར་འགེངས་པ་འབྱུང་སྟེ། འོད་ཟེར་དེས་ནི་དེ་བཞིན་གཤེགས་པ་དང༌། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འདི་སྙེད་ཅིག །དེ་བཞིན་གཤེགས་པའི་མཐུ་འདིས་ཡང་དག་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་ཐུགས་སུ་ཆུད་དོ། །ཀྱེ་རྒྱལ་བའི་སྲས་ དག་༑དེ་ལྟར་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འབྱུང་བའི་མཐུས། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ ཟེར་ཆེན་པོ་འོད་བཟང་པོ་དྲི་མ་མེད་པ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཟག་པ་མེད་ཅིང༌། མི་ཟད་པ་ཡང་དག་པར་འགྲུབ་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་ཀུན་ཏུ་སྣང་བ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། ཆོས་ཀྱི་དབྱིངས་སུ་ གཞོལ་བ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ། དེ་བཞིན་གཤེགས་པའི་རིགས་ཡང་དག་པར་འབྱུང་བ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་ དེས་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་མི་སྒུལ་བ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་ཟིལ་གྱིས་མི་ནོན་ཅིང༌། ཡང་དག་པར་ འཕགས་པ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་དང་མི་བསྙེངས་པ་ཟིལ་གྱིས་མི་ནོན་པའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་ གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་ཐམས་ཅད་མངོན་པར་མཁྱེན་པ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཐམས་ཅད་དུ་བརྗོད་པ་ལས་འདས་ ཤིང༑ ཐམས་ཅད་དུ་ཐོགས་པ་མེད་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་སྤྲུལ་པས་མངོན་པར་བསྒྲུབས་པ་ཞེས་བྱ་བ་འབྱུང་སྟེ། འོད་ ཟེར་དེས་དེ་བཞིན་གཤེགས་པ་མཐོང་ཞིང་ཐོས་པ་དང༌། དེ་དང་འགྲོགས་པ་དོན་ཡོད་པས་དགེ་བའི་རྩ་བ་ཆུད་མི་ཟ་བའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ ༄༅། །ཤེས་ཀྱི་འོད་ཟེར་ཆེན་པོ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ མི་ཟད་པའི་ཚོགས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་འཇུག་པར་དཀའ་བ་ཞེས་བྱ་བ་ འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་ཅིང༌། ཡེ་ཤེས་ཟབ་མོ་ཐུགས་སུ་ཆུད་པ་ཡང་དག་པར་འགྲུབ་ པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་རྒྱན་སྣ་ཚོགས་ཅན་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་མཚན་ དང་དཔེ་བྱད་བཟང་པོའི་རྒྱན་སྣ་ཚོགས་ཀྱི་འགྲོ་བ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དགའ་བར་འགྱུར་བ་ཡང་དག་པར་འགྲུབ་བོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ ཟེར་ཆེན་པོ་ཚེ་མི་འཕྲོགས་པ་ཞེས་བྱ་བ་འབྱུང་སྟེ། འོད་ཟེར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་སངས་རྒྱས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་ གཏུགས་པར་སྐུ་ཚེའི་ཚད་རྒྱུན་མི་འཆད་པ་ཡང་དག་པར་འགྲུབ་པར་འགྱུར་ཏེ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་ཆར་སྤྲིན་ཆེན་ པོ་རོ་གཅིག་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པོ་རོ་གཅིག་པ་དང༌། བྱང་ཆུབ་སེམས་དཔས་ཡང་དག་པར་བསྒྲུབས་པའི་ཆོས་ཉིད་ ཐོབ་པ་དང༌། སེམས་ཅན་གྱི་བསམ་པ་དང༌། དབང་པོ་དང༌། བརྩོན་འགྲུས་རྣམ་པ་ཐ་དད་པའི་ཆོས་ཉིད་ཐོབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་ རང་བཞིན་གཅིག་པ་ལས་རྣམ་པ་ཐ་དད་དུ་གྱུར་པ་ཡོད་ཅིང་སྣང་ངོ༌། །ཡེ་ཤེས་ཀྱི་འོད་ཟེར་རྣམ་པ་ཐ་དད་པ་ལས། དེ་བཞིན་གཤེགས་པ་འབྱུང་བ་ཡང་དག་པར་འགྲུབ་པ་ རྣམ་པ་ཐ་དད་པ་ཡང་ཡོད་ཅིང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་གཤེགས་པ་ཡང་དག་པར་འགྲུབ་པ་རྣམ་པར་ཕྱེ་བའི་རོ་གཅིག་པ་ལས། ཡོན་ཏན་རྣམ་པ་ཐ་དད་པའི་ རྒྱན་ཚད་མེད་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། སེམས་ཅན་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཤེས་པར་འགྱུར་བ་ལ་ལྟོས་།ཀྱེ་རྒྱལ་བའི་ སྲས་དག །དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་མ་བརླབས་ན། སེམས་ཅན་སྔོན་ཆད་དེ་བཞིན་གཤེགས་ པ་ལ་དགེ་བའི་རྩ་བ་མ་བསྐྱེད་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཆུང་ངུ་ན་ཆ་ཤས་གཅིག་ཙམ་བསྟན་པ་ཡང་ཤེས་པར་འགྱུར་བའམ། ཁོང་དུ་ཆུད་པར་འགྱུར་བའི་གནས་ ༄༅། །མེད་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་དེ་བཞིན་གཤེགས་པའི་མཐུའི་ཁྱད་པར་གྱིས་སེམས་ཅན་རྣམས་དེ་ བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་མཐུ་ལ་འཇུག་ཅིང་རྟོག་པ་དང་ཁོང་དུ་ཆུད་པར་བྱེད་ཀྱང༌། དེ་བཞིན་གཤེགས་པ་ལ་རྟོག་པ་མི་མངའ། རྣམ་པར་རྟོག་པ་མི་མངའ་སྟེ་། འབྱུང་བ་མེད་ཅིང་ཀུན་ནས་འབྱུང་བ་མེད་ལ་ཡང་དག་པར་འགྲུབ་པ་མེད་དེ། བྱ་བ་མེད་ཅིང་དེ་ལ་བྱེད་པ་སུ་ལའང་མེད་མོད་ཀྱི། ཡང་དག་པར་འབྱུང་བའི་གྲངས་སུ་བགྲང་བ་ཡང་ཡོད་ དོ༑ ༑ཀྱེ་རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་བརྒྱད་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་འདི་ལྟ་སྟེ། དཔེར་ན། རླུང་གི་དཀྱིལ་འཁོར་ཆུའི་ཕུང་པོའི་འཛིན་པ་བཞི་ ནི༑ ནམ་མཁའ་ལ་གནས་ཤིང་ལྡང་ངོ༌། །བཞི་གང་ཞེ་ན། འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་བརྟན་པ་དང༌། རླུང་གི་དཀྱིལ་འཁོར་གནས་པ་དང༌། རླུང་གི་དཀྱིལ་འཁོར་མི་ཉམས་ པ་དང༌། རླུང་གི་དཀྱིལ་འཁོར་སྙིང་པོ་དང་ལྡན་པ་ཞེས་བྱ་བ་དག་སྟེ། རླུང་གི་དཀྱིལ་འཁོར་ཆེན་པོ་དེ་བཞི་ནི་རབ་ཏུ་ལྡིང་ཞིང་ཆུའི་ཕུང་པོ་འཛིན་ཏེ། ཆུའི་ཕུང་པོ་ལ་གནས་པའི་ས་ ཆེན་པོ་ནི་མི་འཇིག །རྣམ་པར་མི་འཇིག་པས་དེའི་ཕྱིར་ས་ནི་ཆུ་ལ་གནས་སོ། །ཆུ་ནི་རླུང་ལ་གནས་སོ། །རླུང་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་མི་གནས་པ་ཞེས་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་ཚུལ་དེ་ལྟ་བུར་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་འབྱུང་བའི་ཚེ། དེ་བཞིན་གཤེགས་ པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་ཤེས་རབ་ཀྱི་སྣང་བ་ཆགས་པ་མེད་པ་ལ་གནས་པ་བཞི་ལྡང་སྟེ། དེ་དག་ནི་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡོངས་སུ་འཛིན་ཏོ། །བཞི་ གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་བསྡུ་བས་སེམས་ཅན་ཡོངས་སུ་དགའ་བར་འགྱུར་བ་ཞེས་བྱ་བ་དང༌། ཡེ་ཤེས་ཀྱི་རླུང་གི་དཀྱིལ་ འཁོར་ཆེན་པོ་ཆོས་རྣམ་པར་དགོད་པ་ལ་འགྲོ་བ་མོས་པར་བྱེད་པ་ཞེས་བྱ་བ་དང༌། ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་སྲུང་བ་ཞེས་བྱ་བ་དང༌། ཡེ་ ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་འཁོར་བ་ཐམས་ཅད་ཟག་པ་མེད་པའི་དབྱིངས་སུ་ཁོང་དུ་ཆུད་པ་ཞེས་བྱ་བ་དག་སྟེ། ཀྱེ་རྒྱལ་བའི་སྲས་དག །བཞི་པོ་དེ་དག་ནི་ཤེས་རབ་ཀྱི་སྣང་བ་ ཆགས་པ་མེད་པ་ལ་གནས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཆེན་པོ་རྣམས་ཏེ། དེ་དག་ནི་འགྲོ་བ་ཐམས་ཅད་བྱམས་པ་ཆེན་པོས་ཡོངས་སུ་བསྐྱབ་པ་དང༌། ཐུགས་རྗེ་ཆེན་པོས་ ༄༅། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་ཞིང་གཟུང་བའི་ཕྱིར་ལྡང་སྟེ། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ འགྲོ་བ་མང་པོ་རྣམ་པར་ཕྱེ་བ་འབྱམས་ཀླས་པའི་ནང་ན། ཐབས་མཁས་པ་ལ་གནས་པའི་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་ དག་༑དེ་བཞིན་གཤེགས་པ་འབྱུང་བ་ནི་ཚུལ་དེ་ལྟ་བུར་འགྲུབ་ཅིང་དེ་ལྟར་གནས་པ་ཡིན་ཏེ། ཤེས་རབ་ཀྱི་སྣང་བ་ཆགས་པ་མེད་པ་ནི་མི་གནས་པའོ། །ཀྱེ་རྒྱལ་བའི་སྲས་དག ། ཁོང་དུ་ཆུད་པར་བྱ་བའི་སྒོ་དགུ་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འགྲུབ་པ་ནི། ཚད་ མེད་པའི་སེམས་ཅན་རྣམས་ཡོངས་སུ་སྤྱོད་པ་རྣམ་པ་ཐ་དད་པས་ཉེ་བར་འཚོ་བ་ཡིན་ཏེ། འདི་ལྟར་ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱང་གནས་ཀྱིས་ཉེ་བར་འཚོ་བ་ཡིན། སེམས་ ཅན་སའི་སྟེང་ན་འཁོད་པ་རྣམས་ཀྱང་སའི་སྟེང་ན་ཡོད་པའི་རྣམ་པ་ཚད་མེད་པས་ཉེ་བར་འཚོ་བ་ཡིན། གཞལ་མེད་ཁང་ན་གནས་པ་རྣམས་ཀྱང་གཞལ་མེད་ཁང་གིས་ཉེ་བར་འཚོ་ ཡིན། ནམ་མཁའ་ལ་གནས་པ་རྣམས་ཀྱང་བར་སྣང་གི་གནས་ཀྱིས་ཉེ་བར་འཚོ་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དག་པར་གྲུབ་པ་ཡང་རྣམ་པ་ ཚད་མེད་པས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ཡིན་ཏེ། འདི་ལྟར་མཐོང་བར་དགའ་བ་དང༌། དད་ཅིང་མོས་པར་གྱུར་པའི་སེམས་ཅན་རྣམས་ཀྱང་སངས་རྒྱས་མཐོང་བས་ཉེ་བར་འཚོ་བ་ ཡིན༑ ཚུལ་ཁྲིམས་ཀྱི་སྟོབས་ཀྱི་མཐུ་ལ་གནས་པ་རྣམས་ཀྱང༌། སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱིས་ཉེ་བར་འཚོ་བ་ཡིན། བསམ་གཏན་དང༌། ཚད་མེད་པ་ལ་གནས་པ་རྣམས་ཀྱང༌། འཕགས་ པ་འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པས་ཉེ་བར་འཚོ་བ་ཡིན། ཆོས་ཀྱི་སྒོ་སྣང་བ་ལ་གནས་པ་རྣམས་ཀྱང་རྒྱུ་ཆུད་མི་ཟ་བས་ཉེ་བར་འཚོ་བ་ཡིན། སྣང་བ་མེད་པ་ལ་གནས་པ་རྣམས་ ཀྱང༑ ཆོས་འབྱམས་ཀླས་པ་ཆུད་མི་ཟ་བས་ཉེ་བར་འཚོ་བ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་གྲུབ་པ་ནི། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ཡིན་ཞེས་བྱའོ། །ཀྱེ་ རྒྱལ་བའི་སྲས་དག །ཁོང་དུ་ཆུད་པར་བྱ་བའི་སྒོ་རྣམ་པ་བཅུ་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ ༄༅། །ནི་དེ་ལྟ་བུར་ཤེས་པར་བྱ་སྟེ། སྤྱོད་པ་ཡོངས་སུ་བསྒྲུབས་པ་ཚད་མེད་པས་ན། ཚད་མེད་པར་ཤེས་པར་བྱའོ། །ཕྱོགས་བཅུ་ཐམས་ཅད་རྒྱས་པར་འགེངས་ པས་ན། ཤིན་ཏུ་ཡངས་པར་ཤེས་པར་བྱའོ། །སྐྱེ་བ་དང་འཇིག་པའི་གནས་དང་བྲལ་བས་ན། ལེན་པ་མེད་ཅིང་འདོར་བ་མེད་པར་ཤེས་པར་བྱའོ། །སེམས་དང༌། ཡིད་དང༌། རྣམ་ པར་ཤེས་པ་དང་བྲལ་བས་ན། རྒྱུ་བ་མེད་ཅིང་རྒྱུ་བ་དང་བྲལ་བར་ཤེས་པར་བྱའོ། །ནམ་མཁའི་རང་བཞིན་ལྟ་བུ་ཡིན་པས་ན། ལུས་མེད་པར་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ ལ་བདག་མེད་པས་ན། མཉམ་པར་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཟད་མི་ཤེས་པའི་ཞིང་དུ་གྱུར་པས་ན། མི་ཟད་པར་ཤེས་པར་བྱའོ། །ཕྱི་མའི་མཐའི་མུར་ཐུག་པར་ རྒྱུན་མི་འཆད་པས་ན། ཕྱིར་མི་ལྡོག་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གཉེན་པོ་མེད་པས་ན། མི་འཕྲོགས་པར་ཤེས་པར་བྱའོ། །འདུས་བྱས་དང༌། འདུས་ མ་བྱས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པས་ན། མི་གཉིས་པར་ཤེས་པར་བྱའོ། །སྔོན་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་གྱི་བསམ་པའི་ཁྱད་པར་ཡོངས་སུ་རྫོགས་པར་མཛད་ པས་ན་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་དག་ལ་སོགས་པ་རྣམ་པར་བྱང་བ་རྣམ་པ་ཐ་དད་པ་ཚད་མེད་པ་ཤིན་ཏུ་བསྟན་པའི་སྒོས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་འབྱུང་ཞིང་ཡང་དག་པར་འགྲུབ་པ་བསྟན་པ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་བཟང་པོས་དོན་འདི་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་ཀུན་ལས་འདས་ཤིང་སྟོབས་བཅུར་མངར་གྱུར་ཏེ། །མི་ མཉམ་མཉམ་དང་མཉམ་ཞིང་བར་སྣང་མཁའ་མཉམ་པའི། །མགོན་པོ་རྣམས་ཀྱི་སྤྱོད་ཡུལ་མཚུངས་མེད་མཐའ་ཡས་ཉོན། །དེ་དག་འཇིག་རྟེན་ཀུན་ན་ཡོན་ཏན་མཚུངས་པ་མེད།། སྟོབས་བཅུ་ཡོན་ཏན་ཚད་མེད་མངའ་བ་ཐམས་ཅད་ཀྱི། །མཐུ་ལ་སེམས་དང་ཡིད་ཀྱི་ཚུལ་གྱིས་མི་བསམ་སྟེ། །སྐྱེས་བུ་སེང་གེ་རྣམས་ནི་འཇིག་རྟེན་ཐམས་ཅད་ཀྱིས། །སྒོ་རྣམས་རེ་ རེར་བསྐལ་པ་བྱེ་བར་མི་རྟོགས་སོ། །ཕྱོགས་བཅུ་ཀུན་ན་ཞིང་རྣམས་ཇི་སྙེད་ཡོད་པ་རྣམས། །སྐྱེས་བུ་ལ་ལས་བཤིག་སྟེ་རྡུལ་ཕྲན་བགྲང་ནུས་ཀྱང༌། །དེས་ནི་སྟོབས་བཅུ་མངའ་བའི་ སྤུ་གཅིག་ཡོན་ཏན་ཡང༌། །བསྐལ་པ་ཁྲག་ཁྲིག་བརྒྱས་ཀྱང་ཚད་གཟུང་མི་ནུས་སོ། །སྐྱེས་བུ་ལ་ལ་ནམ་མཁའི་དབྱིངས་ལ་འཇལ་བྱེད་ཅིང༌། །དེ་ལྟར་ལ་ལས་རྩིས་འགོ་བཟུང་སྟེ་ བགྲང་བྱས་ཀྱང༌། །གཞལ་བར་མི་ནུས་མཐའ་ཡང་རྙེད་པར་མི་རུང་བ། །དེ་བཞིན་བདེ་གཤེགས་རྣམས་ཀྱི་སྤྱོད་ཡུལ་ཚད་ཀྱང་མེད། །དུས་གསུམ་སེམས་ཅན་རྣམས་ཀྱི་རིགས་ ༄༅། །རྒྱུད་ཇི་སྙེད་དང༌། །དེ་དག་དུས་གསུམ་སྤྱོད་པ་སེམས་ཅན་འགའ་ཞིག་གིས། །སེམས་ཀྱི་སྐད་ཅིག་ཡིད་ཀྱིས་ཤེས་ཀྱང་འགྲོ་སྙེད་ཀྱི། །བསྐལ་པས་ ཐམས་ཅད་ཟིལ་གནོན་རང་བཞིན་ཤེས་མི་ནུས། །ཇི་ལྟར་ཆོས་ཀྱི་དབྱིངས་ནི་ཀུན་ཏུ་མཐའ་ཡས་ཤིང༌། །ཀུན་ཡིན་ཐམས་ཅད་མ་ཡིན་མི་སྣང་གཟུང་དུ་མེད། །དེ་བཞིན་སྟོབས་ བཅུ་མངའ་བའི་སྤྱོད་ཡུལ་ཚད་མེད་དེ། །ཐམས་ཅད་ཡིན་ཡང་ཀུན་མིན་ཆོས་དབྱིངས་རང་བཞིན་ཡིན། །དེ་བཞིན་ཉིད་ནི་དེ་བཞིན་ཉིད་དུ་མི་རྟོག་ཅིང༌། །ཀུན་ནས་འབྱུང་པ་མེད་ ཅིང་ནམ་ཡང་ནུབ་པ་མེད། །དེ་བཞིན་འཇིག་རྟེན་ཀུན་འདས་དེ་དག་སྤྱོད་ཡུལ་ཏེ། །དེ་བཞིན་ཉིད་དང་ཚུལ་མཚུངས་འཕེལ་དང་འགྲིབ་པ་སྤངས། །ཡང་དག་མཐའ་ནི་མཐའ་ མེད་མཐའ་ལ་གནས་པ་སྟེ། །དུས་གསུམ་ཀུན་དང་རྣམ་པ་ཀུན་ཏུ་རྣམ་པར་བྲལ། །དེ་བཞིན་མགོན་པོ་ཕན་མཛད་ཀུན་གྱི་སྤྱོད་ཡུལ་ཏེ། །དུས་གསུམ་རྒྱས་མཛད་རྣམ་པ་ ཀུན་ཏུ་ཆགས་མི་མངའ། །རང་བཞིན་བྱས་པ་མེད་པས་རྣམ་པར་འགྱུར་བ་མེད། །རང་བཞིན་མཁའ་འདྲ་དྲི་མེད་ཉོན་མོངས་མེད་པ་སྟེ། །དེ་བཞིན་རྒྱལ་བ་རྣམས་ཀྱི་རང་ བཞིན་ཀུན་ཏུ་དག །རང་བཞིན་འགྱུར་དང་བྲལ་ཞིང་ཡོད་དང་མེད་བ་མིན། །སྒྲ་དང་ཚིག་ལས་རྣམ་གྲོལ་དབྱངས་རྣམས་ཐམས་ཅད་མེད། །འགྲོ་དང་འོང་བྲལ་རྣམ་རྟོག་མེད་ པས་མྱ་ངན་འདས། །དེ་བཞིན་སྟོབས་བཅུ་མངའ་བའི་སྤྱོད་ཡུལ་རང་བཞིན་མེད། །ཚིག་གི་རང་བཞིན་ཀུན་གྱིས་བརྗོད་པར་མི་ནུས་སོ། །དེ་ལྟར་ཆོས་ཀུན་རང་བཞིན་ཞི་བ་མཁྱེན་ གྱུར་པས། །ཇི་ལྟར་ནམ་མཁའི་རླུང་དང་བྱ་རྗེས་འདྲ་བ་སྟེ། །སྔོན་ཆད་སྨོན་ལམ་མཛད་པས་གཟུགས་ཀྱི་སྐུར་ཡང་སྣང༌། །སྟོབས་བཅུ་མངའ་བ་རྣམས་ཀྱི་ཆོ་འཕྲུལ་ཅི་འདྲ་ལྟོས། ། རྒྱལ་བའི་སྤྱོད་ཡུལ་འདི་ལ་འཇུག་པར་སུ་འདོད་པ། །དེས་ནི་ནམ་མཁའ་འདྲ་བར་བསམ་པ་ཡོངས་སུ་སྦྱོངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་སྟེ། །ནམ་མཁའ་ ལྟ་བུའི་ཡིད་ཀྱིས་དེ་ལ་འཇུག་པར་གྱིས། །དེ་བས་བདེ་གཤེགས་སྲས་རྣམས་མགོན་པོའི་སྤྱོད་ཡུལ་རྣམས། །བདག་གིས་དཔེ་ཙམ་ཆུང་ཤས་བཤད་ཀྱི་མཉན་པར་གྱིས། ། སྟོབས་བཅུ་མངའ་བའི་ཡོན་ཏན་མཐར་ཕྱིན་མི་ནུས་ཀྱང༌། །ཤས་ཙམ་ཤེས་པར་བྱ་བའི་དོན་དུ་ཅུང་ཟད་བརྗོད། །དེ་དག་སྐུ་ཡི་འཕྲིན་ལས་ཇི་ལྟར་འབྱུང་བ་དང༌། །མགོན་པོ་རྣམས་ ཀྱི་གསུང་དང་ཐུགས་ཀྱི་སྤྱོད་ཡུལ་དང༌། །སྟོབས་བཅུ་རྣམས་ཀྱི་ཡུལ་དང་འཁོར་ལོ་བསྐོར་བ་དང༌། །མྱ་ངན་འདའ་དང་དགེ་རྩ་ཐམས་ཅད་བཤད་ཀྱི་ཉོན། །འཇིག་རྟེན་འདི་དག་མ་ ལུས་སྐྱེ་ཞིང་འབྱུང་བའི་ཚེ། །དེ་ལ་རྒྱུ་ཡི་རྣམ་གྲངས་གཅིག་ཅེས་བགྲང་མེད་ཀྱི། །རྒྱུ་དང་ཚུལ་གྱི་རྣམ་པ་ཁྲག་ཁྲིག་བརྒྱ་མང་གིས། །འཇིག་རྟེན་སྟོང་གསུམ་ཀུན་ནས་གནས་ ༄༅། །པའི་གྲངས་སུ་འགྲོ། །དེ་བཞིན་སྐྱེས་བུའི་མཆོག་རྣམས་སྐྱེ་བར་འགྱུར་བའི་ཚེ། །དེ་དག་ཡོན་ཏན་འདི་སྙེད་ཡིན་ཞེས་བགྲང་པ་མེད། །རྡུལ་དང་རྡུལ་ཕྲན་ བགྲང་ནུས་སེམས་ཅན་ཀུན་བསམ་ནུས། །སྟོབས་བཅུ་མངའ་བ་རྣམས་ཀྱི་འབྱུང་བ་རྣམས་ལ་མིན། །ཇི་ལྟར་སྤྲིན་དང་དུས་ཀྱི་ཆར་ལ་རྟེན་བྱས་ཤིང༌། །ཆར་ཆེན་འབབས་བྱེད་རླུང་རྣམས་ བཞི་པོ་དེ་བཞིན་ཏེ། །དགེ་རྩ་ཀུན་དང་བྱང་ཆུབ་སེམས་དཔའི་མཐུས། །འཇིག་རྟེན་སྟོང་གསུམ་ཀུན་ནས་གནས་པའི་གྲངས་སུ་འགྲོ། །དེ་བཞིན་སྟོབས་བཅུ་རྣམས་ཀྱི་ཆོས་སྤྲིན་རྒྱུར་ བྱས་ཤིང༌། །བསམ་པ་རྣམ་དག་བྱེད་པའི་ཡེ་ཤེས་རླུང་ལྡང་སྟེ། །སྔོན་གྱི་དགེ་བ་རྐྱེན་གྱིས་རིགས་པར་ཡོངས་བསྔོས་པས། །སྟོབས་བཅུ་མགོན་པོ་རྣམས་ནི་འབྱུང་ཞིང་སྐྱེ་ བར་འགྱུར། །སྟེང་གི་མཁའ་ཡི་དབྱིངས་ལས་སྤྲིན་ཆེན་ཆར་བྲུགས་པ། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཀུན་ནས་འཇིག་འགྱུར་ཚེ། །མཁའ་དབྱིངས་རྒྱ་ཆེན་དག་པའི་ རླུང་ལངས་མ་གཏོགས་པར། །ས་ཕྱོགས་གཞན་གྱིས་བཟུང་ཞིང་གཟུང་བར་མི་ནུས་སོ། །དེ་བཞིན་སྟོབས་བཅུ་མངའ་བ་འབྱུང་བར་འགྱུར་བའི་ཚེ། །ཕྱོགས་བཅུ་ཀུན་གྱི་ ཆོས་དབྱིངས་ཡོངས་སུ་རྒྱས་བཀང་ཞིང༌། །ཆོས་ཚུལ་ཆར་ཆེན་འབབ་བར་གྱུར་ལ་ལྷག་པའི་སེམས། །རྣམ་པར་དག་པ་མ་གཏོགས་གཞན་གྱིས་འཛིན་མི་ནུས། །ནམ་མཁའི་ དབྱིངས་ལས་སྤྲིན་ཆེན་ཆར་པ་འབབ་གྱུར་པ། །དེ་ལ་འགྲོ་དང་འོང་བ་ནམ་ཡང་ཡོད་པ་མིན། །དེ་ལ་བྱེད་པ་མེད་དེ་ཚོར་བ་པོ་ཡང་མེད། །དེ་དག་ཆོས་ཉིད་ཐོབ་འབྱུང་རྣམ་པ་གཞན་གྱིས་ མིན༑ ༑དེ་བཞིན་སྟོབས་བཅུ་མངའ་བའི་ཆོས་སྤྲིན་ཆར་འབབ་པ། །དེ་དག་འཕོ་དང་འོང་བ་ཡོད་པ་མ་ཡིན་ཡང༌། །བྱང་ཆུབ་སེམས་དཔའི་མཐུ་དང་ལེགས་པར་སྤྱད་པའི་རྒྱུས། །བྱང་ཆུབ་ སེམས་དཔའི་ཆོས་ཀྱི་རང་བཞིན་སྤྲིན་ཀྱང་འབྱུང༌། །སྤྲིན་གྱི་ཆར་བཀྱེ་ཆར་ཐིགས་ཡོངས་སུ་བགྲང་ནུས་པའི། །སེམས་ཅན་དེ་འདྲ་ཁམས་གསུམ་འདི་ནི་ཡོད་པ་མིན། །སྟོང་གསུམ་དབང་ པོའི་དབང་ཕྱུག་དེ་ནི་མ་གཏོགས་ཏེ། །དབང་བསྒྱུར་དེ་ནི་སྔོན་གྱི་སྨོན་ལམ་འབྲས་བུས་བགྲང༌། །དེ་བཞིན་བདེ་གཤེགས་ཆར་ཆེན་འབབ་པ་མ་ལུས་པར། །སེམས་ཅན་ཀུན་གྱིས་བགྲང་ བསམ་གཞལ་པར་སླ་བ་མིན། །འཇིག་རྟེན་ཀུན་ན་འགྲོ་བའི་མཆོག་གྱུར་དབང་ཕྱུག་རྣམས། །དེ་དག་སྤྲིན་ཆེན་ཆར་མཁྱེན་རིན་ཆེན་ལག་བཀོད་ལྟར། །རབ་ཏུ་ཞི་བྱེད་ཞི་བྱེད་འབྱུང་བ་ འབྱུང་བར་བྱེད། །གཞན་ཡང་ཡོངས་སུ་གཅོད་པ་དེ་ནི་ཡོངས་སུ་གཅོད། །སྒྲུབ་པ་དེ་བཞིན་གཞན་ཏེ་དེ་ནི་རིན་ཆེན་སྒྲུབ། །རྣམ་པར་འབྱེད་པ་སྟོང་གསུམ་ཐམས་ཅད་རྣམ་པར་འབྱེད། ། སྟོབས་བཅུ་མངའ་བའི་ཞི་སྤྲིན་ཉོན་མོངས་ཀུན་ཞིར་བྱེད། །འབྱུང་བ་དགེ་སྟོང་བརྒྱ་འགྲངས་ཀུན་ནས་འབྱུང་བར་བྱེད། །ཡོངས་སུ་གཅོད་པ་ལྟ་བའི་རྣམ་པ་ཡོངས་གཅོད་དེ། །རྒྱལ་ ༄༅། །བའི་རིན་ཆེན་སྒྲུབ་ཅིང་བསམ་པ་རྣམ་པར་འབྱེད། །བར་སྣང་མཁའ་ལས་ཆར་འབབ་ཅི་ལྟར་རོ་གཅིག་ཀྱང༌། །གནས་ཀྱི་ཁྱད་ཀྱིས་ཡོངས་སུ་འགྱུར་བ་ སྣ་ཚོགས་མང༌། །འོན་ཀྱང་ཆུ་ལ་རྟོག་མེད་རྣམ་པར་རྟོག་པ་མེད། །ཐ་དད་རྣམ་པ་འགྲངས་པ་དེ་དག་ཆོས་ཉིད་ཚུལ། །དེ་བཞིན་ཆོས་ཀྱང་གཅིག་མིན་ཐ་དད་མ་ཡིན་ཏེ། །རོ་གཅིག་ ཞི་ཞིང་རྟོག་མེད་རྣམ་པར་རྟོག་མེད་དེ། །འོན་ཀྱང་སངས་རྒྱས་ཆོས་འགྲངས་མུ་མེད་འབྱུང་བར་འགྱུར། །དེ་ནི་རྡུལ་བྲལ་རྣམས་ཀྱི་ཆོས་ཉིད་ཚུལ་ཡིན་ནོ། །ཇི་ལྟར་ཐོག་མར་གཟུགས་ ཁམས་གཞལ་མེད་ཁང་པ་འབྱུང༌། །དེ་ནས་འདོད་ཁམས་གཞལ་མེད་ཁང་རྣམས་རྣམ་པར་འགོད། །དེ་ནས་ས་སྟེང་མི་ཡི་གནས་རྣམས་རྣམ་བཀོད་དེ། །དེ་ནས་ཀླུ་དང་དྲི་ཟ་འགྲོ་ བ་ཀུན་གྱི་གནས། །དེ་བཞིན་སྟོབས་བཅུ་མངའ་བ་དེ་དག་འབྱུང་བའི་ཚེ། །ཐོག་མར་བྱང་ཆུབ་སེམས་དཔའི་སྤྱོད་པ་མུ་མེད་འབྱུང༌། །དེ་ནས་ཞི་དགའ་རང་རྒྱལ་ཐེག་ལ་གནས་པ་ རྣམས༑ ༑དེ་ནས་དབང་དུ་གྱུར་པའི་དེ་ནས་འགྲོ་ཀུན་གྱི། །ཇི་ལྟར་པདྨོ་སངས་རྒྱས་སྐྱེ་བའི་ལྟས་གྱུར་པས། །སྔོན་ཆད་སངས་རྒྱས་མཐོང་བའི་ལྷ་རྣམས་དགའ་འགྱུར་ཞིང༌། །ཆུ་ལས་ བརྟེན་ཅིང་འོད་གསལ་གཞལ་མེད་ཁང་ཡང་འབྱུང༌། །རླུང་ལངས་འཇིག་རྟེན་རས་རིས་ཆ་ཆར་འགོད་པ་བྱེད། །སངས་རྒྱས་སྔོན་གྱི་དགེ་བའི་འོད་གསལ་ལྟས་ཡིན་ཏེ། །དེས་ནི་ སངས་རྒྱས་རྒྱལ་སྲས་ཀུན་གྱི་ཐུགས་ཆུད་འགྱུར། །ཡེ་ཤེས་ཡོངས་དག་དཀྱིལ་འཁོར་མཁའ་ལྟར་རྣམ་དག་པའི། །སྟོབས་བཅུ་ཐ་དད་ཇི་སྙེད་སངས་རྒྱས་ཆོས་འབྱུང་མཁྱེན། །རླུང་ནི་ ཆུ་ཕུང་མ་ལུས་ཀུན་གྱི་གནས་ཡིན་ཏེ། །དེ་ཕྱིར་ས་སྟེང་གནས་རྣམས་འཇིག་པར་མི་འགྱུར་རོ། །ས་ཡང་ཤིང་དང་གེལ་པ་སྨན་གྱི་གནས་ཡིན་ཏེ། །མཁའ་ལ་གནས་སུ་བྱ་བ་གང་ ཡང་མེད་པ་ཡིན། །མགོན་པོ་རྣམས་ཀྱང་ཤེས་རབ་ཡེ་ཤེས་གཞི་ལ་བཞུགས། །ཡེ་ཤེས་ཐུགས་རྗེ་བྱམས་པ་ཐབས་ཀྱིས་ཡོངས་སུ་བཟུང༌། །རྒྱལ་བའི་ཆོས་རྣམས་ཇི་སྙེད་དེ་དག་ ཐབས་སུ་འདུས། །རྡུལ་མེད་ཤེས་རབ་དེ་ནི་གནས་མེད་ལུས་ཀྱང་མེད། །འཇིག་རྟེན་བྱུང་ནས་ཚད་མེད་མང་པོ་ཀུན་ཀྱང་འཚོ། །ས་ལ་གནས་དང་ཆུ་ལ་གནས་པ་ཐམས་ཅད་དང༌། ། ནམ་མཁའི་ལྷ་རྫས་གཞལ་མེད་ཁང་ལ་གནས་པ་དང༌། །རྐང་གཉིས་རྐང་བཞི་སེམས་ཅན་ཐམས་ཅད་ཉེ་བར་འཚོ། །དེ་བཞིན་སྐྱེས་མཆོག་དབང་པོ་ཆོས་ཀྱི་རྒྱལ་སྐྱེས་པ། ། འགྲོ་བ་མ་ལུས་ཐམས་ཅད་ཉེ་བར་འཚོ་བ་ཡིན། །མཐོང་ཞིང་ཐོས་པར་གྱུར་དང་མཆོད་པས་དེ་བཞིན་ཏེ། །ཉོན་མོངས་བསལ་བས་སེམས་ཅན་ཐམས་ཅད་ཉེ་བར་འཚོ། །འབྱུང་བ་ མཐར་ཐུག་མེད་པས་འཇིག་རྟེན་མགོ་རྨོངས་འགྱུར། །འོན་ཀྱང་འགྲོ་ལ་ཕན་འདོན་སེམས་ཅན་ཤེས་བྱའི་ཕྱིར། །མི་མཁས་འགྲོ་བ་བསྟན་ཕྱིར་ཡེ་ཤེས་བསྟན་དོན་དུ། །རྒྱལ་བ་ ༄༅། །རྣམས་ཀྱི་དོན་རབ་དཔེ་མེད་དཔེས་བརྗོད་དོ།། །།བམ་པོ་བདུན་ཅུ་རྩ་གཅིག་པ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་བལྟར་ཡོད་པ་ཇི་ལྟ་བུར་ཁོང་དུ་ ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་ པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཚད་མེད་པའི་རྗེས་སུ་འགྲོ་བས་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ནི། བྱང་ཆུབ་སེམས་དཔས་ ཆོས་གཅིག་གམ། རྣམ་པ་གཅིག་གམ། སྐུ་གཅིག་གམ། ཞིང་གཅིག་གམ། སེམས་ཅན་གཅིག་གིས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ནི། ཐམས་ཅད་དུ་རྗེས་སུ་སོང་བར་བྱང་ཆུབ་སེམས་དཔས་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ནམ་མཁའི་དབྱིངས་ ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། འདོད་པ་དང༌། གཟུགས་ཡོད་པ་དང༌། གཟུགས་མེད་པའི་གནས་ཐམས་ཅད་དུ་ཁྱབ་པ་ཡིན་ཡང་གང་དུའང་སོང་བ་མེད་ཅིང༌། རྗེས་སུ་སོང་བ་མེད་ པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནམ་མཁའ་ལ་གཟུགས་མེད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་ བ་སྟེ༑ སེམས་ཅན་ཐམས་ཅད་དང༌། ཆོས་ཐམས་ཅད་དང༌། ཞིང་ཐམས་ཅད་ཀུན་ཏུ་ཁྱབ་པར་ཤེས་པར་བྱའོ། །འོན་ཀྱང་གར་ཡང་གཤེགས་པ་མེད་ཅིང་རྗེས་སུ་བཞུད་པ་མེད་དེ། དེ་ ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པའི་སྐུ་ལ་ལུས་མེད་པའི་ཕྱིར་ཏེ། སེམས་ཅན་རྣམ་པར་དམིགས་པ་ཡོད་པའི་ཕྱིར་སྐུར་བསྟན་པ་ཡང་ཡོད་དོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་པོ་འདིས། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་ སྟེ༑ དཔེར་ན། ནམ་མཁའ་གཟུགས་མེད་དེ། ཡངས་ཤིང་རྒྱ་ཆེ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྣང་ཞིང་ཡོད་པར་གྱུར་ཏེ། ནམ་མཁའ་ལ་རྟོག་པ་མེད་དོ། །སྤྲོས་པ་མེད་དོ། ། ༄༅། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་ཀྱི་འོད་སྣང་བ་ལ་བརྟེན་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ལས་འཇིག་ རྟེན་པ་དང༌། འཇིག་རྟེན་ལས་འདས་པ་རྣམས་ཡོད་ཅིང་སྣང་བར་གྱུར་ཀྱང༌། དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པར་རྟོག་པ་མི་མངའ་སྟེ། སྤྲོས་པ་མི་མངའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ བཞིན་གཤེགས་པའི་སྐུ་ནི་ཐོགས་མ་ནས་སྤྲོས་པ་ཐམས་ཅད་ཡང་དག་པར་ཆད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་ བྱ་བའི་སྒོ་གཉིས་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། འཛམ་བུའི་གླིང་དུ་ཉི་མ་ཤར་བ་ ནི་འོད་ཀྱིས་ཚད་མེད་པར་ཁྱབ་པས། སེམས་ཅན་རྣམས་ཚད་མེད་པའི་རྣམ་པས་ཉེ་བར་འཚོ་སྟེ། འདི་ལྟར་རི་ལ་བབ་ཅིང་རྩྭ་དང་ནགས་ཚལ་སྐྱེ་བར་བྱེད་པས་ཀྱང་ཉེ་བར་འཚོ་བ་ ཡིན༑ མུན་པའི་མུན་ནག་ཡོངས་སུ་སེལ་ཞིང་སྣང་བར་བྱེད་པས་ཀྱང་ཉེ་བར་འཚོ་བ་ཡིན། ས་ལ་བབ་ཅིང་འདམ་རྫབ་ཡོངས་སུ་སྐེམ་པས་ཀྱང་ཉེ་བར་འཚོ་བ་ཡིན། ལོ་ཏོག་ལ་ བབ་ཅིང་ཡོངས་སུ་སྨིན་པར་བྱེད་པས་ཀྱང་ཉེ་བར་འཚོ་བ་ཡིན། ནགས་ཚལ་དང༌། གེལ་བ་དང༌། སྨན་ལ་བབ་ཅིང་སྐྱེ་བ་དང་རྣམ་པར་འཕེལ་བར་བྱེད་པས་ཀྱང་ཉེ་བར་འཚོ་བ་ ཡིན༑ ནམ་མཁའ་ལ་བབ་ཀྱང་བར་སྣང་ལ་སྤྱོད་པའི་སེམས་ཅན་རྣམས་ཉེ་བར་འཚོ་བ་ཡིན། པདྨོའི་ནགས་ཚལ་ལ་བབ་ཀྱང་ཁ་འབྱེ་ཞིང་རྒྱས་པར་བྱེད་པས་ཉེ་བར་འཚོ་བ་ཡིན། གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཕོ་བྲང་འཁོར་དང༌། རྒྱལ་པོའི་གནས་ལ་བབ་ཀྱང་གཟུགས་སྣ་ཚོགས་གསལ་བར་སྟོན་པས་ཉེ་བར་འཚོ་བ་ཡིན། ཆུ་ལ་བབ་ཀྱང་ཆུ་ལ་ གནས་པའི་སེམས་ཅན་ཡོངས་སུ་ལོངས་སྤྱོད་པས་ཉེ་བར་འཚོ་བ་ཡིན། ལས་ཀྱི་རྣམ་པ་སྣ་ཚོགས་ལ་བབ་ཀྱང་དགོས་པ་བརྩམས་པ་ཡོངས་སུ་གྲུབ་པར་བྱེད་པས་ཉེ་བར་འཚོ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཚད་མེད་པ་བཀྱེ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པའི་ཉི་མ་ཡང༌། རྣམ་པ་ཚད་ མེད་པས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཡིན་ཏེ། འདི་ལྟར་དགེ་བའི་ལས་ཡོངས་སུ་སྐྱེད་ཅིང་སྡིག་པའི་ལས་རྣམ་པར་ཟློག་པས་ཀྱང་ཉེ་བར་འཚོ་བ་ཡིན། ཤེས་རབ་ཀྱི་འོད་སྣང་ བ་མཛད་ཅིང་གཏི་མུག་གི་མུན་པ་རྣམ་པར་སེལ་བས་ཀྱང་ཉེ་བར་འཚོ་བ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་ཅིང༌། བྱམས་པ་ཆེན་པོ་དང་ལྡན་པས་ཀྱང་ཉེ་བར་འཚོ་བ་ཡིན། འགྲོ་ བ་ཐམས་ཅད་ཡོངས་སུ་འགྲེལ་ཅིང༌། ཐུགས་རྗེ་ཆེན་པོ་དང་ལྡན་པས་ཀྱང་ཉེ་བར་འཚོ་བ་ཡིན། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་འཕེལ་བར་མཛད་ཅིང༌། ཆོས་ ༄༅། །ཀྱི་ལོ་ཏོག་ལ་བབ་པས་ཀྱང་ཉེ་བར་འཚོ་བ་ཡིན། སེམས་ཅན་གྱི་རྙོག་པ་ཡོངས་སུ་སེལ་བས་དད་པ་བསྐྱེད་པས་ཀྱང་ཉེ་བར་འཚོ་བ་ཡིན། རྒྱུ་དང་འབྲས་བུ་རྣམ་ པར་ཆུད་མི་ཟ་བས་མཐོང་བ་དོན་ཡོད་པས་ཀྱང་ཉེ་བར་འཚོ་བ་ཡིན། སྐྱེ་བ་དང༌། འཕོ་བ་ཡང་དག་པར་སྟོན་ཅིང༌། གཟུགས་སྣང་བར་མཛད་པས་ཀྱང་ཉེ་བར་འཚོ་བ་ཡིན། དགེ་ བའི་རྩ་བ་རྣམ་པར་ཆུད་མི་གཟོན་ཅིང་ཁོང་ཁྲོ་བ་མི་མངའ་བས་ཀྱང་ཉེ་བར་འཚོ་བ་ཡིན། སློབ་མའི་ཡོན་ཏན་པདྨོ་ཁ་ཕྱེ་ཞིང་རྒྱས་པར་མཛད་དེ། སེམས་ཅན་རྣམས་ལ་ཡེ་ ཤེས་ཀྱི་འོད་ཟེར་ཚད་མེད་པ་རབ་ཏུ་གཏོང་བས་ཀྱང་ཉེ་བར་འཚོ་བ་ཡིན། སྤྱད་པ་བརྩམས་པ་ཡོངས་སུ་གྲུབ་པ་མཛད་ཅིང༌། བྱང་ཆུབ་སེམས་དཔའི་སྤྲོ་བ་བསྐྱེད་པས་ཀྱང་ཉེ་བར་ འཚོ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུའི་ཉི་མ་ནི། ཡེ་ཤེས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཚད་མེད་པ་དང་ལྡན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་གསུམ་པ་འདིས་ཀྱང་དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་དེ་ཉིད་འཛམ་བུའི་གླིང་དུ་འཆར་བའི་ཚེ། ཐོག་མ་ཉིད་དུ་རིའི་རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། རི་རབ་རིའི་རྒྱལ་པོ་ལ་སྣང་བར་འགྱུར་རོ། ། དེའི་འོག་ཏུ་དེ་མ་ཡིན་པའི་རི་ཆེན་པོ་གཞན་ལ་སྣང་བར་འགྱུར་རོ། །དེའི་འོག་ཏུ་རི་ནག་པོ་དག་ལའང་སྣང་བར་འགྱུར་རོ། །དེའི་འོག་ཏུ་ས་ཕྱོགས་མཐོན་པོ་རྣམས་སུ་སྣང་བར་འགྱུར་རོ། ། དེའི་འོག་ཏུ་འཛམ་བུའི་གླིང་འདིའི་ས་ཕྱོགས་དམའ་བ་དག་ཀྱང་སྣང་བར་བྱེད་དེ། འོན་ཀྱང་ཉི་མའི་དཀྱིལ་འཁོར་ལ། འདིར་ནི་ཐོག་མ་ཉིད་དུ་འོད་ཟེར་དགྱེའོ་ཞེའམ། འདིར་ནི་ཐོག་མར་ སྣང་བར་བྱའོ་ཞེས་བྱ་བའི་རྣམ་པར་རྟོག་པ་མེད་དེ། སྤྲོས་པ་མེད་ཀྱང་ཉི་མའི་དཀྱིལ་འཁོར་འོད་མཉམ་དུ་གཏོང་ཞིང་འཆར་བ་ནི་མེད་པ་མ་ཡིན་ཏེ། ས་མཐོན་དམན་གྱི་ཁྱད་པར་གྱིས་ མཐོ་མཐོ་ལ་སྔར་འཆར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ ཡང༑ ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་རིས་སུ་འཆར་བར་འགྱུར་བའི་ཚེ། རྟག་ཏུ་རྒྱུན་མི་འཆད་པར་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་སྣང་བ་འགྱེད་དེ། དེ་ཡོངས་སུ་བཀྱེ་ བའི་ཚེ་ཡང་ཐོག་མ་ཉིད་དུ་ལྷག་པའི་བསམ་པ། རིའི་རྒྱལ་པོ་ཆེན་པོ་ལྟ་བུ་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ལ། ཆོས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་སྟོན་པའི་ཚུལ་དུ་འཆར་ བར་འགྱུར་རོ། །དེའི་འོག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་ཞུགས་པ་རྣམས་ལ་འཆར་བར་འགྱུར་རོ། །དེའི་འོག་ཏུ་དགེ་བའི་རྩ་བ་ངེས་པ་དང་ལྡན་པའི་སེམས་ཅན་རྣམས་ ༄༅། །ལ་བསམ་པའི་སྣོད་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་བསྟན་པའི་ཚུལ་གྱིས་འཆར་བར་འགྱུར་རོ། །དེའི་འོག་ཏུ་ཆུང་ངུ་ན་ལོག་ པར་ངེས་པའི་སེམས་ཅན་ཡན་ཆད་སེམས་ཅན་ཐམས་ཅད་ལའང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་འཆར་བར་འགྱུར་རོ། །དེ་ལྟར་ཤར་ནས་ཀྱང་སེམས་ཅན་རྣམས་ ལ་ཤིན་ཏུ་ཕན་པར་འགྱུར་ཏེ། མ་འོངས་པའི་རྒྱུའང་ཡོངས་སུ་སྨིན་པར་མཛད་ཅིང༌། དགེ་བའི་ཆོས་ཀྱིས་རྣམ་པར་འཕེལ་བར་མཛད་ཀྱང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་ མའི་འོད་ཟེར་དེ་དག་ནི། སེམས་ཅན་འདི་རྣམས་ལ་བདག་ཅག་གིས་ཐོག་མ་ཉིད་དུ་ཐེག་པ་ཆེན་པོས་སྣང་བར་བྱས་ཏེ། དེའི་འོག་ཏུ་བསམ་པ་འབྲིང་དང་ལྡན་པ་རྣམས་ལ། ཉན་ཐོས་ དང༑ རང་སངས་རྒྱས་ཀྱི་ཐེག་པས་རྣམ་པར་དག་པར་བྱ་བའི་ཕྱིར་སྣང་བར་བྱའོ། །དེའི་འོག་ཏུ་སེམས་ཅན་དགེ་བའི་བསམ་པ་ཅན་མོས་པའི་ཐེག་པ་དང་ལྡན་པ་རྣམས་ལ་ བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཚུལ་གྱིས་སྣང་བར་བྱའོ། །དེའི་འོག་ཏུ་ཆུང་ངུ་ན་སེམས་ཅན་ལོག་པར་ངེས་པ་ཡན་ཆད་སེམས་ཅན་ཐམས་ཅད་ཀྱི་ བསམ་པ་ཡོངས་སུ་སྦྱང་བར་བྱའོ། །བལྟ་བ་བསྲང་བར་བྱའོ་ཞེས་རྣམ་པར་རྟོག་པ་མི་མངའ། སྤྲོས་པ་མི་མངའ་སྟེ། འོན་ཀྱང་འོད་ཟེར་མཉམ་པར་འགྱེད་པས། འོད་ཟེར་གྱི་ མཉམ་པ་ཉིད་དུ་ཀུན་ཏུ་བསྒྲིབས་པ་མེད་པར་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྣང་བར་འགྱུར་ཏེ། དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་རྟོག་པ་ མི་མངའ་བའི་ཕྱིར་རོ། །དེ་ཡང་འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་ཅིང༌། འོད་ཟེར་མཉམ་པ་ཉིད་དུ་འཆར་ཡང་རི་ཆེན་པོ་རྣམས་ལ་རྣམ་པ་ཐ་དད་དུ་ སྣང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མི་མངའ་ཞིང༌། འོད་ཟེར་མཉམ་པ་ཉིད་དུ་འཆར་ཡང༌། སེམས་ ཅན་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་དང༌། བསམ་པའི་རྣམ་པ་ཐ་དད་པས། དེ་བཞིན་གཤེགས་པའི་འོད་ཟེར་རྣམ་པ་ཐ་དད་པ་ཡང་སྣང་ཞིང་ཡོད་དོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་བཞི་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་དེ་ཉིད་ཤར་ཀྱང་སེམས་ཅན་དམུས་ལོང་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་ཏེ། དེ་ནི་མིག་དང་མི་ལྡན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་ སྲས༑ དེ་ལྟར་ཉི་མའི་དཀྱིལ་འཁོར་དེ་སེམས་ཅན་དམུས་ལོང་རྣམས་མིག་དང་མི་ལྡན་པའི་ཕྱིར་མིག་ལམ་དུ་མི་སྣང་དུ་ཟིན་གྱིས་ཀྱང༌། སེམས་ཅན་དམུས་ལོང་རྣམས་ལའང་ཉི་ ༄༅། །མར་གདགས་པ་དང༌། ཁ་ཟས་འཇུ་བ་དང༌། བདེ་བར་སྤྱོད་པ་དང༌། ལུས་ཀྱི་གྲང་བ་བསལ་བ་དང༌། ལུས་ཡང་བ་དང༌། མིག་ནད་དང༌། ལུས་ལ་གནས་ པའི་ནད་རླུང་ངམ་མཁྲིས་པའམ། བད་ཀན་ལས་བྱུང་བ་དེ་དག་ཐམས་ཅད་སེལ་བར་བྱེད་པའི་སྒོར་མི་ཕན་པ་མ་ཡིན་ཏེ། ཕན་འདོགས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་ དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ཡང༌། སེམས་ཅན་ལྷག་པའི་བསམ་པའི་མིག་ལྡོངས་པར་གྱུར་པ། མོས་པ་ལོག་པ། ལྟ་བ་ལོག་པ། སྦྱོར་ བ་ལོག་པ། འཚོ་བ་ལོག་པ། དམུས་ལོང་ལྟ་བུར་གྱུར་པའི་མིག་ལམ་དུ་སྣང་བར་མི་འགྱུར་ཏེ། དེ་ནི་དད་པའི་མིག་དང་མི་ལྡན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་ གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་སེམས་ཅན་དམུས་ལོང་ལྟ་བུར་གྱུར་པའི་དད་པའི་མིག་དང་མི་ལྡན་པ་དེ་དག་གི་མིག་ལམ་དུ་སྣང་བར་མ་གྱུར་དུ་ཟིན་ཀྱང༌། སེམས་ཅན་རྣམ་པ་དེ་ལྟ་བུ་དག་ལ་དེ་བཞིན་གཤེགས་པའི་མཐུས། སེམས་ཅན་དེ་དག་གི་ལུས་ལ་མི་བདེ་བ། རྩེ་ཞིལ་བར་འགྱུར་བ་དང༌། མ་འོངས་པའི་ཉོན་མོངས་པའི་ རྒྱུའི་ལྷགས་པ་སེལ་བའི་སྒོར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ཕན་པར་མི་འགྱུར་བ་མ་ཡིན་ཏེ། ཕན་འདོགས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་ གཤེགས་པ་ལ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཡང་དག་པར་བསགས་པ་ཞེས་བྱ་བའི་འོད་ཟེར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་ དང༑ རྣམ་པར་དག་པས་རྣམ་པར་རོལ་པའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དང༌། དབྱངས་ཆེན་པོས་ཡེ་ཤེས་རྣམ་པར་དགོད་པའི་དོན་སྣང་བ་དང་ལྡན་པ་ ཞེས་བྱ་བའི་འོད་ཟེར་དང༌། སྤྱོད་པ་ཐམས་ཅད་ཀྱིས་ཤིན་ཏུ་ཚིམ་པར་བྱེད་པའི་ཡེ་ཤེས་སྣང་བ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དང༌། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ ཅད་ཡོངས་སུ་བཅད་པའི་ཡུལ་ལ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་དང༌། མི་གནས་པའི་ཡེ་ཤེས་རྣམ་པར་འཕྲུལ་བའི་སྣང་བ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དང༌། སྤྲོས་པ་ ཐམས་ཅད་ཡང་དག་པར་གཅད་པའི་ཡུལ་ལ་ཡེ་ཤེས་ཀྱིས་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་དང༌། ཐེག་པ་ཐ་དད་པའི་སྣོད་ལ་དབྱངས་རབ་ཏུ་བསྒྲགས་པ་ཞེས་བྱ་བའི་འོད་ཟེར་ དང༑ ཞིང་གི་རྒྱན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་ཅིང༌། སྐྱེ་བ་རྣམ་པར་སྦྱོང་བས་རྣམ་པར་རོལ་པའི་དཀྱིལ་འཁོར་གྱི་དབྱངས་ཞེས་བྱ་བའི་འོད་ཟེར་མངའ་སྟེ། ཀྱེ་རྒྱལ་བའི་ སྲས༑ འོད་ཟེར་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པའི་མཛོད་སྤུའི་གསེབ་ཀྱི་སྒོ་གཅིག་ནས་ཀྱང་འོད་ཟེར་སྟོང་ཚང་བར་འབྱུང་སྟེ། ལྔ་བརྒྱ་ནི་འོག་གི་ཕྱོགས་སུ་གཏོགས་སོ། ། ༄༅། །ལྔ་བརྒྱ་ནི་སྟེང་གི་ཕྱོགས་སུ་གཏོགས་སོ། །འོད་ཟེར་དེ་དག་མཐོང་བར་གྱུར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་ན་ འཁོད་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་མཚན་ཐ་དད་པ་རྣམས་རབ་ཏུ་ཤེས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང༌། དེ་བཞིན་གཤེགས་ པའི་ཡུལ་ལ་མགོ་ཡོངས་སུ་དག་པ་བཅུ་རབ་ཏུ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡུལ་ལ་མིག་ཡོངས་སུ་དག་པ་བཅུ་དང༌། རྣ་བ་ཡོངས་སུ་དག་པ་བཅུ་དང༌། སྣ་ཡོངས་སུ་དག་པ་བཅུ་དང༌། ལྕེ་ཡོངས་སུ་དག་པ་བཅུ་དང༌། ལུས་ཡོངས་སུ་དག་པ་བཅུ་དང༌། ལག་པ་ཡོངས་སུ་དག་པ་བཅུ་དང༌། རྐང་པ་ཡོངས་སུ་དག་པ་བཅུ་དང༌། ས་ ཡོངས་སུ་དག་པ་བཅུ་དང༌། ཡེ་ཤེས་འབྱམས་ཀླས་པ་ཡོངས་སུ་དག་པ་བཅུ་རབ་ཏུ་འཐོབ་པར་འགྱུར་ཏེ། དེ་དག་གི་སྐྱེ་མཆེད་བྱང་ཆུབ་སེམས་དཔའི་སར་གྲུབ་པ་དེ་དག་གིས་ འོད་ཟེར་དེ་དག་མཐོང་ཞིང་ཤེས་པར་གྱུར་ནས་ཀྱང༌། དེ་དག་གི་སྐྱེ་མཆེད་དེ་དག་དེ་བས་ཀྱང་རྣམ་པར་དག་པར་གྱུར་ཏེ། དེ་དག་གི་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་སྨིན་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ཡང༌། ཕྱོགས་གཅིག་གི་སར་དྲི་མ་ཐམས་ཅད་ཡོངས་སུ་བྱང་བའི་རྒྱུར་ འགྱུར་རོ། །སེམས་ཅན་དམུས་ལོང་ལྟ་བུ་རྣམས་ཀྱིས་ཀྱང༌། ལུས་ཀྱི་བདེ་བ་རབ་ཏུ་འཐོབ་ཅིང་ཡོངས་སུ་རྫོགས་པ་དང༌། སྐྱོན་མེད་པ་དང༌། རྣམ་པར་དག་པ་དང༌། ཤིན་ཏུ་དུལ་ བ་རབ་ཏུ་འགྲུབ་པར་འགྱུར་ཏེ། དེ་ནི་གོང་དུ་ཡང་རྣམ་པར་བསྒོམ་པའི་ཡེ་ཤེས་རབ་ཏུ་འགྲུབ་པའི་རྒྱུར་འགྱུར་རོ། །སེམས་ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་དང༌། ལོག་པར་ལྟུང་བའི་སེམས་ཅན་རྣམས་ལ་ཡང༌། ལུས་ཀྱི་བདེ་བ་ཉེ་བར་འགྲུབ་པའི་རྒྱུར་འགྱུར་ཏེ། ལུས་ཀྱི་བདེ་བ་དེ་དང་ལྡན་ པར་གྱུར་ནས་ཀྱང༌། ལོག་པར་ལྟུང་བ་དེ་དག་ནས་ཤི་འཕོས་ཤིང་འགྲོལ་བར་འགྱུར་རོ། །ལོག་པར་ལྟུང་བའི་ངན་སོང་དེ་དག་ནས་ཤི་འཕོས་ནས་ཀྱང་ལྷ་དང་མིར་སྐྱེ་སྟེ། ཀྱེ་རྒྱལ་ བའི་སྲས། སེམས་ཅན་དེ་དག་གིས་ནི། ཁོང་ཏ་བདག་ཅག་རྒྱུ་གང་དང༌། རྐྱེན་གང་དང༌། སུའི་མཐུས་དེར་སྐྱེས་པར་གྱུར་པའང་མི་ཤེས། ཁོང་དུ་མི་ཆུད་དོ། །འདི་ལྟ་སྟེ། དཔེར་ ན༑ སེམས་ཅན་དམུས་ལོང་དུ་གྱུར་པ་དེ་དག་འདི་སྙམ་སེམས་ཏེ། བདག་ཅག་ནི་ཚངས་པས་བྱས་པ་སྟེ། ཚངས་པས་སྤྲུལ་པའོ་ཞེས་བྱ་བའི་ལྟ་བའི་རྣམ་པ་དང་ལྡན་ཡང༌། དེ་བཞིན་ གཤེགས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་འཕྲུལ་པ་ལ་བཞུགས་ཤིང༌། སངས་རྒྱས་ཀྱི་གསུང་སྟོང་ཕྲག་དྲུག་ཅུ་དང་ལྡན་པས། སེམས་ཅན་དེ་དག་ལ་བཀའ་སྩལ་ ༄༅། །ཏེ༑ གྲོགས་པོ་དག །འདི་ནི་ཚངས་པའི་ཞིང་མ་ཡིན། འཇིག་རྟེན་གྱི་མགོན་པོའི་ཞིང་མ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་ཞིང་ངོ༌། །ཁྱེད་ནི་དེ་བཞིན་ གཤེགས་པས་ཡོངས་སུ་སྨིན་པར་བྱས་པའོ། །ཞེས་བཀའ་སྩལ་ན། སེམས་ཅན་དེ་དག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དྲན་པར་གྱུར་ནས། དེ་དག་དེ་མ་ཐག་ཏུ་ དགའ༑ རངས་ཤིང་ཡིད་བདེ་བས་རབ་ཏུ་དགའ་བ་དང༌། བདེ་བའི་ཉམས་ཀྱིས་ཡིད་སྤྲོ་བ་དང་ལྡན་པར་གྱུར་ནས། མེ་ཏོག་གི་སྤྲིན་དང༌། སྤོས་ཀྱི་སྤྲིན་དང༌། རོལ་མོའི་སྤྲིན་ དང༑ ན་བཟའི་སྤྲིན་དང༌། གདུགས་ཀྱི་སྤྲིན་དང༌། རྒྱལ་མཚན་གྱི་སྤྲིན་དང༌། བ་དན་གྱི་སྤྲིན་དང༌། རིན་པོ་ཆེའི་སྤྲིན་དང༌། སེང་གེའི་རྒྱལ་མཚན་དང༌། ཟླ་བ་ཁམ་པའི་ ཁང་པ་བརྩེགས་པའི་སྤྲིན་དང༌། བསྟོད་པའི་སྤྲིན་དང༌། རྒྱན་སྣ་ཚོགས་ཤིན་ཏུ་བསྒྲུབས་པའི་སྤྲིན་རྒྱ་ཆེན་པོས་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། ། བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དག་གི་ལྷའི་མིག་རྣམ་པར་དག་པར་བྱས་པའི་ཕྱིར་ཏེ། སེམས་ཅན་དེ་དག་ལའང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ། དེ་བཞིན་གཤེགས་པ་ལུང་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ནི་སེམས་ཅན་དམུས་ ལོང་དུ་གྱུར་པ་རྣམས་ལ་ཡང་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མཛད་པས་ཕན་འདོགས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་ དུ་ཆུད་པར་བྱ་བའི་སྒོ་ལྔ་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཟླ་བའི་ དཀྱིལ་འཁོར་འཆར་བར་འགྱུར་བའི་ཚེ་རྨད་དུ་བྱུང་བའི་ཆོས་བཞི་སྔ་ཕྱི་མེད་པར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྐར་མ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འཕེལ་བ་ དང༑ འགྲིབ་པ་ཡང་ཡོངས་སུ་སྟོན་ཏོ། །འཛམ་བུའི་གླིང་ཐམས་ཅད་ཀྱི་ཆུ་དང་བའི་སྣོད་ཀུན་ཏུའང་གཟུགས་བརྙན་རབ་ཏུ་སྣང་ངོ༌། །སེམས་ཅན་ཀུན་གྱིས་བལྟས་ནའང་མངོན་ སུམ་དུ་གནས་པར་སྣང་སྟེ། དེ་ལ་རྣམ་པར་རྟོག་པ་མེད་དོ། །སྤྲུལ་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཟླ་བའི་དཀྱིལ་འཁོར་ཡང༌། རྨད་དུ་ བྱུང་བའི་ཆོས་བཞི་སྔ་ཕྱི་མེད་པར་སྟོན་ཏོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སློབ་པ་དང་མི་སློབ་པ་ཐམས་ཅད་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམ་པ་ཐམས་ ཅད་དུ་ཟིལ་གྱིས་གནོན་ཏོ། །ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ཀྱི་ལྟ་བ་རྣམ་པ་ཐ་དད་པའི་ཚུལ་དང༌། སྐུ་ཚེའི་ཚད་རྣམ་པ་ཐ་དད་པ་ཡང་ཡང་དག་པར་སྟོན་ཏེ། དེ་བཞིན་ ༄༅། །གཤེགས་པའི་སྐུ་ཟླ་བའི་དཀྱིལ་འཁོར་ལ་འཕེལ་བ་དང༌། འགྲིབ་པ་མི་མངའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷག་པའི་བསམ་པ་དང༌། སེམས་ཡོངས་སུ་དག་ཅིང༌། མོས་པ་ཡོངས་སུ་བསྒོམས་པའི་སྟོབས་དང༌། ཤུགས་སུ་ལྡན་པའི་སེམས་ཅན་བྱང་ཆུབ་ཀྱི་སྣོད་རྣམས་ལའང་གཟུགས་བརྙན་རབ་ཏུ་འབྱུང་ ངོ༑ ༑སེམས་ཅན་ཀུན་གྱིས་བལྟས་ཀྱང༌། བདག་བདག་ལ་མངོན་དུ་གཟིགས་པར་འཛིན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་ཉན། ཐེག་པ་གང་གིས་འདུལ་བའི་ས་ ཅི་བཞིན་དུ་རྣམ་པར་གྲོལ་བར་འགྱུར་ཏེ། སེམས་ཅན་ཇི་ལྟ་བུར་འདུལ་བ་བཞིན་དུ་སྣང་བའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྐུའང་རབ་ཏུ་སྟོན་ཏེ། དེ་བཞིན་གཤེགས་ པའི་སྐུ་ཟླ་བའི་དཀྱིལ་འཁོར་དེ་ལ་རྣམ་པར་རྟོག་པ་མི་མངའ། སྤྲོས་པ་མི་མངའོ། །རྣམ་པར་རྟོག་པ་མི་མངའ་ཞིང་སྤྲོས་པ་མི་མངའ་བས་ཀྱང་འཕྲིན་ལས་དེ་དག་ལ་རབ་ཏུ་ སྤྱོད་དོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་དྲུག་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་ནི། ལས་གྲོན་ཆུང་ངུས་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཡོངས་སུ་སྟོན་ཏེ། འོན་ཀྱང་ལུས་ཡོངས་སུ་འབྱེད་པ་མེད་དོ། །ལུས་ཐ་དད་པར་བྱེད་པ་མེད་དོ། །སྟོང་གསུམ་གྱི་ སྟོང་ཆེན་པོར་གཏོགས་པའི་སེམས་ཅན་རྣམས་ཀྱིས་ཀྱང༌། བསམ་པ་མཉམ་པ་ཉིད་ཇི་ལྟ་བུ་དང་ལྡན་པའི་ཚུལ་བཞིན་དུ་ལུས་མཉམ་པ་ཉིད་དུ་མཐོང་ངོ༌། །ཀྱེ་རྒྱལ་བའི་ སྲས༑ དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང༌། སྐུ་ཡོངས་སུ་འབྱེད་པ་མི་མཛད། སྐུ་ཐ་དད་པར་མཛད་པ་ཡང་མི་མངའ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ སེམས་ཅན་རྣམས་ལ་ཡང་བསམ་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་སྐུ་ཡོངས་སུ་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པར་རྟོག་པ་མི་མངའ། སྤྲོས་པ་མི་མངའོ། །ཀྱེ་རྒྱལ་ པའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་བདུན་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་ རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པའི་རྒྱལ་པོ་ཆེན་པོ་སྨན་གྱི་ཡོ་བྱད་དང༌། ཆོ་ག་ལ་ཤིན་ཏུ་མཁས་པ་གཙུག་ལག་དང་སྔགས་ཐམས་ཅད་ཀྱི་ཚུལ་ ཤེས་པ་ཞིག་ཡོད་ལ། འཛམ་བུའི་གླིང་གི་སྨན་ཐམས་ཅད་དེའི་དབང་དུ་གྱུར་ཏེ། སྨན་པའི་རྒྱལ་པོ་ཆེན་པོ་དེའི་སྔོན་གྱི་དགེ་བའི་རྩ་བའི་སྟོབས་ཀྱི་ཤུགས་དང༌། སྔགས་དང༌། ༄༅། །རིག་སྔགས་ཀྱི་མཐུ་དང༌། ཐབས་ཀྱིས་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ནད་ཡོངས་སུ་འཚོ་བར་འགྱུར་ཞིང༌། ནད་མེད་པར་འགྱུར་བ་ཞིག་ ཡོད་དེ། དེ་ནས་སྨན་པའི་རྒྱལ་པོ་དེ་འཆི་བའི་དུས་ལ་བབ་པར་གྱུར་ན། དེ་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱི་ཧུད་སེམས་ཅན་འདི་དག་བདག་ཤི་བ་དང་མགོན་མེད་པར་ འགྱུར་གྱི། བདག་གི་ཐབས་མཁས་པའི་སྟོབས་ཀྱིས་སྨན་ཐམས་ཅད་ཡོངས་སུ་བསྡུས་ཏེ། བདག་གི་ལུས་ལ་བསྐུའོ། །སྔགས་དང་རིག་སྔགས་ཀྱི་སྟོབས་དང༌། བྱིན་གྱི་ རླབས་ཀྱིས་ཀྱང་བདག་གི་ལུས་བྱིན་གྱིས་བརླབས་ཏེ། ཅི་ནས་ཀྱང་བདག་ཤི་ནས་ལུས་མི་འཇིག་པ་དང༌། མི་སྐམ་པ་དང༌། མི་ཉམས་ཤིང་འགྲོ་བ་དང༌། འོང་བ་དང༌། འདུག་པས་ཀྱང་སྤྱོད་པ་དང༌། ནད་ཐམས་ཅད་སོས་པར་བྱ་བའི་ཕྱིར། སྨན་པའི་ལས་སུ་བྱ་བ་ཐམས་ཅད་ཀྱང་སྤྱོད་ཅིང་བལྟ་བ་དང༌། མཉན་པའི་དོན་སྤྱོད་པས་ཀྱང་སྔོན་ ཇི་ལྟ་བ་བཞིན་དུ་ཕྱིན་ཆད་ཀྱང་གནས་པར་བྱའོ་སྙམ་དུ་སེམས་པ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སྨན་པའི་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་མཁས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཀུན་མཁྱེན་ པའི་རྩི་ལ། བརྩོན་འགྲུས་ཤིན་ཏུ་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང༌། སྔགས་དང༌། རིག་སྔགས་ལ་ཤིན་ཏུ་བསླབས་པ། སྟོབས་དང་མི་བསྙེངས་ པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་རབ་ཏུ་མཁས་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བའི་ཚུལ་མཁྱེན་པ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་མངའ་ཆེན་པོ་བརྙེས་པ་དེས་ཀྱང༌། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཞུགས་ཤིང༌། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ མཁས་པའི་སྔགས་དང༌། རིག་སྔགས་དང༌། སྨན་གྱི་མཐུས་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་གསོ་བའི་ཕྱིར། སྐུ་ཚེའི་ཚད་བྱིན་གྱིས་ བརླབས་པས། དེའི་སྐུ་ཡོངས་སུ་དག་པའི་ཕྱིར། མཐོང་མ་ཐག་ཏུ་ཆེད་དུ་མི་མཛད་ཅིང་ལྷུན་གྱིས་གྲུབ་པར་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ ཏེ༑ སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཀྱང་རྒྱུན་མི་འཆད་པར་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་བརྒྱད་ པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་རིན་པོ་ཆེ་ ༄༅། །ཆེན་པོ་འོད་ཐམས་ཅད་འདུས་པས་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། ཀྱེ་རྒྱལ་བའི་སྲས། ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་འོད་ཀྱིས། སེམས་ཅན་གང་ལ་བབ་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་འདུས་པས། རྣམ་པར་སྣང་བའི་སྙིང་པོའི་ཁ་དོག་ཏུ་ཁ་དོག་གཅིག་པར་ འགྱུར་རོ། །གང་གིས་ནོར་བུ་རིན་པོ་ཆེ་དེ་མཐོང་བར་གྱུར་བ་དེ་དག་གི་མིག་ཀྱང་ཡོངས་སུ་དག་པར་འགྱུར་རོ། །ནོར་བུ་རིན་པོ་ཆེ་དེའི་འོད་ཀྱི་དཀྱིལ་འཁོར་གྱིས་ཇི་ཙམ་དུ་ཁྱབ་ པར་གྱུར་པ་དེ་ཙམ་དུ་འོད་ཀྱི་དཀྱིལ་འཁོར་དེ་ལས། སེམས་ཅན་བདེ་བར་བྱེད་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེའི་ཆར་འབབ་པར་འགྱུར་ཏེ། དེས་སེམས་ཅན་དེ་དག་ཀྱང་རབ་ཏུ་ བདེ་བར་འགྱུར་ལ། སྡུག་བསྔལ་ཡང་རྒྱུན་འཆད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ལྟོས་དང༌། ནོར་བུ་རིན་པོ་ཆེ་དེ་ཆོས་ཅི་ལ་ཡང་མི་རྟོག་ན། འོན་ཀྱང་དོན་ཆེན་པོ་རབ་ཏུ་ སྒྲུབ་བོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡང་སྐུ་རིན་པོ་ཆེ་ཆེན་པོ་བསོད་ནམས་ཐམས་ཅད་ཡོངས་སུ་བསྡུས་པས། ཡེ་ཤེས་ཆེན་པོའི་སྙིང་པོ་དང་ ལྡན་པ་མངའ་སྟེ། དེ་བཞིན་གཤེགས་པའི་སྐུ་རིན་པོ་ཆེའི་ཡེ་ཤེས་ཀྱི་འོད་ཟེར་དེ་དག་གིས། སེམས་ཅན་ཇི་སྙེད་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང༌། འདི་ལྟ་སྟེ། དེ་ བཞིན་གཤེགས་པའི་སྐུའི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །སེམས་ཅན་གང་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་བར་གྱུར་པ་དེ་དག་གི་ཆོས་ཀྱི་མིག་ཀྱང་རྣམ་པར་དག་ པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་རིན་པོ་ཆེའི་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་གྱིས་སེམས་ཅན་ཇི་སྙེད་ལ་རེག་པ་དེ་དག་ཐམས་ཅད་ཀྱང༌། དབུལ་བ་དང་ཡོངས་སུ་ བྲལ་བར་འགྱུར་ཏེ། བྱང་ཆུབ་ཀྱི་སྒོའི་བར་གྱི་དེ་བཞིན་གཤེགས་པའི་བདེ་བ་ཡང་རབ་ཏུ་འཐོབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ལྟོས་དང༌། དེ་བཞིན་གཤེགས་པའི་སྐུ་ཆོས་ གང་ལ་ཡང་རྟོག་པ་མི་མངའ་སྟེ། སྤྲོས་པ་མི་མངའ་ཡང་འགྲོ་བ་ཐམས་ཅད་ཀྱི་དོན་ཡོངས་སུ་ཐོབ་པར་མཛད་དོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཁོང་དུ་ཆུད་པར་བྱ་བའི་སྒོ་དགུ་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ ཆེན་པོའི་ནང་ན། རིན་པོ་ཆེའི་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་འགྲོ་བ་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེའི་རྒྱལ་པོ་དེ་ནི་ཡོན་ཏན་བརྒྱ་སྟོང་ཕྲག་བཅུ་དང་ ལྡན་པ་སྟེ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་གང་ན་འདུག་པ་དེ་འཁོར་གྱི་སེམས་ཅན་ཀུན་གྱི་ནད་དང༌། སྡུག་བསྔལ་གྱི་གཙེ་བ་ཐམས་ཅད་མེད་པར་འགྱུར་རོ། །སེམས་ཅན་ཇི་སྙེད་ཅིག་ ༄༅། །ནོར་བུ་རིན་པོ་ཆེའི་རྒྱལ་པོ་དེ་ལ། འདོད་པས་སེམས་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དེ། རིན་པོ་ཆེའི་རྒྱལ་པོ་ཆེན་པོ་དེ་ ནི་བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ཀྱི་མིག་ལམ་དུ་སྣང་བར་འགྱུར་བ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། དེ་ལ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་དེ་ནི་། དེ་བཞིན་གཤེགས་པའི་སྐུ་སེམས་ཅན་ཐམས་ཅད་ཤིན་ཏུ་ཚིམ་པར་མཛད་པའི་ཚིག་བླ་དྭགས་ཏེ། གང་ན་དེ་བཞིན་གཤེགས་པའི་སྐུ་བལྟར་ཡོད་ཅིང་མཚན་མཉན་ དུ་ཡོད་ལ། ཡོན་ཏན་དང༌། ལེགས་པ་ཡོངས་སུ་བརྗོད་དུ་ཡོད་པ་དེ་ཕྱོགས་ཀྱི་སེམས་ཅན་ཀུན་གྱི་འཁོར་བ་ལ་གནས་པའི་སྡུག་བསྔལ་དང༌། མི་བདེ་བ་ཐམས་ཅད་མེད་ པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་སྐུ་རིན་པོ་ཆེ་དེ་ནི། ཅི་སྟེ་སེམས་ཅན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་ཀུན་གྱིས་སྔ་ཕྱི་མེད་ པར་སེམས་རྩེ་གཅིག་ཏུ་ཡིད་ལ་བྱ་བ་མ་འཁྲུགས་པས། དེ་བཞིན་གཤེགས་པའི་སྐུ་བལྟ་བའི་ཕྱིར་དམིགས་པ་བྱས་ན་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་དེ་བཞིན་གཤེགས་པའི་ སྐུའང་མཐོང་བར་འགྱུར་ལ། ཐམས་ཅད་ཀྱི་ཆོས་ཀྱི་བསམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་དེ་ཡང་སེམས་ཅན་འདུལ་བའི་དབང་དུ་དེ་ བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བསྟན་པ་མ་གཏོགས་པར་སེམས་ཅན་བསོད་ནམས་མ་བྱས་པ་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་ཏེ། སེམས་ཅན་སུ་ལའང་ རུང་སྟེ། དགེ་བའི་རྩ་བ་དེ་བཞིན་གཤེགས་པའི་སྐུ་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་ཞིག་ཡོད་ན། དེ་དག་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་སྐུ་རིན་པོ་ཆེ་སྟོན་ ཏོ༑ ༑ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཚད་མེད་པའི་རྗེས་སུ་སོང་ཞིང༌། ཕྱོགས་ཀྱི་དྲ་བ་ཐམས་ཅད་རྒྱས་པར་འགེངས་པ། ནམ་མཁའ་ལྟ་བུར་ ཆགས་པ་མེད་པའི་སྤྱོད་ཡུལ་དང་ལྡན་པ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡང་དག་པའི་མཐའ་མཉམ་པ་ཉིད་ལ་གནས་པ། དེ་བཞིན་ཉིད་ལ་གནས་པ། དེ་བཞིན་ཉིད་མ་སྐྱེས་མ་ འགགས་པ་དང༌། དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བ་ཕྱི་མའི་མཐའི་མུར་ཐུག་པའི་ལྷག་པའི་བསམ་པ་ལ་ཞུགས་ པ༑ འཇིག་རྟེན་གྱི་ཁམས་དང༌། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་དང༌། སྐུའི་རྒྱུན་གཅིག་ཏུ་གྱུར་པས་ཁོང་དུ་ཆུད་པར་བྱ་བའི་སྒོ་འདིས་ ཀྱང༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་བལྟར་ཡོད་པ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ༄༅། །ཀུན་ཏུ་བཟང་པོས། དོན་འདི་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་ལྟར་མཁའ་དབྱིངས་ཀུན་ཏུ་མུ་ མེད་དབྱིངས་ཡིན་ཏེ། །གཟུགས་དང་གཟུགས་མེད་དེ་བཞིན་དངོས་དང་དངོས་མེད་ཀུན། །ཕྱོགས་དང་ཕྱོགས་མཚམས་ཀུན་དང་སེམས་ཅན་ལུས་དང་ཞིང༌། །དུས་གསུམ་ མ་ལུས་མཁའ་དབྱིངས་དེས་ཁྱབ་བོ། །དེ་བཞིན་གཤེགས་སྐུ་ཀུན་ནས་བལྟར་ཡོད་དེ་བཞིན་ཏེ། །འཇིག་རྟེན་ཁམས་དང་ཆོས་དབྱིངས་མི་ཁྱབ་གང་ཡང་མེད། །རྣམ་ པ་ཀུན་ཏུ་བལྟར་མེད་གཟུང་མེད་རྒྱལ་བའི་སྐུ། །འདུལ་བའི་དོན་ཡོད་མགོན་པོའི་སྐུ་ནི་བལྟར་མེད་མིན། །ཇི་ལྟར་མཁའ་དབྱིངས་འདི་ནི་གཟུང་མེད་དབྱིངས་ཡིན་པས། ། འགྲོ་བ་ཀུན་གྱི་ལས་ཀྱི་རྣམ་པ་མ་ལུས་གནས། །འོན་ཀྱང་བདག་གིས་གང་དུ་ཇི་ལྟར་སུ་ཡི་དོན། །ཅི་དང་ཅི་ཞིག་བྱ་ཞེས་མཁའ་དབྱིངས་རྟོག་པ་མེད། །དེ་བཞིན་སྐྱེས་མཆོག་ སྐུ་ཡི་འཕྲིན་ལས་བརྟེན་བྱས་ཏེ། །ཕྱོགས་བཅུ་ཀུན་ནས་དཀར་པོའི་ཆོས་རྣམས་ཅི་ཡོད་པ། །སྣ་ཚོགས་མི་རྣམས་བྱེད་ཀྱང་སངས་རྒྱས་སྐུ་ལ་ནི། །འདི་ཡི་དོན་ཞིག་བྱ་ཞེས་ ཡོངས་སུ་རྟོག་མི་མངའ། །ཇི་ལྟར་འཛམ་བུའི་གླིང་དུ་ཉི་མ་འཆར་འགྱུར་ཚེ། །མུན་པ་མ་ལུས་སེལ་ཅིང་རབ་ཏུ་སྣང་བ་བྱེད། །ཤིང་དང་པདྨོའི་ནགས་ཚལ་ས་རྣམས་གར་ བབ་པའི། །སྣ་ཚོགས་གནས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཚོ། །དེ་བཞིན་རྒྱལ་བའི་ཉི་མ་སེམས་ཅན་ཀུན་འཚོ་སྟེ། །ལྷ་མི་འཇིག་རྟེན་རྣམས་ཀྱི་འདུས་བྱས་དགེ་རྩ་ལ། ། མུན་པའི་ཐིབས་པོ་བསལ་ཅིང་ཤེས་རབ་སྣང་འགྱུར་བས། །མི་ཡི་དབང་པོ་མཆོག་མཐོང་བདེ་བ་ཐམས་ཅད་འཐོབ། །ཉི་མའི་འོད་ཟེར་ཐོག་མ་རི་རབ་ཁོར་ཡུག་ལ། །ཤར་ནས་ དེ་ཡི་འོག་ཏུ་རི་བོ་མང་ལ་འཆར། །དེ་ནས་ས་སྟེང་འདི་ཡི་ཕྱོགས་རྣམས་མཐོ་མཐོ་ལ། །དེ་ནས་ས་སྟེང་དམའ་བའི་ཕྱོགས་རྣམས་སྣང་བར་བྱེད། །བདེ་གཤེགས་འོད་ཟེར་ ཐོག་མར་རྒྱལ་སྲས་ལུས་ལ་འཆར། །དེ་ཡི་འོག་ཏུ་རང་རྒྱལ་ཐེག་པ་ལ་གནས་པར་འཆར། །དེ་ནས་དབང་བསྒྱུར་དེ་ནས་སློབ་པའི་རྣམས་ལ་འཆར། །དེ་ནས་མ་ལུས་འགྲོ་ འཆར་སངས་རྒྱས་རྟོག་མི་མངའ། །མིག་དང་མི་ལྡན་ཉི་མ་ཀུན་ཏུ་སྣང་མི་མཐོང༌། །འོན་ཀྱང་ཉི་མའི་གྲངས་ཀྱིས་དེ་དག་ཉེ་བར་འཚོ། །བཀྲེས་པ་སྤོང་ཞིང་ལུས་ལ་ཤིན་ཏུ་ལྷམ་ པར་བྱེད། །དེ་ལྟར་སེམས་ཅན་ཐམས་ཅད་ཉི་མས་ཉེ་བར་འཚོ། །དད་དང་མི་ལྡན་སངས་རྒྱས་ཉི་མ་མི་མཐོང་སྟེ། །འོན་ཀྱང་རྒྱལ་བའི་བྱིན་གྱིས་དེ་ཡང་ཉེ་བར་འཚོ། །རྒྱལ་ བའི་མཚན་ཐོས་བདེ་གཤེགས་འོད་ལ་རེག་གྱུར་ཀྱང༌། །དེ་ལ་བྱང་ཆུབ་གོ་འཕང་བར་གྱི་རྒྱུར་འགྱུར་རོ། །ཟླ་བ་ཤར་བ་སྐར་མ་ཐམས་ཅད་ཟིལ་གྱིས་གནོན། །འགྲོ་བ་རྣམས་ ༄༅། །ལ་འཕེལ་དང་འགྲིབ་པ་ཡང་དུ་སྟོན། །ཆུ་མཚོ་ཀུན་ལ་གཟུགས་བརྙན་རབ་ཏུ་སྣང་བར་བྱེད། །གང་རྣམས་ཆུ་ལ་ལྟ་བ་དེ་ལ་མངོན་པར་སྣང་ རྒྱལ་བའི་ཟླ་བ་ཤར་བ་ཉན་ཐོས་ཟིལ་གྱིས་གནོན། །འདུལ་པ་ཇི་བཞིན་རང་སྐུ་འཕེལ་དང་འགྲིབ་པ་སྟོན། །ལྷ་དང་མི་ཡི་སེམས་ལ་གཟུགས་བརྙན་རབ་ཏུ་སྣང༌། །འགྲོ་བ་ ཀུན་གྱིས་བདག་བདག་མདུན་ན་བཞུགས་པར་ཤེས། །ཚངས་པ་ཇི་ལྟར་ཚངས་པའི་གནས་ནས་མ་གཡོས་ཀྱང༌། །སྟོང་གསུམ་ཚངས་གནས་ཀུན་ཏུ་རང་གི་ལུས་ཀྱང་སྟོན།། ལྷ་དང་མི་རྣམས་རང་གི་ལུས་ཀྱི་དབང་དུ་བྱེད། །ཚངས་པ་རང་གི་ལུས་ཀྱང་ཐ་དད་བྱེད་པ་མིན། །དེ་བཞིན་ཆོས་རྣམས་ཀུན་ལ་མངའ་འགྱུར་སྟོན་པ་ཡང༌། །ཕྱོགས་བཅུ་ ཀུན་ཏུ་སྐུ་གཟུགས་མཐའ་ཡས་སྟོན་པར་མཛད། །དཔེ་ཟླ་མེད་པ་རྣམས་ཀྱི་སྐུ་ལ་དབྱེ་བ་མེད། །མི་རྣམས་ཀུན་ཀྱང་སོ་སོའི་སྟོན་པ་མངོན་འགྱུར་ཤེས། །ཇི་ལྟར་གཙུག་ ལག་ཀུན་ལ་མཁས་པའི་སྨན་པ་ཞིག །གང་གིས་མཐོང་བར་གྱུར་པ་དེ་དག་ནད་འཇིག་པ། །གང་ཚེ་ཚེ་ཟད་འཆིར་འགྱུར་དེ་ཚེ་སྨན་བསྡུས་ཤིང༌། །རང་གི་ལུས་ལ་ བསྐུས་ཏེ་སྤྱོད་པ་ཐམས་ཅད་སྟོན། །དེ་ལྟར་མི་མཆོག་དབང་པོ་མཚུངས་མེད་སྨན་པའི་རྒྱལ། །ཐབས་དང་ཤེས་རབ་ཡེ་ཤེས་ཀུན་ལ་རབ་མཁས་པ། །སྔོན་གྱི་སྤྱོད་ པའི་ཁྱད་ཀྱིས་སྟོན་པའི་སྐུ་སྟོན་ཏེ། །མཐོང་ཞིང་འགྲོ་བའི་ཉོན་མོངས་མ་ལུས་ནད་ཀྱང་འཇིལ། །ཇི་ལྟར་གངས་ཆེན་མཚོ་ལ་རིན་ཆེན་འབྱུང་ཡོད་པ། །འོད་ཀྱི་རྣམ་པ་ཐམས་ཅད་ ཀུན་ཏུ་འགྱེད་བྱེད་དེ། །སེམས་ཅན་གང་ལ་རེག་པ་དེ་དག་དེ་ཚུལ་འགྱུར། །གང་གིས་མཐོང་འགྱུར་དེ་དག་མིག་ཀྱང་རྣམ་པར་དག །རྒྱལ་བ་རིན་ཆེན་དེ་བཞིན་ཤེས་རབ་འོད་ འགྱེད་དེ། །སེམས་ཅན་སུས་རེག་དེ་དག་སངས་རྒྱས་ཁ་དོག་འགྱུར། །གང་གིས་རྒྱལ་བ་མཐོང་བ་དེ་དག་མིག་ལྔ་འཐོབ་པར་འགྱུར། །མུན་པ་རྡུལ་བསལ་རྒྱལ་བའི་ས་ ལ་གནས་པར་འགྱུར། །ཇི་ལྟར་ནོར་བུ་རིན་ཆེན་བསམ་པ་ཀུན་སྟེར་བ། །གང་རྣམས་ཅི་འདོད་དེ་ལ་དེ་དག་ཐམས་ཅད་འབྱིན། །དེ་ནི་བསོད་ནམས་གང་གིས་བྱས་པ་དེས་ མཐོང་སྟེ། །རིན་ཆེན་དམ་པ་དེ་ལ་རྣམ་རྟོག་གང་ཡང་མེད། །དེ་བཞིན་བདེ་གཤེགས་སྐུ་མཆོག་བསམ་པ་ཀུན་སྐོང་བ། །མཐོང་ནས་སྨོན་ལམ་སུ་འདེབས་དེ་དག་ བསམ་པ་འགྲུབ། །སྙིང་རིང་དམའ་བའི་སེམས་ལྡན་འགྲོ་བས་ཐུབ་མི་མཐོང༌། །བདེ་གཤེགས་རྣམ་རྟོག་མི་མངའ་སེར་སྣ་མི་མངའོ།། །།བམ་པོ་བདུན་ ཅུ་གཉིས་པ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་ ༄༅། །དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་བརྗོད་པ་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་ སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་གསུང་བརྗོད་པ་ནི། དབྱངས་ཀྱི་དཀྱིལ་འཁོར་ཚད་མེད་པས་རྒྱས་ཤིང་ཁྱབ་པར་མཛད་པའི་ཕྱིར། ཀུན་ཏུ་ཁྱབ་པར་ཤེས་པར་བྱའོ། །ཆོས་བསྟན་པ་མངོན་པར་ བསྒྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་མཛད་པར་ཤེས་པར་བྱའོ། །སེམས་རབ་ཏུ་ཚིམ་པར་མཛད་པའི་ཕྱིར། འཁོར་གྱི་དཀྱིལ་ འཁོར་ཐམས་ཅད་མོས་པ་ཇི་ལྟ་བ་བཞིན་དུ་དགའ་བར་མཛད་པར་ཤེས་པར་བྱའོ། །དུས་ལས་མི་འདའ་བའི་ཕྱིར། དུས་ལ་ཇི་ལྟར་འདས་པ་བཞིན་དུ་འབྲལ་བ་མེད་པར་ ཤེས་པར་བྱའོ། །སྒྲ་བརྙན་དང་འདྲ་བའི་ཕྱིར་ཤིན་ཏུ་མི་སྐྱེ་མི་འགག་པར་ཤེས་པར་བྱའོ། །ལས་བསགས་པ་ཐམས་ཅད་ཡོངས་སུ་བརྗོད་པའི་ཕྱིར། བདག་པོ་མེད་ པར་ཤེས་པར་བྱའོ། །གཏིང་དཔག་དཀའ་བའི་ཕྱིར་ཤིན་ཏུ་ཟབ་པར་ཤེས་པའོ། །ཆོས་ཀྱི་དབྱིངས་ལ་ཞེན་པས་ཅིས་ཀྱང་མི་ཚུགས་པར་ཤེས་པར་བྱའོ། །ཆོས་ཉིད་ལ་ ཡང་དག་པར་གཞོལ་བས་རྒྱུན་མི་འཆད་པར་ཤེས་པར་བྱའོ། །ཤིན་ཏུ་གནས་ལ་ཕེབས་པའི་མཐའ་ཐུག་པས་སྐྱོར་མེད་པར་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་ གསུང་བརྗོད་པ་ནི་བདག་པོ་ཡོད་པ་ཡང་མ་ཡིན། བདག་པོ་མེད་པ་ཡང་མ་ཡིན་པ་དང༌། རྣམ་པར་དམིགས་པ་ཡང་མ་ཡིན། རྣམ་པར་མི་དམིགས་པ་ཡང་མ་ཡིན་པར་ཤེས་ བྱའོ༑ ༑དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཆོས་ཉིད་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་ བཞི་འབྱུང་བར་འགྱུར་ཏེ། དེ་དག་ལ་བདག་པོ་མེད་ཅིང་ཡོངས་སུ་འཛིན་པ་མེད་དོ། །བཞི་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་། སྒྲ་ཆེན་པོའི་དབྱངས་ཆེན་པོ་ཐོག་མ་རྣམ་པ་འདི་ལྟ་བུ་འབྱུང་སྟེ། ཀྱེ་མ་གྲོགས་པོ་དག །བསམ་གཏན་དང་པོ་ནི་འདོད་པ་དང༌། གནོད་སེམས་མེད་པས་ཤིན་ཏུ་བདེ་བ་སྟེ། འདོད་ ༄༅། །པའི་ཁམས་ལས་ཡང་དག་པར་འདའ་བའི་རྒྱུར་འགྱུར་རོ། །སྒྲ་དེ་ཐོས་ནས་སེམས་ཅན་རྣམས་བསམ་གཏན་དང་པོ་བསྒྲུབས་ཏེ་།འདོད་པའི་ ཁམས་ལས་འདས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་ནས་ཆོས་ཉིད་ཐོབ་པས། སྒྲ་ཆེན་པོའི་དབྱངས་ཆེན་པོ་གཉིས་པ་འབྱུང་སྟེ། ཀྱེ་མ་གྲོགས་པོ་དག །བསམ་ གཏན་གཉིས་པ་འདི་ནི་རྣམ་པར་རྟོག་པ་མེད་ཅིང༌། རྣམ་པར་དཔྱོད་པ་མེད་པས་ཤིན་ཏུ་བདེ་བ་སྟེ། ཚངས་རིས་ཀྱི་ལྷ་ལས་ཡང་དག་པར་འདའ་བའི་རྒྱུར་འགྱུར་རོ། །སྒྲ་དེ་ ཐོས་ནས་ཀྱང་སེམས་ཅན་རྣམས་བསམ་གཏན་གཉིས་པ་བསྒྲུབས་ཏེ། ཚངས་པའི་འཇིག་རྟེན་ལས་འདས་ནས་གྱ་ནོམ་སྣང་བའི་ལྷ་དང་སྐལ་བ་མཉམ་པར་སྐྱེའོ། ། དེ་ནས་ཆོས་ཉིད་རབ་ཏུ་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་གསུམ་པ་འབྱུང་སྟེ། ཀྱེ་མ་གྲོགས་པོ་དག །བསམ་གཏན་གསུམ་པ་འདི་ནི་དགའ་བ་མེད་པས་ཤིན་ཏུ་བདེ་བ་སྟེ། གྱ་ ནོམ་སྣང་བའི་ལྷ་ལས་ཡང་དག་པར་འདའ་བའི་རྒྱུར་འགྱུར་རོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་རྣམས་བསམ་གཏན་གསུམ་པ་བསྒྲུབས་ཏེ། གྱ་ནོམ་སྣང་བའི་ལྷ་ལས་ འདས་ནས། དགེ་རྒྱས་ཀྱི་ལྷ་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཆོས་ཉིད་རབ་ཏུ་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་བཞི་པ་འབྱུང་སྟེ། ཀྱེ་མ་གྲོགས་པོ་དག །བསམ་ གཏན་བཞི་པ་འདི་ནི་ཤིན་ཏུ་ཞི་བ་སྟེ། དགེ་རྒྱས་ཀྱི་ལྷ་ལས་ཡང་དག་པར་འདའ་བའི་རྒྱུར་འགྱུར་རོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་རྣམས་བསམ་གཏན་བཞི་པ་བསྒྲུབས་ཏེ། དགེ་རྒྱས་ཀྱི་ལྷ་ལས་འདས་ནས། འབྲས་བུ་ཆེ་བའི་ལྷ་དང་སྐལ་བ་མཉམ་པར་སྐྱེའོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཆོས་ཉིད་ རབ་ཏུ་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་དེ་བཞི་འབྱུང་བར་འགྱུར་ཏེ། དེ་ལ་བདག་པོའམ་རྗོད་པར་བྱེད་པ་གང་ཡང་མེད་མོད་ཀྱི། དེ་ལྟར་ཚད་མེད་པའི་ཡོན་ཏན་དང་ ལྡན་པའི་སྒྲ་རྣམས་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ལའང་བདག་པོ་གང་ཡང་མེད་དེ། རྗོད་པར་བྱེད་པ་མེད་དོ། ། འཕྲོ་བར་བྱེད་པ་མེད་དོ། །ལེན་པ་མེད་དོ། །གཏོང་བ་མེད་དོ། །འོན་ཀྱང་དེ་བཞིན་གཤེགས་པའི་ཆོས་ཉིད་ཐོབ་པས། སྒྲ་ཆེན་པོའི་དབྱངས་ཆེན་པོ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་ཉིད་ཐོབ་པས་སྒྲ་ཆེན་པོ་གཅིག་འབྱུང་བ་ནི། ཀྱེ་མ། འདུས་བྱས་འདི་དག་སྡུག་བསྔལ་པ་སྟེ། སེམས་ཅན་དམྱལ་ བ་ནི་སྡུག་བསྔལ་ལོ། །བྱོལ་སོང་གི་སྐྱེ་གནས་ནི་སྡུག་བསྔལ་ལོ། །གཤིན་རྗེའི་འཇིག་རྟེན་ནི་སྡུག་བསྔལ་ལོ། །བསོད་ནམས་མ་བྱས་པ་ནི་སྡུག་བསྔལ་ལོ། །བདག་གིར་ ༄༅། །འཛིན་པ་ནི་སྡུག་བསྔལ་ཏེ། སྡིག་པའི་ལས་སྤྱོད་པ་ནི་སྡུག་བསྔལ་གྱི། ལྷ་དང་མིར་སྐྱེ་བའི་ཕྱིར་དགེ་བའི་རྩ་བ་སྐྱེད་ཅིག །འཕགས་པའི་སྐྱེ་ མཆེད་ཡོངས་སུ་གཟུང་ཞིག །མི་ཁོམ་པར་སྐྱེ་བ་ཡོངས་སུ་སྤོངས་ཤིག །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་རྣམས་མ་ནོར་བར་ནན་ཏན་རབ་ཏུ་བྱེད་དེ། དེ་དག་མ་ནོར་བར་ ནན་ཏན་བྱེད་ཅིང་དགེ་བ་ཡོངས་སུ་སྤྱོད་དོ། །དེ་དག་དགེ་བ་སྤྱོད་པའི་ནན་ཏན་ལ་ཞུགས་པས། མི་ཁོམ་པར་སྐྱེ་བ་ཡོངས་སུ་སྤོང་སྟེ། ལྷ་དང་མིར་སྐྱེ་བའི་སྐྱེ་མཆེད་ཀྱང་རབ་ ཏུ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་རབ་ཏུ་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་གཉིས་པ་འབྱུང་སྟེ། ཀྱེ་མ། འདུས་བྱས་འདི་དག་ནི། ཤིན་ཏུ་སྡུག་ བསྔལ་བ་སྟེ། འབར་བ། ཀུན་ནས་འབར་བ་།རབ་ཏུ་འབར་བ་ལྕགས་ཀྱི་གོང་བུ་དང་འདྲ་བ། མི་རྟག་ཅིང་འགྱུར་བའི་ཆོས་ཅན་དག་གོ །འདུས་མ་བྱས་ནི་ཞི་བ། གདུང་ བ་མེད་པ། བསིལ་བ། ཡོངས་སུ་གདུང་བ་དང་བྲལ་བའོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་རྣམས་དགེ་བའི་ཆོས་ལ་མངོན་པར་བརྩོན་པར་བྱེད་དེ། དེ་ལྟར་མངོན་པར་ བརྩོན་པས་ཉན་ཐོས་ཀྱི་ཐེག་པ་ལ་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་གསུམ་ པ་འབྱུང་སྟེ། ཀྱེ་མ། ཉན་ཐོས་ཀྱི་ཐེག་པ་འདི་ནི་གཞན་གྱི་སྒྲའི་རྗེས་སུ་འབྲང་བས་ཤིན་ཏུ་ཆུང་བ་སྟེ། འདི་བས་མཐོ་བའི་ཐེག་པ་འདི་ལྟ་སྟེ། རང་གིས་མངོན་པར་འཚང་རྒྱ་བར་ བྱ་བ་སློབ་དཔོན་མེད་པར་རང་སངས་རྒྱས་ཀྱི་ཐེག་པ་ཡོད་དོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་མོས་པ་ཆེ་བ་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་ནན་ཏན་བྱེད་ཅིང༌། ཉན་ཐོས་ ཀྱི་ཐེག་པ་སྤངས་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཇུག་གོ །དེ་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་རབ་ཏུ་ཐོབ་པས་སྒྲ་ཆེན་པོའི་དབྱངས་ཆེན་པོ་བཞི་པ་འབྱུང་སྟེ། ཀྱེ་ མ༑ ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་འདས་པའི་ཐེག་པ་ཆེན་པོ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱང་ཆུབ་ཀྱི་སྤྱོད་པ་རྒྱུན་ མི་འཆད་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཚད་མེད་པས་ཡོངས་སུ་བཟུང་བ་ཡོད་དེ། ཉན་ཐོས་ཀྱི་ཐེག་པ་ནི་གཞན་ གྱི་སྒྲའི་རྗེས་སུ་འབྲང་བའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་ཤིན་ཏུ་ཆུང་བའོ། །ཐེག་པ་ཆེན་པོ་ནི་ཐེག་པའི་དམ་པ། ཐེག་པའི་གཙོ་བོ། ཐེག་པའི་མཆོག་སྟེ། བླ་ན་མེད་པའི་ ཐེག་པ། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཐེག་པའོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་དེ་བས་ཀྱང་ཡངས་པ་ལ་མོས་པ། དབང་པོ་རྣོ་བ། སྔོན་དགེ་བའི་རྩ་བ་བསྐྱེད་ ༄༅། །པ༑ དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་དེ་དག་སྙིང་ཐག་པ་ནས། དེ་བཞིན་གཤེགས་པ་རང་འབྱུང་གི་བྱང་ཆུབ་ཏུ་སེམས་ བསྐྱེད་དེ། དེ་བཞིན་གཤེགས་པའི་གསུང་དེ་ཡང་སྐུ་ལས་འབྱུང་བ་མ་ཡིན། ཐུགས་ལས་འབྱུང་བ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དགེ་བའི་ལས་ཤིན་ཏུ་བསགས་པས་ ཁོང་དུ་ཆུད་པར་འགྱུར་བའང་མེད་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་དང་པོ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རི་དང༌། གཅོད་རོང་དང༌། བྲག་གི་སུལ་དང༌། མཚམས་ ནས་སྒྲ་བརྙན་གྲག་པ་ནི། འཇིག་རྟེན་ཀུན་ལའང་མཚུངས་པར་གྲག་སྟེ། ལུས་མེད་ཅིང་བལྟར་མི་སྣང་ལ། གཞན་གྱི་སྒྲའི་རྐྱེན་ལ་བརྟེན་ཏེ། སྒྲ་ཐམས་ཅད་ཀྱི་ཚུལ་ དུ་སྒྲ་བརྙན་དེ་དག་འབྱུང་ཡང་དེ་ལ་རྣམ་པར་རྟོག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡུལ་ན་མི་གནས། ཕྱོགས་ན་མི་ གནས་པ་སྟེ། འོན་ཀྱང་སེམས་ཅན་གྱི་བསམ་པ་དང༌། མོས་པ་ལ་རྟེན་ཅིང་འབྱུང་བ་མེད་པའང་མ་ཡིན་ཏེ། དེ་ནི་སྒྲས་རྣམ་པར་དམིགས་པ་མེད་ཅིང་བརྗོད་དུ་མེད་པའོ། ། ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་གཉིས་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་ བྱའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ལྷ་རྣམས་ཀྱི་ཆོས་ཀྱི་རྔ་ཆེན་པོ་ཆོས་ལ་ཡང་དག་པར་སྐུལ་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་ཡང་དག་པར་ སྒྲོག་སྟེ། ནམ་ལྷ་རྣམས་བག་མེད་པར་སྤྱོད་པར་གྱུར་པ་དེའི་ཚེ། ཆོས་ཀྱི་རྔ་ཆེན་པོ་དེ་འདི་སྐད་དུ། ཀྱེ་གྲོགས་པོ་དག །འདོད་པའི་བདེ་བ་འདི་དག་ནི་ཤིན་ཏུ་མི་རྟག་ཅིང་སླུ་ལ་ མྱུར་དུ་འཇིག་ཅིང་བྱིས་པ་འདྲིད་པ་སྟེ། བྱིས་པས་བསྙེན་པའོ། །བྱིས་པས་བསྔགས་པའོ། །དེ་བས་ན་བག་ཡོད་པར་གྱིས་ལ་བག་མེད་པར་མ་བྱེད་ཅིག །ངན་སོང་དག་ཏུ་ ལྷུར་བར་གྱུར་ཏ་རེ་ཞེས་བྱ་བའི་སྒྲ་སྒྲོག་གོ །ཀྱེ་རྒྱལ་བའི་སྲས། དེ་ལྟར་སྒྲ་དེ་ཐོས་ནས་བག་མེད་པར་སྤྱོད་པའི་ལྷའི་བུ་རྣམས་ཀྱང་སོ་སོ་ནས་སྐྱོ་བར་གྱུར་ཏེ། རང་རང་གི་ གནས་ཀྱི་འདོད་པའི་དགའ་བ་སྤངས་ནས། ལྷའི་རྒྱལ་པོའི་གནས་སུ་འདོང་ངོ༌། །དེ་དག་དེར་ཕྱིན་ནས་ཀྱང་ཆོས་ལ་དགའ་བས་ཉི་མ་སྟུང་ཞིང་ཆོས་ལ་སྤྱོད་པར་འགྱུར་རོ། ། ཀྱེ་རྒྱལ་བའི་སྲས། ལྟོས་དང༌། ལྷའི་རྔ་དེ་ལ་བྱུང་བའམ། འཇིག་པ་གང་ཡང་མེད་ལ། ལྷ་རྣམས་ལའང་དོན་ཆེན་པོ་དེ་ལྟ་བུས་ཤིན་ཏུ་ཕན་འདོགས་སོ། །ཀྱེ་རྒྱལ་བའི་སྲས། ༄༅། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་ཁམས་མ་ལུས་པ་རྒྱས་པར་མཛད་དེ། སེམས་ཅན་བག་མེད་པར་སྤྱོད་པ་ རྣམས་ཡང་དག་པར་བསྐུལ་བའི་ཕྱིར་ཆོས་ཆེན་པོའི་སྒྲ་སྒྲོག་ཅིང་འབྱུང་ངོ༌། །འདི་ལྟ་སྟེ། ཡོངས་སུ་གཟུང་བ་མེད་པའི་སྒྲ་འབྱུང་ངོ༌། །བག་ཡོད་པའི་སྒྲ་འབྱུང་ངོ༌། །མི་ རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པའི་སྒྲ་འབྱུང་ངོ༌། །ཞི་བ་མྱ་ངན་ལས་འདས་པའི་སྒྲ་འབྱུང་ངོ༌། །འཇིག་རྟེན་གྱི་ཁམས་མ་ལུས་པར་རྒྱས་པར་བཀང་ སྟེ༑ སེམས་ཅན་བག་མེད་པར་སྤྱོད་པ་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་དགའ་བར་བྱ་བ་དང༌། ཐེག་པ་ཇི་ལྟ་བ་བཞིན་དུ་འབྱུང་བར་བྱ་བའི་ཕྱིར་ཡང་དག་པར་ སྐུལ་བ་མཛད་ཅིང༌། རང་འབྱུང་གི་ཡེ་ཤེས་ཚད་མེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འཕྲོགས་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་ཐམས་ ཅད་དུ་ཁྱབ་ཅིང་ལྷུན་གྱིས་གྲུབ་པ་ཡང་རབ་ཏུ་བརྗོད་དོ། །སྒྲ་དེ་ཐོས་ནས་ཀྱང་སེམས་ཅན་ཚད་མེད་གྲངས་མེད་པ་དགེ་བའི་ཆོས་ལ་ཤིན་ཏུ་བརྩོན་པར་འགྱུར་ཏེ། ལ་ལ་ ནི་ཉན་ཐོས་ཀྱི་ཐེག་པ་ལ། ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ། ལ་ལ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་མངོན་པར་འཇུག་ཀྱང༌། དེ་བཞིན་གཤེགས་པའི་གསུངས་ དེ་ནི་གང་ལའང་ཞུགས་པ་མེད་དེ། གང་གིས་ཀྱང་ཚིག་ཏུ་མི་བརྗོད་དོ། །ཀྱེ་རྒྱལ་པའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་གསུམ་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ལྷའི་རྒྱལ་པོ་དབང་སྒྱུར་གྱི་ལྷའི་བུ་མོ་ བཟང་མོ་ཞེས་བྱ་བའི་ཁའི་དབུགས་གཅིག་གིས་ལྷ་རྫས་ཀྱི་རོལ་མོའི་སྒྲ་ཡན་ལག་བརྒྱ་སྟོང་དང་ལྡན་པའི་ང་རོ་འབྱུང་སྟེ། སྒྲ་དེ་བྱུང་བ་ན། སྒྲ་རྣམ་པ་ཐ་དད་པ་བརྒྱ་ཕྲག་སྟོང་ གི་དབྱངས་སུ་གྲག་གོ །ཀྱེ་རྒྱལ་བའི་སྲས། ལྟོས་དང༌། དེ་ལྟར་ཁའི་དབུགས་གཅིག་པུ་ལས་ཀྱང༌། སྒྲའི་དབྱངས་ཚད་མེད་པ་འབྱུང་བར་རུང་ངོ༌། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གཅིག་འབྱུང་ཡང་ཚད་མེད་པར་ཁྱབ་པ་སྟེ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་རྒྱུད་ལས་མོས་པའི་ཚུལ་དང་ འདྲ་བར་ཚད་མེད་པའི་སྒྲའི་རྣམ་པར་དེ་བཞིན་གཤེགས་པའི་གསུང་གྲག་གོ །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བཞི་པ་འདིས་ཀྱང༌། དེ་བཞིན་གཤེགས་ པའི་གསུང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཚངས་པ་ཆེན་པོ་ནི་ཚངས་པའི་འཇིག་རྟེན་ན་འདུག་ཀྱང་འདོད་ན། ཚངས་ ༄༅། །པའི་འཁོར་ཐམས་ཅད་དུ་ཚངས་པའི་དབྱངས་ཀྱིས་གོ་བར་བྱེད་དོ། །དབྱངས་དེ་ཡང་ཚངས་པའི་འཁོར་ལས་གཞན་དུ་མི་འགྲོ་སྟེ། ཚངས་པའི་ རིས་ཀྱི་ལྷའི་བུ་ཐམས་ཅད་ཀྱང་སོ་སོ་ནས་ཚངས་པ་ཆེན་པོ་ནི་བདག་ཁོ་ནའི་དོན་དུ་ཚངས་པའི་སྒྲ་སྒྲོག་གོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང༌། སངས་རྒྱས་ཀྱི་གསུང་བླ་ན་མེད་པ་སྒྲོག་པའི་ཚེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དབྱངས་ཀྱིས་མངོན་ པར་གོ་བར་མཛད་དེ། དབྱངས་དེ་ཡང་འཁོར་གྱི་དཀྱིལ་འཁོར་ལས་གུད་དུ་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་ནི་དབྱངས་ཀྱི་སེར་སྣ་མི་མངའ་སྟེ། སེམས་ཅན་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ལ་དེ་བཞིན་གཤེགས་པའི་དབྱངས་གྲག་པར་མི་འགྱུར་རོ། །འཁོར་གྱི་དཀྱིལ་འཁོར་དུ་ཚོགས་པའི་སེམས་ཅན་ཐམས་ ཅད་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཁོ་ནའི་དོན་དུ་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ་སྙམ་མོ། །དེ་བཞིན་གཤེགས་པ་ནི་གསུང་སྒྲོགས་པ་ཡང་མེད། ཕྱིར་སྡུད་པ་ཡང་ མེད་དེ། འཕྲིན་ལས་དེ་དག་ཀྱང་ཡོད་ཅིང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་ལྔ་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་ བྱའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ནམ་མཁའི་དབྱིངས་ལས་ཆར་གྱི་རོ་གཅིག་པ་བབ་ཀྱང་སྣོད་ཀྱི་རྣམ་པ་ཐ་དད་པས་ཆུ་རྣམ་པ་ཐ་དད་པར་སྣང་གི་ཆུ་ལ་རྣམ་ པར་རྟོག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བར་རོ་གཅིག་ཀྱང༌། སེམས་ཅན་གྱི་བསམ་ པའི་སྣོད་རྣམ་པ་ཐ་དད་པས། དེ་བཞིན་གཤེགས་པའི་གསུང་རྣམ་པ་ཐ་དད་དུ་སྣང་སྟེ། དེ་བཞིན་གཤེགས་པའི་གསུང་ལ་རྣམ་པར་རྟོག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་ པར་བྱ་བའི་སྒོ་དྲུག་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་མ་དྲོས་པ་ནི་འཛམ་བུའི་གླིང་ཐམས་ཅད་སྤྲིན་ཆེན་པོས་རྒྱས་ཤིང་ཁྱབ་པར་བྱ་སྟེ། འདི་ལྟར་ལོ་ཏོག་བསྐྱེད་པ་དང༌། རྩྭ་དང༌། གེལ་བ་དང༌། རྩི་དང༌། ནགས་ཚལ་ སྣ་ཚོགས་རྣམ་པར་སྤེལ་བ་དང༌། རྣང་[?] དང༌། ལུ་མ་དང༌། མཚོ་དང༌། མཚེའུ་དང༌། རྫིང་བུ་ཡོངས་སུ་དགང་བའི་ཕྱིར་ཆར་ཆེན་པོ་འབེབས་ཀྱང༌། ཆར་དེ་ནི་ཀླུའི་རྒྱལ་པོ་མ་དྲོས་པའི་ལུས་ལས་ བྱུང་བ་མ་ཡིན། སེམས་ལས་བྱུང་བ་མ་ཡིན་ཏེ། སེམས་ཅན་རྣམས་ལའང་རྣམ་པ་ཚད་མེད་པས་ཉེ་བར་འཚོ་བའི་རྒྱུར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་ ༄༅། །དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང༌། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་རྒྱས་པར་བཀང་སྟེ། སེམས་ ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་ཚིམ་པར་བྱ་བ་དང༌། དགེ་བའི་རྩ་བ་ཐམས་ཅད་ཤིན་ཏུ་བསྐྱེད་པ་དང༌། ཐེག་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཀྱི་སྤྲིན་ཆེན་པོའི་ ཆར་བདུད་རྩིའི་རོ་དང་ལྡན་པ་འབེབས་ཏེ། དེ་བཞིན་གཤེགས་པའི་གསུང་དེ་ཡང་ནང་ནས་བྱུང་བ་ཡང་མ་ཡིན། ཕྱི་རོལ་ནས་འབྱུང་བ་ཡང་མ་ཡིན་མོད་ཀྱི། དེ་ལྟར་ཚད་མེད་པའི་ སེམས་ཅན་རྣམས་ཀྱང་ཉེ་བར་འཚོ་བའི་རྒྱུར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བདུན་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་ བྱའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་ཡིད་དུ་འོང་བ་ནི། ནམ་ཆར་ཆེན་པོ་དབབ་པར་འདོད་པ་དེའི་ཚེ། ནམ་མཁའ་ཐམས་ཅད་སྤྲིན་གྱི་དྲ་བས་ ཡོག་པར་བྱེད་དེ། ཞག་བདུན་དུ་སྤྲིན་ཆེན་པོ་ཀུན་ནས་སྡུད་དོ། །སེམས་ཅན་གྱི་ལས་ཀྱི་མཐའ་རྣམས་ཡོངས་སུ་མ་ཟིན་གྱི་བར་དུ་ཆར་གྱི་རྒྱུན་ཀྱང་ཀུན་ཏུ་གཏོང་བར་མི་བྱེད་དོ། །དེ་ ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། ཀླུའི་རྒྱལ་པོ་ཆེན་པོ་ཡིད་དུ་འོང་བ་ནི། མི་འཚེ་བའི་ངང་ཚུལ་དང་ལྡན་པ་སྟེ། ཞག་བདུན་འདས་ནས་ཆར་གྱི་རྒྱུན་ཤིན་ཏུ་ཕྲ་བས་ས་ཐམས་ཅད་ ཡོངས་སུ་ངོམས་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡང་ཐུགས་རྗེ་ཆེན་ པོའི་སྤྲིན་བསྡུས་ཏེ། ནམ་ཆོས་ཀྱི་ཆར་ཆེན་པོ་དབབ་པར་དགྱེས་པ་དེའི་ཚེ། ཤེས་རབ་དང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་དོ། །སེམས་ཅན་རྣམས་ཀྱི་དབང་ པོ་ཡོངས་སུ་མ་སྨིན་གྱི་བར་དུ་ནི། བདུད་རྩིའི་ཆར་སྔར་འབེབས་པར་མི་མཛད་དེ། ནམ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ་གཟོད་ཆོས་ཀྱི་ཆར་ཆེན་པོ་བདུད་རྩིའི་རོ་དང་ ལྡན་པ་འབེབས་སོ། །ཕྲ་ཞིང་ཟབ་ལ་མཁས་པས་ཤེས་པར་བྱ་བའི་ཆོས་བརྗོད་ཅིང༌། སེམས་ཅན་རྣམས་འཇིགས་པར་མ་གྱུར་པར་རིམ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཀྱི་རོ་བླ་ན་ མེད་པས་ཡོངས་སུ་ངོམས་པར་མཛད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བརྒྱད་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་། འདི་ལྟ་སྟེ། དཔེར་ན་།རྒྱ་མཚོ་ཆེན་པོའི་ནང་ན་ལག་གིས་འགྲོ་བའི་བདག་པོ་རྒྱན་ཆེན་པོ་ཞེས་བྱ་བ་ཡོད་དེ། དེ་འདོད་ན་རྒྱ་མཚོ་ཆེན་པོའི་ནང་དུ་རྒྱན་གཅིག་དང་ལྡན་པའི་ཆར་རབ་ཏུ་འབེབས་སོ། ། དེ་འདོད་ན་རྒྱན་བཅུ་དང་ལྡན་པའི་ཆར་རབ་ཏུ་འབེབས་སོ། །དེ་འདོད་ན་རྒྱན་བརྒྱ་དང་ལྡན་པའི་ཆར་རབ་ཏུ་འབེབས་སོ། །དེ་འདོད་ན་རྒྱན་སྟོང་དང་ལྡན་པའི་ཆར་རབ་ཏུ་འབེབས་སོ། །དེ་འདོད་ན་ ༄༅། །རྒྱན་བརྒྱ་ཕྲག་སྟོང་དང་ལྡན་པའི་ཆར་རབ་ཏུ་འབེབས་ཀྱང༌། ཀྱེ་རྒྱལ་བའི་སྲས། ཆར་པ་དེ་དག་ལ་རྣམ་པར་རྟོག་པ་གང་ཡང་མེད་དེ། འོན་ཀྱང་ཀླུའི་རྒྱལ་པོ་དེའི་ཁྱུ་ མཆོག་གི་མཐུ་ཕྱུང་བ་བསམ་གྱིས་མི་ཁྱབ་པ་རྣམ་པར་ཕྱེ་བའི་བྱིན་གྱིས་རྣམ་པར་དགོད་པའི་རྒྱན་བརྒྱ་ཕྲག་སྟོང་དང་ལྡན་པའི་ཆར་འབབ་པ་ཡོད་ཅིང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས་།དེ་བཞིན་ དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང༌། ནམ་ཆོས་ཀྱི་ཆར་ཆེན་པོ་དབབ་པར་དགྱེས་པ་དེའི་ཚེ། བཞེད་ན་ཆོས་གཅིག་རྣམ་པར་དགོད་པའི་ རྒྱན་གྱིས་ཀྱང་ཆོས་སྟོན་ཏོ། །བཞེད་ན་ཆོས་བཅུ་རྣམ་པར་དགོད་པའི་རྒྱན་དང༌། བཞེད་ན་ཆོས་ཉི་ཤུ་རྣམ་པར་དགོད་པའི་རྒྱན་དང༌། བཞེད་ན་ཆོས་བརྒྱ་རྣམ་པར་དགོད་པའི་རྒྱན་དང༌། བཞེད་ན་ཆོས་སྟོང་རྣམ་པར་དགོད་པའི་རྒྱན་དང༌། བཞེད་ན་ཆོས་བརྒྱ་ཕྲག་སྟོང་རྣམ་པར་དགོད་པའི་རྒྱན་དང༌། བཞེད་ན་སེམས་ཅན་གྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་གསུང་ རྣམ་པ་ཐ་དད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམ་པར་དགོད་པའི་རྒྱན་གྱི་ཆོས་སྟོན་པ་ནས། གསུང་གི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པའི་བར་དུ་རྣམ་པར་དགོད་པའི་ རྒྱན་གྱིས་ཆོས་སྟོན་ཏོ། །སེམས་ཅན་ཚད་མེད་པ་ཡོངས་སུ་ཚིམ་པར་མཛད་ཀྱང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྲིན་ཆེན་པོའི་གསུང་ལ་རྣམ་པར་རྟོག་པ་གང་ཡང་མི་མངའོ། ། འོན་ཀྱང་སོ་སོར་ཅི་རིགས་སུ་སེམས་ཅན་རྣམས་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཤིན་ཏུ་དག་པའི་ ཕྱིར༑ དེ་ལྟར་གསུང་གི་རྣམ་པ་ཚད་མེད་པར་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་དགུ་པ་འདིས་ཀྱང༌། དེ་བཞིན་གཤེགས་པའི་གསུང་ཁོང་དུ་ཆུད་པར་ བྱའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་གངས་ཆེན་མཚོ་ནི། ནམ་ཀླུའི་རྒྱལ་པོ་ཆེན་པོའི་རྣམ་པར་རྩེ་བས་རྣམ་པར་རྩེ་བར་འདོད་ཅིང་སེམས་ཅན་ རྣམས་ཀྱང་བདེ་བ་དང་ཡོངས་སུ་ཚིམ་པར་བྱ་བར་འདོད་པར་གྱུར་པ་དེའི་ཚེ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་སྟེང་ཉེ་བར་བཟུང་བ་ཡན་ཆད་ལྷའི་དབང་པོ་དབང་ སྒྱུར་གྱི་གནས་ཀྱི་བར་དུ་སྤྲིན་གྱི་དྲ་བ་ཁ་དོག་སྣ་ཚོགས་ཅན་ཁ་དོག་དུ་མ་དང་ལྡན་པས་ཡོངས་སུ་ཁེབས་པར་བྱེད་དོ། །སྤྲིན་གྱི་དྲ་བའི་རྒྱན་དེ་དག་ལ་ཡང་ཁ་དོག་རྣམ་པ་ཐ་དད་པའི་ གཟུགས་རྣམ་པར་ཕྱེ་བ་འདི་ལྟ་བུ་དག་སྣང་ཞིང་ཡོད་དེ། འདི་ལྟར་ལ་ལ་ནི་ཛམྦུ་ཆུ་ཀླུང་གི་གསེར་གྱི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་བཻ་ཌཱུཪྻ་བཟང་པོའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་ དངུལ་གྱི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་ཤེལ་གྱི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་མུ་ས་ར་གལ་བའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་ཨསྨ་གར་བའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་དཔལ་ ༄༅། །སྙིང་པོའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་མུ་ཏིག་དམར་པོའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་སྤོས་སྣ་ཚོགས་ཀྱི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་གོས་དཀར་ པོ་དྲི་མ་མེད་པའི་ཁ་དོག་ཏུ་སྣང་ངོ༌། །ལ་ལ་ནི་ཁ་དོག་གཅིག་ཏུ་སྣང་ངོ༌། །ལ་ལ་ནི་ཁ་དོག་རྣམ་པ་ཐ་དད་པ་སྣ་ཚོགས་སུ་སྣང་ངོ༌། །རྣམ་པ་དེ་ལྟ་བུའི་སྤྲིན་གྱི་དྲ་བས་གླིང་བཞི་ པ་ཀུན་ནས་ཁེབས་པར་བྱས་ནས། རྣམ་པ་སྣ་ཚོགས་ཀྱི་གློག་འགྱེད་དོ། །འདི་ལྟར་སྤྲིན་གསེར་གྱི་ཁ་དོག་ཏུ་འདུག་པ་ལས་གློག་གི་ཕྲེང་བ་བཻ་ཌཱུཪྻའི་ཁ་དོག་ལྟ་བུ་འགྱེད་དོ། སྤྲིན་བཻ་ཌཱུཪྻ་བཟང་པོའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་གསེར་གྱི་ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་དངུལ་གྱི་ཁ་དོག་ཏུ་འདུག་པ་ལས་གློག་གི་ཕྲེང་བ་མུ་ས་ར་གལ་བའི་ ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་མུ་ས་ར་གལ་བའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་དངུལ་གྱི་ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་ཨསྨ་གར་བའི་ཁ་དོག་ཏུ་འདུག་པ་ ལས༑ གློག་གི་ཕྲེང་བ་མུ་ཏིག་དམར་པོའི་ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་མུ་ཏིག་དམར་པོའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་ཨསྨ་གར་བའི་ཁ་དོག་ལྟ་བུ་འགྱེད་དོ། ། སྤྲིན་ཨསྨ་གར་བའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་དཔལ་གྱི་སྙིང་པོའི་ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་དཔལ་གྱི་སྙིང་པོའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་ བ་སྤོས་རྣམ་པ་ཐ་དད་པའི་ཁ་དོག་ལྟ་བུ་འགྱེད་དོ། །སྤྲིན་སྤོས་རྣམ་པ་ཐ་དད་པའི་ཁ་དོག་ལྟ་བུར་འདུག་པ་ལས། གློག་གི་ཕྲེང་བ་ཤེལ་གྱི་ཁ་དོག་ལྟ་བུར་འགྱེད་དོ། །སྤྲིན་ཤེལ་གྱི་ཁ་དོག་ ལྟ་བུར་འདུག་པ་ལས། གློག་གི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཆོ་མ་ཆོ་དགུའི་ཁ་དོག་ལྟ་བུར་འགྱེད་དོ། །སྤྲིན་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པའི་ཁ་དོག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་ ཁ་དོག་གཅིག་ཏུ་སྣང་བར་འགྱེད་དོ། །སྤྲིན་ཁ་དོག་གཅིག་ཏུ་འདུག་པ་ལས། གློག་གི་ཕྲེང་བ་སྣ་ཚོགས་རྣམ་པ་ཐ་དད་པའི་ཁ་དོག་དང་ལྡན་པ་འགྱེད་དོ། །རྣམ་པ་ཇི་ལྟ་བུར་མོས་པའི་ ཚུལ་བཞིན་དུ་སེམས་ཅན་དགའ་བར་བྱ་བའི་ཕྱིར་འབྲུག་གི་སྒྲ་དབྱངས་རྣམ་པ་དུ་མའི་ང་རོ་འབྱིན་ཏེ། ལ་ལར་ནི་ལྷའི་རྔའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་ལྷའི་བུ་མོའི་གླུ་དང་ རོལ་མོའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་རོལ་མོ་བརྡུང་བ་དང་དཀྲོལ་བའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་ཀླུའི་བུ་མོའི་གླུའི་སྒྲ་དབྱངས་སྣ་ཚོགས་ཀྱི་ང་རོ་འབྱིན་ཏོ། ། ལ་ལར་ནི་དྲི་ཟའི་བུ་མོའི་གླུའི་སྒྲ་དབྱངས་དང་ང་རོ་འབྱིན་ཏོ། །ལ་ལར་ནི་མིའམ་ཅིའི་བུ་མོའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་ས་གྲུམ་པའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་ རྒྱ་མཚོའི་འབྲུག་གི་སྒྲ་ཟབ་མོའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་སེང་གེའི་རྒྱལ་པོའི་སྒྲའི་གདངས་ཀྱི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །ལ་ལར་ནི་བྱ་བཙུན་པའི་སྐད་ཀྱི་སྒྲ་དབྱངས་ཀྱི་ང་རོ་ ༄༅། །འབྱིན་ཏོ། །ལ་ལར་ནི་རྣམ་པ་སྣ་ཚོགས་ཐ་དད་པའི་གླུའི་སྒྲ་དབྱངས་ཀྱི་ང་རོ་འབྱིན་ཏོ། །དེ་ལྟ་བུའི་སྤྲིན་གྱི་དྲ་བ་ཆེན་པོ་བསྡུས་ཏེ། གློག་གི་ཕྲེང་བ་ བཀྱེ་ནས་འབྲུག་གི་སྒྲ་དབྱངས་དང་ང་རོ་རྣམ་པ་དེ་ལྟ་བུ་དག་ཀྱང་ཕྱུང་སྟེ། དགའ་བ་དང་སྤྲོ་བ་ཆེན་པོ་བསྐྱེད་པ་ཞེས་བྱ་བའི་ཀླུའི་རླུང་ཆེན་པོ་འགྱེད་དོ། །རླུང་ཆེན་པོ་དེ་དག་ལངས་ པས་ཀྱང་སེམས་ཅན་རྣམས་ཀྱི་ལུས་སིལ་བར་གྱུར་ཏེ། དགའ་བ་དང་སྤྲོ་བ་ཡང་རབ་ཏུ་སྐྱེའོ། །དེ་ནས་སེམས་ཅན་རྣམས་ཀྱི་བསོད་ནམས་དང་མོས་པའི་ཁྱད་པར་གྱི་ཚུལ་ཇི་ལྟ་ བ་བཞིན་དུ་ལས་ཀྱིས་རྣམ་པ་སྣ་ཚོགས་ཐ་དད་དུ་གྱུར་པའི་ཆར་ཆེན་པོ་འབེབས་ཏེ། ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་ཉེ་བར་གཟུང་བ་མན་ཆད་སའི་སྟེང་ན་ཡོད་པའི་གནས་ ཀྱི་བར་དུ་ཆར་པ་རྣམ་པ་ཐ་དད་པ་འབེབས་ཏེ། འདི་ལྟར་རྒྱ་མཚོ་ཆེན་པོར་ནི་ཐ་མི་དད་པ་ཞེས་བྱ་བའི་ཆར་སྤྲིན་ཆེན་པོའི་ཆར་འབེབས་སོ། །དབང་སྒྱུར་གྱི་ལྷ་རྣམས་ལ་ནི་ཤིན་ཏུ་སྙན་ཅིང་ མཉན་པར་འོས་པ་ཞེས་བྱ་བའི་སྒྲ་སྙན་པའི་གླུ་དང༌། རོལ་མོའི་ཆར་ཆེན་པོ་འབེབས་སོ། །འཕྲུལ་དགའི་ལྷ་རྣམས་ནི་སྣང་བར་རབ་ཏུ་གཏོང་བ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེའི་ཆར་ ཆེན་པོ་འབེབས་སོ། །དགའ་ལྡན་གྱི་ལྷ་རྣམས་ལ་ནི་གཙུག་ཕུད་འཕྱང་བ་ཞེས་བྱ་བའི་ཆར་ཆེན་པོ་འབེབས་སོ། །མཚེ་མའི་ལྷ་རྣམས་ལ་ནི་རྒྱན་སྣ་ཚོགས་ཞེས་བྱ་བ་མེ་ཏོག་གི་ཆར་ ཆེན་པོ་འབེབས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ནི་སྤོས་ཡིད་དུ་འོང་བ་ཞེས་བྱ་བ་ལྷ་རྫས་ཀྱི་སྤོས་ཀྱི་ཆར་ཆེན་པོ་འབེབས་སོ། །རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ལ་ནི་དགའ་ བར་བྱེད་པ་ཞེས་བྱ་བ་ལྷ་རྫས་ཀྱི་གོས་ཀྱི་ཆར་ཆེན་པོ་འབེབས་སོ། །ཀླུའི་རྒྱལ་པོ་ཆེན་པོའི་གནས་སུ་ནི་འོད་ཤིན་ཏུ་འཕགས་པ་ཞེས་བྱ་བ་མུ་ཏིག་དམར་པོའི་ཆར་ཆེན་པོ་འབེབས་སོ། །ལྷ་མ་ཡིན་ གྱི་གནས་སུ་ནི་ཕ་རོལ་ཤིན་ཏུ་འཇོམས་པ་ཞེས་བྱ་བ་གཞུ་དང་མཚོན་ཆའི་ཆར་ཆེན་པོ་འབེབས་སོ། །བྱང་གི་སྒྲ་མི་སྙན་དུ་ནི་མེ་ཏོག་ཤིན་ཏུ་རྒྱས་པ་ཞེས་བྱ་བ་མེ་ཏོག་སྣ་ཚོགས་ཀྱི་ཆར་ ཆེན་པོ་འབེབས་སོ། །གཞུང་དེ་བཞིན་དུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གནས་སྣ་ཚོགས་སུ་རྣམ་པ་ཐ་དད་པའི་ཆར་སྣ་ཚོགས་རབ་ཏུ་འབེབས་སོ། །ཀྱེ་རྒྱལ་ བའི་སྲས། ཀླུའི་རྒྱལ་པོ་གངས་ཆེན་མཚོ་ལ་སེར་སྣ་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་དང༌། བསོད་ནམས་ཀྱི་ཚོགས་རྣམ་པ་སྣ་ཚོགས་ཐ་དད་པའི་ཁྱད་ པར་གྱིས། ཆར་རྣམ་པ་ཐ་དད་པའང་སྣང་ཞིང་ཡོད་པར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་ མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡང་རྟག་ཏུ་རྒྱུན་མི་འཆད་པར་ཆོས་ཀྱི་རྣམ་པར་རོལ་པས་རྣམ་པར་རོལ་པའི་ཚེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཆོས་ཀྱི་སྐུའི་སྤྲིན་གྱིས་ ༄༅། །རྒྱས་པར་བཀང་ཞིང་སེམས་ཅན་ཇི་ལྟར་མོས་པའི་ཚུལ་བཞིན་དུ། སྐུའི་སྤྲིན་ཡང་དག་པར་སྟོན་ཏེ། འདི་ལྟར་སེམས་ཅན་ལ་ལ་ལ་ནི་སྐྱེ་བ་འབྱུང་བའི་ སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་སྤྲུལ་པའི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་བྱིན་གྱི་རླབས་ཀྱི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ ནི་གཟུགས་ཀྱི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་སྐུ་སྣ་ཚོགས་མངོན་པར་བསྒྲུབ་པའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་བསོད་ནམས་ཀྱི་སྐུའི་ སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་ཡེ་ཤེས་ཀྱི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་སྟོབས་ལ་ཐུབ་པ་མེད་པའི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ ལ་ལ་ལ་ནི་མི་བསྙེངས་པ་ཟིལ་གྱིས་མི་ནོན་པའི་སྐུའི་སྤྲིན་ཡོངས་སུ་སྟོན་ཏོ། །སེམས་ཅན་ལ་ལ་ལ་ནི་ཆོས་ཀྱི་དབྱིངས་ལུས་པ་མེད་པའི་སྐུའི་སྤྲིན་ཡོངས་སུ་སྟོན་ཏེ། ཀྱེ་རྒྱལ་བའི་ སྲས༑ དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཆོས་ཀྱི་སྐུའི་སྤྲིན་གྱིས་བཀང་ཞིང༌། སེམས་ ཅན་རྣམས་ཀྱིས་སེམས་དང༌། བསམ་པ་དང༌། མོས་པ་ཇི་ལྟ་བའི་ཚུལ་བཞིན་དུ་དེ་དག་ལ་འོད་ཟེར་གྱི་གློག་གི་ཕྲེང་བ་འགྱེད་དོ། འདི་ལྟར་སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་ གི་ཕྲེང་བ་ཀུན་ཏུ་ཁྱབ་པ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་སངས་རྒྱས་ཀྱི་གསང་བ་ལ་འཇུག་པ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་ འོད་ཟེར་གྱི་གློག་གི་ཕྲེང་བ་སྤོབས་པ་སྣང་བ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་སྣང་བར་བྱེད་པ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་ འོད་ཟེར་གྱི་གློག་གི་ཕྲེང་བ་གཟུངས་ཀྱི་སྒོ་མི་ཟད་པ་ལ་འཇུག་པ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་དྲན་པ་འཁྲུག་པ་ཞེས་བྱ་བ་འགྱེད་དོ། ། སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་བློ་གྲོས་མི་འཕྲོགས་པ་ཞེས་བྱ་བ་འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་རིགས་པའི་རྗེས་སུ་འཇུག་པ་ཞེས་བྱ་བ་ འགྱེད་དོ། །སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་བསམ་པ་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པ་ཞེས་བྱ་བ་འགྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་དེ་ལྟ་བུའི་འོད་ཟེར་གྱི་དྲ་བའི་གློག་ཚད་མེད་པ་དེ་དག་རབ་ཏུ་བཀྱེ་ནས། ཏིང་ངེ་འཛིན་ཆེན་པོ་འབྲུག་གི་སྒྲ་ དབྱངས་རྣམ་པ་འདི་ལྟ་བུ་དག་རབ་ཏུ་སྒྲོག་སྟེ། འདི་ལྟར་སེམས་ཅན་ལ་ལ་ལ་ནི་བློ་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ ༄༅། །ཅན་ལ་ལ་ལ་ནི་ཤིན་ཏུ་སྦྱངས་པས་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་ཆོས་ཐམས་ ཅད་ལ་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ ། སེམས་ཅན་ལ་ལ་ལ་ནི་རི་རབ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་གངས་ཅན་རྒྱ་མཚོ་ཞེས་བྱ་བ་ལ་ཏིང་ངེ་འཛིན་གྱི་ འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་ཉི་མ་སྒྲོན་མ་ཞེས་བྱ་འི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་ ཚིམ་པར་བྱེད་པ་ཞེས་བྱའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་གོ །སེམས་ཅན་ལ་ལ་ལ་ནི་མཛོད་མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་འབྲུག་གི་སྒྲ་དབྱངས་སྒྲོག་ གོ །སེམས་ཅན་ལ་ལ་ལ་ནི་མི་འཁྲུགས་པའི་མོས་པ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒྲ་དབྱངས་སྒྲོག་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་དག་ལ་སོགས་པ་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་སྤྲིན་ལས། དེ་དག་ལ་སོགས་པ་ཏིང་ངེ་འཛིན་རྣམ་པ་ཐ་དད་པའི་སྒོའི་འབྲུག་ཆེན་པོའི་སྒྲ་དབྱངས་ཆོས་མཉན་པའི་སྔོན་གྱི་ལྟས་འགྲོ་ བ་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པ་རབ་ཏུ་སྒྲོག་གོ །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་སྤྲིན་རྣམ་པ་དེ་ལྟ་བུ་བྱུང་བ་དང༌། འོད་ཟེར་གྱི་གློག་གི་ཕྲེང་བ་བཀྱེ་ སྟེ༑ ཏིང་ངེ་འཛིན་གྱི་འབྲུག་སྒྲས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་ཤིན་ཏུ་བསྒྲགས་པའི་ཚེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་སྤྲིན་སྔོན་བྱམས་པ་ཆེན་པོ་དང༌། ཐུགས་རྗེ་ ཆེན་པོ་སྒྲིབས་པ་མེད་པས་མངོན་པར་བསྒྲུབས་པ་ལས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གྱི་རླུང་འབྱུང་བ་ཡོད་དེ། དེ་ནི་ཐོག་མར་སེམས་ཅན་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སེམས་དང་ལུས་ཚིམ་པར་བྱེད་དོ། །དེའི་འོག་ཏུ་ཆོས་ཀྱི་སྤྲིན་གྱི་ཆར་ཆེན་པོ་འབེབས་སོ། །ཀྱེ་རྒྱལ་བའི་སྲས། ཆོས་ཀྱི་སྐུའི་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཐུགས་རྗེ་ ཆེན་པོ་ལས་བྱུང་བ་བསྡུས་ཤིང༌། སེམས་ཅན་ལུས་དང་སེམས་སིམ་པར་གྱུར་པ་རྣམས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་ཆར་ཆེན་པོ་བསམ་གྱིས་མི་ཁྱབ་པ་འབེབས་ཏེ། འདི་ ལྟར་བྱང་ཆུབ་སེམས་དཔའ་སྙིང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཕྱིན་པ་རྣམས་ལ་ཆོས་ཀྱི་དབྱིངས་ཐ་མི་དད་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །བྱང་ཆུབ་ སེམས་དཔའ་སྲིད་པ་ཐ་མ་པ་རྣམས་ལ་དེ་བཞིན་གཤེགས་པའི་གསང་བ་བྱང་ཆུབ་སེམས་དཔའི་ཐབས་ཀྱིས་རྣམ་པར་རོལ་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་ ༄༅། །འབེབས་སོ། །བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་རྣམས་ལ་དེ་བཞིན་གཤེགས་པའི་རྒྱན་གྱིས་རྣམ་པར་ཀླུབས་པ་ཞེས་བྱ་བའི་ཆོས་ཀྱི་ སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་རྣམས་ལ་ཀུན་ནས་སྣང་བ་ཡོངས་སུ་སྦྱོང་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་ འབེབས་སོ། །བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་རྣམས་ལ་ཡོན་ཏན་རིན་པོ་ཆེ་ཡེ་ཤེས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པ་ ཞེས་བྱ་བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ལ་སྤྲུལ་པས་མངོན་པར་འཇུག་པའི་སྤྱོད་པ་རྒྱུན་མི་འཆད་ཅིང༌། ཡོངས་སུ་སྐྱོ་བ་མེད་པ་ཞེས་བྱ་བའི་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ལ་དེ་བཞིན་གཤེགས་པའི་སྤྱོད་པའི་ རྗེས་སུ་བསྙེགས་ཤིང་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བའི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །སེམས་ཅན་རང་སངས་རྒྱས་ཀྱི་ ཐེག་པ་ལ་མོས་པ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཁོང་དུ་ཆུད་པས་མཐའ་གཉིས་ཀྱི་ལྟ་བ་དང་བྲལ་ཞིང༌། རྣམ་པར་གྲོལ་བའི་འབྲས་བུ་ཆུད་མི་ཟ་བ་ཞེས་བྱ་བའི་ ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ལ་མོས་པར་མོས་ལ་ཉོན་མོངས་པའི་དགྲ་ཐམས་ཅད་འཇོམས་པ་ཞེས་བྱ་བའི་ཤེས་རབ་ཀྱི་རལ་གྲིའི་ ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་འབེབས་སོ། །སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་ཤིང་ཐེག་པ་ལ་ངེས་པར་གྱུར་པ་རྣམས་ལ་དགའ་བ་དང༌། སྤྲོ་བ་རབ་ཏུ་བསྐྱེད་པ་ཞེས་བྱ་ བའི་ཆོས་ཀྱི་སྒོ་སྣ་ཚོགས་མངོན་པར་བསྒྲུབས་པའི་ཆར་རབ་ཏུ་འབེབས་ཏེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྒོ་བཅུ་པོ་འདི་དག་ལ་སོགས་པ་ཚད་མེད་པའི་ ཆོས་ཀྱི་སྤྲིན་ཆེན་པོའི་ཆར་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་བཀང་སྟེ། རབ་ཏུ་འབེབས་པ་མཛད་དོ། །ཀྱེ་རྒྱལ་བའི་ སྲས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཆོས་ཀྱི་སེར་སྣ་གང་ཡང་མི་མངའ་ཡང༌། སེམས་ཅན་རྣམ་པ་ཇི་ལྟ་བུ་སྨིན་པའི་ཚུལ་ དང༑ བསམ་པ་དང༌། དབང་པོ་དང༌། མོས་པ་དང༌། བརྩོན་འགྲུས་རྣམ་པ་ཐ་དད་པས། དེ་བཞིན་གཤེགས་པའི་ཆོས་ཀྱི་ཆར་ཆེན་པོ་རྣམ་པ་ཐ་དད་པར་སྣང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་ བས། ཁོང་དུ་ཆུད་པ་བྱ་བའི་སྒོ་བཅུ་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ༄༅། །རྣམས་ཀྱི་གསུང་བརྗོད་པ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་གསུང་དེ་ནི་ཚད་མེད་པ་ཤིན་ཏུ་བསྟན་པ་བཅུས་ཁོང་དུ་ཆུད་ པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཐམས་ཅད་རྗེས་སུ་སོང་བའི་ཕྱིར། ནམ་མཁའི་དབྱིངས་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །མ་ལུས་པའི་མཐར་ཐུག་པས་ཆོས་ཀྱི་ དབྱིངས་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་སིམ་པར་བྱེད་པས། སེམས་ཅན་གྱི་ཁམས་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་ བྱའོ༑ ༑རྣམ་པར་སྟོན་པས་ལས་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །ཤིན་ཏུ་ཞི་བར་བྱེད་པས་ཉོན་མོངས་པ་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །སེམས་ཅན་རྣམས་ ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པས་སྒྲ་དབྱངས་རྣམ་པ་ཐ་དད་པ་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པར་གྲོལ་བ་ཤིན་ཏུ་རྟོགས་པས་མོས་པ་ཚད་ མེད་པ་ལྟར་ཁོང་དུ་ཆུད་པར་བྱའོ། །མཐའ་དང་དབུས་མེད་ཅིང་ས་མཚམས་མེད་པས། དུས་གསུམ་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་རྣམ་པར་འབྱེད་ པས་ཡེ་ཤེས་ལྟར་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བས་སངས་རྒྱས་ཀྱི་ཡུལ་ཕྱིར་མི་ལྡོག་པ་ལྟར་ཚད་མེད་པར་ ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་དག་ལ་སོགས་པ་མངོན་པར་བསྒྲུབས་པ་ཐ་དད་པ་ཤིན་ཏུ་བསྟན་པ་བརྒྱ་སྟོང་མང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་བརྗོད་པ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཀུན་ཏུ་བཟང་པོས། དོན་འདི་ཉིད་ཡང་བརྟག་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་འཇིག་པར་འགྱུར་ཚེ་གཞལ་མེད་སྒྲ་དབྱངས་བཞི། །སེམས་ཅན་ དགེ་བའི་འབྲས་བུས་བར་སྣང་མཁའ་ལས་འབྱུང༌། །བསམ་གཏན་བཞི་ནི་ཞི་བ་སྡུག་བསྔལ་མེད་པ་ཡོད། །དེ་སྐད་སྒྲ་ཐོས་འདོད་པའི་ཁམས་རྣམས་རྣམ་པར་སྤོང༌། །དེ་བཞིན་ སྟོབས་བཅུ་མངའ་གསུང་དམ་པ་ཚད་མེད་པ། །སེམས་ཅན་དོན་དུ་ཆོས་དབྱིངས་རྣམ་པར་བཀང་ཞིང་འབྱུང༌། །དེས་ནི་སྲིད་པའི་མཚོ་ལས་འདའ་ཞིང་བརྒལ་བར་འགྱུར། །བདེ་ གཤེགས་གསུང་དེ་སྐུལ་མེད་དེ་ཐུགས་ལ་མིན། །རི་དང་བྲག་དང་ལུང་སུལ་གནས་པའི་སྒྲ་བརྙན་ནི། །མི་ཡི་སྒྲ་བཞིན་སྒྲ་བརྙན་ཐམས་ཅད་རབ་ཏུ་བརྗོད། །གཞན་གྱི་སྒྲ་ཕྱུང་རྣམ་ པར་དམིགས་པས་སྒྲ་དེ་འབྱུང༌། །དེ་ལ་སྒྲ་རྟོག་རྣམ་པ་ཀུན་ཏུ་ཡོད་པ་མིན། །སྟོབས་བཅུ་མངའ་བའི་གསུང་དབྱངས་ཆོས་ཉིད་རྣམ་མི་རྟོག །གཞན་གྱི་སྤྱོད་དང་དབང་པོ་ཡོངས་སུ་སྨིན་ ༄༅། །པ་འབྱུང༌། །སེམས་ཅན་མང་པོ་འདུལ་ཞིང་བསམ་པ་དགའ་བར་མཛད། །སྟོབས་བཅུ་མངའ་བ་རྣམས་ལ་རློམ་སེམས་བསྐྱོད་མི་མངའ། །ཇི་ལྟར་རྔ་ ཆེན་ཆོས་ལ་བསྐུལ་བའི་སྒྲ་ལྡན་པ། །གང་ཚེ་ལྷ་རྣམས་འདོད་ལ་ཞེན་ཅིང་བག་མེད་པ། །དེ་ཚེ་མཁའ་ཡི་དབྱིངས་ལས་ཆོས་ཀྱི་སྒྲས་སྟོན་ཏེ། །སྒྲ་དེ་ཐོས་ཤིང་ལྷ་རྣམས་བག་ཡོད་སྤྱོད་ པར་འགྱུར། །དེ་བཞིན་སྟོབས་བཅུ་མངའ་བའི་ཆོས་སྒྲ་ལྡན་པའི་རྡ། །ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཡང་དག་རབ་ཏུ་སྐུལ། །རྒྱལ་བའི་གསུང་ནི་སྐྱེ་མེད་འགག་པ་མི་དམིགས་སོ།། དེ་ཡི་སྒྲ་ཐོས་སེམས་ཅན་བྱང་ཆུབ་ཐོབ་པར་འགྱུར། །ལྷ་ཡི་དབང་པོ་དབང་སྒྱུར་ལྷ་རྫས་རྩེ་བའི་ཚེ། །ལྷ་མོའི་ཁ་དབུགས་གཅིག་ཀྱང་ཡན་ལག་མང་ལྡན་པས། །ཁ་དབུགས་སྒྲ་ དབྱངས་གཅིག་ལས་སྣ་ཚོགས་སྒྲ་མང་འབྱུང༌། །སྒྲ་དབྱངས་བརྒྱ་སྟོང་མང་པོ་འབྱུང་ཡང་དེ་ལ་རྣམ་རྟོག་མེད། །དེ་བཞིན་སྟོབས་བཅུ་མངའ་བའི་གསུང་གཅིག་བསྒྲགས་པ་ལས།། སེམས་ཅན་རྙེད་ཀྱི་གསུང་གི་ཡན་ལག་དུས་གཅིག་འབྱུང༌། །སེམས་ཅན་ཇི་བཞིན་ཇི་ལྟར་མོས་པར་གསུང་ཉན་ཅིང༌། །ཐོས་ནས་ཉོན་མོངས་སྤོང་བྱེད་སྒྲ་ལ་རྟོག་པ་མེད། །ཇི་ལྟར་ ཚངས་པ་ཚངས་པའི་སྟན་ལ་མ་གཡོས་པར། །སྒྲ་དབྱངས་གཅིག་བརྗོད་ཚངས་པ་བསམ་ཡས་དགའ་བར་བྱེད། །འོན་ཀྱང་ཚངས་པའི་དབྱངས་དེ་འཁོར་གྱི་ཕྱིར་མི་འབྱུང༌།། འཁོར་རྣམས་ཇི་སྙེད་ཐམས་ཅད་ཁོང་དུ་ཆུད་པར་བྱེད། །སྟོབས་བཅུ་ལེགས་མངའ་ཚངས་པ་སངས་རྒྱས་གདན་བཞུགས་ཤིང༌། །གསུང་གཅིག་ཆོས་དབྱིངས་མ་ལུས་བཀང་སྟེ་རབ་ཏུ་ སྒྲོག་༑འཁོར་ལས་མི་འདའ་སངས་རྒྱས་སེར་སྣ་མངའ་བ་མིན། །སེམས་ཅན་དད་དང་བྲལ་བས་རྒྱལ་བའི་གསུང་མི་ཐོས། །ཇི་ལྟར་ཆུ་རྒྱུན་ཐམས་ཅད་རང་བཞིན་གཅིག་པ་སྟེ། །རོ་མཐུན་ མི་རྟོག་དག་ཅིང་ཡན་ལག་བརྒྱད་དང་ལྡན། །ས་སྟེང་སྣོད་ཀྱི་ཁྱད་པར་གཞན་དང་གཞན་གྱུར་པས། །རྐྱེན་དང་ཕྲད་གྱུར་ཆུ་ཡི་རྣམ་པ་ཐ་དད་འགྱུར། །དེ་བཞིན་རྒྱལ་སྲས་ཐམས་ཅད་ མཁྱེན་གསུང་ཐམས་ཅད་ཀྱང༌། །རོ་མཐུན་མི་རྟོག་སངས་རྒྱས་བྱང་ཆུབ་རང་བཞིན་ཡིན། །སེམས་ཅན་སྤྱོད་པའི་ཁྱད་ཀྱིས་རྣམ་པ་ཐ་དད་འགྱུར། །སེམས་ཅན་བདེ་གཤེགས་གསུང་ལ་ གཞན་དང་གཞན་དུ་ཉན། །མ་དྲོས་ཀླུ་ནི་འཛམ་བུའི་གླིང་ཆེན་ཀུན་བཀང་ཞིང༌། །ས་གཞི་ངོམས་པར་བྱ་ཕྱིར་ཆར་པའི་རྒྱུན་ཀྱང་གཏོང༌། །ལོ་ཏོག་ནགས་ཚལ་ཆུ་ཀླུང་རིམ་གྱིས་སྐྱེ་ བར་བྱེད། །འོན་ཀྱང་ཆུ་རྒྱུན་ལུས་ལས་མ་བྱུང་སེམས་ལས་མིན། །བཅོམ་ལྡན་འདས་ཀྱང་དེ་བཞིན་ཆོས་ཀྱི་དབྱིངས་བཀང་ཞིང༌། །སེམས་ཅན་ངོམས་པར་བྱ་ཕྱིར་ཆོས་ཀྱི་ཆར་ཆེན་ འབེབས། །དགེ་བ་བརྒྱ་འཕེལ་སེམས་ཅན་ཉོན་མོངས་ཞི་བར་མཛད། །རྒྱལ་བའི་གསུང་ནི་ཕྱི་ནང་གང་ཡང་ཡོད་པ་མིན། །ལག་གིས་འགྲོ་བའི་བདག་པོ་ཡིད་དུ་འོང་བ་ནི། །ཉིན་ཞག་ ༄༅། །བདུན་དུ་མཁའ་དབྱིངས་འདི་ལ་སྤྲིན་སྡུད་དེ། །དགོས་པ་མ་གྲུབ་བར་དུ་ཆར་གྱི་རྒྱུན་མི་འབེབས། །ཕན་པའི་དོན་དུ་ཆར་རྒྱུན་ཕྲ་མོ་ཕྱིས་འབེབས་སོ། ། སྟོབས་བཅུ་འགྲོ་པའི་དོན་དུ་ཆོས་དབྱིངས་རྒྱས་མཛད་ཅིང༌། །སེམས་ཅན་ཡོངས་སུ་སྨིན་ཕྱིར་དོན་དམ་མི་གསུང་སྟེ། །ནམ་ཞིག་སྣོད་དུ་གྱུར་ཚེ་ཟབ་མོའི་ཆོས་ཀྱང་གསུང༌། །ཐོས་ ནས་མི་དངང་སངས་རྒྱས་ཡེ་ཤེས་འཇུག་པར་འགྱུར། །ཇི་ལྟར་རྒྱ་མཚོའི་ཀླུ་ཡི་རྒྱལ་པོ་རྒྱན་ཆེན་ནི། །སྤྲིན་གྱི་རྒྱན་བཅུ་བསྡུས་ཤིང་ཆར་ཆེན་རབ་ཏུ་འབེབས། །འོན་ཏམ་སྤྲིན་ རྒྱན་བརྒྱ་བསྡུས་བརྒྱ་སྟོང་རྒྱན་བསྡུས་ཤིང༌། །རོ་གཅིག་ཆར་ལས་རྣམ་པ་སྣ་ཚོགས་མང་པོ་འབེབས། །སངས་རྒྱས་ཐ་དད་ཡང་དག་མཁྱེན་གྱི་མཐར་ཕྱིན་པའི། །རང་བྱུང་སྒོ་ བཅུ་འོན་ཏམ་ཉི་ཤུ་བརྒྱ་གསུང་སྟེ། །གལ་ཏེ་ཡང་ན་བརྒྱ་སྟོང་ཚད་མེད་མང་པོ་གསུང༌། །འོན་ཀྱང་ཆོས་དབྱིངས་རྣམ་པར་འབྱེད་པར་མཛད་པ་མེད། །ལག་འགྲོ་ཀུན་གྱི་གཙོ་བོ་ ཀླུ་དབང་གངས་ཆེན་མཚོ། །གླིང་བཞི་འདི་དག་སྤྲིན་གྱི་དྲ་བས་ཀུན་ཏུ་དགེངས། །གནས་རྣམས་ཀུན་ཏུ་ཆར་པ་རྣམ་པ་སྣ་ཚོགས་འབེབས། །གངས་ཆེན་མཚོ་བདག་དེ་ལ་གཉིས་ སུ་བྱ་བ་མེད། །སངས་རྒྱས་འགྲོ་ཀུན་གཙོ་བོ་ཆོས་རྒྱལ་དམ་པ་ཡང༌། །ཐུགས་རྗེ་ཆེན་པོའི་སྟོབས་ཀྱི་སྐུ་སྤྲིན་རྒྱས་བརྡལ་ཅིང༌། །བྱང་ཆུབ་ལམ་དུ་ཞུགས་ལ་ཆོས་རབ་ཆར་ འབེབས་ཏེ། །མི་རྟོག་འཇིག་རྟེན་ཀུན་ལ་གཞན་དང་གཞན་ཡང་གསུང༌།། །།བམ་པོ་བདུན་ཅུ་གསུམ་པ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟ་བུར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་ སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པའི་སྲས། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཀྱིས་རྣམ་པར་དགོད་པ་མ་ཡིན། ཡིད་ཀྱིས་རྣམ་པར་དགོད་པ་མ་ཡིན། རྣམ་པར་ཤེས་པས་ རྣམ་པར་དགོད་པ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཐུགས་སྐྱེ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པས་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་པའི་སྲས། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་བརྟེན་ཅིང་བྱ་བ་ཐམས་ཅད་རྣམ་པར་དགོད་པར་འགྱུར་ཏེ། ནམ་མཁའ་ནི་མི་གནས་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་གཤེགས་པའི་ཡེ་ ༄༅། །ཤེས་ལ་བརྟེན་ཅིང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཤེས་པ་ཐམས་ཅད་རྣམ་པར་དགོད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ ནི་མི་གནས་པའོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་དང་པོ་འདིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སྐྱེ་བ་ ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཆོས་ཀྱི་དབྱིངས་སུ་ནི་ཉན་ཐོས་ཐམས་ཅད་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །རང་སངས་རྒྱས་ཐམས་ ཅད་ཀྱང་རྣམ་པར་གྲོལ་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཡང་དག་པར་འབྱུང་མོད་ཀྱི། ཆོས་ཀྱི་དབྱིངས་ལ་འཕེལ་ཞིང་འགྲིབ་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་ དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བརྟེན་ཅིང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཤེས་པ་འགྲངས་པ་ཐམས་ཅད་ཀྱང་རྣམ་པར་དགོད་ཅིང༌། ལས་དང་བཟོའི་གནས་ ཐམས་ཅད་རྣམ་པར་དགོད་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཕེལ་ཞིང་འགྲིབ་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་གཉིས་པ་འདིས་ཀྱང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། གླིང་ཆེན་པོ་བཞི་དང༌། གླིང་ཕྲན་བྱེ་བ་བརྒྱ་ཕྲག་བརྒྱད་ཅུ་དག་ནི། རྒྱ་མཚོ་ཆེན་པོས་མངོན་པར་སྤངས་པའི་ཕྱིར། གང་དང་གང་དུ་སའི་ཁམས་ བཤོང་བ་དེ་དང་དེ་ནས་ཆུ་འབྱུང་སྟེ། རྒྱ་མཚོ་ཆེན་པོ་ལ་རྣམ་པར་རྟོག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བསམ་པ་ཡང་དེ་བཞིན་ གཤེགས་པའི་ཡེ་ཤེས་ཀྱིས་མངོན་པར་བརླན་པས། དེ་དག་དམིགས་པ་གང་དང་གང་ལ་རྣམ་པར་དཔྱོད་ཅིང༌། ཆོས་ཀྱི་སྒོ་གང་དང་གང་ལ་བརྩོན་པར་བྱེད་པ་དེ་དང་དེ་ནས་ཡེ་ ཤེས་ཀྱི་སྣང་བ་འབྱུང་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོ་དེ་ནི་སྙོམས་ཤིང་རྣམ་པར་མི་རྟོག་ལ། རིམ་པར་འབྱེད་པ་མི་མཛད་ཀྱང་བསམ་པ་དང་སྦྱོར་བའི་ ཁྱད་པར་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བའི་ཁྱད་པར་དུ་འགྱུར་བའང་ཡོད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་གསུམ་པ་འདིས་ཀྱང༌། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་ སྲས༑ གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན། ནོར་བུ་རིན་པོ་ཆེ་ཆེན་པོ་ཡོན་ཏན་ཚད་མེད་པ་ཕུན་སུམ་ཚོགས་པ་བཞི་ཡོད་དེ། ནོར་བུ་རིན་པོ་ཆེ་དེ་དག་གི་ ༄༅། །གཟི་བརྗིད་དང་མཐུས་རྒྱ་མཚོ་ཆེན་པོར་རིན་པོ་ཆེ་ཐམས་ཅད་འབྱུང་སྟེ། ཀྱེ་རྒྱལ་བའི་སྲས། གལ་ཏེ་རྒྱ་མཚོ་ཆེན་པོའི་ནང་ན། ནོར་བུ་རིན་པོ་ཆེ་དེ་བཞིན་མེད་དུ་ ཟིན་ན་ནི། རྒྱ་མཚོ་ཆེན་པོའི་ནང་ན། ནོར་བུ་རིན་པོ་ཆེ་གཅིག་ཀྱང་ཡོད་པར་མི་འགྱུར་རོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རིན་པོ་ཆེ་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་ བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང༌། མི་ཟད་པའི་མཛོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང༌། སྙིང་བླས་མེད་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང༌། རྒྱན་ཐམས་ཅད་ཡང་ དག་པར་སྡུད་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། ནོར་བུ་རིན་པོ་ཆེ་ཚད་མེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞི་ཡོད་དོ། །ཀྱེ་རྒྱལ་བའི་སྲས་། ནོར་བུ་རིན་པོ་ཆེ་ཆེན་པོ་བཞི་པོ་དེ་དག་ནི་བསོད་ནམས་ངན་ངོན་དང་ལྡན་པའི་ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། ཀླུའམ། དེ་མ་ཡིན་པའི་སེམས་ཅན་ཆུ་ལ་གནས་པའི་མིག་ གིས་མཐོང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཞིན་ནི། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་མཛོད་ན་འཁོད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག །རིན་པོ་ ཆེ་ཆེན་པོ་བཞི་པོ་དེ་དག་ནི་གྲུ་བཞིར་འདུག་པ་སྟེ། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་གནས་ཀྱི་ཕྱོགས་བཞིར་བཀོད་པ་དག་གོ །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ན། ཡེ་ཤེས་ཀྱི་རིན་པོ་ཆེ་ཆེན་པོ་བསོད་ནམས་དང༌། ཡེ་ཤེས་དང༌། ཡོན་ཏན་ཕུན་སུམ་ཚོགས་ པ་བཞི་ཡོད་དེ། ཡེ་ཤེས་རིན་པོ་ཆེ་ཆེན་པོ་དེ་དག་གི་བརྗིད་དང་མཐུས་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ནས། སློབ་པ་དང༌། མི་སློབ་པ་ཐམས་ཅད་དང༌། རང་ སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་རིན་པོ་ཆེ་འབྱུང་སྟེ། ཀྱེ་རྒྱལ་བའི་སྲས། གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ ནས་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དེ་བཞི་མེད་དུ་ཟིན་ན་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ནང་ན། ཆུང་ངུ་ན་བྱང་ཆུབ་སེམས་དཔའ་གཅིག་གི་ཡེ་ཤེས་རིན་པོ་ཆེ་ཡང་ འབྱུང་བར་མི་འགྱུར་རོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཐབས་མཁས་པ་ཆགས་པ་མེད་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། འདུས་བྱས་དང༌། འདུས་མ་བྱས་སུ་མཉམ་ པའི་ཆོས་རབ་ཏུ་རྟོག་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། ཆོས་ཀྱི་དབྱིངས་ཐ་མི་དད་ཀྱང་རྣམ་པ་ཐ་དད་དུ་ཤིན་ཏུ་སྟོན་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། དུས་དང་དུས་མ་ཡིན་པ་ལས་ མི་འདའ་ཞིང༌། དུས་ཕེབས་པར་བྱེད་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དེ་བཞི་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག །ཡེ་ཤེས་རིན་པོ་ཆེ་ ༄༅། །ཆེན་པོ་བཞི་པོ་དེ་དག་ནི། སེམས་ཅན་བསོད་ནམས་ངན་དོན་དང་ལྡན་པ་རྣམས་ཀྱི་མིག་གིས་མཐོང་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ རིན་པོ་ཆེ་ཆེན་པོ་དེ་བཞི་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་ན་འཁོད་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས། ཡེ་ཤེས་རིན་པོ་ཆེ་ཆེན་པོ་བཞི་པོ་དེ་དག་ནི་རྣམ་པ་ཀུན་ཏུ་བཟང་པོ་ སྟེ༑ ཕྱོགས་བཞིར་རྣམ་པར་བཀོད་ཅིང༌། བྱང་ཆུབ་སེམས་དཔའ་ཉེ་བར་འཚོ་བ་དང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་སྣང་བས་འཐོབ་པ་དག་སྟེ། ཕྱོགས་བཞིར་བྱང་ཆུབ་སེམས་ དཔའ་ཡང་དག་པར་བསྒྲུབ་པའི་ཕྱིར་རྣམ་པར་བཀོད་པ་དག་གོ །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བཞི་པ་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་དེ་ཉིད་ཀྱི་འོག་ན་ནོར་བུ་རིན་པོ་ཆེ་ཆེན་པོ་དྲག་ཤུལ་གྱི་གཟི་བརྗིད་དང་ལྡན་པ་མཐུ་ཤིན་ཏུ་ཆེ་བ་བཞི་ཡོད་དེ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་གི་གཟི་བརྗིད་དང་ མཐུས་རྒྱ་མཚོ་ཆེན་པོར་བླུགས་པའི་ཆུའི་ཕུང་པོ་ཐམས་ཅད་ཡོངས་སུ་འགྲིབ་པར་འགྱུར་ཏེ། དེ་ཡོད་པས་རྒྱ་མཚོ་ཆེན་པོ་ཡང་འཕེལ་བ་དང༌། འགྲིབ་པར་མི་འགྱུར་རོ། །ནོར་བུ་ རིན་པོ་ཆེ་ཆེན་པོ་དེ་བཞི་ནི་རྒྱ་མཚོ་ཆེན་པོའི་འོག་གི་མཚམས་ན་གནས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཉི་མའི་སྙིང་པོ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་དང༌། རླན་མེད་པ་ཞེས་བྱ་བའི་ནོར་ བུ་རིན་པོ་ཆེ་དང༌། མིའི་འོད་ཅེས་བྱ་བའི་ནོར་བུ་རིན་པོ་ཆེ་དང༌། མ་ལུས་པའི་མཐར་ཐུག་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་དག་སྟེ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཞི་ཡོད་དོ། །ཀྱེ་རྒྱལ་བའི་ སྲས༑ གལ་ཏེ་རྒྱ་མཚོ་ཆེ་ཆེན་པོ་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཞི་མེད་དུ་ཟིན་ན་ནི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་གཅིག་ཏུ་ཆུས་ཡོངས་སུ་རྒྱས་པར་ འགྱུར་ཏེ། ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་ལས་ཀྱང་འདས་ཤིང༌། ཆུའི་ཕུང་པོས་སྲིད་པའི་རྩེ་མོ་མན་ཆད་དུའང་གང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། རྒྱ་མཚོ་ཆེན་པོར་ འདུས་པའི་ཆུའི་ཕུང་པོ་དེ་དག་ཀྱང་ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོའི་འོད་གྱིས་ཕོག་ན། ཆུའི་རང་བཞིན་སྤངས་ནས་འོ་མ་དང་ཞོར་གྱུར་ཏེ་འདུག་གོ །ནོར་བུ་རིན་པོ་ཆེ་ཆེན་པོ་ རླན་མེད་པའི་འོད་ཀྱིས་ཕོག་ན། འོ་མ་དང་ཞོའི་རང་བཞིན་སྤངས་ནས། མར་གྱི་སྙིང་ཁུ་ལྟ་བུར་འགྱུར་རོ། །མེའི་འོད་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་འོད་ཀྱིས་ཕོག་ན། མར་གྱི་ སྙིང་ཁུ་ལྟ་བུའི་རང་བཞིན་སྤངས་ཏེ། མེ་ལྟ་བུར་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་ཆེན་པོ་མ་ལུས་པའི་མཐར་ཐུག་པའི་འོད་ཀྱིས་ཕོག་ན། ཐམས་ཅད་ལྷག་མ་མེད་ཅིང་མ་ ༄༅། །ལུས་པ་མི་སྣང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ། ཡེ་ཤེས་རིན་པོ་ཆེ་ཆེན་པོ་མཐུ་དང་འོད་ཤིན་ཏུ་ཆེ་བ་བཞི་ཡོད་དེ། ཡེ་ཤེས་རིན་པོ་ཆེ་ཆེན་པོ་དེ་བཞིའི་མཐུ་དང་འོད་ཀྱིས་མ་ཕོག་ན། བྱང་ཆུབ་སེམས་ དཔའི་སྨོན་ལམ་གྱི་བསམ་པས་བྱུང་བའི་བསོད་ནམས་ཀྱི་ཆུའི་ཕུང་པོ་ཡོངས་སུ་འགྲིབ་པར་འགྱུར་ཏེ། དེ་དག་ཡོད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་གང་ བ་དང༌། འགྲིབ་པར་མི་མངོན་ནོ། །བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དབའ་རླབས་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། ཆོས་ཀྱི་རྗེས་སུ་འབྲང་ ཞིང་སྲེད་པ་ཡོངས་སུ་དག་པར་བྱེད་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། ཤེས་རབ་ཀྱི་འོད་ཆེན་པོས་ཤིན་ཏུ་སྣང་བའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་དང༌། མུན་པ་མེད་ཅིང་སྣང་བ་ མེད་པ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་མཐུ་དང༌། གཟི་བརྗིད་ཤིན་ཏུ་ཆེ་བ་འདི་བཞི་ ཡོད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་འདི་བཞིའི་གཟི་བརྗིད་དང་མཐུས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང༌། དེ་བཞིན་གཤེགས་ པའི་ཡེ་ཤེས་མཉམ་པ་ཉིད་འཐོབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་དེ་ལ། བྱང་ཆུབ་སེམས་དཔའ་བསོད་ནམས་དང༌། བྱང་ཆུབ་ཀྱི་ཚོགས་ཆེན་པོ་བསགས་པ་རྣམས་ཀྱི་དགེ་བའི་རྩ་བའི་དབའ་རླབས་ཀྱི་ཤུགས་དྲག་པོ་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་དུ་བཅས་པས། མི་ཟློག་ཅིང་བསམ་ གྱིས་མི་ཁྱབ་པ་ལྡང་སྟེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་དབའ་རླབས་ཀྱི་ཤུགས་བསམ་གྱིས་མི་ཁྱབ་པ་དེ་དག་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་ དབའ་རླབས་ཐམས་ཅད་ཞི་བར་བྱེད་པའི་འོད་ཀྱིས་ཕོག་ན། དགེ་བའི་རྩ་བའི་དབའ་རླབས་ཀྱི་ཤུགས་དྲག་པོ་སྤངས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པར་འགྱུར་རོ། །ཆོས་ ཀྱི་རྗེས་སུ་འབྲང་ཞིང་སྲེད་པ་ཟད་པར་བྱེད་པའི་ཡེ་ཤེས་རིན་པོ་ཆེ་ཆེན་པོའི་འོད་ཀྱིས་ཕོག་ན། ཏིང་ངེ་འཛིན་གྱི་རོ་དང༌། གནས་རྣམ་པར་སྤངས་ཏེ། མངོན་པར་ཤེས་པ་རྒྱ་ཆེན་པོ་ མངོན་པར་བསྒྲུབ་པའི་ཚུལ་ལ་གནས་པར་འགྱུར་རོ། །ཤེས་རབ་ཀྱི་འོད་ཆེན་པོས་ཤིན་ཏུ་སྣང་བའི་ཡེ་ཤེས་རིན་པོ་ཆེ་ཆེན་པོའི་འོད་ཀྱིས་ཕོག་ན། མངོན་པར་ཤེས་པ་རྒྱ་ཆེན་པོ་ མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་སྤངས་ཏེ། རིག་པའི་སྣང་བ་ཆེན་པོ་མངོན་པར་བསྒྲུབ་པའི་ཚུལ་ལ་གནས་པར་འགྱུར་རོ། །མུན་པ་མེད་ཅིང་སྣང་བ་མེད་པ་དེ་བཞིན་གཤེགས་ ༄༅། །པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་ཆེན་པོའི་འོད་ཀྱིས་ཕོག་ན། རིག་པའི་སྣང་བ་ཆེན་པོ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་སྤངས་ཏེ། དེ་བཞིན་གཤེགས་ པའི་ས་མཉམ་པ་ཉིད་ཆེད་དུ་བྱ་བ་ཡོངས་སུ་ཞི་བ་འཕྲིན་ལས་ལྷུན་གྱིས་གྲུབ་པར་འབྱུང་བ་རབ་ཏུ་ཐོབ་བོ། །ཀྱེ་རྒྱལ་བའི་སྲས། ཡེ་ཤེས་རིན་པོ་ཆེ་ཆེན་པོ་འདི་བཞིའི་འོད་སྣང་བས་ ཕོག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དེ་བཞིན་གཤེགས་པའི་མཉམ་པ་ཉིད་བཞི་པོ་དེ་དག་འཐོབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ ཤེས་ཀྱི་རྒྱ་མཚོ་ཆེན་པོའི་ནང་ན། ཡེ་ཤེས་རིན་པོ་ཆེ་ཆེན་པོ་འདི་བཞི་མེད་དུ་ཟིན་ན། ཆུང་ངུ་ན་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་དེ་བཞིན་གཤེགས་པའི་ས་མཉམ་པ་ ཉིད་འཐོབ་པར་འགྱུར་བའི་གནས་མེད། སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་ལྔ་པ་འདིས་ཀྱང༌། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། འོག་གི་ཆུའི་ཕུང་པོ་ཉེ་བར་ བཟུང་བ་ཡན་ཆད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྲིད་པའི་རྩེ་མོའི་བར་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའ་ལ་གནས་ པ་སྟེ། གཟུགས་མེད་པ་ལ་སྤྱོད་པའི་སེམས་ཅན་གྱི་གནས་དང༌། གཟུགས་ལ་སྤྱོད་པའི་སེམས་ཅན་གྱི་གནས་དང༌། འདོད་པ་ལ་སྤྱོད་པའི་སེམས་ཅན་གྱི་གནས་ཇི་སྙེད་པ་དེ་དག་ཐམས་ ཅད་ནམ་མཁའ་ལ་གནས་ཤིང་ནམ་མཁའི་དབྱིངས་ལས་བྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཏེ། ནམ་མཁའ་ལ་གནོད་པའམ། མི་ བདེ་བར་འགྱུར་བ་མེད་ཀྱང༌། ཁམས་གསུམ་དུ་འགྲུབ་པའི་གྲངས་སུའང་འགྲོའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་མ་ལུས་པ་དག་ན་ ཉན་ཐོས་ཀྱི་ཡེ་ཤེས་སམ། རང་སངས་རྒྱས་ཀྱི་ཡེ་ཤེས་སམ། བྱང་ཆུབ་སེམས་དཔའི་ཡེ་ཤེས་སམ། འདུས་བྱས་ལ་སྤྱོད་པའི་ཡེ་ཤེས་སམ། འདུས་མ་བྱས་ལ་སྤྱོད་པའི་ཡེ་ཤེས་གང་ ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ནམ་མཁའ་ལ་གནས་ཤིང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ནམ་མཁའ་ལས་བྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ བཞིན་གཤེགས་པའི་ཡེ་ཤེས་ཀྱི་ནམ་མཁའི་དབྱིངས་ཀྱིས་ཀུན་ཏུ་ཁྱབ་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་གནོད་པའམ། མི་བདེ་བར་འགྱུར་བ་མེད་ཀྱང༌། ཡེ་ཤེས་ ཡང་དག་པར་འགྲུབ་པ་རྣམ་པ་ཐ་དད་པར་འགྱུར་བའང་ཡོད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་དྲུག་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ༄༅། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་ཁ་བ་དང་ལྡན་པའི་རྩེ་མོ་ལ་སྨན་གྱི་རྒྱལ་པོ་རྩ་བ་མ་གྲགས་པ་ཞེས་བྱ་བ་ཡོད་དེ། དེ་ནི་ས་ཆེན་པོའི་འོག་རྡོ་རྗེའི་དབྱིངས་ཀྱི་ཆུའི་ཕུང་པོའི་ གཞིའི་གཏིང་ནས། དཔག་ཆད་[*TSAD?] བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་མངོན་པར་བརྟོལ་ཏེ། གྱེན་དུ་བྱུང་བས་རྩ་བ་ཤིན་ཏུ་བརྟན་པའོ། །སྨན་གྱི་རྒྱལ་པོ་ཆེན་པོ་དེའི་རྩ་བའི་འོད་ལས་འཛམ་ བུའི་གླིང་ན་ཡོད་པའི་ཤིང་ཐམས་ཅད་ཀྱི་རྩ་བ་ཆགས་པར་འགྱུར་ཏེ། སྡོང་པོའི་འོད་ཀྱིས་སྡོང་པོ་ཆགས་པར་འགྱུར་རོ། །ཡལ་གའི་འོད་ཀྱིས་ཡལ་ག་ཆགས་པར་འགྱུར་རོ། །ལོ་ མའི་འོད་ཀྱིས་ལོ་མ་ཆགས་པར་འགྱུར་རོ། །མེ་ཏོག་གི་འོད་ཀྱིས་མེ་ཏོག་ཆགས་པར་འགྱུར་རོ། །འབྲས་བུའི་འོད་ཀྱིས་འབྲས་བུ་ཆགས་པར་འགྱུར་རོ། །སྨན་གྱི་རྒྱལ་པོ་ཆེན་པོ་དེའི་ རྩ་བ་ལས་སྙིང་པོ་འགྲུབ་བོ། །སྙིང་པོ་ལས་རྩ་བ་འགྲུབ་བོ། །དེའི་ཕྱིར་ན་རྩ་བ་མ་གྲུགས་པ་ཞེས་བྱ་སྟེ། སྨན་གྱི་རྒྱལ་པོ་ཆེན་པོ་དེ་ནི་གནས་རྣམ་པ་གཉིས་སུ་མི་སྐྱེ་སྟེ། གཉིས་གང་ ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བའི་ནང་དང་ཆུའི་ཕུང་པོ་ལས་མི་སྐྱེའོ། །དེ་གཉིས་ལས་མི་སྐྱེ་ཞེས་ཡོངས་སུ་མི་སྐྱེ་བའི་ཆོས་ཅན་ཡང་མ་ཡིན་ཏེ། འདི་ལྟར་སའི་དཀྱིལ་འཁོར་ ཇི་ཙམ་དུ་མཉམ་ཞིང་སྐབས་ཡོད་པ་དེ་ཙམ་དུ་སྨན་གྱི་རྒྱལ་པོ་ཆེན་པོ་སྐྱེ་བའི་སྐབས་ཡོད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་གྱི་རྒྱལ་པོ་ཆེན་ པོ་རྩ་བ་མ་གྲུགས་པ་ཡང་སྔོན་གྱི་ལྷག་པའི་དགོངས་པ་དང༌། ཐུགས་རྗེ་ཆེན་པོས་རྩ་བ་བརྟན་པར་བྱུང་ཞིང༌། རྩ་བ་གནས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ སུ་བྱུང་བ། དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་ཤིང་ཡང་དག་པར་འགྲུབ་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་དགེ་བའི་རྩ་བས་ཀུན་ཏུ་ཁྱབ་པ། ངན་སོང་ཐམས་ཅད་རྣམ་པར་ཟློག་པ། དགེ་བའི་རྩ་བ་རྣམ་པར་བྱུང་བ། ཐབས་མཁས་པས་བརྟན་ཞིང་སྲ་ལ་མི་གཡོ་བའི་སྡོང་པོ་ཅན། ཕ་རོལ་ཏུ་ཕྱིན་པས་ཆོས་ཀྱི་དབྱིངས་རྒྱས་པར་ འགེངས་པའི་ཡལ་ག་ཅན། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ལོ་མ་ཀུན་ཏུ་འགེབས་པ་ཅན་གཟུངས་དང༌། སྤོབས་པ་དང༌། བྱང་ཆུབ་ ཀྱི་ཡན་ལག་གི་མེ་ཏོག་ཤིན་ཏུ་རྒྱས་པ་ཅན་ཐམས་ཅད་མཁྱེན་པའི་རྣམ་པར་གྲོལ་བ་རྟོག་པ་དང་བྲལ་བའི་འབྲས་བུ་ཅན་ཏེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་ གྱི་རྒྱལ་པོ་ཆེན་པོ་རྩ་བ་མ་གྲུགས་པ་ཞེས་བྱ་བ་དེ་ལ། ཅིའི་ཕྱིར་རྩ་བ་མ་གྲུགས་པ་ཞེས་བྱ་ཞེ་ན། ཤིན་ཏུ་རྒྱུན་ཆད་པ་མེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ ༄༅། །རྒྱུན་མི་འཆད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ལ། དེ་བཞིན་གཤེགས་པ་ཉིད་ལས་ཀྱང་བྱང་ཆུབ་སེམས་ དཔའི་སྤྱོད་པ་འབྱུང་བས། དེའི་ཕྱིར་རྩ་བ་མ་གྲུགས་པ་ཞེས་བྱ་བའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་གྱི་རྒྱལ་པོ་ཆེན་པོ་རྩ་བ་མ་གྲུགས་པ་དེའི་རྩ་ བའི་འོད་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་བའི་སྙིང་རྗེ་ཆེན་པོའི་རྩ་བ་འཛིན་ཏོ། །སྡོང་པོའི་འོད་ལས་བརྩོན་འགྲུས་དང༌། ལྷག་ པའི་བསམ་པ་དང༌། ཐབས་མཁས་པའི་སྡོང་པོ་འཛིན་ཏོ། །ཡལ་གའི་འོད་ལས་ཕ་རོལ་ཏུ་ཕྱིན་པའི་ཡལ་ག་འཛིན་ཏོ། །ལོ་མའི་འོད་ལས་ཚུལ་ཁྲིམས་དང༌། བསླབ་པ་དང༌། སྦྱངས་ པའི་ཡོན་ཏན་དང༌། སྡོམ་པ་ཐམས་ཅད་ཀྱི་ལོ་མ་འཛིན་ཏོ། །མེ་ཏོག་གི་འོད་ལས་མཚན་དང་དཔེ་བྱད་བཟང་པོ་དགེ་བའི་རྩ་བ་སྣ་ཚོགས་ཀྱིས་གྲུབ་པའི་མེ་ཏོག་འཛིན་ཏོ། །འབྲས་ བུའི་འོད་ལས་མ་སྐྱེས་མ་བྱུང་བའི་བཟོད་པ་ནས། སངས་རྒྱས་སུ་དབང་བསྐུར་བའི་སའི་བར་གྱི་འབྲས་བུ་འཛིན་ཏོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་ གྱི་རྒྱལ་པོ་ཆེན་པོ་རྩ་བ་མ་གྲུགས་པ་དེ་ནི་གནས་གཉིས་ནས་མི་སྐྱེ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། འདུས་མ་བྱས་ཀྱི་གཡང་དུ་ལྷུང་བ་ཉན་ཐོས་དང༌། རང་སངས་རྒྱས་ རྣམས་དང༌། དབང་པོ་དང་བསམ་པ་ཉམས་པའི་སྣོད་ལྟ་བུ་དང༌། སྲེད་པའི་ཆུས་གང་པ་ལས་མི་སྐྱེ་སྟེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་གྱི་རྒྱལ་པོ་ཆེན་པོ་དེ་ མི་སྐྱེ་བའི་ཆོས་ཅན་ལ་མི་སྐྱེ་ཞེས་ཡོངས་སུ་མི་སྐྱེ་བའི་ཆོས་ཅན་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཆེན་པོ་ཅན། མཉམ་པའི་སེམས་དང་ལྡན་པ་རྣམས་ལ་ སྐྱེ་སྟེ། ཇི་ཙམ་དུ་སེམས་ཅན་རྣམས་ཀྱི་མོས་པ་དང༌། ལྷག་པའི་བསམ་པ་ཡོད་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་སྨན་གྱི་རྒྱལ་པོ་ཆེན་པོ་དེ་རྣམ་པར་སྐྱེ་བའི་ཆོས་ཅན་དུ་ འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ལྟོས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཕེལ་ཞིང་འགྲིབ་པ་མེད་ལ། རྩ་བ་གྲུག་པ་མེད་ཀྱང་གཏན་དུ་རྒྱུན་མི་འཆད་པར་སྣང་བ་ཡིན་ཏེ། ཀྱེ་ རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བདུན་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། མེས་འཇིག་པའི་བསྐལ་པ་བྱུང་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་ཉི་མ་བདུན་ཤར་ཅིང༌། འཚིག་པ་དང༌། འབར་བ་དང༌། རབ་ཏུ་འབར་བ་དང༌། མེའི་ཕུང་པོ་ཆེན་པོར་གྱུར་ཏེ། གཅིག་ཏུ་འབར་བར་གྱུར་ནས། རྩྭ་དང༌། གེལ་ ༄༅། །བ་དང༌། སྨན་དང༌། ནགས་ཚལ་ཡན་ཆད་ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་བར་དུ་འཚིག་ཅིང་ཐལ་བའང་མི་མངོན་པར་འགྱུར་བ་དེའི་ཚེ། །མི་ལ་ལ་ཞིག་ གིས་རྩྭ་སྐམ་པོ་དུད་པ་རླན་གྱི་བག་མེད་པ་ཁུར་ཆེན་པོ་གཅིག་ཅིག་བཀུར་བཀུར་ཏེ་བཅུག་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། རྩ་ཁུར་གཅིག་པོ་དེ་ལས་ཆུང་ངུ་ན་རྩྭའི་ ཟེགས་པ་གཅིག་ཀྱང་མ་ཚིག་པ་ཡོད་དམ། སྨྲས་པ། ཀྱེ་རྒྱལ་བའི་སྲས། མ་ཡིན་ཏེ། མ་ཚིག་པ་ཡོད་པར་འགྱུར་བ་ནི་གནས་མེད། སྐབས་མེད་དོ། །སྨྲས་པ། ཀྱེ་རྒྱལ་བའི་ སྲས༑ མེའི་ཕུང་པོ་ཆེན་པོ་དེའི་ནང་གི་རྩྭའི་ཟེགས་མ་འགའ་ཞིག་མ་ཚིག་པ་ནི་ཡོད་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ནི་དུས་གསུམ་ན་ཡོད་པའི་སེམས་ ཅན་འགྲངས་པ་དང༌། ཞིང་འགྲངས་པ་དང༌། བསྐལ་པ་འགྲངས་པ་དང༌། ཆོས་འགྲངས་པ་གང་ཡང་ཐུགས་སུ་མ་ཆུད་པ་རྙེད་པར་མི་རུང་སྟེ། དེ་ནི་གནས་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐ་མི་དད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། ཁོང་ དུ་ཆུད་པར་བྱ་བའི་སྒོ་བརྒྱད་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རླུང་གིས་འཇིག་རྟེན་པའི་བསྐལ་བ་བྱུང་བའི་ཚེ། རྣམ་པར་འཐོར་པ་ཞེས་བྱ་བའི་རླུང་དམར་ཆེན་པོ་འབྱུང་སྟེ། དེ་དག་ནི་ཁོར་ཡུག་དང་ཁོར་ཡུག་ ཆེན་པོའི་རྡོ་རྗེའི་རི་ཡན་ཆད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཤིག། བཅོམ། རྣམ་པར་གཏོར་ཏེ་ཆ་ཤས་ཀྱང་མེད་པར་བྱེད་དེ། དེ་ལ་ཕྱིར་ཟློག་པ་ ཞེས་བྱ་བའི་རླུང་དམར་ཆེན་པོ་གཞན་ལྡང་བའང་ཡོད་དེ། དེ་དག་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ཀུན་ནས་ལྡང་སྟེ། རྣམ་པར་འཐོར་བའི་རླུང་དམར་ ཆེན་པོ་འཇིག་རྟེན་གྱི་ཁམས་གཞན་དུ་མི་འགྲོ་བར་ཕྱིར་ཟློག་གོ །ཀྱེ་རྒྱལ་བའི་སྲས། ཅི་སྟེ་ཕྱིར་ཟློག་པའི་རླུང་དམར་ཆེན་པོ་དེ་དག་གིས་རྣམ་པར་འཐོར་བའི་རླུང་དམར་ཆེན་པོ་དེ་ཕྱིར་ མ་བཅིལ་དུ་ཟིན་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད། གྲངས་མེད་པ་དག་ཀྱང་བཤིག་པར་འགྱུར་རོ། །བཅོམ་པར་འགྱུར་རོ། །གཏོར་བར་འགྱུར་རོ། །ཆ་ཤས་ཀྱང་ མི་བཞག་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་ཉོན་ མོངས་པ་ཐམས་ཅད་རྣམ་པར་འཐོར་བ་ཡོད་དེ། ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་དེས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་རྣམ་ ༄༅། །པར་འཐོར་ཞིང༌། རྣམ་པར་འཇོམས་པ་མཛད་དེ། དེ་ལའང་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་ཐབས་མཁས་པས་ཡང་དག་པར་ འཛིན་པ་ཞེས་བྱ་བ་རབ་ཏུ་ལྡང་བ་ཡོད་དེ། ཉོན་མོངས་པའི་བག་ཆགས་རྣམ་པར་འཐོར་བའི་ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་དབང་པོ་ཡོངས་སུ་མ་སྨིན་ པ་རྣམས་ལས་ཕྱིར་ཟློག་གོ །ཀྱེ་རྒྱལ་བའི་སྲས། དེ་ལ་ཅི་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་ཐབས་མཁས་པའི་དཀྱིལ་འཁོར་དེ་མེད་དུ་ཟིན་ན། དེའི་ཕྱིར་བྱང་ ཆུབ་སེམས་དཔའ་ཚད་མེད། གྲངས་མེད་པ་ཞིག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །ཡེ་ཤེས་ཀྱི་རླུང་དམར་ཆེན་པོ་ཐབས་མཁས་པས། ཡང་དག་པར་འཛིན་ པ་དེའི་མཐུས་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། རང་བྱུང་བའི་དེ་བཞིན་གཤེགས་པ་ཉིད་ལ་རབ་ཏུ་འཁོད་དོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་དགུ་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་དུ་ཁྱབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། སེམས་ཅན་གྱི་རིས་ ན༑ དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་མ་ཁྱབ་པ་དེ་ལྟ་བུ་གང་ཡང་མེད་དེ། དེའང་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདུ་ཤེས་སུ་འཛིན་པས་རྣམ་ པར་དགོད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས། རང་བྱུང་གི་ཡེ་ཤེས། ཆགས་པ་མེད་པའི་ཡེ་ཤེས་ནི་འདུ་ཤེས་དང་རྣམ་པར་བྲལ་བས་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། རི་མོའི་གཞི་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་ཞིག་ཡོད་པར་གྱུར་ལ། རི་མོའི་གཞི་ཆེན་པོ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་རིལ་གྱིས་རྫོགས་པར་བྲིས་ཏེ། འདི་ལྟར་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ་བྲིས། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ ཀྱི་ཚད་དུ་ནི། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་བྲིས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། སྟོང་གི་འཇིག་རྟེན་གྱི་ཁམས་བྲིས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ དུ་ནི༑ གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྲིས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ་བྲིས། འཛམ་བུའི་གླིང་གི་ཚད་དུ་ནི་འཛམ་བུའི་གླིང་བྲིས། ཤར་གྱི་ལུས་འཕགས་ཀྱི་གླིང་གི་ ཚད་དུ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་བྲིས། ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་བྲིས། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་ ༄༅། །བྲིས། རི་རབ་ཀྱི་ཚད་དུ་ནི་རི་རབ་བྲིས། ས་བླ་ན་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི་ས་བླ་ན་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས། འདོད་པ་ ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས། གཟུགས་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི། གཟུགས་ལ་སྤྱོད་པའི་ ལྷའི་གཞལ་མེད་ཁང་རྣམས་བྲིས། གཟུགས་མེད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི། གཟུགས་མེད་པ་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་རྣམས་བྲིས་པར་གྱུར་ལ། རི་མོའི་གཞི་ཆུ་ཞེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་ཡོད་པ་དེ། རྡུལ་ཤིན་ཏུ་ཕྲ་བ་གཅིག་གི་ནང་དུ་བཅུག་པར་གྱུར་ལ། རྡུལ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་རྡུལ་ ཤིན་ཏུ་ཕྲ་བ་མ་ལུས་པ་ཐམས་ཅད་རེ་རེ་ལ་ཡང༌། དེ་ཙམ་གྱི་རི་མོའི་གཞི་ཆེན་པོ་རེ་རེ་ཡོད་པར་གྱུར་ཏེ། དེ་ནས་སྐྱེས་བུ་མཁས་པ་ཡིད་གཞུངས་པ། ཁོང་བཟོ་བ། གསལ་བ། དེ་བཞིན་ ཉིད་ཁོང་དུ་ཆུད་པའི་རྟོགས་པ་དང་ལྡན་པ་ཞིག་སྐྱེས་པར་གྱུར་ཏེ། དེ་ལ་འཕྲུལ་གྱི་མིག་ཀུན་ཏུ་དག་པ་ཤིན་ཏུ་འོད་གསལ་བ་ཡང་བདོག་པར་གྱུར་ལ། དེས་འཕྲུལ་གྱི་མིག་གིས་བལྟས་ན་ མཐོང་བར་གྱུར་ནས། རི་མོའི་གཞི་ཆེན་པོ་དེ་ལྟ་བུ་དེ་ལྟར་ཤིན་ཏུ་ཕྲ་མོའི་རྡུལ་དེ་དག་ལ་འཁོད་ཀྱང་སེམས་ཅན་སུ་ལ་ཡང་ཕན་པར་མ་གྱུར་པས། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ། བདག་གིས་བརྩོན་འགྲུས་ཀྱི་མཐུ་དང་སྟོབས་ཤིག་གིས། རྡུལ་ཕྲ་མོ་འདི་དག་ཁ་ཕྱེ་སྟེ། རི་མོའི་གཞི་ཆེན་པོ་འདི་དག་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བྱའོ་སྙམ་ནས། དེས་བརྩོན་འགྲུས་ ཀྱི་སྟོབས་དང༌། མཐུ་ཆེན་པོ་བསྐྱེད་དེ། རི་མོའི་གཞི་ཆེན་པོ་དེ་དག་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཉེ་བར་འཚོ་བར་བྱེད་པ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་ དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་ཆགས་པ་མེད་པའི་ཡེ་ཤེས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རིལ་གྱིས་ ཆུད་པར་གནས་ཏེ། སེམས་ཅན་གྱི་སེམས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་དང་མཉམ་ཡང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་བྱིས་པ་འདུ་ཤེས་སུ་འཛིན་ པས་རྣམ་པར་གླགས་པ་རྣམས་མི་ཤེས་ཤིང་ཁོང་དུ་མི་ཆུད་ལ། མངོན་དུ་མི་བྱེད། ཉམས་སུ་མྱོང་བར་མི་བྱེད་དེ། དེ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མེད་པས། སེམས་ཅན་ གྱི་ཁམས་ཐམས་ཅད་ལ་རྣམ་པར་གཟིགས་ནས་ངོ་མཚར་གྱི་ཐུགས་སྐྱེ་བར་འགྱུར་ཏེ། ཀྱེ་མ་སེམས་ཅན་འདི་དག་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་ཇི་ལྟ་བ་བཞིན་ དུའང་མི་ཤེས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཁོང་ན་ཡོད་པ་ངོ་མཚར་ཆེའི། བདག་གིས་སེམས་ཅན་འདི་དག་ཅི་ནས་ཀྱང་རང་རང་གི་འདུ་ཤེས་ཀྱི་མདུད་པ་ཆེན་པོ་འཕགས་ ༄༅། །པའི་ལམ་གྱི་སྟོབས་དང་ཤུགས་ཀྱིས་བཀྲོལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཁོང་དུ་ཆུད་ཅིང༌། དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱང་ཐོབ་པར་འགྱུར་བའི་ འཕགས་པའི་ལམ་བསྟན་ཏེ། འདུ་ཤེས་ཀྱི་རྣམ་པས་རྣམ་པར་གླགས་པ་ཐམས་ཅད་བསལ་བར་བྱའོ་ཞེས་ནས། དེ་བཞིན་གཤེགས་པའི་ལམ་བསྟན་པས་དེ་དག་གི་འདུ་ཤེས་ཀྱི་ རྣམ་པ་ཐམས་ཅད་ཡོངས་སུ་བསལ་བར་མཛད་དོ། །དེ་ལྟར་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་སེལ་བའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པས་འགྲོ་བ་ཐམས་ ཅད་ཡོངས་སུ་འཚོའོ། །ཀྱེ་རྒྱལ་བའི་སྲས། ཁོང་དུ་ཆུད་པར་བྱ་བའི་སྒོ་བཅུ་པ་འདིས་ཀྱང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་སྐྱེ་བ་ཁོང་དུ་ཆུད་པ་བྱ་སྟེ། ཀྱེ་རྒྱལ་བའི་སྲས། དེ་དག་ལ་སོགས་པ་མངོན་པར་བསྒྲུབ་པ་བརྒྱ་སྟོང་ཚད་མེད་གྲངས་མེད་པའི་སྒོས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་ཐུགས་སྐྱེ་བ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། དོན་འདི་ཉིད་ ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྟོབས་བཅུ་མངའ་བའི་ཐུགས་ནི་ཡེ་ཤེས་མཆོག་ལས་བྱུང༌། རྒྱལ་བའི་ཡེ་ཤེས་དེ་ཡང་ཇི་ལྟར་བརྟག་ ཅེ་ན། །ཕྱོགས་བཅུ་ཀུན་གྱི་སེམས་ཅན་ཁམས་ནི་ཇི་སྙེད་པ། ཐམས་ཅད་ལུས་མེད་རང་བཞིན་མེད་པའི་མཁའ་ལས་འབྱུང༌། །ཆོས་དབྱིངས་ཀུན་གྱི་སེམས་ཅན་ཁམས་རྣམས་ཇི་སྙེད་པ། ། བཟོ་དང་མཁས་པའི་ཡེ་ཤེས་སྣ་ཚོགས་བདེ་མྱོང་བ། །དེ་དག་ཐམས་ཅད་བདེ་གཤེགས་མཁྱེན་ལས་ཐབས་ཀྱིས་འབྱུང༌། །བདེ་གཤེགས་ཡེ་ཤེས་དེ་ནི་སྔོན་ནས་རང་བཞིན་མེད། ཆོས་ཀྱི་དབྱིངས་ལས་གནས་ཏེ་དཔང་ཅན་ཚོགས་རྣམས་གྲོལ། །ཕྱོགས་བཅུའི་རང་རྒྱལ་ཐེག་ལ་གནས་པ་ཀུན་ཀྱང་སྟེ། །སངས་རྒྱས་མ་ལུས་པ་ཡང་ཆོས་ཀྱི་དབྱིངས་སུ་འབྱུང༌། །ཆོས་ དབྱིངས་དེ་ལ་རྣམ་པར་འཕེལ་ཞིང་འགྲིབ་པ་མེད། །དེ་བཞིན་སངས་རྒྱས་མཁྱེན་ལ་ཤེས་པ་ཀུན་འབྱུང་སྟེ། །སློབ་དང་མི་སློབ་འདུས་བྱས་འདུས་མ་བྱས་པ་འབྱུང༌། །བདེ་གཤེགས་དམ་ པའི་ཡེ་ཤེས་འཕེལ་ཞིང་འགྲིབ་པའང་མེད། །སངས་རྒྱས་ཡེ་ཤེས་དེ་ལ་སྐྱེ་ཞིང་འཇིག་པའང་མེད། །ཇི་ལྟར་གླིང་རྣམས་ཆུ་ཡི་རྒྱལ་པོས་མངོན་བརླན་པས། །ས་སྟེང་གང་འདོད་བརྐོས་ པའི་ངེས་པར་ཆུ་འབྱུང་འཐོབ། །ས་ལ་རྣམ་རྟོག་མེད་དེ་ཆུ་ལ་མུ་མེད་པས། །བརྩོན་འགྲུས་སྟོབས་དང་ལྡན་ན་ཕྱོགས་ཀུན་ཆུ་ཡང་འབྱུང༌། །ཕྱོགས་བཅུ་མ་ལུས་སེམས་ཅན་ཁམས་ རྣམས་ཇི་སྙེད་པ། །དེ་དག་སེམས་ནི་བདེ་གཤེགས་མཁྱེན་པས་མངོན་བརླན་པས། །གང་དང་གང་དུ་ལས་བྱས་བརྩོན་འགྲུས་མཐུས་བསྐྱེད་པ། །དེ་དང་དེ་ནས་ཡེ་ཤེས་ཆུ་འབྱུང་འཐོབ་ ༄༅། །པར་འགྱུར། །རིན་ཆེན་མཆོག་བཞི་གངས་ཆེན་མཚོ་ཡི་མཛོད་གནས་པ། །དེ་དག་མཐུས་ནི་ཆུ་འཛིན་ཆེན་པོར་རིན་ཆེན་འབྱུང༌། །ནོར་བུ་རིན་ ཆེན་དེ་དག་ཕལ་གྱིས་མི་མཐོང་སྟེ། །དེ་དག་ཕྱོགས་བཞིར་རྣམ་ཕྱེ་གངས་ཆེན་མཚོ་ན་གནས། །བདེ་གཤེགས་ཡེ་ཤེས་བཞི་པོ་ཚད་མེད་དེ་བཞིན་ཏེ། །འགྲོ་བའི་ཡེ་ཤེས་ངེས་ འབྱུང་འཇིག་པར་མི་འགྱུར་རོ། །ཡེ་ཤེས་ཆེན་པོ་དེ་དག་གཞན་རྣམས་སུས་མི་མཐོང༌། །སྟོབས་བཅུ་རྣམས་དང་དབང་བསྐུར་ཐོབ་པ་མ་གཏོགས་སོ། །ཆུ་འཛིན་ཆེན་པོའི་མཐའ་ ན་རིན་ཆེན་བཞི་ཡོད་དེ། །སྟོབས་ཆེན་གཟི་བརྗིད་ཆེ་བས་དེ་དག་ཆུ་འགྲིབ་བྱེད། །དེ་དག་མེད་དུ་ཟིན་ན་གླིང་བཞི་རྒྱས་པར་འགྱུར། །དེ་དག་ཡོད་པས་རྒྱ་མཚོ་འཕེལ་ཞིང་འགྲིབ་པ་ མེད༑ ༑དེ་བཞིན་བདེ་གཤེགས་ཡེ་ཤེས་རྒྱལ་སྲས་དོན་བརྩོན་པ། །ཆོས་ཀྱི་ཤུགས་གཅོད་དབའ་རླབས་ཤིན་ཏུ་རྣམ་པར་སེལ། །ཤེས་རབ་ཡངས་པའི་ཡེ་ཤེས་མཐའ་དང་དབུས་ མེད་སྣང༌། །དེ་མེད་གྱུར་ན་རྒྱལ་སྲས་གང་ཡང་འཚང་མི་རྒྱ། །འོག་གི་གཞི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །འདོད་དང་གཟུགས་དང་གཟུགས་མེད་ཁམས་གསུམ་ཐམས་ ཅད་ཀྱང༑ །བདག་མེད་དབྱིངས་ལ་ལེགས་པར་གནས་པས་གནས་པ་སྟེ། །ནམ་མཁའ་མཐོ་ཞིང་དམའ་བར་འགྱུར་བ་གང་ཡང་མེད། །དེ་བཞིན་བདེ་གཤེགས་ཡེ་ཤེས་ཤེས་ པ་ཀུན་གྱི་རྒྱུ། །སློབ་དང་མི་སློབ་རྣམས་དང་དེ་བཞིན་རང་རྒྱལ་དང༌། །བྱང་ཆུབ་སེམས་དཔའ་བདེ་བར་བྱེད་པའི་ཡེ་ཤེས་ཀྱང༌། །སངས་རྒྱས་ཡེ་ཤེས་མཆོག་ལ་བདེ་བར་རབ་ཏུ་གནས། ། གངས་རི་སྤོ་ལ་གཟི་བརྗིད་ཆེ་བའི་སྨན་གྱི་མཆོག །རྩ་བ་གྲུགས་མེད་ཡོད་དེ་དེ་ཡི་གཟི་བརྗིད་མཐུས། །འཛམ་བུའི་གླིང་གི་ཤིང་མཆོག་ཐམས་ཅད་རྣམ་པར་སྐྱེ། །སྙིང་པོ་རྩ་བ་སྐྱེད་བྱེད་རྩ་ བ་སྙིང་པོ་སྐྱེད། །དེ་བཞིན་བདེ་གཤེགས་རིགས་ལས་སངས་རྒྱས་ཡེ་ཤེས་འབྱུང༌། །དེ་ཡི་ཡོན་ཏན་མཐུས་ནི་རྣལ་འབྱོར་ཡེ་ཤེས་འབྱུང༌། །སྤྱོད་པའི་བྱང་ཆུབ་འབྱུང་སྟེ་བྱང་ཆུབ་སྤྱོད་ པ་འབྱིན། །སེམས་ཡིད་མཉམ་དང་ལྡན་ལ་སངས་རྒྱས་ཡེ་ཤེས་སྐྱེ། །བསྐལ་པའི་འཇིག་དུས་མི་བཟད་བསྐལ་པའི་མེ་བྱུང་བར། །ལ་ལས་སྤུར་རྩྭའི་ཁུར་བོར་མི་ཚིག་གནས་མེད་ དེ༑ ༑རྒྱལ་བའི་སྲས་རྣམས་དེ་ནི་མི་ཚིག་སྐབས་མེད་དོ། །རྡོ་རྗེ་འཚིག་པར་བྱེད་ན་རྩྭ་སྐམ་ཅི་ཞིག་སྨོས། །རྩྭ་ལ་མི་ཚིག་ཇི་སྟེ་གནས་ཡོད་སྲིད་འགྱུར་གྱི། །བདེ་གཤེགས་ཡེ་ཤེས་ ཀྱིས་ནི་མ་མཁྱེན་གང་ཡང་མེད། །སེམས་ཅན་དུས་དང་བསྐལ་པ་ཞིང་རྣམས་རབ་ཏུ་མཁྱེན། །དེ་ལྟར་སངས་རྒྱས་ཡེ་ཤེས་ཚད་མེད་མཐའ་ཡང་ཡས། །བསྐལ་པ་འཇིག་པའི་ཚེ་ ན་རྣམ་འཐོར་རླུང་ལྡང་སྟེ། །དེ་ནི་ཁོར་ཡུག་རི་རབ་ཀུན་ཀྱང་རྣམ་པར་འཐོར་བར་བྱེད། །རྣམ་འཐོར་ཕྱིར་ལྡོག་བྱེད་པའི་རླུང་དམར་གཞན་མེད་ན། །ཚད་མེད་ཞིང་རྣམས་ཀུན་ཀྱང་ ༄༅། །རྣམ་པར་འཇིག་པར་འགྱུར། །དེ་བཞིན་སྟོབས་བཅུ་མངའ་བའི་ཡེ་ཤེས་རླུང་ལྡང་པ། །དེ་དག་བྱང་ཆུབ་སེམས་དཔའི་ཉོན་མོངས་རྣམ་པར་འཐོར། །དེ་ ལ་ཐབས་དང་ལྡན་པའི་རླུང་དམར་གཞན་ཡོད་དེ། །དེས་ནི་ཡོངས་སུ་བཟུང་བས་ཉན་ཐོས་མི་འགྱུར་རོ། །སྟོང་གསུམ་ཚད་ཀྱི་རི་མོའི་གཞི་ཞིག་ཡོད་གྱུར་ལ། །རྡུལ་ཕྲན་མ་ལུས་ ཀུན་གྱི་སྦུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པའི་མིག་ལྡན་ལ་ལས་རྣམ་ཕྱེ་ནས། །རི་མོའི་གཞི་དེ་འགྲོ་ཀུན་ཉེ་བར་འཚོ་བྱས་ན། །བཅོམ་ལྡན་དེ་ཡང་དེ་བཞིན་སེམས་ཅན་ ཀུན་གྱི་སེམས། །རིལ་གྱིས་བདེ་གཤེགས་མཁྱེན་ཡིན་འདུ་ཤེས་བསྒྲིབས་གྱུར་ཅེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བར་སྟོན། །འདུ་ཤེས་ཡོངས་སུ་ཤེས་ ནས་རྒྱལ་སྲས་ཉེ་བར་འཚོ། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་ཇི་ལྟ་བུར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་དེ་བཞིན་གཤེགས་པའི་ཡུལ་ནི་ཤེས་རབ་དང་ཡེ་ཤེས་ཆགས་པ་མེད་ཅིང༌། བསྒྲིབས་པ་མེད་པས་འཇུག་ཅིང༌། འགྲོ་བ་ཐམས་ཅད་ཡུལ་དུ་གྱུར་པའི་སྒོས་ཁོང་དུ་ཆུད་པར་བྱ་སྟེ། དེ་བཞིན་ གཤེགས་པའི་ཡུལ་ནི་འཇིག་རྟེན་ཐམས་ཅད་ཡུལ་དུ་གྱུར་པ་དང༌། ཞིང་ཐམས་ཅད་ཡུལ་དུ་གྱུར་པ་དང༌། ཆོས་ཐམས་ཅད་ཡུལ་དུ་གྱུར་པ་དང༌། སེམས་ཅན་ཐམས་ཅད་ཡུལ་དུ་གྱུར་པ་ དང༑ དེ་བཞིན་ཉིད་ཐ་མི་དད་པ་ཡུལ་དུ་གྱུར་པ་དང༌། ཆོས་ཀྱི་དབྱིངས་བསྒྲིབས་པ་མེད་པ་ཡུལ་དུ་གྱུར་པ་དང༌། ཡང་དག་པའི་མཐའ་ལ་མཐའ་མེད་པ་ཡུལ་དུ་གྱུར་པ་དང༌། ནམ་ མཁའི་དབྱིངས་ཚད་མེད་པ་ཡུལ་དུ་གྱུར་པ་དང༌། མྱ་ངན་ལས་འདས་པའི་དབྱིངས་ལ་ཡུལ་མེད་པ་ཡུལ་དུ་གྱུར་པའི་སྒོས་ཁོང་དུ་ཆུད་པར་བྱ་སྟེ། འགྲོ་བ་ཐམས་ཅད་གྱི་ཡུལ་ཇི་ལྟར་ ཚད་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡུལ་ཡང་ཚད་མེད་དེ། མྱ་ངན་ལས་འདས་པའི་ཡུལ་གྱི་བར་དུ་ཇི་ལྟར་ཚད་མེད་ཅིང་ཡུལ་མེད་ལ་ཡུལ་མ་ཡིན་ཏེ། ཐམས་ཅད་གང་ནའང་ མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡུལ་ཡང་ཚད་མེད་ཅིང༌། ཡུལ་མེད་ལ་ཡུལ་མ་ཡིན་ཏེ། ཐམས་ཅད་གང་ནའང་མེད་དོ། །ཀྱེ་རྒྱལ་བའི་སྲས། འདི་ལྟར་ཡང་བྱང་ཆུབ་སེམས་ ༄༅། །དཔའ་སེམས་དཔའ་ཆེན་པོས་སེམས་ཀྱི་ཡུལ་གྱིས་སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་སེམས་ཀྱི་ཡུལ་ཚད་མེད་ཅིང་མུ་མེད་དེ། མ་ བཅིངས་མ་གྲོལ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡུལ་ཡང་ཚད་མེད་ཅིང་མུ་མེད་དེ། མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་ཇི་ལྟ་ཇི་ལྟར་བསམས་ ཤིང་རྣམ་པར་བརྟགས་པ་དེ་ལྟ་དེ་ལྟར་ཚད་མེད་པར་རྣམ་པར་དགོད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ཀླུ་རྣམས་ནི་སེམས་ཀྱི་ཁྱད་པར་གྱིས་ཆར་པའི་ རྒྱུན་ཆེན་པོ་འབེབས་ཏེ། ཆར་པའི་རྒྱུན་དེ་ཡང་ཀླུ་རྣམས་ཀྱི་ནང་ནས་བྱུང་བའང་མ་ཡིན། ཕྱི་རོལ་ནས་བྱུང་བའང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་ པའི་ཡུལ་ཡང་རྣམ་པ་ཇི་ལྟ་ཇི་ལྟར་བུར་བསམས་ཏེ། རྣམ་པ་བརྟགས་པ་དེ་ལྟ་དེ་ལྟ་བུར་བསམ་གྱིས་མི་ཁྱབ་པ་རྣམ་པར་དགོད་པར་འགྱུར་ཏེ། དེ་ནི་ཕྱོགས་ན་གནས་པ་ཡང་མ་ ཡིན། ཡུལ་ན་གནས་པ་ཡང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ལ་ཆུའི་ཕུང་པོ་ཚད་མེད་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀླུ་ རྣམས་ཀྱི་སེམས་ཀྱི་ཁྱད་པར་ལས་བྱུང་བའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ལ་ཆོས་ཀྱི་རྒྱུད་ཚད་མེད་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ ཅད་སྔོན་གྱི་ཐུགས་ཀྱི་སྨོན་ལམ་མངོན་པར་བསྒྲུབས་པའི་ཁྱད་པར་གྱིས་བྱུང་པའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་ རྒྱལ་བའི་སྲས། རྒྱ་མཚོ་ཆེན་པོ་ནི་ཇི་ཙམ་ཞིག་ཏུ་ཚད་མེད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ནི་ཇི་ཙམ་ཞིག་ཏུ་ཚད་མེད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས། གནས་འདི་བསྟན་པ་བསམ་གྱིས་མི་ཁྱབ་པ་སྟེ། འོན་ཀྱང་དཔེ་ཙམ་ཞིག་བསྟན་གྱི་དེ་ཉོན་ཅིག །ཀྱེ་རྒྱལ་བའི་སྲས། རྒྱ་མཚོ་ཆེན་པོར་ནི། འཛམ་བུའི་གླིང་འདི་ ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་གསུམ་འབབ་བོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ནས་ཆུ་ཀླུང་སྟོང་ཕྲག་ལྔ་འབབ་བོ། །ཤར་གྱི་ལུས་འཕགས་པོའི་གླིང་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་ བརྒྱད་འབབ་བོ། །བྱང་གི་སྒྲ་མི་སྙན་གྱི་གླིང་ནས་ཆུ་ཀླུང་སྟོང་ཕྲག་བཅུ་ཚང་བར་འབབ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་རྒྱ་མཚོ་ཆེན་པོ་དེར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ འདི་ནས་ཆུ་ཀླུང་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཚང་བར་རྒྱུན་མི་འཆད་པར་འབབ་བོ། །ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། གླིང་ཆེན་པོ་བཞི་ནས་རྒྱ་མཚོ་ཆེན་པོར་འབབ་པའི་ཆུའི་ ཕུང་པོ་དེ་ཚད་མེད་པ་ཡིན་མོད། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ནི་ཚད་མེད་གྲངས་མེད་དོ། །བྱང་ ༄༅། །ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་ བབ་པ་དེ་དག་པས་ཀྱང་ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ ཁམས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དེ་དག་པས་ ཀྱང་ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པའི་སྤྲིན་ལས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ནས་ཆུའི་ ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་ པའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་རྒྱན་ཆེན་པོའི་སྤྲིན་ལས་ཆུའི་ཕུང་པོ་ཆེས་མང་བ་རྒྱ་མཚོ་ཆེན་པོར་འབབ་ བོ༑ ༑ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་ ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་རྒྱན་ཆེན་པོའི་ སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་ཡིད་དུ་འོང་བའི་སྤྲིན་ལས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་བོ། །གཞུང་དེ་ བཞིན་དུ་དེ་བས་ཀྱང༌། ཀླུའི་རྒྱལ་པོ་འགྲོ་བར་ཆར་འབེབས་པའི་སྤྲིན་ལས་ཆེས་མང་བར་འབབ་བོ། །དེ་བས་ཀྱང་ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོའི་སྤྲིན་ལས་ཆེས་མང་བར་འབབ་ བོ༑ ༑དེ་བས་ཀྱང་ཀླུའི་རྒྱལ་པོ་འོད་མཐའ་ཡས་པའི་སྤྲིན་ལས་ཆེས་མང་པོར་འབབ་བོ། །དེ་བས་ཀྱང་ཀླུའི་རྒྱལ་པོ་ཤུགས་ཆེན་པོར་འཛིན་པའི་སྤྲིན་ལས་ཆེས་མང་བར་འབབ་བོ། །དེ་བས་ ཀྱང་ཀླུའི་རྒྱལ་པོ་ཤིན་ཏུ་རྣམ་པར་རྒྱལ་བའི་སྤྲིན་ལས་ཆེས་མང་བར་འབབ་སྟེ། ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་ པོར་བབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་རྒྱན་ཆེན་པོའི་སྤྲིན་ ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་ཡིད་དུ་འོང་བའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་འགྲོ་བར་ཆར་འབེབས་པའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་ ༄༅། །དགའ་བོ་དང༌། ཉེ་དགའ་བོའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་འོད་མཐའ་ཡས་པའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་ཤུགས་ ཆེན་པོ་འཛིན་པའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དང༌། ཀླུའི་རྒྱལ་པོ་རྣམ་པར་རྒྱལ་བའི་སྤྲིན་ལས་ཇི་སྙེད་ཅིག་བབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་རྣམ་པར་བསྒྱིངས་པའི་སྤྲིན་ལས་ ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་སྟེ། ཀྱེ་རྒྱལ་བའི་སྲས། ཀླུའི་རྒྱལ་པོ་ཆེན་པོ་བཅུ་པོ་འདི་དག་ལ་སོགས་པ་ཀླུའི་རྒྱལ་པོའི་རིགས་ཁྲག་ཁྲིག་བརྒྱད་ཅུ་སོ་སོའི་སྤྲིན་ ལས་ཆུའི་ཕུང་པོ་ཆེན་པོ་མང་པོ་རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ནས། ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་ དང༑ ཀླུའི་རྒྱལ་པོ་ཆེན་པོ་བཅུའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོའི་རིགས་ཁྲག་ཁྲིག་བརྒྱད་ཅུ་སོ་སོའི་སྤྲིན་ལས་ཆུའི་ཕུང་པོ་ཇི་ སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་བུ་ཐུ་བོ་འཛམ་བུའི་རྒྱལ་མཚན་གྱི་སྤྲིན་ལས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་ འབབ་བོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་ཆུ་ཀླུང་ཆེན་པོ་དེ་དག་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། སྤྲིན་ཆེན་པོ་དེ་དག་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ ཆེན་པོར་བབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་གནས་ནས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་པའི་འཇིག་ རྟེན་གྱི་ཁམས་ཀྱི་ཆུ་ཀླུང་ཆེན་པོ་དག་ནས། ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་སྔ་མ་དེ་དག་གི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་བུའི་ཐུ་བོ་འཛམ་བུའི་རྒྱལ་མཚན་གྱི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་འོད་ ཟེར་བཅུ་པའི་གནས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དེ་བས་ཀྱང༌། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་བའི་གནས་ནས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་ འབབ་བོ། ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཀླུང་ཆེན་པོ་དག་ནས། ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་དེ་ དག་དང༌། ཀླུའི་རྒྱལ་པོ་ཆེན་པོའི་རིགས་ཁྲག་ཁྲིག་བརྒྱད་ཅུ་སོ་སོའི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་འབབ་པ་དང༌། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་བུ་ཐུ་བོ་འཛམ་ བུའི་རྒྱལ་མཚན་གྱི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་འོད་ཟེར་བཅུ་པའི་གནས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་ ༄༅། །བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་འོད་ཟེར་བརྒྱ་བའི་གནས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དེ་དག་པས་ཀྱང༌། ཀླུའི་རྒྱལ་པོ་ཆེན་པོ་རྒྱན་ ཆེན་པོའི་གནས་ནས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་པོ། །ཀྱེ་རྒྱལ་བའི་སྲས། གཞུང་དེ་བཞིན་དུ་དེ་དག་པས་ཀྱང་ཡིད་དུ་འོང་བའི་གནས་ནས་ཆེས་མང་བར་ འབབ་བོ། །དེ་དག་པས་ཀྱང་འགྲོ་བར་ཆར་འབེབས་པའི་གནས་ནས་ཆེས་མང་བར་འབབ་བོ། །དེ་དག་པས་ཀྱང་དགའ་བོ་དང༌། ཉེ་དགའ་བོའི་གནས་ནས་ཆེས་མང་བར་འབབ་ བོ༑ ༑དེ་དག་པས་ཀྱང་འོད་མཐའ་ཡས་པའི་གནས་ནས་ཆེས་མང་བར་འབབ་བོ། །དེ་དག་པས་ཀྱང་ཤུགས་ཆེན་པོ་འཛིན་པའི་གནས་ནས་ཆེས་མང་བར་འབབ་བོ། །དེ་དག་པས་ཀྱང་ ཤིན་ཏུ་རྣམ་པར་རྒྱལ་བའི་གནས་ནས་ཆེས་མང་བར་འབབ་བོ། །དེ་དག་པས་ཀྱང་ཀླུའི་རྒྱལ་པོ་ཆེན་པོ་རྣམ་པར་བསྒྱིངས་པའི་གནས་ནས། ཆུའི་ཕུང་པོ་ཆེས་མང་བར་ རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཀླུང་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་ རྒྱལ་པོ་ཆེན་པོ་བཅུ་པོ་དེ་དག་གི་སྤྲིན་དང༌། གནས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོའི་རིགས་ཁྲག་ཁྲིག་བརྒྱད་ཅུའི་སྤྲིན་ དང༑ གནས་ནས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོ་བབ་པ་དང༌། འཛམ་བུའི་རྒྱལ་མཚན་གྱི་སྤྲིན་ལས་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དེ་དག་བས་ཀྱང༌། ཀླུའི་རྒྱལ་པོ་ཆེན་པོ་གངས་ཆེན་མཚོའི་སྤྲིན་ཐ་མི་དད་པ་ཞེས་བྱ་བ་ལས་ཆུའི་ཕུང་པོ་ཆེས་མང་བར་རྒྱ་མཚོ་ཆེན་པོར་འབབ་བོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་གླིང་ཆེན་པོ་བཞི་པའི་ འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཀླུང་གི་ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་རབ་ཏུ་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་སྔ་མ་དེ་དག་གི་སྤྲིན་དང༌། གནས་ནས་ཆུའི་ཕུང་པོ་ཇི་སྙེད་ ཅིག་རྒྱ་མཚོ་ཆེན་པོ་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་གངས་ཆེན་མཚོའི་བུ་ཐུ་བོ་འཛམ་བུའི་རྒྱལ་མཚན་གྱི་སྤྲིན་ལས། ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དང༌། ཀླུའི་རྒྱལ་པོ་ཆེན་པོ་གངས་ཆེན་མཚོའི་སྤྲིན་ཐ་མི་དད་པ་ཞེས་བྱ་བ་ལས། ཆུའི་ཕུང་པོ་ཇི་སྙེད་ཅིག་རྒྱ་མཚོ་ཆེན་པོར་བབ་པ་དེ་བས་ཀྱང༌། ཀླུའི་རྒྱལ་པོ་གངས་ཆེན་མཚོའི་གནས་ནས་ ཆུའི་དབབ་བརྒལ་ཆེན་པོ་བཻ་ཌཱུཪྻ་སྔོན་པོའི་ཁ་དོག་ལྟ་བུར་འདུག་པ་ཆེས་མང་བ་འབྱུང་སྟེ། དེ་ནི་རྒྱ་མཚོ་ཆེན་པོ་ཐམས་ཅད་ཀྱང་ཆུའི་ཤུགས་ཆེན་པོས་རྒྱས་པར་བྱེད་མོད་ཀྱི། འོན་ ཀྱང་རྒྱ་མཚོ་ཆེན་པོ་ནི་འབྲས་ལ་འདའ་བ་མེད་དེ། ཀྱེ་རྒྱལ་བའི་སྲས། རྒྱ་མཚོ་ཆེན་པོ་དེ་ནི་ཆུའི་ཕུང་པོས་དེ་ལྟར་ཚད་མེད་པ་སྟེ། ཕྱི་ལྟར་ཆུའི་ཕུང་པོས་ཚད་མེད་པ་དེ་ལྟར་རིན་པོ་ ༄༅། །ཆེའི་ཕུང་པོས་ཀྱང་ཚད་མེད་དེ། སེམས་ཅན་གྱི་གནས་ཀྱིས་ཀྱང་ཚད་མེད་ལ། སེམས་ཅན་ཆེན་པོའི་ལུས་ཀྱི་རྣམ་པས་ཀྱང་ཚད་མེད་ན། ཀྱེ་རྒྱལ་ བའི་སྲས། དེ་ལ་དེ་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་དེ་ཚང་མེད་མོད། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་ སྲས༑ རྒྱ་མཚོ་ཆེན་པོ་དེ་ནི་དཔེས་བརྗོད་པར་ཡང་དཀའ་བ་ཙམ་དུ་རྒྱ་ཆེའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟར་རྒྱ་མཚོ་ཆེན་པོ་ཚད་ མེད་པ་དེས་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ཡུལ་ཚད་མེད་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུར་བྱ་བའི་བར་དུ་ཡང་ཉེ་ བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས། འོན་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱིས། རྣམ་པར་རིག་པར་བྱ་བ་ཉེ་བར་བཟུང་སྟེ་རྒྱ་མཚོ་ཆེན་པོ་ལས་དེ་བཞིན་གཤེགས་པའི་ ཡུལ་དཔེར་བླང་གི། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོའི་ཡུལ་ལ་དཔེ་ཡོད་པ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོའི་ཡུལ་ནི་དཔེ་ལས་ འདས་པའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོའི་ཡུལ་དེ་ལྟ་བུ་དེ་ནི་འདི་ལྟ་སྟེ། ཐུགས་དང་པོ་བསྐྱེད་པ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ རྒྱུན་མ་ཆད་པའི་ཕྱིར། ཡང་དག་པར་བསྒྲུབས་པས་ཀྱང་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། རིན་པོ་ཆེ་གསུམ་གྱི་རྒྱུན་མི་གཅོད་པས་རིན་པོ་ཆེའི་ཕུང་ པོས་ཀྱང་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། །སློབ་པ་དང༌། མི་སློབ་པ་དང༌། རང་སངས་རྒྱས་ཐམས་ཅད་ཉེ་བར་འཚོ་བས་འབྱུང་པོ་གནས་པས་ཀྱང་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ། ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡན་ཆད་ཆགས་པ་མེད་པའི་མཐར་ཐུག་པའི་ས་ལ་གནས་པའི་བར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་གནས་པས་འབྱུང་པོ་ཆེན་པོའི་ ལུས་རྣམ་པ་ཐ་དད་པས་ཀྱང་ཚད་མེད་པར་ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་ མཚོའི་ཡུལ་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་ནི། ཚད་མེད་པའི་ཡེ་ཤེས་དང་ལྡན་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ ཏུ་བཟང་པོས་དོན་དེ་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྡུལ་མེད་རྣམས་ཀྱི་ཡུལ་ནི་ཚད་མེད་གཞལ་དུ་མེད། །སེམས་ཀྱི་ཡུལ་བཞིན་རྣམ་པ་ ཀུན་ཏུ་ཚད་མེད་དེ། །སེམས་ཀྱིས་མངོན་བསྒྲུབས་ཡིད་ཀྱི་ཡུལ་ནི་ཇི་ལྟ་བ། །དེ་བཞིན་སྟོབས་བཅུ་རྣམས་ཀྱི་ཡུལ་ཡང་ཤེས་པར་བྱ། །ཀླུ་ཡི་དབང་པོ་གནས་ནས་ནམ་ཡང་མི་གཡོ་ ༄༅། །བར༑ ༑སེམས་ཀྱི་མཐུས་ནི་ཆར་ཆེན་རྒྱུན་ཀྱང་རབ་ཏུ་འབེབས། །དེ་ལའང་འོད་དང་འགྲོ་བར་དམིགས་པ་མེད་པ་སྟེ། །ཀླུ་ཡི་དབང་པོའི་བསམ་ པ་ཙམ་གྱིས་ཆར་ཡང་འབབ། །དེ་བཞིན་སྟོབས་བཅུ་གང་དག་ནས་ཀྱང་བྱོན་པ་མེད། །དེ་བཞིན་ཐུབ་པ་གང་དུའང་བཞུད་པ་མི་དམིགས་ཏེ། །ཐུགས་ཀྱིས་དགོངས་པས་སྐྲ་ རྩེ་གཅིག་ལ་འཇུག་པར་ཡང༌། །ཆོས་ཀྱི་དབྱིངས་ཀྱི་ཚད་དུ་དེ་དག་ཤིན་ཏུ་འབྱུང༌། །རྒྱ་མཚོ་ཆུ་དང་རིན་ཆེན་ཚོགས་ཀྱིས་ཚད་མེད་དེ། །སེམས་ཅན་དག་དང་འབྱུང་པོ་གནས་ པས་ཚད་ཀྱང་མེད། །རོ་གཅིག་རྙོག་པར་མི་ནུས་སེམས་ཅན་དེར་སྐྱེས་པ། །དེ་དག་ཀུན་ཀྱང་ཆུ་བོ་གཞན་ལ་སྤྱོད་མི་བྱེད། །དེ་བཞིན་རྒྱལ་བའི་ཡུལ་ཡང་མཁྱེན་པས་ཚད་ མེད་དེ། །རིན་ཆེན་གསུམ་གནས་རིན་ཆེན་ཚོགས་ཀྱིས་ཚད་ཀྱང་མེད། །སློབ་དང་མི་སློབ་སེམས་ཅན་རྣམས་ཀྱིས་ཚད་མེད་དེ། །ཡེ་ཤེས་མཆོག་དོན་སྤྱོད་པའི་འབྱུང་ པོའི་ཚད་ཀྱང་མེད།། །།བམ་པོ་བདུན་ཅུ་རྩ་བཞི་བ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་ པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཇི་ལྟ་བུར་ཤེས་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་ཆགས་པ་མེད་པའི་སྤྱོད་ཡུལ་དུ་ཤེས་པར་བྱ་སྟེ། ཇི་ལྟར་ དེ་བཞིན་ཉིད་ནི་སྔོན་གྱི་མཐའ་ནས་བྱུང་བ་མ་ཡིན། ཕྱི་མའི་མཐའ་ནས་འཕོས་པ་མ་ཡིན། ད་ལྟར་བྱུང་བས་མངོན་པར་བསྒྲུབས་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་ པའི་སྤྱོད་ཡུལ་ཡང་མ་སྐྱེས། མ་འཕོས། མངོན་པར་གྲུབ་པ་མེད་པར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། ཆོས་ཀྱི་དབྱིངས་ལ་ལུས་མེད་པས་ཆོས་ཀྱི་དབྱིངས་དེ་ནི། ཚད་ཡོད་པའང་མ་ཡིན། ཚད་མེད་པའང་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ལུས་མེད་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ དེ་ཡང་ཚད་ཡོད་པའང་མ་ཡིན། ཚད་མེད་པའང་མ་ཡིན། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། འདབ་ཆགས་བྱ་ནི་ནམ་མཁའ་ལས་ལྡིང་སྟེ། འགྲོ་ན་ལོ་བརྒྱར་སོང་ ༄༅། །ཡང་ཇི་སྲིད་དུ་ཕྱིན་པ་དེ་སྲིད་ན་མ་ཕྱིན་པའང་ཡོད་དེ། ནམ་མཁའ་ལ་མཐའ་མེད་པས་སྔ་ཕྱི་ཁྱད་པར་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་ དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང༌། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་བསྟན་ཀྱང༌། དེ་སྙེད་ནི་མ་བསྟན་པ་ཡང་ཡོད་དེ། དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ ལ་མུ་མེད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་ལྟ་བུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང༌། ཆགས་པ་མེད་པའི་སྤྱོད་ ཡུལ་ལ་མི་གནས་པའི་ཚུལ་གྱིས་བཞུགས་ཤིང༌། སེམས་ཅན་ཐམས་ཅད་ལ་སྤྱོད་ཡུལ་དེ་ཡང་སྟོན་པ་མཛད་དོ། །སེམས་ཅན་ཆགས་པ་སྣ་ཚོགས་ལ་མངོན་པར་ཞེན་ པ་རྣམས་ཀྱང་ཆགས་པའི་ལམ་དེ་དང་དེ་ནས་ཡོངས་སུ་ཟློ་བ་མཛད་དོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལྡིང་གི་རྒྱལ་པོ་ཆེན་པོའི་སྤྱོད་ཡུལ་ནི་ནམ་ མཁའ་སྟེ། ནམ་མཁའ་ལ་གནས་ཤིང༌། རང་གི་མིག་ཡོངས་སུ་དག་པས་ཀླུའི་གནས་སུ་བལྟས་ཏེ། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཆེན་པོ་ནམ་མཁའ་ལྡིང་གི་ཤུགས་ དྲག་པོ་དང༌། གཤོག་པའི་རླུང་ཆེན་པོའི་མཐུས་གཡས་གཡོན་དུ་བསལ་ནས། ཀླུའམ། ཀླུའི་བུད་མེད་དུས་ཡོངས་སུ་སྨིན་ཏེ། ཚེའི་མཐར་ཕྱིན་པ་བརྗོད་ཅིང་འབྱིན་ཏོ། ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ཆེན་པོ་ཆགས་པ་མེད་པའི་སྤྱོད་ཡུལ་མངའ་བ་ཡང༌། བསྒྲིབས་པ་མེད་པའི་སྤྱོད་ཡུལ་ལས་བཞུགས་ཤིང༌། དེ་བཞིན་གཤེགས་པའི་སྤྱན་བླ་ན་མེད་པ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་གནས་ལ་གཟིགས་ནས། དེ་བཞིན་གཤེགས་པའི་སྟོབས་ ཀྱི་ཤུགས་དང་ལྡན་པའི་ཤེས་རབ་དང༌། ཡེ་ཤེས་ཀྱི་གཤོག་པས་འཁོར་བའི་རྒྱ་མཚོ་ཆེན་པོ་སྲེད་པའི་ཆུས་གང་བ་ཕྱེ་སྟེ། བསལ་ནས་སེམས་ཅན་དབང་པོ་ཡོངས་སུ་དག་ ཅིང་སྔོན་དགེ་བའི་རྩ་བའི་ཚོགས་བསགས་པར་གྱུར་པ། སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་འཁོར་བའི་རྒྱ་མཚོ་ནས་བཏོན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྤྱོད་ཡུལ་ལ་ རབ་ཏུ་དགོད་པ་མཛད་ཀྱང༌། དེ་བཞིན་གཤེགས་པ་ནི་ཆགས་པ་མེད་པའི་སྤྱོད་ཡུལ་ལ་བཞུགས་པས། སྤྲོས་པ་ཐམས་ཅད་ཡོངས་སུ་ཆད་དེ། རྟོག་པ་མི་མངའ། རྣམ་པར་རྟོག་ པ་མི་མངའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ཉི་མ་དང༌། ཟླ་བའི་དཀྱིལ་འཁོར་དག་ནི་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་སྟེ། གཅིག་པུ་སྤྱོད་ཅིང་གྲོགས་མེད་ཀྱང་གཞན་ གྱིས་མི་སྡུག་ཅིང་གནས་པ་མེད་ལ། ནམ་མཁའི་དབྱིངས་ལས་རྒྱུ་ཞིང་འགྲོ་བ་དང་འོང་བར་མངོན་ཡང་དེ་དག་ནི་བདག་ཅག་གང་དུ་འདོད། གང་ནས་འགྲོ་སྙམ་དུ་སེམས་པ་མེད་ ༄༅། །དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་ཉི་ཟླ་རྣམས་ཀྱང་སྤྱོད་ཡུལ་མྱ་ངན་ལས་འདས་པ་མངའ་བདག་སྟེ། རང་བཞིན་ཉིད་ཀྱི་ཆོས་དང་ ལྡན་ཡང་དེ་དག་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རྗེས་སུ་སྤྱོད་ཅིང་གཤེགས་པ་ཡང་དག་པར་སྟོན་པར་མཛད་དེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་རྒྱུན་མི་འཆད་པས། འགྲོ་བ་ཐམས་ཅད་ཉེ་བར་འཚོ་ཡང་གཤེགས་པ་དང༌། བཞུད་པར་རྣམ་པར་རྟོག་པའམ། སྤྲོས་པ་མི་མངའ་སྟེ། གཅིག་ཏུ་སྤྱོད་ཅིང་འདྲ་བ་མེད་པས་ཐུབ་པ་མེད་ལ། མི་གནས་ ཤིང་ཆགས་པ་མེད་པས་སྤྱོད་ཀྱང་དེ་དག་འཕོ་བ་དང༌། སྐྱེ་བ་དང༌། ཡུམ་གྱི་སྐུ་ན་བཞུགས་པ་དང༌། བལྟམས་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་མཛད་ པ་དང༌། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང༌། བདུད་འདུལ་བ་དང༌། བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་ པ་ཆེན་པོ་སྟོན་པ་ཡང་སྣང་ཞིང་ཡོད་དོ། །འོན་ཀྱང་དེ་དག་ལ་བདག་ཅག་གིས་གང་དུ་སྐྱེ་བར་བྱ། གང་དུ་མྱ་ངན་ལས་འདའ་བར་བྱ་སྙམ་དུ་དགོངས་པ་མི་མངའོ། །ཀྱེ་ རྒྱལ་བའི་སྲས། དེ་ལྟར་ཚུལ་ཚད་མེད་པ་དང༌། རྣམ་པ་ཚད་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། དོན་འདི་ཉིད་ཡང་བརྟག་པར་བྱ་ པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་བཞིན་ཉིད་ནི་ནམ་ཡང་མ་སྐྱེས་འཇིག་པ་མེད། །ནམ་ཡང་ཕྱོགས་ན་མི་གནས་མི་སྣང་དེ་བཞིན་ཉིད། །དེ་བཞིན་ཕན་ མཛད་རྣམས་ཀྱི་སྤྱོད་ཡུལ་ཚད་མེད་དེ། །དངོས་ཉིད་དེ་བཞིན་ཉིད་མཚུངས་དུས་ལས་རྣམ་པར་འདས། །ཇི་ལྟར་ཆོས་དབྱིངས་དབྱིངས་དེ་དབྱིངས་ཉིད་མ་ཡིན་ལ། །ཚད་ཡོད་ མ་ཡིན་དེ་ལྟར་ཚད་མེད་མ་ཡིན་པ། །དེ་བཞིན་ཡོན་ཏན་མངའ་བའི་སྤྱོད་ཡུལ་ཚད་མེད་དེ། །སྔོན་ནས་ལུས་མེད་པས་ན་ཚད་ཡོད་མ་ཡིན་ནོ། །བར་སྣང་མཁའ་ལ་ཁྲག་ཁྲིག་ལོ་ འགྲངས་བྱ་ལྡིང་བ། །མཁའ་ཡི་དབྱིངས་ལ་དང་པོ་དེ་དང་ཐ་མར་འདྲ། །རྒྱལ་བའི་སྤྱོད་ཡུལ་བསྐལ་པ་བརྒྱ་འགྲངས་བཤད་བྱས་ཀྱང༌། །ཇི་སྙེད་བརྗོད་པ་དེ་སྙེད་ཡོན་ཏན་མ་ བརྗོད་ཡོད། །ནམ་མཁའ་ལྡིང་ནི་མཁའ་གནས་ཀླུ་ལ་རྣམ་པར་ལྟ། །ཆུ་ཆེན་ཡོངས་ཕྱེ་ཀླུ་དང་ཀླུ་ཡི་བུ་མོ་འདྲེན། །སྟོབས་བཅུ་རང་གི་མཐུ་ཡིས་ཉོན་མོངས་རྣམ་ཕྱེ་ཞིང༌། ། དགེ་རྩ་ལེགས་པར་བྱས་པ་འདུས་བྱས་ཁམས་ནས་འབྱིན། །ཉི་མ་ཟླ་བ་མཁའ་ཡི་དབྱིངས་ལས་ཤུགས་ཀྱིས་རྒྱུ། །སེམས་ཅན་བདེ་བ་སྐྱེད་ཀྱང་རྟོག་པ་ཡོད་པ་མིན། །བཅོམ་ ༄༅། །ལྡན་འདས་ཀྱང་དེ་བཞིན་ཆོས་ཀྱི་དབྱིངས་གཤེགས་ཤིང༌། །སེམས་ཅན་མང་པོ་འདུལ་ཡང་རྣམ་པར་རྟོག་མི་མངའ། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་ སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟ་བུར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། དོན་ཐམས་ཅད་རྣམ་པར་དཔྱད་པ་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་ལ་ནེམ་ནུར་མེད་ཅིང་གཉིས་སུ་མེད་པ་རྗེས་སུ་རྟོགས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཁོང་དུ་ཆུད་པར་བྱའོ། །མཚན་མ་མེད་པ་རྗེས་སུ་རྟོགས་པ་དང༌། རྒྱུ་བ་མེད་པ་རྗེས་སུ་རྟོགས་པ་ དང༑ ཐོགས་པ་མེད་པ་རྗེས་སུ་རྟོགས་པ་དང༌། མཐའ་དང་དབུས་མེད་པ་རྗེས་སུ་རྟོགས་པ་དང༌། མུ་མེད་པར་ཁྱབ་པ་རྗེས་སུ་རྟོགས་པ་དང༌། མཐའ་དང་མཐའ་མེད་པ་ཡོངས་ སུ་སྤངས་པའི་དབུས་ཀྱི་གནས་ཁོང་དུ་ཆུད་པ་དང༌། ཡི་གེ་དང་སྒྲ་དང་བརྗོད་པ་འབྱུང་བ་ཐམས་ཅད་རྗེས་སུ་རྟོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། སྤྱོད་པའི་ རྣམ་པར་རྟོག་པ་ཐམས་ཅད་དང༌། བསམ་པ་དང༌། དབང་པོ་དང༌། ཉོན་མོངས་པ་དང༌། བག་ཆགས་དང༌། བག་ལ་ཉལ་བ་དང༌། རང་བཞིན་མངོན་སུམ་དུ་རྗེས་སུ་རྟོགས་པ་ དང༑ དུས་གསུམ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ཁོང་དུ་ ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ལ་གླིང་བཞི་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་གཟུགས་བརྙན་རྒྱ་ལྟ་བུར་སྣང་སྟེ། དེའི་ཕྱིར་རྒྱ་ མཚོ་ཆེན་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། དབང་པོ་ དང༌། བསམ་པ་རྣམ་པ་ཐ་དད་པ་རྣམས་སྣང་བ་མེད་པའི་རང་བཞིན་གྱིས་ཡོངས་སུ་སྣང་བར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་ ༄༅། །པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ནི། ཡི་གེ་ཐམས་ཅད་ཀྱིས་བསྟན་པ་མ་ཡིན་ ནོ༑ ༑དབྱངས་ཐམས་ཅད་ཀྱིས་བརྗོད་པ་མ་ཡིན་ནོ། །ཐ་སྙད་ཐམས་ཅད་ཀྱིས་སྨོས་པ་མ་ཡིན་མོད་ཀྱི། འོན་ཀྱང་གཞན་གྱི་རྣམ་པར་རིག་པ་ཉེ་བར་བཟུང་སྟེ། དེ་བཞིན་ གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ མངོན་པར་བྱང་ཆུབ་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དེ་སྙེད་ཀྱི་ཚད་ཀྱི་སྐུ་ཀུན་ནས་གནས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དང༌། ཞིང་ ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དང༌། དུས་ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཚད་ ཇི་སྙེད་པ་དང༌། ཐ་སྙད་ཐམས་ཅད་ཀྱི་ཚད་ཇི་སྙེད་པ་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་ཀྱི་ཚད་ཇི་སྙེད་པ་དང༌། ནམ་མཁའི་དབྱིངས་དང་ཆགས་པ་མེད་པའི་ དབྱིངས་ཀྱི་ཚད་ཇི་སྙེད་པ་དང༌། མངོན་པར་བསྒྲུབ་པའི་དབྱིངས་དང༌། རྣམ་པར་སྤྱོད་པའི་དབྱིངས་ཀྱི་ཚད་ཇི་སྙེད་པ་དང༌། མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚད་ཇི་ སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ནས་གནས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་སྐུའི་ཚད་ཇི་སྙེད་པ་དེ་སྙེད་ཀྱི་ཚད་ཀྱི་གསུང་ཡང་ཀུན་ནས་གནས་པར་འགྱུར་རོ། །སྐུ་དང་གསུང་ གི་ཚད་ཇི་སྙེད་པ་དེ་སྙེད་དུ་ཆགས་པ་མེད་པའི་ཐུགས་ཀུན་ནས་གནས་པར་འགྱུར་ཏེ། དེ་དེ་ལྟ་བུར་ཚད་མེད་པའི་སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་འཁོར་གསུམ་ཡོངས་ སུ་དག་པ་བརྙེས་པ། རང་གི་སྐུ་དེ་ཉིད་ལས་སེམས་ཅན་ཐམས་ཅད་མངོན་པར་འཚང་རྒྱ་བའི་དམིགས་པ་སྟོན་ཏོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་མྱ་ངན་ལས་འདས་ པ་ཞི་བའི་དབྱིངས་སུ་ཡང་དག་པར་གཞོལ་བའི་བར་དུ་རབ་ཏུ་སྟོན་ཏེ། དེ་ནི་འདི་ལྟར་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དང༌། མཚན་ཉིད་མེད་པའི་རང་བཞིན་དང༌། མི་ སྐྱེ་མི་འགག་པའི་རང་བཞིན་དང༌། བདག་ལ་བདག་མེད་པའི་རང་བཞིན་དང༌། སེམས་ཅན་ལ་སེམས་ཅན་མེད་པའི་རང་བཞིན་དང༌། སངས་རྒྱས་རྣམ་པར་མི་རྟོག་པའི་རང་ བཞིན་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། ནམ་མཁའི་དབྱིངས་ཀྱི་རང་བཞིན་དུ་ཐུགས་སུ་ཆུད་དེ། དེ་ལྟ་བུའི་རང་བཞིན་མངོན་པར་རྫོགས་པར་སངས་རྒྱས་ནས། མ་ལུས་ པར་ཐུགས་སུ་ཆུད་པ་དང༌། ཆོས་ཀྱི་དབྱིངས་རབ་ཏུ་བརྙེས་པ་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པས་སེམས་ཅན་གྱི་དོན་ཡོངས་སུ་སྒྲུབ་པ་མཛད་དོ།། ༄༅། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། ནམ་མཁའ་ནི་སྐྱེ་བ་མེད་པས་འཇིག་རྟེན་གྱི་ཁམས་འདུ་ཡང་རུང༌། འཇིག་ཀྱང་རུང་སྟེ། དེ་བཞིན་དུ་མི་ཟད་མི་ འཕེལ་བར་གནས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱང་འདི་ལྟ་སྟེ། གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་པས། མཚན་ ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང༌། མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་རུང་སྟེ། མཚན་ཉིད་དེ་ཁོ་ན་བཞིན་དུ་གནས་སོ། །ཀྱེ་ རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་སྐྱེས་ཏེ། དེས་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་མངོན་པར་སྤྲུལ་ལ། སེམས་བསྐྱེད་པ་དེ་དག་རེ་རེས་ ཀྱང་དེ་བཞིན་གཤེགས་པ་ཁ་དོག་མེད་པ། མཚན་མ་མེད་པ། དབྱིབས་དང་བྲལ་བ། སྐུ་དང་བྲལ་བ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཅིག་སྤྲུལ་ཏེ། དེ་དེ་མངོན་པར་སྤྲུལ་པ་བྱེད་ པ་ལ་ཡང༌། བསྐལ་པ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཅིག་འདས་པར་གྱུར་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། མི་དེས་སྤྲུལ་པའི་སེམས་བསྐྱེད་པ་དེ་དག་གིས། དེ་ བཞིན་གཤེགས་པ་ཇི་སྙེད་ཅིག་སྤྲུལ་པར་འགྱུར། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས། ཁྱོད་ ཀྱིས་ཇི་སྐད་དུ་སྨྲས་པའི་དོན་བདག་གིས་ཤེས་ཏེ། ཇི་སྙེད་དུ་སྤྲུལ་པ་བྱས་པ་དེ་སྙེད་ཅིག་ནི་མ་སྤྲུལ་པའང་ཡོད་དོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་ བའི་སྲས། ཇི་སྐད་དུ་སྨྲས་པ་དེ་དེ་བཞིན་གྱིས། ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱང༌། དེ་སྙེད་ཅིག་ནི་མངོན་པར་སངས་རྒྱས་སོ། །དེ་སྙེད་ཅིག་ནི་མངོན་པར་སངས་མ་རྒྱས་པའང་ཡོད་པར་འགྱུར་ རོ༑ ༑དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་ལ་མཚན་ཉིད་མེད་པས་གང་ལ་མཚན་ཉིད་མེད་པ་དེའི་མངོན་པར་རྫོགས་པའི་བྱང་ཆུབ་ལ་འགྲིབ་པ་མེད་དོ། །དེའི་མངོན་པར་ རྫོགས་པའི་བྱང་ཆུབ་ལ་འཕེལ་བ་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་མངོན་པར་སངས་རྒྱས་ནས། སྐད་ཅིག་ ཡུད་ཙམ་ཐང་ཅིག་གིས་བློ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་དག་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། མངོན་པར་རྫོགས་ ༄༅། །པར་བྱང་ཆུབ་པའི་སྐུ་འབྱམས་ཀླས་པ་གཅིག་ལས། སྐུ་སེམས་ཅན་མ་ལུས་པ་ཐམས་ཅད་དང་མཉམ་པ་ཀུན་ནས་གནས་པར་འགྱུར་ཏེ། མངོན་ པར་རྫོགས་པར་བྱང་ཆུབ་པའི་སྐུ་འབྱམས་ཀླས་པ་གཅིག་ལས་ཇི་ལྟ་བ་དེ་བཞིན་དུ། མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་མ་ལུས་པ་ཐམས་ཅད་ཀྱི་སྒོ་ནས་ཀྱང༌། སྐུ་སེམས་ ཅན་མ་ལུས་པ་ཐམས་ཅད་དང་མཉམ་པ་རེ་རེ་ཀུན་ནས་གནས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་སྒོ་ཡང་ཚད་མེད་པས། དེ་ བཞིན་གཤེགས་པའི་སྐུ་དབྱིབས་ཀྱང་ཚད་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་ན་དེ་བཞིན་གཤེགས་པའི་དབྱིངས་ཚད་མེད་ཅེས་བྱ། སེམས་ཅན་གྱི་ཁམས་ཚད་དུ་ མ་བྱས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱི་མངོན་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་སྟེ། སྐྲའི་རྩེ་མོ་གཅིག་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་ སྐུ་སེམས་ཅན་ཐམས་ཅད་སྙེད་དུ་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་དེ་དག་ནི། མི་ མི་འཇིག་པའི་ཚུལ་གྱིས་ཡོངས་ནས་མ་སྐྱེས་པའི་ཕྱིར་རོ། །སྐྲའི་རྩེ་མོ་གཅིག་ལ་ཇི་ལྟར་ཁོང་དུ་ཆུད་པར་བྱ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུའང་ཁོང་དུ་ཆུད་ པར་བྱ་སྟེ། གནས་གང་ན་དེ་བཞིན་གཤེགས་པ་མི་བཞུགས་པ་དེ་ལྟ་བུ་ནི་གང་ཡང་མེད་པར་མོས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་ པར་རྫོགས་པའི་བྱང་ཆུབ་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཏེ། དེ་བས་ན་སྟོབས་དང་མཐུ་དང་ཉམས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ དང༑ བྱང་ཆུབ་ཀྱི་ཤིང་དང༌། གདན་སེང་གེའི་ཁྲི་དང༌། མངོན་པར་རྫོགས་པའི་བྱང་ཆུབ་རྣམ་པ་ཐ་དད་པའང༌། དེ་བཞིན་གཤེགས་པའི་སྟོབས་ལ་འཇུག་པའི་ཚུལ་གྱིས་ཁོང་དུ་ ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རང་གི་སེམས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མངོན་པར་རྫོགས་པའི་བྱང་ཆུབ་དང་བྲལ་བའི་སེམས་དེ་ལྟ་བུ་གང་ཡང་མེད་དེ། རང་གི་ སེམས་ལས་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་མང་པོ་འབྱམས་ཀླས་པ་རྣམས་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པའི་ ༄༅། །བྱང་ཆུབ་ཁོང་དུ་ཆུད་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་རྒྱ་ཆེ་ཞིང་ཡངས་ལ་ཀུན་ཏུ་ཁྱབ་སྟེ། མི་འབྲལ་བ་དང༌། རྣམ་པར་འཆད་པ་མེད་པ་དང༌། རྒྱུན་ མི་འཆད་པར་ཚུལ་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པས་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། དོན་འདི་ ཉིད་ཡང་བརྟག་པར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆོས་རྣམས་ཐམས་ཅད་རྟོགས་པ་གཉིས་དང་གཉིས་མེད་བྲལ། །ཆོས་རྣམས་ཐམས་ཅད་རྟོགས་ པ་ཡང་དག་ཡུལ་མེད་ཡིན། །ཆོས་རྣམས་ཐམས་ཅད་རྟོགས་པ་ནམ་མཁའི་རང་བཞིན་མཉམ། །ཆོས་རྣམས་ཐམས་ཅད་རྟོགས་པ་བདག་དང་བདག་མེད་སྙོམས། །གླིང་ བཞི་ཀུན་གྱི་གཟུགས་མང་ཇི་སྙེད་ཇི་བཞིན་དུ། །གཟུགས་བརྙན་རྒྱ་མཚོར་རྒྱ་འདྲ་དེ་ཕྱིར་རྒྱ་མཚོ་སྟེ། །དེ་བཞིན་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་རྒྱ་བཞིན་དུ། །བསམ་ པ་ཐུགས་སུ་ཆུད་པས་དེ་ཕྱིར་བྱང་ཆུབ་ཡིན། །ཇི་ལྟར་ནམ་མཁའ་འཇིག་རྟེན་ཡོངས་སུ་འགྲུབ་འགྱུར་ཀྱང༌། །རྣམ་པར་འཕེལ་བར་མི་འགྱུར་འཇིག་ཀྱང་འགྲིབ་པ་མེད། ། རྒྱལ་བ་འཇིག་རྟེན་འདས་པའི་བྱང་ཆུབ་དེ་བཞིན་ཏེ། །བྱང་ཆུབ་བྱང་མ་ཆུབ་ཏུ་མཚན་ཉིད་མེད་པར་གཅིག །མཁས་པའི་སེམས་ཀྱིས་སྤྲུལ་པ་མངོན་པར་སྤྲུལ་བྱས་པ། ། མངོན་སྤྲུལ་མངོན་མ་སྤྲུལ་ཀྱང་སྔོན་དང་རང་བཞིན་མཉམ། །དེ་བཞིན་འགྲོ་བ་ཐམས་ཅད་བྱང་ཆུབ་སངས་རྒྱས་ཀྱང༌། །སྔོན་དང་རང་བཞིན་གཅིག་སྟེ་འཕེལ་ཞིང་འགྲིབ་པ་མེད། རྣམ་སངས་རྒྱས་ཞེས་བྱ་བའི་རྒྱལ་བའི་ཏིང་འཛིན་ཡོད། །བྱང་ཆུབ་སྙིང་པོར་བཞུགས་ནས་ཏིང་འཛིན་དེ་བསྒྲུབས་ཏེ། །སེམས་ཅན་སྙེད་ཀྱི་འོད་ཟེར་མཉམ་པར་རབ་བཀྱེ་ཞིང༌། ། པདྨ་ཇི་བཞིན་རྣམ་པར་སངས་རྒྱས་སེམས་ཅན་འདུལ། །བསྐལ་པ་དུས་གསུམ་སེམས་ཅན་ཞིང་གི་རང་བཞིན་དང༌། །ཆོས་དང་དེ་བཞིན་སེམས་དང་དབང་པོ་བསམ་པ་དག །ཐམས་ ཅད་རང་གི་སྐུ་ལ་མཉམ་པ་ཉིད་དུ་གཟིགས། །དེ་བས་བྱང་ཆུབ་གནས་ནི་ཚད་མེད་ཤེས་པར་གྱིས། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཇི་ལྟ་བུར་ཁོང་དུ་ ༄༅། །ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་ པའི་ཐུགས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི། ཡོང་གིས་ལྡང་བ་མེད་པའི་ཚུལ་གྱིས་འཁོར་བ་མེད་ཅིང༌། མངོན་པར་གྲུབ་པ་མེད་ པར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་མཐར་ལྟ་བ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས། འཁོར་གསུམ་ཡོངས་སུ་གཅོད་པ་ཤིན་ཏུ་ཆད་པར་ཤེས་པར་བྱའོ།། ནམ་མཁའི་མཐའ་ཁོང་དུ་ཆུད་པའི་ཚུལ་གྱིས། འདོད་ཆགས་དང་བྲལ་བའི་མཐའི་མཐའ་མེད་པར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་བརྗོད་དུ་མེད་པའི་ཚུལ་ གྱིས༑ ༑སྨོས་སུ་མེད་པར་ཤེས་པ་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། མྱ་ངན་ལས་འདས་པའི་རང་བཞིན་གྱིས་ཤིན་ཏུ་ཞི་བར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ ནི༑ དེ་བཞིན་གཤེགས་པའི་གསུང་གིས་ཐམས་ཅད་དུ་ཁྱབ་པའི་ཕྱིར། ཡི་གེ་དང༌། སྒྲ་དང༌། དབྱངས་དང༌། སྐད་སྣ་ཚོགས་སུ་འཁོར་བར་ཤེས་པར་བྱའོ། །ཆོས་ཀྱི་ འཁོར་ལོ་བསྐོར་བ་ནི། ཆོས་ཀྱི་ཚུལ་གྱི་རང་བཞིན་གྱིས། སྒྲ་བརྙན་གྱི་སྒྲ་དང༌། དབྱངས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་བདག་པོ་ཡོང་ནས་མེད་ པའི་ཕྱིར། སྒྲ་ཐམས་ཅད་སྒྲ་གཅིག་ཏུ་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ཕྱི་དང་ནང་འབྲེལ་བ་མེད་པས་ཡི་གེ་ཟད་མི་ཤེས་པར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ ལོ་བསྐོར་བ་ནི་ཆོས་ཉིད་ཁོང་དུ་ཆུད་པའི་ཚུལ་གྱིས། ཡོང་གིས་མ་སྐྱེས་མ་འགགས་པར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ཡི་གེ་འགྲངས་པ་ཐམས་ཅད་ ནི་བསྟན་པ་ཐམས་ཅད་ཀྱིས་ཤིན་ཏུ་བསྟན་ཀྱང་མི་འཕེལ་མི་འགྲིབ་སྟེ། སྔོན་གྱི་མཐའ་བསྐལ་བའི་མུར་ཐུག་པ་ནས་ཡི་གེ་ཐམས་ཅད་བརྗོད་ཀྱང་མ་འཕེལ། མ་འགྲིབས་པ་ཡིན་ནོ།། ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང༌། ཡི་གེ་རྣམ་པར་དམིགས་པར་བསྟན་པ་ཐམས་ཅད་ཀྱིས་ཤིན་ཏུ་བསྟན་ཀྱང༌། མི་ འཕེལ་མི་འགྲིབ་སྟེ། སྔོན་གྱི་མཐའི་མུར་བྱུང་བའི་སངས་རྒྱས་རྣམས་ཀྱིས། ཆོས་ཀྱི་འཁོར་ལོ་བསྐོར་ཀྱང་ཆོས་ཀྱི་འཁོར་ལོ་མ་ཟད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཆོས་ ཀྱི་འཁོར་ལོ་བསྐོར་བ་དེ་ནི་དགོས་པ་ཐམས་ཅད་དང༌། སྤྱོད་པ་འགྲངས་པ་ཐམས་ཅད་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དགོས་པ་ཐམས་ཅད་ཀྱི་ནང་དུ་འདུས་ཀྱང་ ༄༅། །གང་ལ་ཡང་མི་གནས་པར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ཡི་གེའི་འབྲུ་འགྲངས་པ་ནི་དགོས་པ་ཐམས་ཅད་དང༌། སྤྱོད་པ་འགྲངས་ པ་ཐམས་ཅད་དང༌། བགྲང་པ་འགྲངས་པ་ཐམས་ཅད་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་གནས་ཐམས་ཅད་དུ་ཁྱབ་པར་འདུག་ཀྱང་ཅི་ལའང་མི་གནས་པར་ཤེས་ པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་སེམས་ཅན་དང༌། ཆོས་དང༌། ལས་དང༌། རྣམ་པར་སྨིན་པ་ཐམས་ཅད་ དུ་ཁྱབ་ཀྱང༌། ཅི་ལ་ཡང་མི་གནས་ཏེ། སེམས་ཅན་གང་ཡང་རུང༌། སྒྲ་སྣ་ཚོགས་ཇི་སྙེད་དུ་བརྗོད་པ་དེ་དག་ཐམས་ཅད་ཀྱང༌། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ སྒྲ་ཉིད་དུ་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལས་རྣམ་པར་མི་འདའོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཁོང་དུ་ཆུད་པར་འདོད་པས། དེ་བཞིན་གཤེགས་པའི་མངོན་པར་ བསྒྲུབ་པ་ལ་འཇུག་པ་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པས་མངོན་པར་བསྒྲུབ་པ་དེ་ཡང་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། སྤྱོད་པ་དང༌། བསམ་པ་དང༌། དབང་པོ་དང༌། བརྩོན་འགྲུས་རྣམ་པ་ཐ་དད་པ་ཇི་སྙེད་པ་དེ་སྙེད་དུ་དེ་བཞིན་ གཤེགས་པའི་གསུང་ལས་དབྱངས་ཀྱི་ཡན་ལག་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ལ་ཏིང་ངེ་འཛིན་མི་བསྙེངས་པ། ཆགས་པ་མེད་པའི་མཐར་ཐུག་པ་ཞེས་བྱ་བ་མངའ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང༌། དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་ བསྐོར་བ་མཛད་དེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆོས་ཀྱི་ འཁོར་ལོ་བསྐོར་བའི་སྒྲ་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་སྐུ་རེ་རེའི་ཞལ་ནས་འབྱུང་ངོ༌། །སྒྲའི་དབྱངས་དེ་དག་རེ་རེ་ཞིང་ཡང་དབྱངས་ཀྱི་ཡན་ལག་དང༌། སྒྲ་རྣམ་པ་ཐ་དད་པ་ སེམས་ཅན་སྙེད་དང་ལྡན་པར་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས། དེ་ནི་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་པ་སྟེ། འདི་ལྟར་ཏིང་ངེ་འཛིན་དེ་ཉིད་ལ་ ༄༅། །སྙོམས་པར་ཞུགས་པའོ། །སེམས་ཅན་ཐམས་ཅད་མཉམ་པར་དགའ་བར་འགྱུར་བ་སྟེ། གང་གིས་དེ་ལྟ་བུར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་ བསྐོར་བ་ཁོང་དུ་ཆུད་པ་དེ་དག་ནི་དེ་བཞིན་གཤེགས་པའི་རིགས་དང་མཐུན་པར་སྤྱོད་པ་ཡིན། གང་གིས་དེ་ལྟ་བུར་ཁོང་དུ་མ་ཆུད་པ་དེ་དག་ནི་དེ་བཞིན་གཤེགས་པའི་རིགས་ ལས་ལོག་པའི་ཆོས་ལ་སྤྱོད་པ་དག་གོ །ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚད་མེད་པ་ཁོང་དུ་ཆུད་པར་བྱ་བའི་ཚུལ་གྱིས། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་མངོན་པར་སྒྲུབ་པ་མཛད་པ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དོན་འདི་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མཚུངས་མེད་ཆོས་ཀྱི་འཁོར་ལོ་བསྐོར་ བ་མི་དམིགས་ཏེ། །ཕྱིར་ཡང་ལོག་མེད་དུས་རྣམས་ཀུན་ལས་རྣམ་པར་གྲོལ། །ཡི་གེ་ཐམས་ཅད་སྨྲ་བར་བྱ་བས་ཟད་མི་འགྱུར། །དེ་བཞིན་སྟོབས་བཅུའི་ཆོས་ཀྱི་འཁོར་ལོ་ མཐའ་ཡང་ཡས། །ཡི་གེའི་འབྲུ་རྣམས་ཐམས་ཅད་དགོས་པ་ཀུན་ཏུ་ཁྱབ། །གང་ནའང་མི་གནས་དེ་བཞིན་སངས་རྒྱས་འཁོར་ལོ་སྟེ། །སྒྲ་རྣམས་ཀུན་ལ་ཞུགས་ཀྱང་རང་བཞིན་ ཞུགས་པ་མེད། །མ་ལུས་སེམས་ཅན་སྤྱོད་པས་སེམས་ཅན་དགའ་བར་མཛད། །གྲངས་ལས་ཡོངས་སུ་འདས་པའི་ཆོས་རྣམས་བརྗོད་པའི་ཕྱིར། །མ་ལུས་མཐར་ཐུག་ཏིང་འཛིན་ སྟོན་པ་སྙོམས་པར་འཇུག །དེ་མཐུས་སྐད་ཅིག་དེ་ལ་སེམས་ཅན་ཇི་སྙེད་པ། །དེ་སྙེད་རྒྱལ་བའི་གསུང་དབྱངས་ཡིད་དུ་འོང་བ་འབྱུང༌། །སྒྲ་གཅིག་དབྱངས་ལས་སེམས་ཅན་མ་ལུས་ཇི་ སྙེད་པའི། །སྒྲ་དབྱངས་རྣམ་པ་ཐ་དད་དུས་གཅིག་འབྱུང་བར་འགྱུར། །འཇིག་རྟེན་དབང་ཕྱུག་ཀུན་ལ་རྣམ་པར་རྟོག་མི་མངའ། །གང་རྣམས་ཇི་ལྟར་མོས་པ་དེ་བཞིན་གསུང་ཡང་ ཉན༑ ༑ཡི་གེ་རྣམས་ནི་ནང་ན་ཡོད་མིན་ཕྱི་ནང་འབྱུང་བ་མིན། །དེ་དག་ཟད་པར་མི་འགྱུར་བསགས་པའང་གང་ཡང་མེད། །འོན་ཀྱང་འཁོར་ལོ་བསྐོར་ན་འགྲོ་བའི་དོན་དུ་འགྱུར། ། སྟོབས་བཅུ་མངའ་བ་རྣམས་ཀྱི་ཆོ་འཕྲུལ་ཇི་འདྲ་ལྟོས། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ གྱིས༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ ༄༅། །དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་ སོ༑ ༑ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་འདོད་པས། རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་སྟེ། དེས་དེ་བཞིན་ཉིད་ཀྱི་ཡོངས་སུ་ངན་ལས་འདས་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་ གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ ལས་འདས་པ་ཇི་ལྟ་བ་དང༌། ནམ་མཁའི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། རང་བཞིན་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། འདོད་ཆགས་དང་ བྲལ་བའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། རྨི་ལམ་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། མཚན་ཉིད་མེད་པའི་མཐའི་ཡོངས་སུ་མྱ་ངན་ ལས་འདས་པ་ཇི་ལྟ་བ་དང༌། ཆགས་པ་མེད་པའི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། བདག་གི་རང་བཞིན་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐའི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་དེ་དག་ཐོག་མ་ནས་མ་སྐྱེས་མ་བྱུང་བའི་ཕྱིར་ཏེ། ཆོས་གང་མ་སྐྱེས་མ་བྱུང་བ་དེ་ལ་འབྲལ་བར་འགྱུར་བ་གང་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་དེ་བཞིན་ གཤེགས་པ་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཤིན་ཏུ་མཐར་ཐུག་པ་མི་བརྗོད་མི་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ད་ལྟར་བྱུང་བ་དེ་བཞིན་དུ། འདས་པ་དང༌། མ་བྱོན་པ་རྣམས་ཀྱང་སྐད་ཅིག་གཅིག་ལ་མངོན་དུ་བྱ་ཞིང༌། སྐད་ཅིག་ཀྱང་ཡེ་ཤེས་ཀྱི་སྐད་ཅིག་གིས་རྗེས་སུ་འབྲང་བར་ བྱ༑ སྐད་ཅིག་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་བལྟ་བར་བྱ། དེ་བཞིན་གཤེགས་པའི་མངོན་པར་བསྒྲུབ་པ་ཐམས་ཅད་ཀྱང་དེས་མངོན་པར་བསྒྲུབ་པར་བྱ་སྟེ། དེས་ནི་གཉིས་ཀྱི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ། མི་གཉིས་པའི་འདུ་ཤེས་ཀྱང་མ་ཡིན། སེམས་ཅན་གྱི་འདུ་ཤེས་ཀྱང་མ་ཡིན། བདག་གི་འདུ་ཤེས་ཀྱང་མ་ཡིན་པའི་ཕྱིར། ཀྱེ་རྒྱལ་ བའི་སྲས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་ནི་མངོན་པར་ཞེན་པའི་ལམ་ཐམས་ཅད་དང་བྲལ་ཞིང༌། འདུ་ཤེས་ཐམས་ཅད་ཡོངས་སུ་སྤང་བར་བྱ་དགོས་པའི་ཕྱིར་རོ། །ཀྱེ་རྒྱལ་ ༄༅། །བའི་སྲས། གཞན་ཡང་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་འདི་ནི་སེམས་ཅན་ཕ་རོལ་ཡོངས་སུ་ཚིམ་པར་འགྱུར་བའི་ཚིག་གོ །དེ་བཞིན་གཤེགས་ པའི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། སེམས་ཅན་ཕ་རོལ་གྱི་སྐྱོ་བ་སྐྱེད་པའི་ཚིག་སྟེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བ་མེད་དེ། ཡོངས་སུ་ མྱ་ངན་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་དབྱིངས་ལ་བཞུགས་པའི་ཕྱིར་ཏེ། སེམས་ཅན་ཕ་རོལ་གྱི་སེམས་དང༌། བསམ་པ་ཡོངས་སུ་བསྒོམ་ པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཀྱི་ཚད་དང་ མཉམ་པ་ཞིག་ཤར་ལ། དེ་ཤར་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཆུ་ཡོངས་སུ་དང་བའི་སྣོད་ཐམས་ཅད་དུ་གཟུགས་བརྙན་ཕྱིན་པར་སྣང་ཞིང་མངོན་ལ། ཉི་མའི་ དཀྱིལ་འཁོར་ལ་འཕོས་པ་མེད་ཅིང༌། ཉི་མའི་དཀྱིལ་འཁོར་ཀུན་ཏུ་ཕྱིན་པར་སྣང་བར་གྱུར་ཀྱང་དེའི་ནང་ནས་ཆུའི་སྣོད་གཅིག་ཅིག་ཆག་གམ། དེ་ནས་ལོགས་ཤིག་ཏུ་ཕྱུང་བའམ། སྟོང་པར་བཞག་པར་གྱུར་ན། ཉི་མའི་གཟུགས་བརྙན་ཡང་སྣང་བར་མི་འགྱུར་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། ཉི་མའི་དཀྱིལ་འཁོར་རམ་གཅིག་གིས་ཉེས་ཏེ། སྣོད་དེར་ཉི་མའི་གཟུགས་བརྙན་མི་སྣང་བར་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟ་མ་ ཡིན་ཏེ། སྣོད་དང་མི་ལྡན་པའི་ཕྱིར། ཉི་མའི་གཟུགས་བརྙན་མི་སྣང་གི །ཉི་མའི་དཀྱིལ་འཁོར་གྱིས་ཉེས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་ སྲས༑ དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་འཆར་བར་འགྱུར་བའི་ཚེའང༌། འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀུན་ཏུ་སྔ་ཕྱི་མེད་ པར་འཆར་ཏེ། དེ་ནི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཀུན་གྱི་སེམས་ཅན་སེམས་རྙོག་པ་མེད་པ་དང་ལྡན་པའི་ཆུ་བོ་སྣོད་ཐམས་ཅད་ལ་གཟུགས་བརྙན་སྣང་བར་འགྱུར་རོ། །སེམས་ ཀྱི་རྒྱུད་རྙོག་པ་མེད་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར། དེ་བཞིན་གཤེགས་པའི་སྐུ་ཉི་མའི་དཀྱིལ་འཁོར་སྣང་ཡང་སེམས་ཅན་སེམས་རྙོག་པ་དང་ལྡན་ཞིང་སྣོད་ཆག་པར་གྱུར་པ་ རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་མཐོང་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་འཕོ་བ་མི་མངའ་ཡང༌། ཐམས་ཅད་དུ་སྐྱེ་བར་སྣང་སྟེ། འཇིག་རྟེན་གྱི་ ཁམས་འབྱམས་ཀླས་པ་ལ་ལ་ཞིག་གི་སེམས་ཅན་སྣོད་ཆག་པ་ལྟ་བུར་གྱུར་པ། སེམས་རྙོག་པ་དང་ལྡན་ཞིང༌། ལས་དང་ཉོན་མོངས་པས་བསྒྲིབས་པ་ཞིག་ཡོད་པར་གྱུར་ན་ཡང་དེར་ ༄༅། །ནི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བར་སྣང་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཉེས་ཏེ། དེ་བཞིན་ གཤེགས་པ་རྣམས་མྱ་ངན་ལས་འདའ་བའམ། གཅིག་ཏུ་མ་གྱུར་གྲང་ངོ༌། །སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟ་བུ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གྱི་རྒྱུད་ དགེ་བའི་རྩ་བ་དང་མི་ལྡན་པས་ཡོངས་སུ་མྱ་ངན་ལས་འདའི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པའི་ཕྱིར་ཞེས་ནི་མི་བརྗོད་དོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས། འོ་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བ་ཡང་དེ་ལྟ་བུར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་ཡོངས་སུ་མྱ་ངན་ལས་འདའ་བས་འདུལ་ བའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་འབྱུང་བ་ཡང་མེད། ཡོངས་སུ་མྱ་ངན་ལས་ འདའ་བ་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ཡང་འདི་ལྟ་སྟེ། དཔེར་ན། མེ་ནི་འཇིག་རྟེན་ཐམས་ཅད་ན་ཡང་མེའི་དགོས་པ་བསྒྲུབ་བོ། །དེ་ལ་གྲོང་ངམ། གྲོང་ཁྱེར་རམ། གྲོང་ རྡལ་ལམ། ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་ཤིག་ཏུ་མེ་ཤི་བར་གྱུར་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། དེས་འཇིག་རྟེན་ཐམས་ཅད་དུ་མེ་ཐམས་ ཅད་ལྷག་མ་མེད་པའམ། གཅིག་ཏུ་ཤི་སྟེ་ཞི་བར་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང༌། འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ མ་ལུས་པ་ཐམས་ཅད་ན། དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པ་ལས་དུས་གཞན་ཞིག་ན། དེ་བཞིན་གཤེགས་པའི་འཕྲིན་ལས་ཡོངས་སུ་རྫོགས་པར་གྲུབ་ནས། ཞིང་གི་ གྲངས་སུ་བྱ་བ་ལ་ལ་ཞིག་ནས། ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་གྱུར་ན། ཀྱེ་རྒྱལ་བའི་སྲས། དེ་ལ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང༌། དེ་བཞིན་གཤེགས་ པའམ་གཅིག་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྲང་ངོ༌། །སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས། འོ་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། ། ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་མཁན་པོ་མཁས་པ་ལོབས་པ་ཤིན་ཏུ་བྱང་བ་ཞིག་གིས། སྔགས་དང་རིག་སྔགས་ཀྱི་སྟོབས་དང་ཤུགས་ལ་བརྟེན་ཏེ། ༄༅། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྒྱུ་མའི་རྣམ་པ་མང་པོ་བསྟན་ཏེ། གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཕོ་ བྲང་འཁོར་དང༌། རྒྱལ་པོའི་གནས་ཐམས་ཅད་དུ་རང་གི་ལུས་བསྟན་ཏེ། སྒྱུ་མ་དེ་དག་ཀྱང་བསྐལ་པར་གནས་པར་བྱིན་གྱིས་བརླབས་པ་ལས་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་ སམ༑ ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་གཅིག་ཅིག་ཏུ་དགོས་པ་རྫོགས་པར་ཟིན་ནས། སྒྱུ་མའི་མཁན་པོ་དེས་རང་གི་ལུས་མི་སྣང་བར་བྱས་ན། ཀྱེ་རྒྱལ་བའི་ སྲས༑ དེ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང༌། སྒྱུ་མའི་རྣམ་པ་མང་པོ་ཡོངས་སུ་ནུབ་པའམ། གཅིག་ཏུ་མ་གྱུར་གྲང་ངོ༌། །བྱང་ཆུབ་སེམས་དཔའ་དེ་བཞིན་ གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་མ་ཚད་མེད་པ་ལ་ཤིན་ཏུ་བྱང་བ། ཐབས་དང༌། ཤེས་རབ་དང༌། ཡེ་ཤེས་ཀྱི་རིག་སྔགས་ཀྱིས་ཤིན་ཏུ་བྱུང་བ་ཡང་ཆོས་ ཀྱི་དབྱིངས་ཐམས་ཅད་དུ། དེ་བཞིན་གཤེགས་པའི་སྐུ་སྒྱུ་མའི་རྣམ་པ་ལྟ་བུ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་གནས་པ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པར་མི་འཇིགས་པ་ བསྟན་ལ། སེམས་ཅན་གྱི་མོས་པ་བཞིན་དུ་འཕྲིན་ལས་རྫོགས་པར་ཟིན་ནས། ཞིང་འབྱམས་ཀླས་པ་ལ་ལ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཀྱང༌། ཞིང་གཅིག་ནས་ ཡོངས་སུ་མྱ་ངན་ལས་འདས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས༑ དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་མི་གཡོ་བ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེ་ལ་ནི་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པའི་ ཚེ་སྙོམས་པར་འཇུག་གོ །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་བཞིན་གཤེགས་པའི་སྐུ་འབྱམས་ཀླས་པ་རེ་རེ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་ པ་འབྱུང་བར་འགྱུར་ཏེ། འོད་ཟེར་དེ་དག་རེ་རེའི་སྒོ་ནས་ཀྱང་པདྨོ་གྲངས་མེད་པ་འབྱུང་བར་འགྱུར་རོ། །པདྨོ་དེ་དག་རེ་རེ་ལས་ཀྱང་ཟེ་བ་བརྗོད་དུ་མེད་པ་འབྱུང་བར་འགྱུར་རོ། །ཟེ་བ་ དེ་དག་ཐམས་ཅད་ལ་ཡང་སེང་གེའི་ཁྲི་མང་པོ་འབྱུང་བར་འགྱུར་རོ། །སེང་གེའི་ཁྲི་མང་པོ་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་པ་ཡོངས་སུ་སྣང་ངོ༌། །ཀྱེ་ ༄༅། །རྒྱལ་བའི་སྲས། དེ་ལ་སེམས་ཅན་ཐམས་ཅད་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པའི་སྐུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ་ཀུན་ནས་བཞུགས་ཏེ། དེ་དག་ནི་སྔོན་གྱི་དམ་བཅས་པ་ཆེན་པོ་མཐར་དབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཅན་ དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་དེ་དག་མཐོང་ནས་རྣམ་པར་འདུལ་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང༌། འདི་ལྟ་སྟེ་། སེམས་ཅན་ཐམས་ཅད་གང་དང་གང་དུ་ཡོངས་སུ་སྨིན་པར་གྱུར་པའི་ཚུལ་བཞིན་དུ་གདུལ་བའི་དུས་ལས་མི་འདའ་བར་བྱ་བའི་ཕྱིར། ཕྱི་མའི་མཐའི་མུར་ཐུག་པར་བྱིན་ གྱིས་བརླབས་པ་དག་སྟེ། དེ་བཞིན་གཤེགས་པའི་སྐུ་དེ་དག་ནི་ཡུལ་ན་གནས་པ་ཡང་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན་ནོ། །ཡོད་པ་ཡང་མ་ཡིན། མེད་པ་ཡང་ མ་ཡིན་ནོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་ཆེན་པོའི་བྱིན་གྱི་རླབས་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྒྱུར་བྱས་ན། དེ་བཞིན་གཤེགས་ པའི་སྐུ་དེ་དག་ཀྱང་བརྗོད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཚད་མེད་པའི་རྗེས་སུ་སོང་བ། ཆགས་པ་མེད་པའི་མཐར་ཐུག་པ། ཆོས་ཀྱི་དབྱིངས་ལྟར་མཐའ་དང་དབུས་མེད་པ། ནམ་མཁའི་དབྱིངས་ཀྱི་རང་བཞིན་ཅན། དེ་བཞིན་ཉིད་ཀྱིས་མི་སྐྱེ་མི་འགག་པ་ཡང་དག་པའི་མཐའ་ལ་གནས་པ། དུས་བཞིན་དུ་རབ་ཏུ་སྟོན་པ། འགྲོ་བ་ཐམས་ཅད་དུ་རྒྱུན་མི་འཆད་ པ༑ སྔོན་གྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ། འགྲོ་བའི་ཞིང་ཐམས་ཅད་དང༌། ཆོས་ཀྱི་དབྱིངས་འབྱམས་ཀླས་པ་ཐམས་ཅད་ལས་མི་འདའ་བ་ཁོང་དུ་ཆུད་པར་ བྱའོ༑ ༑དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དོན་འདི་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཉི་ མའི་དཀྱིལ་འཁོར་ཆོས་དབྱིངས་ཚད་དང་མཉམ་པ་ནི། །སྣོད་དུ་གཟུགས་བརྙན་སྣང་སྟེ་ཆག་ལ་སྣང་བ་མིན། །དེ་ལྟར་མི་མཆོག་དབང་པོ་འཇིག་རྟེན་ཀུན་ཏུ་སྣང༌། །སེམས་ཅན་དད་ མེད་རྣམས་ཀྱིས་མྱ་ངན་འདས་པར་ཤེས། །མེ་ནི་འཇིག་རྟེན་ཀུན་ན་དགོས་པའི་དོན་སྒྲུབ་སྟེ། །ཤིང་དང་མི་ལྡན་དེ་དང་དེ་ནས་ཞི་བར་འགྱུར། །དེ་བཞིན་རྒྱལ་བའི་མེ་འབར་གཟི་ བརྗིད་ཆེ་མངའ་བ། །འདུལ་བ་མེད་པས་ཡོངས་སུ་མྱ་ངན་འདའ་བ་སྟོན། །སྒྱུ་མའི་མཁན་པོ་སྟོང་གསུམ་ཁམས་སུ་ལུས་སྟོན་པ། །དགོས་པའི་མཐར་ཕྱིན་བདག་གི་ལུས་ཀྱང་མི་ ༄༅། །སྣང་བྱེད། །ཞིང་རྣམས་གང་དུ་སངས་རྒྱས་འཕྲིན་ལས་རྫོགས་གྱུར་པ། །དེར་ནི་རྒྱལ་བ་མི་སྣང་འོན་ཀྱང་གུད་ན་སྣང༌། །རྒྱལ་བའི་ཏིང་འཛིན་མི་ གཡོ་ཐོབ་ཅེས་བྱ་བ་ཡོད། །རྒྱལ་བའི་འཕྲིན་ལས་རྫོགས་ནས་དེ་ལ་སྙོམས་པར་འཇུག །འབྱམས་ཀླས་སྐུ་རྣམས་གཅིག་ལས་ཚད་མེད་མཐའ་ཡས་པའི། །འོད་ཟེར་པདྨོ་སངས་ རྒྱས་སྐད་ཅིག་གཅིག་གིས་འབྱུང༌། །རྒྱལ་བ་དེ་དག་ཆོས་དབྱིངས་ཀུན་ཏུ་རྒྱས་འགེངས་པ། །སེམས་ཅན་བསོད་ནམས་བྱས་པས་སངས་རྒྱས་དེ་མཐོང་སྟེ། །རྒྱལ་བའི་སྐུ་མདོག་ དེ་དག་ཆོས་ཀྱི་དབྱིངས་མཉམ་པར། །སྐུ་ཚེ་བྱིན་གྱིས་བརླབས་པས་ཡན་ལག་ཀུན་དང་ལྡན། །ཇི་ལྟར་སངས་རྒྱས་མ་སྐྱེས་སྐྱེས་པར་བརྗོད་གྱུར་པ། །དེ་བཞིན་ཞིག་པ་མེད་ཀྱང་ མྱ་ངན་འདས་ཞེས་བརྗོད། །དཔེ་དང་དབྱངས་དང་ཚིག་གི་ལམ་རྣམས་ཀུན་གྱིས་དབེན། །དོན་གྲུབ་སངས་རྒྱས་ལྷ་ཡི་དམ་པ་མཚུངས་པ་མེད། །དེ་སྐད་ཅེས་སྨྲས་པ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་ སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བ་དང༌། ཐོས་པ་དང༌། དེ་དག་དང་འགྲོགས་ པའི་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟ་བུར་ཁོང་དུ་ཆུད་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པའི་སྲས། དེ་ལ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བ་དང་ཐོས་པ་དང༌། དེ་དག་དང་འགྲོགས་པའི་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་ནི་།བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མི་ཟད་པ་མངོན་པར་བསྒྲུབ་པའི་བློས་དོན་ཡོད་པ་དང༌། བགེགས་མེད་པ་དང༌། ཤིན་ཏུ་མཐར་ཐུག་པར་འགྲུབ་པ་དང༌། མི་སླུ་བ་ དང༑ བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། འདུས་བྱས་ཐམས་ཅད་ལ་སྤྱོད་པའི་རྒྱུད་མི་ཟད་པ་དང༌། འདུས་མ་བྱས་ཀྱི་ཡེ་ཤེས་འཐོབ་པར་འགྱུར་བ་དང༌། དེ་ བཞིན་གཤེགས་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་དང༌། ཕྱི་མའི་མཐའི་མུ་མཐའ་ཡས་པའི་མཐར་ཐུག་པར་འགྱུར་བ་དང༌། རང་འབྱུང་གི་ས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ འཐོབ་པར་འགྱུར་བར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་རྡོ་རྗེའི་ཁམས་ཤིག་ཟོས་པར་གྱུར་ན། དེ་ནི་ཅི་ཙམ་དུ་ཆུང་ངུ་ཟིན་ ༄༅། །ཀྱང༌། རྡོ་རྗེའི་ཁམས་དེ་ཞུ་བར་མི་ནུས་ཏེ། དེ་ནི་གདོན་མི་ཟ་བར་གནས་ཐམས་ཅད་ལས་འདས་ནས། འོག་གི་ཕྱོགས་སུ་འབྱུང་བར་འགྱུར་རོ། །ཀྱེ་རྒྱལ་ བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྡོ་རྗེའི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་ནི་ཇི་ཙམ་དུ་ ཆུང་ངུ་ཟིན་ཀྱང༌། འདུས་བྱས་ལ་སྤྱོད་པའི་ཉོན་མོངས་པའི་གནས་ཐམས་ཅད་ལས་མངོན་པར་འདས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་པའི་མཐར་ཐུག་པར་ འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བའི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་ འདི་ལྟ་སྟེ། དཔེར་ན། རྩྭ་དང་ལོ་མའི་ཕུང་པོ་ནི་རི་རབ་ཙམ་ཞིག་ཡོད་དུ་ཟིན་ཀྱང༌། དེར་མེ་མདག་ཡུངས་ཀར་གྱི་འབྲུ་ཙམ་གཅིག་བཅུག་ན། རྩྭ་དང་ལོ་མའི་ཕུང་པོ་དེ་ནི་གདོན་ མི་ཟ་བར་ཚིག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་མེའི་མཚན་ཉིད་སྲེག་པ་ལ་སྟ་གོན་དུ་གནས་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་གཤེགས་པ་ ལ་བསྐྱེད་པའི་དགེ་བའི་རྩ་བའི་མེ་མདག་ཀྱང་ཇི་ཙམ་དུ་ཆུང་ངུ་ཟིན་ཀྱང༌། ཉོན་མོངས་པ་ཐམས་ཅད་ཀྱི་རྩྭ་དང༌། ལོ་མའི་ཕུང་པོ་མ་ལུས་པར་བསྲེགས་ནས། སངས་རྒྱས་ཀྱི་ མཐར་ཕྱིན་གྱི་བར་དུ་འགྲུབ་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་ནི། ཤིན་ཏུ་ཐུག་པའི་མཐར་ཕྱིན་པའི་ཕྱིར་ རོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་ཁ་བ་ཅན་ལ་སྨན་གྱི་རྒྱལ་པོ་ཆེན་པོ་བལྟ་ན་ལེགས་པ་ཞེས་བྱ་བ་ཡོད་དེ། སྨན་གྱི་རྒྱལ་པོ་དེ་སེམས་ཅན་ གང་གིས་མཐོང་བར་གྱུར་པ་དེ་དག་གི་མིག་རྣམ་པར་དག་པར་འགྱུར་རོ། །སྨན་གྱི་རྒྱལ་པོ་དེ་ལ་རླུང་གིས་བཏབ་པའི་སྒྲ་གང་གིས་ཐོས་པ་དེ་དག་གི་རྣ་བ་རྣམ་པར་དག་པར་ འགྱུར་རོ། །གང་གིས་དྲི་ཚོར་བ་དེ་དག་གི་སྣ་རྣམ་པར་དག་པར་འགྱུར་རོ། །གང་གིས་མྱངས་པ་དེ་དག་གི་ལྕེ་རྣམ་པར་དག་པར་འགྱུར་རོ། །གང་གིས་རེག་པ་དེ་དག་གི་ལུས་ རྣམ་པར་དག་པར་འགྱུར་རོ། །གང་གིས་དེ་འཁོར་གྱི་སུ་ཕྱོགས་སུ་ཕྱིན་པ་དེ་དག་གི་ནད་ཀྱང་ཡོངས་སུ་ཞི་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང༌། སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཉེ་བར་འཚོ་ བ་ཡིན་ཏེ། སེམས་ཅན་གང་གིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་བར་གྱུར་པ་དེ་དག་ལ་མཐོང་བའི་དགེ་བའི་རྩ་བ་དེ་ནི་ལྷའི་མིག་ཡོངས་སུ་དག་པའི་རྒྱུར་ ༄༅། །འགྱུར་རོ། །སེམས་ཅན་གང་གིས་དེ་བཞིན་གཤེགས་པའི་མཚན་ཐོས་པ་དེ་དག་ལ། རྣ་བ་ཡོངས་སུ་དག་པའི་རྒྱུར་འགྱུར་རོ། །སེམས་ཅན་ གང་གིས། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཚོར་བ་དེ་དག་ལ། ལྷའི་སྣ་ཡོངས་སུ་དག་པའི་རྒྱུར་འགྱུར་རོ། །སེམས་ཅན་གང་གིས། དེ་བཞིན་གཤེགས་པའི་ ཆོས་ཀྱི་རོ་མྱོང་བ་དེ་དག་ལ། ཚིག་གི་ཚུལ་ཐམས་ཅད་ཤེས་པའི་ལྕེའི་དབང་པོ་ཡངས་པ་རྣམ་པར་དག་པའི་རྒྱུར་འགྱུར་རོ། །སེམས་ཅན་གང་ལ་དེ་བཞིན་གཤེགས་ པའི་འོད་ཀྱིས་ཕོག་པར་གྱུར་པ་དེ་དག་ལ། ཆོས་ཀྱི་སྐུ་ཤིན་ཏུ་ཆེ་བ་ཡོངས་སུ་དག་པའི་རྒྱུར་འགྱུར་རོ། །སེམས་ཅན་གང་གིས། དེ་བཞིན་གཤེགས་པ་རྗེས་སུ་དྲན་ པ་དེ་དག་ལ། དེ་བཞིན་གཤེགས་པ་དྲན་པ་རྩེ་གཅིག་ཡོངས་སུ་དག་པས། ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་བའི་རྒྱུར་འགྱུར་རོ། །སེམས་ཅན་གང་ གིས༑ དེ་བཞིན་གཤེགས་པ་བཞུགས་བཞུགས་པའི་ས་ཕྱོགས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་ན། དེ་དག་གི་དགེ་བའི་རྩ་བ་དེ་ ཡང་ཉོན་མོངས་པའི་ནད་ཐམས་ཅད་ཞི་ཞིང༌། འཕགས་པའི་བདེ་བ་འཐོབ་པའི་རྒྱུར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ཁྱོད་ཀྱིས་ཡིད་ཆེས་པ་དང༌། ཁོང་དུ་ཆུད་པར་ བྱ་ན༑ སེམས་ཅན་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་མཐོང་ངམ། ཐོས་ཀྱང་ལས་ཀྱི་སྒྲིབ་པས་ཀུན་ནས་འཁོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ནའང་ དེ་དག་གི་མཐོང་བའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་དོན་ཡོད་དོ། །ཞེས་བདག་སྨྲའོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་མཐོང་བ་ དང༌། ཐོས་པ་དང༌། དེ་དག་དང་འགྲོགས་པའི་དགེ་བའི་རྩ་བ་སྐྱེ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མི་དགེ་བའི་ཆོས་ཐམས་ཅད་སྤང་བ་དང༌། དགེ་ བའི་ཆོས་ཐམས་ཅད་མངོན་དུ་བྱ་ཞིང༌། ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་དཔེ་རྣམ་པར་དགོད་པ་ཐམས་ ཅད་ཀྱིས། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དུ་ཤེས་པར་མི་རུང་སྟེ། ཅིས་ཀྱང་དཔེར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་ གཤེགས་པ་རྣམས་ནི་སེམས་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་པས་བསམ་གྱིས་མི་ཁྱབ་པ་སྟེ། འོན་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་ཆིམ་[*TSIM?] པར་བྱ་བའི་ ཕྱིར༑ བདེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་དཔེས་སྟོན་པ་མངོན་པར་གནང་བར་མཛད་ཀྱི། དེ་ལྷུར་བླང་བའི་ཕྱིར་ནི་མ་ཡིན་ནོ། །ཀྱེ་རྒྱལ་ ༄༅། །བའི་སྲས། ཆོས་ཀྱི་རྣམ་གྲངས་རྣམ་པ་འདི་ལྟ་བུ་དག་ནི་དེ་བཞིན་གཤེགས་པའི་གསང་བའི་གནས་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱིས་ ཤེས་པར་དཀའ་བ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་དང་ལྡན་པ་ཞེས་བྱའོ། །ཡེ་ཤེས་ཀྱི་མཐུ་ཆེན་པོ་བརྗོད་པ་ཞེས་བྱའོ། །དེ་བཞིན་གཤེགས་ པའི་རིགས་སྟོན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་སྒྲུབ་པ་ཞེས་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱའོ། །ཤིན་ ཏུ་ངེས་པར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་རྗེས་སུ་སོང་བ་ཞེས་བྱའོ། །སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱའོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པའི་རྩ་བ་ཞེས་བྱའོ། །ཤིན་ཏུ་མཐར་ཐུག་པའི་མུར་ཕྱིན་པ་ཞེས་བྱ་བའི་བར་དུ་སྟེ། ཀྱེ་རྒྱལ་བའི་སྲས། ཆོས་ ཀྱི་རྣམ་གྲངས་རྣམ་པ་འདི་ལྟ་བུ་དག་ནི། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསམ་གྱིས་མི་ཁྱབ་པའི་ཐེག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་གཞན་གྱི་དོན་དུ་དེ་བཞིན་གཤེགས་པ་སྟོན་པ་མི་མཛད་དོ། །ཆོས་ཀྱི་རྣམ་གྲངས་རྣམ་པ་འདི་ལྟ་བུ་དག་ནི་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་སེམས་ཅན་གཞན་གྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་གང་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་བརྗོད་པའི་རིན་པོ་ཆེ་གང་ཡང་རུང་སྟེ། རིན་པོ་ཆེ་དེ་དག་ནི་འཁོར་ལོས་བསྒྱུར་ བའི་རྒྱལ་པོ་དེའི་བུ་ཐུ་བོ་གཞོན་ནུ་བཙུན་མོ་དམ་པ་ལས་བྱུང་བ། འཁོར་ལོས་བསྒྱུར་བའི་མཚན་དང་ལྡན་པ་མ་གཏོགས་པར་སེམས་ཅན་གཞན་གྱི་ལག་ཏུ་ཕྱིན་ པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་འཁོར་ལོས་བསྒྱུར་བའི་མཚན་དང་ལྡན་པ་དེ་ལྟ་བུ་མེད་ན་ནི། འཁོར་ལོས་བསྒྱུར་ བའི་རྒྱལ་པོ་དུས་བྱས་ནས་ཞག་བདུན་ལོན་པ་དང༌། ནོར་བུ་རིན་པོ་ཆེ་དེ་དག་མ་ལུས་པར་ནུབ་པར་འགྱུར་ཏེ། མི་འཁོད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་མདོ་ སྡེ་རིན་པོ་ཆེ་རྣམ་པ་འདི་ལྟ་བུ་འདི་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོ། དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ། དེ་བཞིན་གཤེགས་ པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་མ་གཏོགས་པར་སེམས་ཅན་གཞན་གྱི་ལག་ཏུ་ཕྱིན་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། སྐྱེས་བུ་དམ་པ་དེ་ལྟ་བུ་ ༄༅། །དག་མེད་དུ་ཟིན་ན་ནི། རིང་པོ་མི་ཐོགས་པར་མདོ་སྡེ་རྣམ་པ་འདི་ལྟ་བུ། དེ་བཞིན་གཤེགས་པའི་གསང་བ་ཆེན་པོ་ཆོས་ཀྱི་རྣམ་ གྲངས། དེ་བཞིན་གཤེགས་པའི་ཚུལ་རྒྱུན་མི་འཆད་པར་བྱེད་པ་རྣམས་ཀྱང༌། ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུར་ཏེ་མི་འཁོད་དོ། །དེ་ཅིའི་ཕྱིར་ཞེ་ ན༑ ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ནི་ཆོས་ཀྱི་རྣམ་གྲངས་རྣམ་པ་འདི་ལྟ་བུ་དག་མཉན་པའི་མཐུ་ཡང་མེད་ན་གཟུང་བའམ་བཅང་བའམ། བཀླག་ པའམ། བསྟན་པའམ། བྲི་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་ཡིན་ནོ། །གཞན་དུ་ན་ཆོས་ཀྱི་རྣམ་གྲངས་རྣམ་པ་འདི་ལྟ་བུ་དག་ནི་སྐྱེས་བུ་དམ་པ་དེ་དག་ ཉིད་ཀྱི་ལག་ཏུ་ཕྱིན་པའམ། གླེགས་བམ་དུ་བྱས་པའམ། ཡིད་ལ་ཡོད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་དག་ཐོས་ནས། བསམ་པ་ཐག་པས་རིམ་གྲོ་དང༌། བཀུར་སྟི་དང༌། རྗེ་སར་བྱས་ཏེ། སྤྱི་བོ་ལ་བླང་བར་བྱའོ། ། རབ་ཏུ་དགའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། གནས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀོན་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བསྐལ་པ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་མང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པ་ལ་མངོན་པར་བརྩོན་པར་བྱས་ཀྱང༌། དེ་བཞིན་གཤེགས་པའི་ཆེ་བ་ཉིད་བསམ་གྱིས་མི་ཁྱབ་འདི་མ་ཐོས་སམ། ཐོས་ནས་ཀྱང་ཡིད་མི་ཆེས་ཤིང་དད་པ་མེད་དེ། མི་འཇུག། ཁོང་དུ་ཆུད་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་ཡང་དག་པར་བྱུང་བ་མ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང༌། དེ་བཞིན་གཤེགས་ པའི་རིགས་སུ་བྱུང་བར་བཤད་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེ་བ་ཉིད་ བསམ་གྱིས་མི་ཁྱབ་པ། ཚད་མེད་པ། ཆགས་པ་མེད་པ། བསྒྲིབ་པ་མེད་པ་འདི་ཐོས་ནས་ཡིད་ཆེས་ཤིང་དད་དེ། འཇུག་པ་དང༌། ཁོང་དུ་ཆུད་པར་བྱེད་པ་དེའི་ཚེ་ བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་ཡིན། དེ་བཞིན་གཤེགས་པའི་ཡུལ་གྱི་རྗེས་སུ་སོང་བ་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ༄༅། །ཐམས་ཅད་ཀྱི་མཉམ་པ་ཉིད་དུ་ཤིན་ཏུ་གྲུབ་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་རབ་ཏུ་གནས་པ་ཡིན། འཇིག་རྟེན་གྱི་ཆོས་ ཐམས་ཅད་དང་ཤིན་ཏུ་བྲལ་བ་ཡིན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཤིན་ཏུ་བྱུང་བ་ཡིན། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་ པར་ཁོང་དུ་ཆུད་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་རྣམ་པར་རོལ་པ་ལ་ཐེ་ཚོམ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་ དཔའི་དབང་རང་འབྱུང་གི་ཆོས་ཉིད་ལ་གནས་པས་ཀྱང༌། དེ་བཞིན་གཤེགས་པ་ཡུལ་ཆགས་པ་མེད་པ་ལ་འཇུག་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔས་ཆོས་འདི་དག་ཐོས་ནས་བློ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང༌། སེམས་ཀྱི་བསམ་པའི་སྟོབས་དང་ཤུགས་ཚད་མེད་པའི་རྗེས་སུ་སོང་བ་དང༌། ལྷག་ པའི་བསམ་པས་འཇུག་པ་རྟོགས་པ་དང༌། རྣམ་པར་རྟོག་པ་ཡོངས་སུ་སྤངས་པ་དང༌། ཡིད་ལ་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར་པ་ དང༑ དྲན་པའི་དབང་ནམ་མཁའི་དབྱིངས་མཉམ་པ་ཉིད་ཀྱིས་རྣམ་པར་བསྒོམས་པ་དང༌། བྱང་ཆུབ་སེམས་དཔའི་བློ་གྲོས་ཀྱི་ལས་ཆོས་ཀྱི་དབྱིངས་མཐའ་དང་དབུས་ མེད་པར་རྣམ་པར་དཔྱད་པ་དང༌། རང་བྱུང་གི་ཡེ་ཤེས་འབྱམས་ཀླས་པ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས་མངོན་པར་ཤེས་པར་བྱ་བ་དང༌། སེམས་བསྐྱེད་ པ་འཇིག་རྟེན་ཐམས་ཅད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བསམ་པ་ལ་འཇུག་པ་འབྱམས་ཀླས་པ། ཕྱོགས་ཀྱི་དྲ་བ་ཐམས་ཅད་དུ་ རྒྱས་པར་འགེངས་པ་དང༌། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ ཏུ་གྱུར་པས་ཆོས་འདི་རྣམས་ལ་འཇུག་པ་མེད་པར་ཁོང་དུ་ཆུད་པའི་ཚུལ་གྱིས་འཇུག་པར་བྱ་སྟེ། དེས་ནི་ཆོས་གང་ལ་ཡང་གཅིག་ཏུ་དམིགས་པས་ཡིད་ལ་བྱ་བར་མི་ བྱའི༑ ཀྱེ་རྒྱལ་བའི་སྲས། ཆོས་གཅིག་ལ་ཆོས་ཐམས་ཅད་ཚད་མེད་པའི་ཚུལ་དུ་ཡིད་ལ་བྱའོ། །ཀྱེ་རྒྱལ་བའི་སྲས། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་ དཔས་ནི་ལས་གྲོན་ཆུང་ངུར་རང་བྱུང་གི་ཡེ་ཤེས་དང༌། མངའ་བསྒྱུར་བ་འཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་ པོས་དོན་དེ་ཉིད་ཡང་བརྟག་པར་བྱ་བའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང༌། །ཚད་མེད་པ་ཡི་ ༄༅། །བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་གྱུར་ཏུ། །འདུས་བྱས་འདི་ནང་བར་མ་དོར་ ནི་ཟད་མི་འགྱུར། །སྐྱེས་བུ་ལ་ལས་རྡོ་རྗེ་ཟོས་གྱུར་དེ་ལ་ནི། །ཞུ་བར་མི་འགྱུར་གདོན་མི་ཟ་བར་ཕྱིར་བྱུང་འགྱུར། །དེ་བཞིན་སྟོབས་བཅུ་རྣམས་ལ་མཆོད་བྱས་བསོད་ ནམས་ཀྱི། །ཡེ་ཤེས་རྡོ་རྗེས་ཉོན་མོངས་མ་ལུས་བཅོམ་པར་འགྱུར། །རྩྭ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང༌། །མེ་མདག་ཡུངས་འབྲུ་ཙམ་ཀྱིས་དེ་ནི་ ཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་མཆོད་པ་ཅུང་ཟད་ཅི་བྱས་ཀྱང༌། །ཉོན་མོངས་ཐམས་ཅད་འཚིག་བྱེད་མྱ་ངན་འདས་རྒྱུར་འགྱུར། །རི་བོ་ཁ་བ་ཅན་ལ་ མཐོང་ལེགས་སྨན་ཡོད་དེ། །མཐོང་ཞིང་རེག་པས་ནད་རྣམས་ཐམས་ཅད་ཞི་བར་བྱེད། །དེ་བཞིན་སྟོབས་བཅུ་རྣམས་ནི་མཐོང་ངམ་ཐོས་ཀྱང་རུང༌། །ཡོན་ཏན་ཀུན་ ལྡན་སངས་རྒྱས་ཡེ་ཤེས་འཐོབ་པར་འགྱུར། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས། ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་ པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་དང༌། ལྟས་ཆེན་པོ་བཅོ་བརྒྱད་དུ་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ ཏོ༑ ༑རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ །རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ །འདི་ལྟ་སྟེ། ཤར་ཕྱོགས་དམའ་བར་གྱུར་ན། ནུབ་ཕྱོགས་མཐོ་བར་གྱུར་ཏོ། །ནུབ་ ཕྱོགས་དམའ་བར་འགྱུར་ན། ཤར་ཕྱོགས་མཐོ་བར་གྱུར་ཏོ། །ལྷོ་ཕྱོགས་དམའ་བར་གྱུར་ན། བྱང་ཕྱོགས་མཐོ་བར་གྱུར་ཏོ། །བྱང་ཕྱོགས་དམའ་བར་གྱུར་ན། ལྷོ་ ཕྱོགས་མཐོ་བར་གྱུར་ཏོ། །དབུས་དམའ་བར་གྱུར་ན་མཐའ་མཐོ་བར་གྱུར་ཏོ། །མཐའ་དམའ་བར་གྱུར་ན་དབུས་མཐོ་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་མཐུས་ལྷ་རྫས་ ལས་འདས་པའི་མེ་ཏོག་གི་སྤྲིན་དང༌། ན་བཟའི་སྤྲིན་དང༌། གདུགས་ཀྱི་སྤྲིན་དང༌། རྒྱལ་མཚན་གྱི་སྤྲིན་དང༌། བ་དན་གྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ ལས་འདས་པའི་སྤོས་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་ཕྲེང་བ་དང༌། བྱུག་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་ པའི་རྒྱན་དང༌། ལྷབ་ལྷུབ་ཀྱི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་ནོར་བུ་རིན་པོ་ཆེ་འོད་ཆེན་པོ་ལྡན་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་ ༄༅། །རྫས་ལས་འདས་པའི་བྱང་ཆུབ་སེམས་དཔའི་ལེགས་སོ་ཞེས་བརྗོད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །ལྷ་རྫས་ལས་འདས་པའི་བྱང་ཆུབ་ སེམས་དཔའི་ལུས་བརྗོད་དུ་མེད་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། །འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་དག་པར་མངོན་པར་འཚང་རྒྱ་བའི་ སྤྲིན་གྱི་ཆར་མངོན་པར་བབ་བོ། །དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རྒྱས་པར་འགེངས་པའི་སྤྲིན་གྱི་ཆར་མངོན་པར་བབ་བོ། ། གླིང་བཞི་བའི་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པའི་བྱང་ཆུབ་ཐུགས་སུ་ཆུད་པའི་ཆོས་ཀྱི་བྱིན་གྱི་རླབས་ཀྱིས་། བྱང་ཆུབ་སེམས་དཔའ་དགའ་ བར་གྱུར་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུའང༌། ཕྱོགས་བཅུ་རྒྱས་པ་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། །ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བརྒྱད་ཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་དག་ནས་ཀྱང༌། དེ་བཞིན་གཤེགས་ པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ། བརྒྱད་ཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཚན་ཀུན་ཏུ་བཟང་པོར་མཐུན་པ་ཤ་སྟག་གིས་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཞལ་མངོན་པར་བསྟན་ཏེ། འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་མཐུ་བསམ་གྱིས་ མི་ཁྱབ་པའི་ཚུལ་མང་པོ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང༌། ཆོས་ཉིད་རྗེས་སུ་བསྙེགས་པས་བསྟན་པ་ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་བའི་སྲས། དེ་ བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བརྒྱད་ཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་མཐུན་པ་ཤ་སྟག་ཆོས་ བསྟན་པ་འདི་ལ་ལེགས་པར་བརྗོད་པ་མཛད་དོ། །ངེད་ཀྱིས་ཀྱང་དེ་སྐད་དུ་བརྗོད་པ་ཡིན་ནོ། །ངེད་ཀྱིས་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱིས་ ཀྱང་བརྗོད་དོ། །ཆོས་བསྟན་པ་འདི་ཤིན་ཏུ་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་གྱུར་ཏེ། དེ་དག་ཀྱང་ངེད་ཀྱིས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཚེ་གཅིག་གིས་ཐོགས་པར་ལུང་བསྟན་ཏོ། །སེམས་ཅན་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ ༄༅། །བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཀྱང་མ་འོངས་པའི་དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས། སངས་རྒྱས་ཀྱི་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཏུ་འགྱུར་བར་ངེད་ཀྱིས་ལུང་བསྟན་ ཏོ༑ ༑ཆོས་བསྟན་པ་འདི་ཡང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཐོས་པའི་ཆོས་ཐོས་པར་བྱ་བའི་ཕྱིར་ངེད་ཀྱིས་བྱིན་གྱིས་བརླབས་སོ། །གླིང་བཞི་ པའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་རྣམས་ཀྱིས་ཇི་ལྟར་ཤེས་པར་གྱུར་ཅིང་དུལ་བར་གྱུར་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་ཚད་མེད། གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། མཐའ་ཡས་པ། མུ་མེད་པ། ས་མཚམས་མེད་པ། དཔག་ཏུ་མེད་པ། བརྗོད་དུ་ མེད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱིས་མཐས་གཏུགས་པ་ཐམས་ཅད་མ་ལུས་པ་དག་ཏུ་ཡང་སེམས་ཅན་རྣམས་རྣམ་པར་དུལ་བར་གྱུར་ཏོ། ། སངས་རྒྱས་ཀྱི་མཐུ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང༌། ཆོས་ཉིད་རབ་ཏུ་ཐོབ་པ་དང༌། དགེ་ བའི་རྩ་བའི་མཐུ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཉམས་པ་མེད་པ་ལས་མི་འགྱུར་བ་དང༌། སངས་རྒྱས་ཀྱི་སྐུ་འཐོབ་པ་ལས་གཞན་དུ་མི་འགྱུར་བ་དང༌། དུས་ལ་ ཇི་ལྟར་བབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བ་དང༌། སྔོན་མངོན་པར་བསྒྲུབས་པ་ཆུད་མ་ཟོས་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་ པ་དང༌། མཐུ་ཤིན་ཏུ་ཡངས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མངའ་བསྒྱུར་བ་ཡང་དག་པར་བསྟན་པའི་མཐུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་ཤིང༌། བྱང་ཆུབ་སེམས་དཔའ་རྒྱན་ཆེན་པོ་རབ་ཏུ་བསྟན་པ་དང༌། འོད་ཟེར་གྱི་ དྲ་བ་ཆེན་པོ་རབ་ཏུ་དགྱེ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྐྱོད་པ་དང༌། བདུད་ཀྱི་ཁྱིམ་ཐམས་ཅད་རབ་ཏུ་གཞིག་པ་དང༌། ངན་སོང་གི་ཡུལ་ཐམས་ཅད་རབ་ཏུ་ཞི་ བར་བྱ་བ་དང༌། དེ་བཞིན་གཤེགས་པའི་ཆེ་བ་ཉིད་རབ་ཏུ་བརྗོད་པ་དང༌། ཆོས་ཡང་དག་པར་འགྲོ་བ་རྣམ་པ་ཐ་དད་པ་ཚད་མེད་པས་དེ་བཞིན་གཤེགས་པའི་ལེགས་པ་བརྗོད་པ་དང༌། རྣམ་པ་ ༄༅། །ཐམས་ཅད་དུ་ཆོས་ཀྱི་ཆར་ཚད་མེད་པ་དབབ་པའི་སྤྲིན་གྱི་ཆར་མངོན་པར་དབབ་པ་དང༌། ལུས་རྣམ་པ་ཐ་དད་པ་ཚད་མེད་པ་རབ་ཏུ་བསྟན་པ་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཆེན་པོ་རང་རང་གི་རྒྱུད་ཀྱི་སྣོད་ཚད་མེད་པས་ཡང་དག་པར་གཟུང་བ་བྱེད་ཅིང་འོངས་པར་གྱུར་ཏོ། །དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་འདི་ སྐད་དུ་བརྗོད་དེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་མི་འཕྲོགས་ཤིང༌། བསམ་གྱིས་མི་ཁྱབ་པ་འདི་བརྗོད་པ་ལེགས་སོ། །ལེགས་སོ། །ཀྱེ་རྒྱལ་ བའི་སྲས། བདག་ཅག་ཀྱང་ཐམས་ཅད་ཀུན་ཏུ་བཟང་པོ་ཞེས་བྱ་བར་མིང་མཐུན་པ་ཤ་སྟག་སྟེ། དེ་བཞིན་གཤེགས་པའི་མཚན་ཀུན་ཏུ་གྲགས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་ དག་གི་དྲུང་ནས་འཇིག་རྟེན་གྱི་ཁམས་ཀྱི་མིང་ཀུན་ཏུ་སྣང་བའི་འོད་ཅེས་བྱ་བ་དག་ནས་འདིར་ཕྱིན་ཏེ། ཐམས་ཅད་དུའང་སངས་རྒྱས་ཀྱི་མཐུ་དང༌། དེ་བཞིན་གཤེགས་པའི་ ཆོས་ཉིད་རབ་ཏུ་ཐོབ་པས་ཆོས་བསྟན་པ་འདི་ཉིད་བྱུང་བར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བདག་ཅག་ཀྱང་དབང་དུ་གྱུར་པ་ཤ་སྟག་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་ འདིར་ཕྱིན་ཏེ། ཇི་ལྟར་བདག་ཅག་འཁོར་འདིར་ཕྱིན་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐའ་གཏུགས་པ། ཐམས་ ཅད་ཀྱི་གླིང་བཞི་པ་ཐམས་ཅད་དུ་ཡབ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་མཐུས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱིན་པར་གྱུར་ཏེ། ཐམས་ཅད་ནའང་དེ་བཞིན་གཤེགས་པའི་མངའ་མི་འཕྲོགས་པའི་ཆོས་འདི་ཉིད་ཚིག་འདི་དག་ཉིད་དང༌། ཡི་གེ་འདི་དག་ཉིད་ དང༌། ངེས་པའི་ཚིག་མངོན་པར་བསྒྲུབ་པ་འདི་དག་ཉིད་ཀྱིས་དོན་འདི་ཉིད་བརྗོད་དེ་ལྷག་ཆད་མེད་པར་བརྗོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ བཟང་པོས། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་རྣམ་པར་བལྟས་ནས། དེ་བཞིན་གཤེགས་པའི་རིགས་བརྗོད་ཅིང༌། སངས་རྒྱས་ཀྱི་ཆེ་བ་ཉིད་སྨོས་པ་དང༌། དེ་བཞིན་ གཤེགས་པའི་ཆོས་ཉིད་མི་འཕྲོགས་པ་ཡོངས་སུ་བརྗོད་པ་དང༌། སྔོན་གྱི་དགེ་བའི་རྩ་བ་ཚད་མེད་ཅིང་ཡངས་པ་དོན་ཡོད་པར་བརྗོད་པ་དང༌། རྣམ་པའི་མཆོག་ཐམས་ཅད་དང་ ལྡན་པའི་སངས་རྒྱས་སྐྱེ་བ་སྨོས་པ་དང༌། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་རབ་ཏུ་བརྟག་པ་དང༌། འགྲོ་བ་ཐམས་ཅད་ལ་དུས་ལ་ཇི་ལྟར་འབབ་པ་བཞིན་དུ་ཆོས་ བསྟན་པ་རྣམ་པར་དགོད་པ་ཡོངས་སུ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་སྣང་བ་མཐའ་དང་དབུས་མེད་པ་ཡང་དག་པར་བསྐྱེད་པ་དང༌། དེ་བཞིན་ ༄༅། །གཤེགས་པའི་སྤྲུལ་པ་དང༌། བྱིན་གྱི་རླབས་རྣམ་པར་དགོད་པ་ཆེན་པོ་རབ་ཏུ་བསྟན་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང་རང་བཞིན་གཅིག་ པའི་ལུས་མི་འཁྲུགས་པར་བྱ་བ་བྱེད་ཅིང་སྔོན་གྱི་སྤྱོད་པའི་སྟོབས་དང༌། ཤུགས་ཀྱིས་མངོན་པར་བསྒྲུབས་ཏེ། རང་གི་རྒྱུད་ཀྱི་མཐུས་ཡང་དག་པར་བླངས་པའི་སངས་རྒྱས་ ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དཔེ་རྣམས་ཇི་སྙེད་འཇིག་རྟེན་ཀུན་ན་གང་ཡོད་པ། །དེ་དག་ཐམས་ཅད་སངས་རྒྱས་སྤྱོད་ལམ་འདི་དང་བྲལ།། འོན་ཀྱང་འགྲོ་ལ་ཕན་ཕྱིར་སེམས་ཅན་བསྟན་པའི་ཕྱིར། །དཔེ་མེད་རྣམས་ལ་དོན་གྱི་ཚུལ་གྱི་དཔེ་ཡང་བླངས། །བདེ་གཤེགས་གསང་བ་འདི་དག་ཐ་མལ་དམན་མི་ཐོས། ། བསྐལ་པ་བརྒྱ་ཕྲག་སྟོང་དུ་དེ་ཡི་སྒྲ་དཀོན་ནོ། །གང་རྣམས་བརྩོན་འགྲུས་བློ་ལྡན་ཤིན་ཏུ་དུལ་གྱུར་པ། །དེ་འདྲའི་སྐྱེས་བུས་སངས་རྒྱས་གསང་བ་འདི་འདྲ་ཐོས། །གང་གིས་འདི་ ཐོས་གྱུར་ནས་རབ་ཏུ་དགར་འགྱུར་བ། །དེས་ནི་སྔོན་ཆད་སངས་རྒྱས་བརྒྱ་སྟོང་བཀུར་ཅིང་མཆོད། །བདེ་གཤེགས་རྣམས་ཀྱིས་བྱིན་རླབས་རྒྱལ་བས་ཡོངས་སུ་གཟུང༌། །ལྷ་དང་མིས་བསྟོད་ མཁས་པས་རིམ་གྲོར་བྱ་བ་ཡིན། །འདི་ནི་བདེ་གཤེགས་འཇིག་རྟེན་འདས་པ་ཀུན་གྱི་དཀོར། །རྒྱལ་བ་སེམས་ཅན་སྒྲོལ་བ་ཀུན་ཀྱང་འདི་ལས་འབྱུང༌། །འདི་ནི་དཀར་པོའི་ལམ་མང་ ཀུན་གྱི་མཐའ་ཡས་རིགས། །དེ་ཕྱིར་བག་ཡོད་གྱིས་ཏེ་འདི་ནི་གཟུང་བར་གྱིས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་གནང་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་ཡིད་དགའ་སྟེ། བྱང་ཆུབ་སེམས་ དཔའི་འཁོར་དེ་དག་ཐམས་ཅད་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་དང༌། དབང་ཕྱུག་ ཆེན་པོ་དང༌། གཙང་མའི་གནས་ཀྱི་འཁོར་དུ་བཅས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བཤད་པ་ལ་མངོན་པར་དགའོ། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ།། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་ལེའུ་སྟེ། བཞི་བཅུ་རྩ་གསུམ་མོ།། །།བམ་པོ་བདུན་ཅུ་ལྔ་པ། བཅོམ་ལྡན་འདས་ཤིན་ཏུ་རྣམ་ པར་སངས་རྒྱས་པའི་ཐུགས་མངའ་བ་མི་གཉིས་པ་ལ་ཡང་དག་པར་སྤྱོད་པ། མཚན་ཉིད་མེད་པའི་ཆོས་ལ་རབ་ཏུ་བརྟེན་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། བསྒྲིབས་ པ་མེད་པ་ཐུགས་སུ་ཆུད་པར་རྟོགས་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་ལ་འཕྲོགས་པ་མེད་པ། དུས་གསུམ་རྣམ་པར་དགོད་པ་བསམ་གྱིས་མི་ཁྱབ་པ་ལ་མཉམ་པ་ཉིད་ ༄༅། །དུ་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་ཁྱབ་པའི་སྐུ་མངའ་བ། ཆོས་ཐམས་ཅད་ལ་ཐེ་ཚོམ་མི་མངའ་བའི་ཡེ་ཤེས་ཅན། སྤྱོད་པ་ཐམས་ཅད་ དང་ལྡན་པའི་ཐུགས་མངའ་བ། ཆོས་ཀྱི་ཡེ་ཤེས་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་གནོན་ པའི་ཡེ་ཤེས་ཅན། སངས་རྒྱས་ཀྱི་སྤྱོད་པ་མི་གཉིས་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་བརྙེས་པ། དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཐ་མི་དད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། སངས་རྒྱས་ཀྱིས་མཐའ་དང་དབུས་མེད་པའི་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ། སངས་རྒྱས་ཀྱི་སྤྱོད་པས་ རྣམ་པར་སྤྱོད་ཅིང་ཡུལ་མ་ག་དྷའི་ཆོས་ཀྱི་དགོན་པའི་སྙིང་པོ་བྱང་ཆུབ་ལ་ཕོ་བྲང་འོད་ཀུན་ནས་འབྱུང་བ་ན། གདན་སེངྒེའི་ཁྲི་པདྨོའི་སྙིང་པོ་ཅན་ལ་བཞུགས་ཤིང༌། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཚེ་གཅིག་གིས་ཐོགས་པ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས་འདུས་པ་ཀུན་ཀྱང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚུལ་ཐམས་ཅད་རབ་ཏུ་ཐོབ་པ་ཤ་སྟག་སྟེ། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། རྣམ་པར་གདུལ་བ་དང༌། བྱང་ཆུབ་སེམས་དཔའི་ཆོས་ལ་རབ་ཏུ་དགོད་པར་མཁས་པ། འཇིག་རྟེན་གྱི་ཁམས་ འབྱམས་ཀླས་པ་ཐམས་ཅད་དཔྱད་པའི་ཚུལ་གྱི་ཡེ་ཤེས་འབྱམས་ཀླས་པ་ལ་ཞུགས་པ་དག་སྟེ། འདི་ལྟར་མྱ་ངན་ལས་འདས་པའི་ས་དང༌། སྤྱོད་ཡུལ་དང་ཡེ་ཤེས་ལ་སྤྱོད་ཅིང་རྟོག་པ་ སྤྲོས་པ་ཐམས་ཅད་ཡོངས་སུ་ཆད་པ་སྤྱོད་པ་ཉེ་བར་བཟུང་བ་རྒྱུན་མི་འཆད་པས། སེམས་ཅན་ཐམས་ཅད་ཡང་དག་པར་གཟུང་བ་ལ་མཁས་པ། ཆོས་ཀྱི་ཚུལ་ལ་འཇུག་པར་བྱ་བ་མཐའ་ དང་དབུས་མེད་པ་ལ་རབ་ཏུ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་ཞིང་མི་དམིགས་པར་བརྟག་ཅིང་དཔྱད་པ་ལ་ཤིན་ཏུ་མཁས་པ། སེམས་ཅན་ཐམས་ཅད་ ཀྱི་བསམ་པ་དང༌། བག་ལ་ཉལ་བ་དང༌། དབང་པོ་དང༌། རྩོམ་པ་དང༌། སྦྱོར་བ་མཐོན་དམན་བརྟག་ཅིང་དཔྱད་པ་ལ་རབ་ཏུ་མཁས་པ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དོན་དང༌། ཚིག་དང༌། ཡི་གེ་གཟུང་ཞིང་བཅང་བ་དང༌། ཤེས་པར་བྱ་བ་དང༌། མཉམ་པར་གཟུང་བ་དང༌། བརྟག་པར་བྱ་བ་ལ་ ཤིན་ཏུ་མཁས་པ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཚུལ་ལ་འཇུག་པར་བྱ་བ་མཐའ་དང་དབུས་མེད་པ་ལ་ཤིན་ཏུ་ཞུགས་པ། འདུས་བྱས་དང༌། འདུས་མ་བྱས་དང༌། ༄༅། །དུས་རྣམ་པ་ཐ་དད་པའི་ཚུལ་བརྟག་པ་ལ་རབ་ཏུ་མཁས་པ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ དཀྱིལ་འཁོར་སྐད་ཅིག་གཅིག་གི་དེ་མ་ཐག་ཏུ་རབ་ཏུ་ཐོབ་པར་རྣམ་པར་སྤྱོད་པ། སེམས་ཀྱི་སྐད་ཅིག་རེ་རེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་དག་པར་སྟོན་པ། སེམས་ཅན་ ཐམས་ཅད་ཀྱི་སེམས་བསྐྱེད་པ་དང་མི་འབྲལ་བར་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བར་སེམས་ཅན་གཅིག་གི་སེམས་ཀྱི་དམིགས་པ་ལ་ཞུགས་པས། སེམས་ཅན་མ་ལུས་པ་ཐམས་ ཅད་ཀྱི་སེམས་ཀྱི་དམིགས་པ་ལ་མཁས་པར་ཁོང་དུ་ཆུད་པ། རང་འབྱུང་གི་ཡེ་ཤེས་དང༌། ས་མངོན་དུ་གྱུར་པ་ལས་མི་ཉམས་པའི་བྱང་ཆུབ་སེམས་དཔའི་ལུས་དང་ལྡན་པ་ཐམས་ ཅད་མཁྱེན་པའི་ས་ཐོབ་ཀྱང་རྒྱུན་མི་འཆད་པའི་སྤྱོད་པ་ལས་ཕྱིར་མི་ལྡོག་པ། བྱང་ཆུབ་སེམས་དཔའི་ས་མངོན་པར་འདུ་བྱ་བའི་མཐུ་རྒྱུན་མི་འཆད་པ། མངོན་པར་འདུ་བྱ་བ་མེད་ པའི་ཡེ་ཤེས་ཀྱི་ཚུལ་ལ་ཞུགས་པ། སེམས་ཅན་གཅིག་གི་དོན་དུ། བསྐལ་པ་མུ་མེད་པར་སྤྱོད་པ་ཡོངས་སུ་འཛིན་པའི་བྱིན་གྱི་རླབས་ལ་མཁས་པ། བསྐལ་པ་གྲངས་མེད་པར་ འབྱུང་ཞིང༌། མཐོང་བར་དཀའ་བའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཤིན་ཏུ་བཟང་པོ་ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པའི་བྱིན་གྱི་རླབས་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་འདུལ་ བའི་དབྱིངས་ལ་འཇུག་པར་མཁས་པ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་གནས་ཡང་དག་པར་གཟུང་བའི་ཕྱིར་ སྔོན་གྱི་སྤྱོད་པའི་མཐུའི་ཁྱད་པར་དང༌། སྨོན་ལམ་ཕུན་སུམ་ཚོགས་པ་དག་སྟེ། དེ་དག་དང༌། དེ་མ་ཡིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོན་ཏན་བསྔགས་ཤིང་ཡོངས་སུ་ བརྗོད་ཀྱང་བསྐལ་པ་མུ་མེད་པར་མི་ཟད། མི་ཐུག་པ། ལེགས་པ། ཤིན་ཏུ་བརྗོད་པ་རབ་ཏུ་ཐོབ་པ་ཤ་སྟག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་ པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་མིག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་འཕྲུལ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ལྟ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་འོད་དང༌། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གསལ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ ཏུ་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བློ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་ ༄༅། །དཔའ་ཆེན་པོ་ཤུགས་ཆེན་པོ་འཛིན་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་བ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པ་ཆེན་པོས་རབ་ཏུ་མཛེས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱིས་རྣམ་པར་གནོན་པ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བསྒྱིངས་པ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བསྒྱིངས་པ་ཆེན་པོའི་སྟོབས་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཆེན་པོའི་དམ་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཆེན་པོ་སྤོས་ཀྱི་གླང་པོ་དང༌། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཟླ་བ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཆེན་པོ་བཟང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཟླ་ བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་ཟླ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཀུན་ཏུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་དྲི་མ་མེད་པའི་ཟླ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་བའི་ཟླ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་ པར་གྲགས་པའི་ཟླ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་རབ་ཏུ་འགྱེད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཡོངས་སུ་རྒྱས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་དབང་པོ་འབྲུག་གི་དབྱངས་དང༌། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ས་གྲུམ་པའི་སྒྲའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རབ་ཏུ་སྒྲོག་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྔ་སྒྲའི་དབྱངས་དང༌། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གོ་བར་བྱེད་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་རྟོག་རྣམ་པར་མི་རྟོག་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ས་གཞི་རབ་ཏུ་སྒྲོག་པའི་དབྱངས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡན་ལག་ཐམས་ཅད་ཀྱི་དབྱངས་ཟིལ་གྱིས་གནོན་པ་དང༌། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ནས་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་དྲི་མ་མེད་པའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ ༄༅། །ཏན་གྱི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་བའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རིན་པོ་ཆེའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཉི་མའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙང་མའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོའི་སྙིང་པོ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨོ་དཔལ་གྱི་སྙིང་པོ་དང༌། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་ མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་དུ་ལྡན་པ། སྨོན་ལམ་དང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། སངས་རྒྱས་བྱུང་བ་ཐམས་ ཅད་ཀྱི་དྲུང་དུ་འགྲོ་ཞིང་གསོལ་བ་གདབ་པ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་འཛིན་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་རྒྱུན་མི་གཅོད་ པ༑ སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་ལུང་བསྟན་པ་དང༌། མངོན་པར་འཚང་རྒྱ་བ་དང༌། མིང་དང༌། ཞིང་དང༌། འཁོར་ལོའི་ཚུལ་ཡོངས་སུ་སྦྱོང་བ། སངས་རྒྱས་མི་བཞུགས་ པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་སྐྱེ་བ་ཡོངས་སུ་སྟོན་པ། ཀུན་ནས་ཉོན་མོངས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་དག་པར་བྱེད་པ། བྱང་ཆུབ་སེམས་དཔའི་ལས་ཀྱི་ སྒྲིབ་པ་ཐམས་ཅད་རབ་ཏུ་སེལ་བ། ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཀུན་ཏུ་བཟང་པོ་དེའི་ཚེ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། ཏིང་ངེ་ འཛིན་ཆེན་པོ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་ མཁའི་མཐས་གཏུགས་པ་མ་ལུས་པ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ ཏོ༑ ༑ལྡེག་གོ །རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག །རབ་ཏུ་ཤིག་ཤིག། ཀུན་ཏུ་ཤིག་ཤིག་གོ །དེ་ལྟར་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་མ་ལུས་པ་ཐམས་ཅད་དུ་རབ་ཏུ་བསྐྱོད་དེ། དབྱངས་ཀྱིས་མངོན་པར་གོ་བར་བྱས་ནས། ཏིང་ངེ་འཛིན་དེ་ལས་ ༄༅། །ལངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་ཀྱིས། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་འདུས་པར་ཤེས་ ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། ལེགས་པར་བསྟན་པ་མཛོད་ཅིག །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་རྒྱུ་མཐུན་པ་ནི་གང༌། ངོ་མཚར་གྱི་འདུ་ཤེས་ནི་གང༌། སྤྱོད་པ་ནི་གང༌། དགེ་བའི་བཤེས་གཉེན་ནི་གང༌། བརྩོན་འགྲུས་རྩོམ་པ་ནི་གང༌། དབུགས་ཕྱིན་པ་ཐོབ་པ་ ནི་གང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་གང༌། ཚུལ་ཁྲིམས་ནི་གང༌། ལུང་བསྟན་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ལ་ འཇུག་པ་ནི་གང༌། དེ་བཞིན་གཤེགས་པ་ལ་འཇུག་པ་ནི་གང༌། སེམས་ཅན་རྣམས་ཀྱི་བསམ་པ་དང༌། སྤྱོད་པ་ལ་འཇུག་པ་ནི་གང༌། འཇིག་རྟེན་གྱི་ཁམས་ལ་འཇུག་པ་ནི་གང༌། བསྐལ་ པ་ལ་འཇུག་པ་ནི་གང༌། དུས་གསུམ་བསྟན་པ་ནི་གང༌། དུས་གསུམ་ལ་འཇུག་པ་ནི་གང༌། མི་སྐྱོ་ཞིང་ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་ནི་གང༌། ཀུན་ཏུ་དབྱེ་བའི་ཡེ་ ཤེས་ནི་གང༌། གཟུངས་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔས་སངས་རྒྱས་བསྟན་པའི་རྗེས་སུ་རྟོགས་པར་བྱ་བ་ནི་གང༌། ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་ནི་གང༌། ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་ནི་གང༌། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་ནི་གང༌། རྐྱེན་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ནི་གང༌། དགེ་བའི་བཤེས་གཉེན་ལ་ གུས་པའི་སེམས་ནི་གང༌། ཡོངས་སུ་དག་པ་ནི་གང༌། ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཤེས་པ་ཁོང་དུ་ཆུད་པར་བྱ་བ་ནི་གང༌། རབ་ཏུ་རྟོགས་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྟོབས་ཀྱི་ཤུགས་ནི་གང༌། མཉམ་པ་ཉིད་ནི་གང༌། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་གྱི་ལམ་ནི་གང༌། ཆོས་བསྟན་པ་ནི་གང༌། ཡོངས་སུ་བཟུང་བ་ནི་གང༌། སྤོབས་པ་ནི་གང༌། མི་གནས་ པ་ནི་གང༌། སེམས་མཉམ་པ་ཉིད་ནི་གང༌། ཡེ་ཤེས་མངོན་པར་བསྒྲུབ་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ནི་གང༌། བྱིན་གྱི་རླབས་ནི་གང༌། དབུགས་ ཕྱིན་པ་ཆེན་པོ་རབ་ཏུ་ཐོབ་པ་ནི་གང༌། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་ནི་གང༌། གནས་སུ་བྱ་བ་ནི་གང༌། སེམས་བསྐྱེད་པ་བསྟན་པ་ནི་གང༌། ནེམ་ནུར་ཐམས་ཅད་གཅོད་པའི་སེམས་ བསྐྱེད་པ་ནི་གང༌། བསམ་གྱིས་མི་ཁྱབ་པ་ནི་གང༌། དགོངས་ཏེ་བཤད་པ་ལ་མཁས་པ་ནི་གང༌། ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྙོམས་པར་འཇུག་པ་ནི་གང༌། རིལ་པོ་ནི་གང༌། རྣམ་པར་ཐར་པ་ནི་གང༌། མངོན་པར་ཤེས་པ་ནི་གང༌། རིག་པ་ནི་གང༌། རྣམ་པར་གྲོལ་བ་ནི་གང༌། སྐྱེད་མོས་ཚལ་ནི་གང༌། གཞལ་ ༄༅། །མེད་ཁང་ནི་གང༌། དགའ་བ་ནི་གང༌། རྒྱན་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པའི་མི་སྒུལ་བ་ནི་གང༌། ལྷག་པའི་ བསམ་པ་ཡོངས་སུ་མི་གཏོང་བ་ལ་གནས་པ་ནི་གང༌། ཡེ་ཤེས་ཀྱི་རྣམ་པར་བལྟ་བ་ནི་གང༌། ཆོས་ཤིན་ཏུ་བསྟན་པ་ནི་གང༌། ཡོངས་སུ་དག་པ་ནི་གང༌། ཕྱག་རྒྱ་ནི་གང༌། ཡེ་ཤེས་སྣང་ བ་ནི་གང༌། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་ནི་གང༌། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཞུམ་པ་མེད་པའི་སེམས་བསྐྱེད་པ་ནི་གང༌། ལྷག་པའི་བསམ་པ་རི་བོ་ལྟ་བུ་ནི་ གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་ནི་གང༌། བྱང་ཆུབ་སེམས་དཔའི་ རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་ནི་གང༌། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ནི་གང༌། རྩོམ་པ་ཆེན་པོ་ནི་གང༌། བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱ་བ་ནི་གང༌། དད་ པ་མི་ཕྱེད་པ་ནི་གང༌། ལུང་བསྟན་པ་ནི་གང༌། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི་གང༌། ཡེ་ཤེས་ཁོང་དུ་ཆུད་པ་ནི་གང༌། སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ནི་གང༌། སྡོམ་པ་ནི་གང༌། དབང་ནི་གང༌། རྣམ་པར་འཕྲུལ་པ་ནི་གང༌། སེམས་ཅན་ལ་རྣམ་པར་འཕྲུལ་བ་ནི་གང༌། ཞིང་ ལ་རྣམ་པར་འཕྲུལ་བ་ནི་གང༌། ཆོས་ལ་རྣམ་པར་འཕྲུལ་བ་ནི་གང༌། ལུས་ལ་རྣམ་པར་འཕྲུལ་བ་ནི་གང༌། སྨོན་ལམ་ལ་རྣམ་པར་འཕྲུལ་བ་ནི་གང༌། སྤྱོད་ཡུལ་ལ་རྣམ་པར་འཕྲུལ་བ་ནི་གང་ ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་ནི་གང༌། མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་ནི་གང༌། རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་ནི་གང་ སྟོབས་ལ་རྣམ་པར་འཕྲུལ་བ་ནི་གང༌། རྣམ་པར་རྩེ་བ་ནི་གང༌། ཁྱུ་མཆོག་གི་མཐུ་ཕྱུང་བ་ནི་གང༌། སྟོབས་ནི་གང༌། མི་འཇིགས་པ་ནི་གང༌། བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཆོས་ནི་ གང༌། ལས་ནི་གང༌། ལུས་ནི་གང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་ནི་གང༌། རང་བཞིན་མི་གང༌། ངག་ནི་གང༌། ངག་ཡོངས་སུ་དག་པ་ནི་གང༌། ཡོངས་སུ་འཛིན་པ་ནི་ གང༌། གང་གིས་ཤིན་ཏུ་བཟུང་ཞིང་བྱང་ཆུབ་སེམས་དཔའི་ངག་འབྱུང་བར་འགྱུར། བྱང་ཆུབ་སེམས་དཔའི་ངག་གིས་ནི་ངག་གི་ལས་གང་ཞིག་འགྲུབ་པར་འགྱུར། སེམས་ནི་གང༌། སེམས་བསྐྱེད་པ་ནི་གང༌། སེམས་ཀྱིས་རྒྱས་པར་དགང་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་གང༌། བསམ་པ་ནི་གང༌། ལྷག་པའི་བསམ་ པ་ནི་གང༌། སྦྱོར་བ་ནི་གང༌། མོས་པ་ནི་གང༌། འཇིག་རྟེན་གྱི་ཁམས་སུ་མོས་པ་ལ་འཇུག་པ་ནི་གང༌། སེམས་ཅན་གྱི་ཁམས་སུ་མོས་པ་ལ་འཇུག་པ་ནི་གང༌། བག་ཆགས་ནི་ ༄༅། །གང༌། ཉེ་བར་ལེན་པ་ནི་གང༌། ནན་ཏན་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲུབ་པ་ནི་གང༌། སངས་རྒྱས་ཀྱི་ཆོས་ལས་འགོལ་བའི་ལམ་ ནི་གང༌། སྐྱོན་མེད་པ་ནི་གང༌། བྱང་ཆུབ་སེམས་དཔའི་ཆོས་ངེས་པ་འཐོབ་པ་ནི་གང༌། སངས་རྒྱས་ཀྱི་ཆོས་འབྱུང་བའི་ལམ་ནི་གང༌། སྐྱེས་བུ་དམ་པའི་མིང་ཐོབ་པ་ནི་གང༌། ལམ་ནི་ གང༌། ལམ་ཚད་མེད་པ་ནི་གང༌། ལམ་གྱི་ཚོགས་ནི་གང༌། ལམ་སྒོམ་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྒྱན་ནི་གང༌། རྐང་པ་ནི་གང༌། ལག་ པ་ནི་གང༌། ལྟོ་ནི་གང༌། སྙིང་པོ་ནི་གང༌། སྙིང་ནི་གང༌། གོ་ཆ་ནི་གང༌། མཚོན་ཆ་ནི་གང༌། མགོ་ནི་གང༌། མིག་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་ ནི་གང༌། སྣ་ནི་གང༌། ལྕེ་ནི་གང༌། ལུས་ནི་གང༌། ཡིད་རྣམ་པར་རྒྱུ་བ་ནི་གང༌། འགྲོ་བ་ནི་གང༌། གནས་པ་ནི་གང༌། སྟན་ལ་འདུག་པ་ནི་གང༌། ལམ་ནི་གང༌། རྣམ་པར་སྤྱོད་པ་ནི་གང༌། ཀྱེ་ རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ནི་གང༌། ལྟ་བ་ནི་གང༌། རྣམ་པར་ལྟ་བ་ནི་གང༌། རྣམ་པར་བསྒྱིངས་པ་ནི་གང༌། སེངྒེའི་ང་རོ་ནི་གང༌། སྦྱིན་པ་ཡོངས་སུ་དག་པ་ ནི་གང༌། ཚུལ་ཁྲིམས་ཡོངས་སུ་དག་པ་ནི་གང༌། བཟོད་པ་ཡོངས་སུ་དག་པ་ནི་གང༌། བརྩོན་འགྲུས་ཡོངས་སུ་དག་པ་ནི་གང༌། བསམ་གཏན་ཡོངས་སུ་དག་པ་ནི་གང༌། ཀྱེ་རྒྱལ་བའི་ སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་ནི་གང༌། བྱམས་པ་ཡོངས་སུ་དག་པ་ནི་གང༌། སྙིང་རྗེ་ཡོངས་སུ་དག་པ་ནི་གང༌། དགའ་བ་ཡོངས་སུ་དག་པ་ནི་གང༌། བཏང་ སྙོམས་ཡོངས་སུ་དག་པ་ནི་གང༌། དོན་ནི་གང༌། ཆོས་ནི་གང༌། བསོད་ནམས་ཀྱི་ཚོགས་ནི་གང༌། ཡེ་ཤེས་ཀྱི་ཚོགས་ནི་གང༌། རིག་པ་སྐྱེ་བ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་ནི་གང༌། ཆོས་རབ་ཏུ་བརྗོད་པ་ནི་གང༌། ཆོས་ཀྱི་ནན་ཏན་ནི་གང༌། བདུད་ནི་གང༌། བདུད་ཀྱི་ལས་ནི་གང༌། བདུད་ཀྱི་ལས་བཟློག་པ་ནི་གང༌། སངས་རྒྱས་མཐོང་བར་ བྱ་བ་ནི་གང༌། སངས་རྒྱས་ཀྱི་འཕྲིན་ལས་ནི་གང༌། ང་རྒྱལ་གྱི་ལས་ནི་གང༌། ཡེ་ཤེས་ཀྱི་ལས་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་བྱིན་གྱི་རླབས་ནི་གང༌། སངས་རྒྱས་ཀྱི་བྱིན་གྱི་རླབས་ནི་གང༌། ཆོས་ཀྱི་བྱིན་གྱི་རླབས་ནི་གང༌། དགའ་ལྡན་ན་གནས་པའི་ལས་ནི་གང༌། དགའ་ལྡན་གྱི་གནས་ནས་འཆི་འཕོ་སྟོན་པ་ནི་གང༌། མངལ་ན་གནས་པར་ སྟོན་པ་ནི་གང༌། ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་ནི་གང༌། ཆེར་སྐྱེ་བ་ནི་གང༌། གད་མོ་ཆེར་དགོད་པ་ནི་གང༌། གོམ་པས་རྣམ་པར་གནོན་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གཞོན་ནུའི་ས་ཀུན་ཏུ་སྟོན་པ་ནི་གང༌། བཙུན་མོའི་འཁོར་ཉེ་བར་སྟོན་པ་ནི་གང༌། མངོན་པར་འབྱུང་བ་ནི་གང༌། དཀའ་བ་སྤྱོད་པའི་སྦྱོར་བ་ནི་གང༌། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་ནི་གང༌། ༄༅། །སྙིང་པོ་བྱང་ཆུབ་ལ་འདུག་པ་ནི་གང༌། སྙིང་པོ་བྱང་ཆུབ་ལ་འདུག་པ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ནི་གང༌། བདུད་འདུལ་བ་སྟོན་པ་ནི་གང༌། དེ་བཞིན་ གཤེགས་པའི་སྟོབས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་གང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་གང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཆོས་དཀར་པོའི་རྣམ་པ་ནི་གང༌། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་བསྟན་པ་ནི་གང༌། དེ་སྐད་ཅེས་སྨྲས་པ་ དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་ལ་དམིགས་ནས། བྱང་ཆུབ་སེམས་དཔའི་ཚོགས་ དེ་དག་ཐམས་ཅད་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུ་མཐུན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆུད་མི་ཟ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པ་དང༌། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་གྱི་རྒྱུ་མཐུན་པ་དང༌། ཤིན་ཏུ་བསགས་པའི་ཕྱིར་དགེ་བའི་རྩ་བའི་རྒྱུ་མཐུན་པ་ དང༌། ནན་ཏན་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་དང༌། འབྱུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རྒྱུ་མཐུན་པ་དང༌། བྱང་ཆུབ་བརྟན་པའི་ཕྱིར་སྨོན་ལམ་གྱི་རྒྱུ་མཐུན་པ་དང༌། རྒྱ་ཆེན་པོ་ཡང་དག་པར་བསགས་པའི་ཕྱིར། སྤྱོད་པའི་རྒྱུ་མཐུན་པ་དང༌། ཚུལ་གཅིག་ཏུ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྒྱུ་མཐུན་པ་དང༌། སེམས་རབ་ཏུ་དང་བའི་ ཕྱིར། སངས་རྒྱས་མཆོད་པ་རྒྱུ་མཐུན་པ་དང༌། ཕ་ལྟ་བུར་བརྗོད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱུ་མཐུན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་རྒྱུ་མཐུན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་གྱི་འདུ་ཤེས་ཏེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་རྩ་བ་ཐམས་ཅད་ལ་མི་དགེ་བར་འདུ་ཤེས་པ་དང༌། དགེ་བ་ཐམས་ཅད་ ལ་བྱང་ཆུབ་ཀྱི་ས་བོན་དུ་འདུ་ཤེས་པ་དང༌། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སྣོད་དུ་འདུ་ཤེས་པ་དང༌། སྨོན་ལམ་ཐམས་ཅད་ལ་སྨོན་ལམ་མེད་པར་འདུ་ཤེས་པ་དང༌། ཆོས་ཐམས་ ཅད་ལ་འབྱུང་བར་འདུ་ཤེས་པ་དང༌། སྤྱོད་པ་ཐམས་ཅད་ལ་སྤྱོད་པ་མེད་པར་འདུ་ཤེས་པ་དང༌། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སུ་འདུ་ཤེས་པ་དང༌། ཚིག་ཏུ་སྤྱོད་པ་ཐམས་ ཅད་ལ་ངག་གི་ལམ་མེད་པར་འདུ་ཤེས་པ་དང༌། སངས་རྒྱས་ཐམས་ཅད་ལ་ཕར་འདུ་ཤེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་གཉིས་སུ་མེད་པར་འདུ་ཤེས་པའོ། །ཀྱེ་ ༄༅། །རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་གྱི་འདུ་ཤེས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ལ་འདུ་ ཤེས་རྣམ་པར་བཟློག་པ་ལ་མཁས་པ། བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་སྤྱོད་པ་དང༌། ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་དོན་དུ་སྤྱོད་པ་དང༌། བསླབ་པ་ཐམས་ཅད་ནན་ཏན་དུ་བྱ་བའི་དོན་ དུ་སྤྱོད་པ་དང༌། དགེ་བའི་རྩ་བ་ཐམས་ཅད་བསགས་པའི་དོན་དུ་སྤྱོད་པ་དང༌། ཏིང་ངེ་འཛིན་རྩེ་གཅིག་ཏུ་བྱ་བའི་དོན་དུ་སྤྱོད་པ་དང༌། ཡེ་ཤེས་རབ་ཏུ་ཤེས་པར་བྱ་བའི་དོན་དུ་སྤྱོད་པ་དང༌། སྒོམ་ པ་ཡོངས་སུ་བསྒོམ་པའི་དོན་དུ་སྤྱོད་པ་དང༌། ཞིང་བརྒྱན་པའི་དོན་དུ་སྤྱོད་པ་དང༌། དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་དོན་དུ་སྤྱོད་པ་དང༌། དེ་བཞིན་གཤེགས་པ་མཆོད་ཅིང་རིམ་ གྲོ་བྱ་བའི་དོན་དུ་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་ཡེ་ཤེས་ཆེན་པོའི་སྤྱོད་པ་བླ་ན་མེད་པ་ཡོངས་སུ་རྫོགས་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ བཤེས་གཉེན་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞོག་པའི་བཤེས་གཉེན་དང༌། དགེ་བའི་རྩ་བ་ལ་སྦྱོར་བའི་བཤེས་གཉེན་དང༌། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ པར་བྱེད་པའི་བཤེས་གཉེན་དང༌། ཆོས་ཐམས་ཅད་སྟོན་པའི་བཤེས་གཉེན་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་གཞོག་པའི་བཤེས་གཉེན་དང༌། སྤོབས་པ་ལ་རྣམ་ པར་གདོན་མི་ཟ་བར་བྱེད་པའི་བཤེས་གཉེན་དང༌། འགྲོ་བ་ཐམས་ཅད་ནས་གྱེན་དུ་བསྐྱོད་པའི་བཤེས་གཉེན་དང༌། བསྐལ་པ་ཐམས་ཅད་དུ་གནས་ཤིང་མི་སྐྱོ་བར་བྱེད་པའི་བཤེས་གཉེན་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རབ་ཏུ་གཞོག་པའི་བཤེས་གཉེན་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་ཅིང༌། འབབ་པར་བྱེད་པའི་བཤེས་གཉེན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་ནོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། ཆོས་ཐམས་ཅད་ལ་གཟུང་བར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། འཇིག་རྟེན་ གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཤེས་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། ༄༅། །སེམས་ཅན་ཐམས་ཅད་ཀྱི་ཉེས་བྱས་ཟད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་ རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་རྒྱུན་གཅད་དོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། བདུད་ཐམས་ཅད་ལས་རྒྱལ་བར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། སེམས་ཅན་ ཐམས་ཅད་འཁྲུག་པ་མེད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ་དང༌། དེ་བཞིན་གཤེགས་པ་ཐམས་ ཅད་ལ་མཉེས་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་སྟེ། དེ་དག་ལ་གནས་ཤིང་བྱང་ ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུགས་ཕྱིན་པ་ཐོབ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བདག་ནི་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡིན་གྱི། ད་དུང་གཞན་ཡང་བྱང་ཆུབ་ཀྱི་ སེམས་ལ་དགོད་དོ་ཞེས་ཏེ། དབུགས་ཕྱིན་པ་རབ་ཏུ་འཐོབ་བོ། །བདག་ནི་འཇིག་རྟེན་གྱི་རྩོད་པ་ཐམས་ཅད་ཀྱིས་རྩོད་དུ་མེད་པ་ལ་གཞོལ་བ་ཡིན་གྱི། ད་དུང་གཞན་ཡང་རྩོད་པ་མེད་པར་ དགའ་བ་ལ་རབ་ཏུ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་ནི་བྱིས་པའི་ཆོས་ལས་འཕགས་ཀྱི། ད་དུང་ཕ་རོལ་ཡང་བྱིས་པའི་ཆོས་ལས་གྱེན་དུ་བསྐྱོད་དེ། སངས་རྒྱས་ཀྱི་ ཆོས་ལ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་ནི་དགེ་བའི་རྩ་བ་བཙལ་བ་ལ་བརྩོན་པ་ཡིན་གྱི། ད་དུང་གཞན་ཡང་དགེ་བའི་རྩ་བ་ཚོལ་བར་བརྩོན་པ་ལ་རབ་ཏུ་དགོད་ པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་ཞུགས་པ་ཡིན་གྱི། ད་དུང་གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཇུག་པ་ལ་དགོད་པར་བྱའོ་ཞེས་དབུགས་ ཕྱིན་པ་འཐོབ་བོ། །བདག་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ཡིན་གྱི། ད་དུང་གཞན་ཡང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ལ་རབ་ཏུ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་ནི་དངོས་ པོ་མེད་པའི་ཆོས་ཀྱི་ཚུལ་ལ་ཞུགས་པ་ཡིན་གྱི། ད་དུང་གཞན་ཡང་དངོས་པོ་མེད་པའི་ཆོས་ཀྱི་ཚུལ་ལ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ མི་སྤོང་བ་ལ་བརྩོན་པ་ཡིན་གྱི། ད་དུང་གཞན་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤོང་བར་བརྩོན་པ་ལ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །བདག་གིས་ནི་ཐམས་ཅད་མཁྱེན་ པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་གྱི། ད་དུང་གཞན་ཡང་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ་ལ་དགོད་པར་བྱའོ་ཞེས་དབུགས་ ༄༅། །ཕྱིན་པ་འཐོབ་བོ། །བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཛོད་མི་ཟད་པར་ཞུགས་པ་ཡིན་གྱི། ད་དུང་གཞན་ཡང་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཛོད་མི་ཟད་པར་འཇུག་པ་ལ་དགོད་པར་བྱའོ་ཞེས་དབུགས་ཕྱིན་པ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ དབུགས་ཕྱིན་པ་འཐོབ་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་དབུགས་ཕྱིན་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་ གོ་༑ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དག་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ ནི༑ སྦྱིན་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །གཟུགས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །ཆོས་སྟོན་པས་ཀྱང་སེམས་ཅན་གྱི་ ཁམས་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་མཉམ་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །གནས་མེད་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་ སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བརྗོད་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་ཀུན་ཏུ་འབར་བ་ཡང་དག་པར་ བསྟེན་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་ཉིད་བརྗོད་པས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །རྫུ་འཕྲུལ་ སྣ་ཚོགས་ཀྱི་རྣམ་པར་འཕྲུལ་བས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །ཐབས་མཁས་པའི་སྦྱོར་བ་དང༌། ཚུལ་གྱིས་འཇིག་རྟེན་དུ་སྤྱོད་པ་སྣ་ཚོགས་ཀྱིས་ཀྱང༌། སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། དེ་དག་གིས་ བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཚུལ་ཁྲིམས་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ཅད་ ལ་ཕན་པར་དགའ་བས་རྣམ་པར་ལྟ་བའི་ཚུལ་ཁྲིམས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་དགོད་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་ ནན་ཏན་དུ་བྱ་བའི་ཚུལ་ཁྲིམས་དང༌། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་ཁྲིམས་དང༌། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཚུལ་ཁྲིམས་དང༌། སངས་རྒྱས་ ༄༅། །ཀྱི་ཆོས་ཐམས་ཅད་ལས་ཕྱིར་ཕྱོགས་སུ་མི་ལྟ་བའི་ཚུལ་ཁྲིམས་དང༌། ཆོས་ཐམས་ཅད་ངེས་པར་རྟོགས་པ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་ཁྲིམས་ དང༌། དབང་པོ་སྡོམ་པའི་ཚུལ་ཁྲིམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་ རྣམས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་རྒྱ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ལུང་བསྟན་པ་སྟེ། ལུང་བསྟན་པ་དེ་དག་གིས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་ཅག་ལུང་བསྟན་ཏོ་ཞེས་བྱ་བར་ཤེས་སོ། །བཅུ་གང་ཞེ་ན། འདི་ལྟར་ སྙིང་ཐག་པ་ནས་བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་རྒྱུད་ལས་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་སྐྱོ་བ་ནི། བྱང་ཆུབ་སེམས་དཔའི་ལུང་བསྟན་པའོ། །བསྐལ་པ་ཐམས་ཅད་དུ་ཞེ་ནོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནན་ ཏན་དུ་བྱེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ལ་གཅིག་ཏུ་ཆད་པར་མོས་ཤིང་ཡིད་ཆེས་ལ་མངོན་པར་དད་པ་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་གསོག་ཅིང་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །སེམས་ཅན་ཐམས་ ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པར་བརྩོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་བྱེད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །དགེ་བའི་བཤེས་གཉེན་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །སྔོན་གྱི་བྱང་ཆུབ་ ཀྱི་སྨོན་ལམ་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་སྟེ། ལུང་བསྟན་པ་ དེ་དག་གིས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་ཅག་ལུང་བསྟན་ཏོ་ཞེས་བྱ་བར་ཤེས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ ཆུབ་སེམས་དཔའ་ལ་འཇུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྔོན་གྱི་སྨོན་ལམ་ལ་འཇུག་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། ཡང་དག་པར་བསྒྲུབ་པ་ལ་འཇུག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ ལ་འཇུག་པ་དང༌། བསྒྲུབ་པ་ལ་འཇུག་པ་དང༌། སྨོན་ལམ་རྣམ་པ་ཐ་དད་པ་ལ་འཇུག་པ་དང༌། མོས་པ་ཐ་དད་པ་ལ་འཇུག་པ་དང༌། ཞིང་གི་རྒྱན་ལ་འཇུག་པ་དང༌། རྫུ་འཕྲུལ་གྱི་རྣམ་པར་ ༄༅། །འཕྲུལ་པ་ལ་འཇུག་པ་དང༌། སྐྱེ་བ་བསྟན་པ་ལ་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་ དཔའ་ལ་འཇུག་པ་སྟེ། འཇུག་པ་དེ་དག་གིས་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འཇུག་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་འཇུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་མུ་མེད་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་འཇུག་ པ་དང༌། མུ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང༌། མུ་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་དང༌། མུ་མེད་པའི་དབྱངས་ཀྱི་དཀྱིལ་འཁོར་ལ་འཇུག་པ་དང༌། མུ་མེད་པའི་ སེམས་ཅན་འདུལ་བ་ལ་འཇུག་པ་དང༌། མུ་མེད་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ལ་འཇུག་པ་དང༌། མུ་མེད་པའི་སྐུ་སྣ་ཚོགས་ལ་འཇུག་པ་དང༌། མུ་མེད་པའི་ཏིང་ངེ་འཛིན་ལ་ འཇུག་པ་དང༌། མུ་མེད་པའི་སྟོབས་དང༌། མི་འཇིགས་པ་ལ་འཇུག་པ་དང༌། མུ་མེད་པའི་མྱ་ངན་ལས་འདས་པ་ཡོངས་སུ་བསྟན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་འཇུག་པ་སྟེ། འཇུག་པ་དེ་དག་གིས་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ འཇུག་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་བསམ་པ་དང༌། སྤྱོད་པ་ལ་འཇུག་པ་སྟེ། སེམས་ཅན་གྱི་སྤྱོད་པ་དང་ བསམ་པ་ལ་འཇུག་པ་དེ་དག་གིས་ནི། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། སྤྱོད་པ་ལ་རབ་ཏུ་འཇུག་གོ །བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ ཅད་ཀྱི་སྔོན་གྱི་མཐའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཕྱི་མའི་མཐའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ད་ལྟར་བྱུང་བའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ པའི་བག་ཆགས་དང༌། བག་ལ་ཉལ་བའི་སྤྱོད་པ་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དུས་དང༌། དུས་མ་ཡིན་པར་ཡོངས་སུ་སྨིན་པར་བྱ་བ་དང༌། རྣམ་པར་འདུལ་བའི་སྤྱོད་པ་ ལ་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་བསམ་པ་དང༌། སྤྱོད་པ་ལ་འཇུག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ ༄༅། །སེམས་ཅན་གྱི་བསམ་པ་དང༌། སྤྱོད་པ་ལ་འཇུག་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་གྱི་ ཁམས་ལ་འཇུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་རྣམས་ལ་ཀུན་ནས་ཉོན་མོངས་པར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་རྣམ་པར་དག་པར་འཇུག་ པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་ཆུང་ངུར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་ཆེན་པོར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་རྡུལ་ཤིན་ཏུ་ཕྲ་མོར་ཚུད་ པར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་རབ་ཏུ་ཕྲ་བར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་ཡངས་པར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་འབྱུང་བར་ འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་སངས་རྒྱས་དང་བཅས་པར་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་རྣམས་ལ་སངས་རྒྱས་མེད་པར་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་སྟེ། དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ འཇུག་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་ལ་འཇུག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ བསྐལ་པ་ཐམས་ཅད་ལ་རབ་ཏུ་འཇུག་གོ །བཅུ་གང་ཞེ་ན། འདི་ལྟར་འདས་པའི་བསྐལ་པ་ལ་འཇུག་པ་དང༌། མ་འོངས་པའི་བསྐལ་པ་ལ་འཇུག་པ་དང༌། ད་ལྟར་བྱུང་བའི་བསྐལ་པ་ལ་ འཇུག་པ་དང༌། གྲངས་ཡོད་པའི་བསྐལ་པ་ལ་འཇུག་པ་དང༌། གྲངས་མེད་པའི་བསྐལ་པ་ལ་འཇུག་པ་དང༌། གྲངས་ཡོད་པ་གྲངས་མེད་པའི་བསྐལ་པ་ལ་འཇུག་པ་དང༌། གྲངས་མེད་པ་ གྲངས་ཡོད་པའི་བསྐལ་པ་ལ་འཇུག་པ་དང༌། བསྐལ་པ་ཐམས་ཅད་ལ་བསྐལ་པ་གཅིག་ཏུ་འཇུག་པ་དང༌། བསྐལ་པ་མ་ཡིན་པ་ལ་བསྐལ་པར་འཇུག་པ་དང༌། བསྐལ་པ་ཐམས་ ཅད་ལ་སྐད་ཅིག་གཅིག་གིས་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་ལ་འཇུག་པ་རྣམས་ཏེ། དེ་དག་གིས་བྱང་ཆུབ་སེམས་ དཔའ་རྣམས་བསྐལ་པ་ལ་འཇུག་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་བསྟན་པ་སྟེ། དེ་དག་གིས་བྱང་ ཆུབ་སེམས་དཔའ་རྣམས་དུས་གསུམ་ཤིན་ཏུ་སྟོན་ཏོ། །བཅུ་གང་ཞེ་ན། འདི་ལྟར་འདས་པའི་དུས་ལ་འདས་པར་བསྟན་པ་དང༌། འདས་པའི་དུས་ལ་མ་འོངས་པར་བསྟན་པ་དང༌། འདས་པའི་དུས་ལ་ད་ལྟར་བྱུང་བར་བསྟན་པ་དང༌། མ་འོངས་པའི་དུས་ལ་འདས་པར་བསྟན་པ་དང༌། མ་འོངས་པའི་དུས་ལ་ད་ལྟར་བྱུང་བར་བསྟན་པ་དང༌། མ་འོངས་པའི་དུས་ལ་ ༄༅། །མི་ཟད་པར་བསྟན་པ་དང༌། ད་ལྟར་བྱུང་བའི་དུས་ལ་འདས་པར་བསྟན་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་འོངས་པར་བསྟན་པ་དང༌། ད་ལྟར་བྱུང་བའི་དུས་ ལ་མཉམ་པ་ཉིད་དུ་བསྟན་པ་དང༌། ད་ལྟར་བྱུང་བའི་དུས་ལ་དུས་གསུམ་སྐད་ཅིག་ཏུ་བསྟན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་ བསྟན་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་སྟོན་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་ གསུམ་ལ་འཇུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བརྡ་ལ་འཇུག་པ་དང༌། ཚིག་གི་ལམ་ལ་འཇུག་པ་དང༌། མངོན་པར་བརྗོད་པ་ལ་འཇུག་པ་དང༌། གདགས་པ་ལ་འཇུག་པ་དང༌། འདུ་ ཤེས་ལ་འཇུག་པ་དང༌། ལེགས་པར་བསྔགས་པ་ལ་འཇུག་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། མི་ཟད་པ་ལ་འཇུག་པ་དང༌། ཞི་བ་ལ་འཇུག་པ་དང༌། དབེན་པ་ལ་འཇུག་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་གསུམ་ལ་འཇུག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་ལ་འཇུག་པར་འགྱུར་བ་དག་གོ ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་མི་སྐྱོ་ཞིང༌། ཡོངས་སུ་ སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། ཆོས་ཐམས་ཅད་བཙལ་བ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། ཆོས་ཐམས་ཅད་མཉན་པ་ལ་མི་སྐྱོ་ ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། ཆོས་ཐམས་ཅད་བསྟན་པ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། སེམས་ཅན་ཐམས་ ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པར་ བྱ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འཇིག་རྟེན་གྱི་ཁམས་རེ་རེར་བྱང་ཆུབ་སེམས་དཔའི་སྤྱད་པ་ སྤྱོད་པས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་དང༌། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་རྗེས་སུ་སྤྱོད་པས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་ པས་སེམས་བསྐྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་བྱ་བ་དང༌། ཡང་དག་པར་ལྟ་བ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པའོ། །ཀྱེ་རྒྱལ་ ༄༅། །བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ་སྟེ། དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ཡོངས་སུ་སྐྱོ་བ་མེད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་དབྱེ་བའི་ཡེ་ཤེས་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། དབང་པོ་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། ལས་ དང་རྣམ་པར་སྨིན་པ་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། སྐྱེ་བ་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། འཇིག་རྟེན་གྱི་ཁམས་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀུན་ཏུ་དབྱེ་བའི་ཡེ་ ཤེས་དང༌། སངས་རྒྱས་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། ཆོས་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། དུས་གསུམ་ཀུན་ཏུ་དབྱེ་བའི་ཡེ་ཤེས་དང༌། ཚིག་གི་རྒྱུད་ཐམས་ཅད་ལ་ངག་གི་ལམ་ ཀུན་ཏུ་དབྱེ་བའི་ཡེ་ཤེས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་དབྱེ་བའི་ཡེ་ཤེས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ཀུན་ཏུ་དབྱེ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ ཏེ༑ བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མི་བརྗེད་པར་འཛིན་པའི་ཕྱིར་ཐོས་པའི་གཟུངས་དང༌། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་འབྱེད་པའི་ཕྱིར་ཆོས་ཁོང་དུ་ཆུད་པའི་གཟུངས་ དང༌། ཆོས་ཀྱི་རང་བཞིན་རྗེས་སུ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངེས་པར་རྟོགས་པའི་གཟུངས་དང༌། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ཆོས་སྣང་བ་རབ་ཏུ་ འཐོབ་པའི་གཟུངས་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་མངོན་དུ་ཐོས་པ་ཡོངས་སུ་མི་ཟད་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟུངས་དང༌། སྒྲ་སྐད་དང༌། ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཕྱིར་དབྱངས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་གཟུངས་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་བསམ་ གྱིས་མི་ཁྱབ་པ་ཤིན་ཏུ་སྟོན་པའི་ཕྱིར་དུས་གསུམ་གྱི་གཟུངས་དང༌། སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་རྣམ་པ་ཐ་དད་པ་ཐམས་ཅད་ཤིན་ཏུ་སྟོན་པའི་ཕྱིར་རྣམ་པ་སྣ་ ཚོགས་སུ་སྤོབས་པའི་གཟུངས་དང༌། སངས་རྒྱས་བྱུང་བ་བརྗོད་དུ་མེད་པ་ཐམས་ཅད་དུ་རྣ་བའི་དབང་པོས་ཁྱར་[?] པར་བྱེད་པའི་ཕྱིར་ཐོགས་པ་མེད་པའི་རྣ་བ་མངོན་པར་བསྒྲུབ་པའི་ གཟུངས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་བསྙེངས་པ་ལ་རབ་ཏུ་འགོད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུངས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ ༄༅། །ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཏེ། དེ་དག་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་པར་བྱ་བ་དག་གོ །ཀྱེ་ རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་བསྟན་པ་རྗེས་སུ་རྟོགས་པར་བྱ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་བྱང་ཆུབ་ པའི་སངས་རྒྱས་དང༌། སྨོན་ལམ་གྱི་སངས་རྒྱས་དང༌། ལས་རྣམ་པར་སྨིན་པའི་སངས་རྒྱས་དང༌། བྱིན་གྱིས་བརླབས་ཀྱི་སངས་རྒྱས་དང༌། སྤྲུལ་པའི་སངས་རྒྱས་དང༌། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་དང༌། སེམས་ཀྱི་སངས་རྒྱས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་དང༌། རང་བཞིན་གྱི་སངས་རྒྱས་དང༌། བསམ་པ་ཇི་ལྟ་བའི་སངས་རྒྱས་སོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་བསྟན་པ་རྗེས་སུ་རྟོགས་པར་བྱ་བ་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་བསྐྱེད་པ་དེ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་བྱམས་པ་ ཆེན་པོ་དང་ལྡན་པའོ། །སེམས་བསྐྱེད་པ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱིས་ལེན་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་བསྐྱེད་པ་དེ་ ནི་ཅི་བདོག་པ་ཡོངས་སུ་གཏོང་བའི་ཕྱིར་གཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་སྔོན་དུ་འགྲོ་བའོ། །སེམས་བསྐྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་མོས་པས་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའོ། །སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་ནན་ཏན་དུ་བྱེད་པས་ཡོན་ཏན་གྱིས་ བརྒྱན་པའོ། །སེམས་བསྐྱེད་པ་དེ་ནི་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཉམས་པར་མི་འགྱུར་བས་རྡོ་རྗེ་ལྟ་བུའོ། །སེམས་བསྐྱེད་པ་དེ་ནི་ཆོས་དཀར་པོ་ཐམས་ཅད་ལ་ཡང་དག་ པར་གཞོལ་བས་རྒྱ་མཚོ་ལྟ་བུའོ། །སེམས་བསྐྱེད་པ་དེ་ནི་གཞན་གྱི་ངན་དུ་བརྗོད་པ་དང༌། ངན་དུ་སྨོས་པའི་ངག་དང༌། ཚིག་བཟོད་པའི་ཕྱིར་རི་བོ་ཆེན་པོའི་དབང་པོ་དམ་པ་ལྟ་ བུའོ། །སེམས་བསྐྱེད་པ་དེ་ནི་སེམས་ཅན་ཐམས་ཅད་ལ་དབུགས་ཕྱིན་པ་ཆེན་པོས་སྡུད་པའི་ཕྱིར་བདེ་བར་བྱེད་པའོ། །སེམས་བསྐྱེད་པ་དེ་ནི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་ལ་ མཁས་པས་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་ཁོང་དུ་ཆུད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་ བཟང་པོའི་སེམས་བསྐྱེད་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཁོང་དུ་ཆུད་པས་མཁས་པ་འཐོབ་པར་འགྱུར་བ་དག་ ༄༅། །གོ་༑ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་ཏེ། བཅུ་གང་ཞེ་ན། འདི་ལྟར་མ་འོངས་པའི་ བསྐལ་པ་ཐམས་ཅད་དུ་གནས་པའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །མ་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་གྲོར་བྱ་བའི་སྨོན་ལམ་ནི་ཀུན་ཏུ་ བཟང་པོའི་སྤྱོད་པའི་ཆོས་སོ། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་དགོད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་ དག་པར་བསགས་པའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་པའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བརྒྱན་པའི་སྨོན་ལམ་ནི་ཀུན་ཏུ་བཟང་པའི་ སྤྱོད་པའི་ཆོས་སོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐྱེ་བ་གཟུང་བའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །ཆོས་ཐམས་ཅད་ཡོངས་སུ་བཙལ་ཞིང་རབ་ཏུ་དབྱེ་བ་ལ་ མཁས་པར་བྱ་བའི་སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ སྨོན་ལམ་ནི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་ཏུ་བཟང་པོའི་སྤྱོད་པའི་ཆོས་ཏེ། དེ་དག་གིས་སྨོན་ཅིང་མངོན་ པར་བརྩོན་པར་བྱས་ན། བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་ཀུན་ཏུ་བཟང་པོའི་སྨོན་ལམ་དང༌། སྤྱོད་པ་ཡོངས་སུ་རྫོགས་པར་འཐོབ་པར་འགྱུར་བ་དག་གོ། །།བམ་པོ་བདུན་ ཅུ་དྲུག་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་ སེམས་ཅན་གྱི་ཁམས་ལ་རྣམ་པར་བལྟའོ། །བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་མགོན་མེད་པ་རྣམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། སེམས་ ཅན་གྱི་ཁམས་ཐེག་པ་མེད་པ་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། དགེ་བའི་རྩ་བས་དབུལ་བའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་ དང༌། ཡུན་རིང་པོ་ནས་གཉིད་ཀྱི་བརྒྱལ་བའི་སེམས་ཀྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། དགེ་བ་མེད་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་ སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། འདོད་ཆགས་ཀྱི་བཅིང་བས་གླགས་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། སྲིད་པའི་གྲངས་ཆེན་མཚོར་ ༄༅། །རབ་ཏུ་གཞོལ་བར་གྱུར་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། ཡུན་རིང་པོ་ནས་ན་བའི་སེམས་ཅན་གྱི་ཁམས་ལ་ རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། དགེ་བའི་ཆོས་ལ་མོས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། སངས་རྒྱས་ཀྱི་ ཆོས་ལས་ཤིན་ཏུ་འཁྱམས་པར་གྱུར་པའི་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བའི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐྱེན་གང་གིས་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བ་དང༌། རྣམ་པར་གདུལ་བར་བྱ་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ བཟློག་པའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཀྱིས་སྡུད་པའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ མི་ཤེས་པ་བསལ་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཉེ་བར་བསྒྲུབ་པའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏེ། །སངས་ རྒྱས་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སངས་ རྒྱས་ཐམས་ཅད་ཀྱི་སྐུ་གཟུགས་དང༌། མཚན་དང༌། དཔེ་བྱད་བཟང་པོ་ཡོངས་སུ་བསྟན་པའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་ ཅིང་ཁོང་དུ་ཆུད་པར་བྱ་བའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། །སངས་རྒྱས་ཀྱི་སྟོབས་དང༌། མི་བསྙེངས་པ་ཐམས་ཅད་ཡོངས་སུ་བསྟན་པའི་རྐྱེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ ཏོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ཏོ། རྐྱེན་དེ་དག་གིས་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྐྱེ་བར་འགྱུར་ བ་དག་གོ །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་ལ་རིམ་གྲོ་དང༌། བཀུར་སྟི་དང༌། བསྙེན་བཀུར་བྱའོ། །དེ་དགེ་བའི་བཤེས་གཉེན་རྣམས་ལ་རིམ་གྲོ་དང༌། ༄༅། །བཀུར་སྟི་དང༌། བསྙེན་བཀུར་བྱེད་པའི་ཚེ། དགེ་བའི་བཤེས་གཉེན་རྣམས་ལ་སེམས་བསྐྱེད་པ་བཅུ་པོ་འདི་དག་བསྐྱེད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟར་རིམ་གྲོ་བྱ་བའི་སེམས་དང༌། དགའ་བར་བྱ་བའི་སེམས་དང༌། ཇི་སྐད་བསྒོ་བ་བཞིན་དུ་ནན་ཏན་དུ་བྱ་བའི་སེམས་དང༌། ཡིད་མི་འབྱུང་བའི་སེམས་དང༌། ཇི་སྙམ་ཡང་མི་བྱེད་ པའི་སེམས་དང༌། གཅིག་ཏུ་ངེས་པའི་སེམས་དང༌། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་སེམས་དང༌། སྨོན་ལམ་གཅིག་པའི་སེམས་དང༌། སྟོན་པའི་སེམས་ དང༌། སྤྱོད་པ་མཚུངས་པར་ཡོངས་སུ་རྫོགས་པར་བྱ་བའི་སེམས་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། དགེ་བའི་བཤེས་གཉེན་རྣམས་ལ་སེམས་བསྐྱེད་པ་རྣམས་སོ། །དེ་སེམས་ བསྐྱེད་པ་བཅུ་པོ་འདི་དག་བསྐྱེད་པའི་ཚེ། ཡོངས་སུ་དག་པ་བཅུ་རབ་ཏུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆུད་མི་ཟ་བའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པ་དང༌། སེམས་ཅན་ཇི་ལྟ་བུར་འདུལ་བ་བཞིན་དུ་བསྟན་པའི་ཕྱིར་གཟུགས་ཡོངས་སུ་དག་པ་དང༌། སྒྲ་སྐད་དང༌། ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་བྱ་བའི་ཕྱིར་དབྱངས་ཀྱི་དཀྱིལ་ འཁོར་ཡོངས་སུ་དག་པ་དང༌། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་སྤོབས་པ་ཡོངས་སུ་དག་པ་དང༌། མི་ཤེས་པ་ཐམས་ཅད་དང་ བྲལ་བར་བྱ་བའི་ཕྱིར་ཡེ་ཤེས་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སྐྱེ་བ་ཡོངས་སུ་དག་པ་དང༌། སྔོན་བསྐལ་བ་མཉམ་པར་སྤྱད་ པའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ཡོངས་སུ་དག་པ་དང༌། སྒྲིབ་པའི་ལས་ཐམས་ཅད་སྤངས་པས་རྣམ་པར་བཟློག་པའི་ཕྱིར་རྣམ་པར་སྨིན་ པ་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཚུལ་གཅིག་ཏུ་བྱ་བའི་ཕྱིར་སྨོན་ལམ་ཡོངས་སུ་དག་པ་དང༌། ཀུན་ཏུ་བཟང་པོའི་ཐེག་པས་འབྱུང་བའི་ཕྱིར་སྤྱོད་པ་ ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་བཅུ་པོ་འདི་དག་འཐོབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅུ་གང་ཞེ་ ན༑ འདི་ལྟར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཀྱི་ཚུལ་ཁྲིམས་ཡོངས་སུ་སྦྱང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་སྟོབས་ཀྱི་བསམ་པ་མི་འཁྲུགས་པས་སངས་རྒྱས་ཀྱི་སྟོབས་ལ་སྦྱར་བའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། མོས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དྲན་པ་རྩེ་གཅིག་ཏུ་བྱ་བའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པར་བྱ་ ༄༅། །བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཀྱི་སྟོབས་ལ་འཇུག་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཀུན་ཏུ་བཟང་པོའི་སྨོན་ལམ་ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྫུ་འཕྲུལ་དང༌། རྣམ་པར་འཕྲུལ་བ་ཡོངས་སུ་བསྟན་པའི་ཕྱིར་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་ཐམས་ཅད་ ལ་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པ་ཐ་དད་པ་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རིས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། ཆོས་ཐམས་ཅད་ལ་གཅིག་པ་དང༌། ཐ་དད་པར་ཡང་དག་པར་ གཞོལ་བར་བྱ་བའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། ཆོས་ཀྱི་དབྱིངས་འབྱམས་ཀླས་པ་ཐམས་ཅད་ཤིན་ཏུ་བསྟན་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། ནམ་མཁའི་དབྱིངས་མ་ ལུས་པ་ཐམས་ཅད་ཀྱིས་ཀླས་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མ་འོངས་པའི་དུས་ཀྱི་འཇུག་པ་ཁོང་དུ་ཆུད་པར་བྱ་བ་དང༌། འཇིག་རྟེན་གྱི་ ཁམས་ཐམས་ཅད་ལ་འདས་པའི་དུས་ཀྱི་འཇུག་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ད་ལྟར་བྱུང་བའི་དུས་ཀྱི་འཇུག་པའི་ཤེས་པ་ཁོང་དུ་ ཆུད་པར་བྱ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་དང༌། སྨོན་ལམ་རྣམ་པ་ཐ་དད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བས་གཅིག་ཏུ་རྟོགས་པར་འགྱུར་བའི་ཤེས་པ་ ཁོང་དུ་ཆུད་པར་བྱ་བ་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་སྤྱོད་པ་གཅིག་གིས་བྱུང་བའི་ཤེས་པ་ཁོང་དུ་ཆུད་པར་བྱ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་སྣང་བ་ཐམས་ཅད་ལ་དབང་བསྒྱུར་བ་ འཐོབ་པ་དང༌། བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོངས་སུ་རྫོགས་པ་འཐོབ་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་མོས་པས་སངས་རྒྱས་ཀྱི་ཆོས་ཐམས་ ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་རྟོགས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ ༄༅། །ཐམས་ཅད་ལ་ཚུལ་གཅིག་ཏུ་རྟོགས་པ་དང༌། ཆོས་ཐམས་ཅད་ལ་ཚུལ་ཐ་དད་པར་རྟོགས་པ་དང༌། ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་ཏུ་རྟོགས་པ་དང༌། སེམས་ཅན་གྱི་སེམས་དང༌། བསམ་པ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་སུ་རྟོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཉམ་པ་ཉིད་དུ་རྟོགས་པ་དང༌། སེམས་ ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང༌། བག་ཆགས་ཀྱི་སྤྱོད་པ་རྟོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། བག་ལ་ཉལ་བའི་སྤྱོད་པ་རྟོགས་པ་དང༌། སེམས་ཅན་ཐམས་ ཅད་ཀྱི་དགེ་བ་དང༌། མི་དགེ་བའི་སྤྱོད་པ་ཐམས་ཅད་རྟོགས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྨོན་ལམ་དང༌། རྣམ་པར་རྩེ་བ་དང༌། འཕྲུལ་བ་དང༌། བྱིན་གྱི་རླབས་ཐམས་ ཅད་རྟོགས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ལུས་པར་མངོན་པར་སངས་རྒྱས་པའི་བྱིན་གྱི་རླབས་རྟོགས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་རྟོགས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་ཚུལ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་ བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཤུགས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་འཇུག་པའི་སྟོབས་ཀྱི་ཤུགས་ དང༌། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་སྟོབས་ཀྱི་ཤུགས་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྟོབས་ཀྱི་ཤུགས་དང༌། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་སུ་འཇུག་པའི་སྟོབས་ཀྱི་ཤུགས་ དང༌། ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་སྟོབས་ཀྱི་ཤུགས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མོས་པའི་སྟོབས་ཀྱི་ཤུགས་དང༌། དགེ་བའི་བཤེས་གཉེན་ ཐམས་ཅད་ལ་ཤིན་ཏུ་གུས་པའི་བསམ་པ་མི་གཏོང་བའི་སྟོབས་ཀྱི་ཤུགས་དང༌། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོ་མཉེས་པར་བྱེད་པའི་སྟོབས་ཀྱི་ཤུགས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཟབ་པར་ཡིད་ཆེས་པས་མི་སྤངས་པའི་སྟོབས་ཀྱི་ཤུགས་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལས་མི་ལྡོག་པར་མཁས་པའི་སྟོབས་ཀྱི་ ཤུགས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཤུགས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ སྟོབས་བཅུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་པ་ཉིད་དེ། བཅུ་གང་ཞེ་ན། འདི་ལྟར་སེམས་ ཅན་ཐམས་ཅད་ལ་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མཉམ་པ་ཉིད་དང༌། ལྷག་པའི་བསམ་པ་ཐམས་ཅད་ལ་མཉམ་པ་ ༄༅། །ཉིད་དང༌། དགེ་བའི་རྩ་བ་ཐམས་ཅད་ལ་མཉམ་པ་ཉིད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉམ་པ་ཉིད་དང༌། སྨོན་ལམ་ཐམས་ཅད་ལ་མཉམ་པ་ ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་མཉམ་པ་ཉིད་དང༌། སྤྱོད་པ་ཐམས་ཅད་ལ་མཉམ་པ་ཉིད་དང༌། སངས་རྒྱས་ཐམས་ཅད་ལ་མཉམ་པ་ཉིད་དོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་བླ་ན་ མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་གྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན། འདི་ ལྟར་ཆོས་ཐམས་ཅད་ནི་མིང་ཙམ་མོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུའོ། །ཆོས་ཐམས་ཅད་ནི་བརྟེན་པ་ཙམ་མོ། །ཆོས་ཐམས་ཅད་ནི་ལས་ དང་བྲལ་བའོ། །ཆོས་ཐམས་ཅད་ནི་མི་ཟད་པའི་སྦྱོར་བའོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའོ། །ཆོས་ཐམས་ཅད་ནི་དོན་དམ་པའོ།། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་གྱི་ལམ་སྟེ། དེ་དག་ལ་གནས་ཤིང་ བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཆོས་བསྟན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཟབ་མོའི་ཆོས་བསྟན་པ་དང༌། ཡངས་པའི་ཆོས་བསྟན་པ་དང༌། སྣ་ཚོགས་ཀྱི་ཆོས་བསྟན་པ་དང༌། ཐམས་ཅད་ མཁྱེན་པ་ཉིད་བརྗོད་པ་མང་པོའི་ཆོས་བསྟན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ་དང༌། དེ་བཞིན་གཤེགས་པའི་སྟོབས་མངོན་པར་བསྒྲུབ་པའི་ཆོས་བསྟན་པ་ དང༌། དུས་གསུམ་དང་ལྡན་པའི་ཆོས་བསྟན་པ་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་བྱ་བའི་ཆོས་བསྟན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་དང་ལེགས་པར་རབ་ཏུ་བརྗོད་ པའི་ཆོས་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང༌། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་པ་དང་ལྡན་པའི་ ཆོས་བསྟན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བསྟན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ རྣམས་ཀྱི་ཆོས་བསྟན་པ་ཆེན་པོ་བླ་ན་མེད་པ་སྟོན་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་གཟུང་བ་སྟེ། བཅུ་གང་ཞེ་ན། ༄༅། །འདི་ལྟར་དགེ་བའི་རྩ་བ་དང༌། བསོད་ནམས་ཀྱི་ཚོགས་རྣམས་ཡོངས་སུ་གཟུང་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟུངས་པའི་ཆོས་བསྟན་པ་ རྣམས་ཡོངས་སུ་གཟུང་བ་དང༌། དཔེ་དང་མཐུན་པར་བསྟུན་པ་ཐམས་ཅད་ཡོངས་སུ་གཟུང་བ་དང༌། ཆོས་ཀྱི་ཚུལ་དང་སྒོ་ཐམས་ཅད་ཡོངས་སུ་གཟུང་བ་དང༌། གཟུངས་ཐམས་ཅད་ མངོན་པར་བསྒྲུབ་པའི་སྒོ་རྣམས་ཡོངས་སུ་གཟུང་བ་དང༌། ཐེ་ཚོམ་ཐམས་ཅད་ཡོངས་སུ་གཅོད་པ་རྣམས་ཡོངས་སུ་གཟུང་བ་དང༌། བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཐམས་ཅད་ ཡོངས་སུ་གཟུང་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྟན་པའི་སྒོ་རྣམས་ཡོངས་སུ་གཟུང་བ་དང༌། ཆོས་སྣང་བའི་སྒོ་ཐམས་ཅད་ཡོངས་ སུ་གཟུང་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་དང༌། རྣམ་པར་རོལ་པ་དང༌། བྱིན་གྱི་རླབས་རྣམས་ཡོངས་སུ་གཟུང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་གཟུང་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ཡོངས་སུ་གཟུང་བ་བླ་ན་མེད་པ་ འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ལ་རྣམ་པར་མ་བརྟགས་ པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་མི་གནས་པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དུ་སྣང་བའི་ སྤོབས་པ་དང༌། ཆོས་ཐམས་ཅད་ལ་མུན་པ་མེད་པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་ འཇོག་པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་ཚིག་གི་བྱེ་བྲག་མཁས་པའི་སྤོབས་པ་དང༌། ཆོས་ཐམས་ཅད་ལ་དེ་ཁོ་ན་ཉིད་བསྟན་པའི་སྤོབས་པ་དང༌། སེམས་ཅན་གྱི་སེམས་དང་ སྤྱོད་པ་ཐམས་ཅད་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པའི་སྤོབས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་སྟེ། དེ་དག་ལ་ གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྤོབས་པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་།བྱང་ཆུབ་ སེམས་དཔའ་རྣམས་ཀྱི་དབང་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ཅིང༌། འདུལ་བའི་ཡེ་ཤེས་ཀྱི་དབང་དང༌། ཆོས་ཐམས་ཅད་སྣང་བ་རབ་ཏུ་ ཐོབ་པའི་དབང་དང༌། དགེ་བའི་རྩ་བ་ཐམས་ཅད་ལ་སྤྱོད་པའི་དབང་དང༌། ཡེ་ཤེས་ཆེན་པོའི་དབང་དང༌། མི་གནས་པའི་ཚུལ་ཁྲིམས་ཀྱི་དབང་དང༌། དགེ་བའི་རྩ་བ་ཐམས་ཅད་བྱང་ ༄༅། །ཆུབ་ཏུ་ཡོངས་སུ་བསྔོ་བའི་དབང་དང༌། བརྩོན་འགྲུས་བརྩམས་པ་ཐམས་ཅད་ལས་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་དབང་དང༌། བདུད་ཐམས་ཅད་ཤིན་ཏུ་ ཕམ་པར་བྱ་བའི་ཡེ་ཤེས་ཀྱི་དབང་དང༌། གང་དུ་དགའ་བར་འགྲོ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཡེ་ཤེས་ཀྱི་དབང་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ནམ་འདོད་པ་ན་ མངོན་པར་རྫོགས་པར་འཚང་རྒྱ་བའི་ཡེ་ཤེས་ཀྱི་དབང་ངོ༌། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་ སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་དབང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་མི་གནས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་མི་གནས་པ་དང༌། སེམས་ཅན་ཐམས་ཅད་ལ་མི་གནས་པ་དང༌། ཆོས་ཐམས་ཅད་ ལ་མི་གནས་པ་དང༌། བྱ་བ་ཐམས་ཅད་ལ་མི་གནས་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ལ་མི་གནས་པ་དང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལ་མི་གནས་པ་དང༌། སྨོན་ལམ་ ཐམས་ཅད་ལ་མི་གནས་པ་དང༌། སྤྱོད་པ་ཐམས་ཅད་ལ་མི་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་གནས་པ་དང༌། སངས་རྒྱས་ཐམས་ཅད་ལ་མི་གནས་ པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཡངས་པར་བསྒྱུར་ བ་ཡོངས་སུ་ཤེས་པའི་ཡེ་ཤེས་ཡོངས་སུ་དག་ཅིང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ མཉམ་པ་ཉིད་དེ། བཅུ་གང་ཞེ་ན། འདི་ལྟར་བསོད་ནམས་ཐམས་ཅད་བསགས་པ་ལ་སེམས་མཉམ་པ་ཉིད་དང༌། སྨོན་ལམ་རྣམ་པ་ཐ་དད་པས་འབྱུང་བ་ཐམས་ཅད་ལ་སེམས་ མཉམ་པ་ཉིད་དང༌། སེམས་ཅན་གྱི་རིས་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། སེམས་ཅན་གྱི་ལས་རྣམ་པར་སྨིན་པ་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། ཆོས་ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། ཞིང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་དག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། སེམས་ཅན་གྱི་མོས་པ་ ལ་འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། སྤྱོད་པའི་རྣམ་པར་རྟོགས་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། སངས་རྒྱས་ཀྱི་སྟོབས་དང༌། མི་བསྙེངས་པ་ལ་ འཇུག་པ་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་སེམས་མཉམ་པ་ཉིད་དོ། །ཀྱེ་རྒྱལ་བའི་ ༄༅། །སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་མཉམ་པ་ཉིད་དེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་ཐུགས་མཉམ་པ་ཉིད་རྒྱ་ཆེ་ཞིང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་མངོན་ པར་བསྒྲུབ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། སངས་ རྒྱས་ཀྱི་ཞིང་སྣ་ཚོགས་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། ཕྱོགས་ཀྱི་དྲ་བ་རྣམ་པར་དབྱེ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་ པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། འཇིག་རྟེན་གྱི་ཁམས་སྤྱིའུ་ཚུགས་སུ་རྒྱུ་བ་དང༌། སྣྲེལ་ཞིང་རྒྱུ་བ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་ བསྒྲུབ་པ་དང༌། ཆོས་ཐམས་ཅད་གཅིག་པ་དང༌། ཐ་དད་པའི་འབྱམས་ཀླས་པར་རྣམ་པར་དགོད་པ་ལ་མཁས་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་ པ་དང༌། ལུས་ཀྱི་རྒྱུད་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་འཇུག་པར་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། འདུ་ཤེས་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པའི་འཇིག་རྟེན་གྱི་ རྣམ་པའི་འདུ་ཤེས་དང༌། རློམ་སེམས་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། ཆོས་ཀྱི་རྒྱུད་ཐམས་ཅད་ལ་འབྱུང་བ་གཅིག་གིས་མཐར་ཐུག་པར་ འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་དང༌། བྱིན་གྱི་རླབས་ ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་དང༌། འགྲོ་བ་ཐམས་ཅད་ཀྱི་དུས་གསུམ་དུ་འདུས་པའི་སངས་རྒྱས་ཀྱི་རིགས་ཐམས་ཅད་རྒྱུན་མི་གཅོད་པ་ ཁོང་དུ་ཆུད་པར་བྱ་བ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པ་ སྟེ༑ དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་གང་ལ་ཡང་མགོ་རྨོངས་པར་མི་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྤྲུལ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་སྤྲུལ་པ་དང༌། ལུས་སྤྲུལ་པ་དང༌། ཞིང་སྤྲུལ་པ་དང༌། མཆོད་པ་སྤྲུལ་པ་དང༌། དབྱངས་སྤྲུལ་པ་དང༌། སྤྱོད་པ་དང་སྨོན་ ལམ་སྤྲུལ་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བ་སྤྲུལ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་སྤྲུལ་པ་དང༌། ཆོས་བསྟན་པ་སྤྲུལ་པ་དང༌། བྱིན་གྱི་རླབས་ ༄༅། །སྤྲུལ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ ཐམས་ཅད་སྤྲུལ་པ་ཡོངས་སུ་རྫོགས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་བྱིན་གྱི་རླབས་དང༌། ཆོས་ཀྱི་བྱིན་གྱི་རླབས་དང༌། སེམས་ཅན་གྱི་བྱིན་གྱི་རླབས་དང༌། ལས་ཀྱི་བྱིན་གྱི་རླབས་དང༌། སྤྱོད་པའི་བྱིན་གྱི་རླབས་ དང༌། སྨོན་ལམ་གྱི་བྱིན་གྱི་རླབས་དང༌། སྤྱོད་ཡུལ་གྱི་བྱིན་གྱི་རླབས་དང༌། དུས་ཀྱི་བྱིན་གྱི་རླབས་དང༌། དགེ་བའི་བྱིན་གྱི་རླབས་དང༌། ཡེ་ཤེས་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་ སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་དབུགས་ཕྱིན་པར་རབ་ཏུ་རྙེད་པ་ བཅུ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་གང་ཇི་སྙེད་ཅིག་འབྱུང་བར་ འགྱུར་བ་དེ་དག་ཐམས་ཅད་མཉེས་པར་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ ཡང་སངས་རྒྱས་ཀྱི་ཚུལ་དང་འདྲ་བའི་རིམ་གྲོ་བླ་ན་མེད་པ་བྱའོ། །མཆོད་པ་དང་བསྙེན་བཀུར་བླ་ན་མེད་པ་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །བདག་གིས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མཆོད་ནས་ཀྱང་གདམས་ངག་གང་གིས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སར་ བྱུང་བར་གྱུར་པ་དང༌། འབྱུང་བ་དང༌། འབྱུང་བར་འགྱུར་བ་དེ་ལྟ་བུའི་གདམས་ངག་དང༌། མན་ངག་བསྟན་པ་མཛད་ཀྱི། གདམས་ངག་དང་མན་ངག་དེ་ཡང་བདག་གིས་བསམ་པ་ཐག་ པས་རིམ་གྲོར་བྱས་ཏེ། མཉན་ལ་ཡང་དག་པར་ནན་ཏན་དུ་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ སེམས་ཏེ། བདག་བསྐལ་པ་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་བར་ འགྱུར་རོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྔོན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་ ༄༅། །པའི་བྱང་ཆུབ་ཏུ་མ་ཞུགས་པའི་ཚེ། འདི་ལྟ་སྟེ། འཚོ་བ་མེད་པའི་འཇིགས་པའམ། གྲགས་པ་མེད་པའི་འཇིགས་པའམ། འཆི་བའི་འཇིགས་པའམ། ངན་སོང་ གི་འཇིགས་པའམ། འཁོར་དུ་བག་ཚ་བའི་འཇིགས་པ་ཡང་རུང་སྟེ། ཇི་སྙེད་ཀྱི་འཇིགས་པར་གྱུར་པ་དེ་དག་ཐམས་ཅད་ནི་རྣམ་པར་བཟློག་པར་གྱུར། རིང་དུ་བྱས་པར་གྱུར། རྣམ་ པར་བཅིལ་བར་གྱུར་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ཏུ་ཅིས་ཀྱང་མི་འཇིགས་པར་གྱུར་ཏོ། །མི་དངང་བར་གྱུར་ཏོ། །སྐྱི་གཡའ་བ་མེད་པར་གྱུར་ཏོ། །ཅིས་ཀྱང་འཇིགས་པར་མི་ འགྱུར་རོ། །དངང་བར་མི་འགྱུར་རོ། །སྐྱི་གཡའ་བར་མི་འགྱུར་རོ། །དེ་བས་ན་བརྟན་ཞིང་རྣམ་པར་གནོན་ལ་ཟིལ་གྱིས་མི་ནོན་པས་བདུད་དང༌། མུ་སྟེགས་ཅན་དང༌། ཕས་ཀྱི་རྒོལ་ བ་ཐམས་ཅད་ཀྱིས་མི་ཐུབ་པར་གྱུར་ཏོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་བསྐྱེད་དེ། བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་གྱི་ཁམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ། །རབ་ ཏུ་དགོད་པར་བྱའོ། །དེ་དག་བྱང་ཆུབ་ཐོབ་པར་གྱུར་ནས་ཀྱང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་དད་པ་ཆེན་པོ་དང་ ལྡན་པའི་སེམས་བསྐྱེད་པས། ཚེའི་ཚད་ཀྱི་མཐར་ཐུག་གི་བར་དུ་སངས་རྒྱས་ལ་འོས་པའི་རིམ་གྲོས་མཆོད་པ་དང༌། བཀུར་སྟི་བྱའོ། །དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ ལས་འདས་ནས་ཀྱང༌། སྐུ་གཟུགས་ལ་མཆོད་པའི་ལས་ཀྱི་ཕྱིར་མཆོད་རྟེན་ཚད་མེད་པ་མང་པོ་བྱའོ། །དེ་དག་གི་བསྟན་པ་ཡང་ཡོངས་སུ་བསྲུང་བར་བྱའོ། །དེ་དག་གི་དམ་པའི་ཆོས་ཀྱང་ ཡོངས་སུ་བཟུང་བ་བླ་ན་མེད་པས་ཡོངས་སུ་གཟུང་བར་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་ བསྐྱེད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་བླ་ན་མེད་པའི་མཛེས་པས་བརྒྱན་པར་བྱ། སྤུད་པར་བྱ། ཀླུབས་པར་བྱ། ཡོངས་སུ་སྦྱང་བར་བྱ། མཉམ་པར་བྱ། བསྒྱུར་བར་བྱ། བྱིན་གྱིས་ བརླབ་པར་བྱ། བསྐྱོད་པར་བྱ། སྣང་བར་བྱ། རྫུ་འཕྲུལ་དང༌། རྣམ་པར་འཕྲུལ་བས་དགང་བར་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པར་བྱའོ། །ནེམ་ནུར་གཅད་པར་བྱའོ། །བསམ་པ་ཡོངས་སུ་སྦྱང་བར་བྱའོ། །སེམས་ཁོང་དུ་ ཆུད་པར་བྱའོ། །ཉོན་མོངས་པ་རྣམ་པར་བཟློག་པར་བྱའོ། །ངན་སོང་གི་སྒོ་གཅད་པར་བྱའོ། །བདེ་པའི་ལས་ཀྱི་སྒོ་དབྱེ་བར་བྱའོ། །མུན་པ་རྣམ་པར་བསལ་བར་བྱའོ། །འོད་ཀྱིས་སྣང་བར་ ༄༅། །བྱའོ། །བདུད་ཐམས་ཅད་དང༌། བདུད་ཀྱི་ལས་རྣམས་རབ་ཏུ་གདུལ་བར་བྱའོ། །བླ་ན་མེད་པའི་བདེ་བ་ཆེན་པོ་འཐོབ་པ་འགྲོ་བ་ཐམས་ཅད་དུ་ཡང་དག་པར་ བསྟན་པར་བྱའོ། །རབ་ཏུ་བསྐྱེད་པར་བྱའོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་གིས་སངས་རྒྱས་མཐོང་བ་ནི་དོན་ཡོད་པ་སྟེ། ཇི་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བར་འདོད་པ་དེ་ཙམ་ན་མཐོང་བར་ འགྱུར་གྱི། བདག་གིས་སངས་རྒྱས་མཐོང་བ་ནི་རྒྱུན་ཆད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་ནི་རྒྱུན་ཆད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུར་བསྐལ་པ་ཐམས་ཅད་དུ་སྐྱེ་ཞིང་མཐོང་བར་དཀའ་བ་རྣམས་ལས་ཆོས་མཉན་པ་ཡང་རྒྱུན་མི་ འཆད་པར་འགྱུར་ཏེ། དེ་ལྟར་བདག་གི་བསམ་པ་ཡོངས་སུ་དག་པས། སེམས་བསྐྱེད་པ་གཡོ་ཐམས་ཅད་ཡོངས་སུ་སྤངས་པ་དྲང་བའི་ངང་ཚུལ་དང་ལྡན་པ་སྒྱུའི་རྣམ་པ་མེད་ པས། སེམས་ཀྱི་སྐད་ཅིག་རེ་རེ་ལ་སངས་རྒྱས་མཐོང་བའི་བྱིན་གྱི་རླབས་དང་ལྡན་པར་འགྱུར་རོ་ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་དེའི་ཚེ། འཇིག་རྟེན་གྱི་ཁམས་ཐམས་ ཅད་སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པས་རྒྱས་པར་དགང་ངོ༌། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ཀྱང༌། འགྲོ་བ་ཐམས་ཅད་རེ་ རེར་སངས་རྒྱས་སྐྱེ་བ་ཡོངས་སུ་བསྟན་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་རྔ་ཆེན་པོ་བརྡུང་བར་བྱའོ། །ཆོས་ཀྱི་ སྤྲིན་གྱི་ཆར་ཆེན་པོ་མངོན་པར་དབབ་པ་དང༌། ཆོས་ཀྱི་སྦྱིན་པ་ཆེན་པོ་སྦྱིན་པ་དང༌། མི་འཇིགས་པ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་སེང་གེའི་ང་རོ་ཆེན་པོས་རྣམ་པར་སྤེལ་ པའི་སྨོན་ལམ་ཆེན་པོས། ཆོས་ཀྱི་དབྱིངས་སུ་གནས་པའི་བསྐལ་པར་ཆོས་བསྟན་པར་བྱའོ། །འོན་ཀྱང་སྙིང་རྗེ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་གི་ལུས་ལ་དུབ་པ་མེད་པར་ འགྱུར༑ ངག་དང་སེམས་ལ་དུབ་པ་མེད་པར་འགྱུར་རོ། །ཞེས་དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་བོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ དབུགས་ཕྱིན་པ་ཆེན་པོ་རབ་ཏུ་འཐོབ་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ལ་མངོན་པར་འཚང་རྒྱ་བ་བླ་ན་མེད་ ༄༅། །པར་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་རྣམས་ཏེ། བཅུ་ གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདས་པའི་དུས་ལ་འཇུག་པ་འདི་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་དང་པོའོ། །འཇིག་རྟེན་གྱི་ཁམས་འགྲངས་པ་དེ་དང་ དེ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་འོངས་པའི་དུས་ལ་འཇུག་པ་འདི་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་གཉིས་པའོ། །འཇིག་རྟེན་གྱི་ཁམས་འགྲངས་པ་དང༌། འཇིག་རྟེན་ གྱི་ཁམས་ཡོད་པ་དང༌། འཇིག་རྟེན་གྱི་ཁམས་སུ་བསྟན་པ་དང༌། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དང༌། འཇིག་རྟེན་གྱི་ཁམས་སུ་ཤེས་པ་གང་ཇི་སྙེད་པའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་ད་ལྟར་བྱུང་བའི་དུས་ལ་འཇུག་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་གསུམ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་སུ་འཇུག་པ་འདི་ནི་། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་བཞི་པའོ། །སེམས་ཅན་གྱི་ལས་དང་རྣམ་པར་སྨིན་པ་སྣ་ཚོགས་ཐམས་ཅད་ལ་འཇུག་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་ལྔ་ པའོ༑ །བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ལ་འཇུག་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ དེ་བཞིན་གཤེགས་པ་འདས་པ་རྣམས་ཀྱི་མཚམས་སྦྱོར་བ་ཤེས་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་ཀྱི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཤེས་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་ སྲས༑ གཞན་ཡང་བྱང་ཆུབ་སེམས་དཔའ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་ཤིང་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ ཞིང་རབ་ཏུ་ཤེས་སོ། །འཁོར་གྱི་དཀྱིལ་འཁོར་རབ་ཏུ་ཤེས་སོ། །ཆོས་བསྟན་པ་རབ་ཏུ་ཤེས་སོ། །སེམས་ཅན་འདུལ་བ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་ཡང་རབ་ཏུ་ ཤེས་ཏེ། འདི་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཆོས་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ཆོས་ རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཆོས་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཆོས་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པའི་ཆོས་རབ་ཏུ་ཤེས་སོ། །ཆོས་དེ་དག་ལའང་རྣམ་པར་མི་ རྟོག་པས་རབ་ཏུ་ཞུགས་ནས་རྣམ་པ་ཐ་དད་པར་སྟོན་ཏེ། ཆོས་དེ་དག་ཀྱང་གཟུད་པ་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་སུ་འཛུད་དོ། །ཆོས་རྣམས་རྣམ་པར་རྟག་ཏུ་མེད་པར་ཡང་ཤེས་ ༄༅། །ལ༑ ཆོས་དེ་དག་ཇི་ལྟ་བ་དེ་བཞིན་དུའང་རབ་ཏུ་སྟོན་ཏེ། འདི་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་འཇུག་པ་བཅུ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ ཡེ་ཤེས་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་ སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་མཆོད་པ་དང༌། རིམ་གྲོར་བྱ་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་ སྤྱོད་དོ། །དགེ་བའི་བཤེས་གཉེན་ཐམས་ཅད་དགའ་བར་བྱ་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་བྱེད་དོ། །དགེ་བའི་རྩ་བ་རབ་ཏུ་བསགས་ པ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏང་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་ལ་འཇུག་པ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་ པ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །བྱང་ཆུབ་ཀྱི་སེམས་ཚད་མེད་པ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་དོ། །སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་སུ་བྱ་བ་རྣམས་ཏེ། གནས་དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བསྟན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྒྲིབ་པའི་ལས་ཐམས་ཅད་རྣམ་པར་བཟློག་པའི་ ཕྱིར༑ སེམས་བརྟེན་པ་བསྐྱེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་བརྟན་པ་ཡོངས་སུ་གཟུང་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ་ ༄༅། །དང༌། བདུད་ཐམས་ཅད་རབ་ཏུ་ཕམ་པར་བྱ་བའི་ཕྱིར། སེམས་བརྟེན་པ་བསྐྱེད་པ་དང༌། ལུས་དང་སྲོག་ཐམས་ཅད་ལ་མི་ལྟ་བའི་ཕྱིར། སེམས་བརྟན་ པ་བསྐྱེད་པ་དང༌། མུ་སྟེགས་ཅན་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་བཞིན་དུ་ཚར་གཅད་པའི་ཕྱིར། སེམས་བརྟན་པ་བསྐྱེད་པ་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་ཚིམ་ པར་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མངོན་པར་དགའ་བར་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པ་དང༌། ཆོས་ཟབ་མོ་རྣམ་པར་བསྒོམ་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ས་རྣམ་པར་བཟློག་པའི་ཕྱིར། སེམས་བརྟན་པ་བསྐྱེད་པ་དང༌། བསྐལ་པ་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་མི་སྐྱོ་བའི་རྒྱུད་དུ་བྱ་བའི་ཕྱིར། སེམས་བརྟན་པ་བསྐྱེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་བརྟན་པ་རྣམས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་བརྟན་ ཞིང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནེམ་ནུར་ཐམས་ ཅད་གཅོད་པའི་སེམས་བསྐྱེད་པ་ཐེ་ཚོམ་མེད་ཅིང་ཡིད་གཉིས་མེད་ལ། སོམ་ཉི་མེད་པ་རྣམས་ཏེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་སྦྱིན་པས་ཡོངས་སུ་བསྡུ་བར་བྱའོ། །ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱིས་ཡོངས་སུ་བསྡུ་བར་བྱའོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ སེམས་བསྐྱེད་དེ། མ་འོངས་པའི་དུས་ན། གང་ཇི་སྙེད་དུ་འབྱུང་བར་འགྱུར་བའི་སངས་རྒྱས་ཐམས་ཅད་བླ་ན་མེད་པའི་མཉེས་པར་བྱ་བ་དང༌། སངས་རྒྱས་ཐམས་ཅད་མཆོད་ཅིང༌། བསྙེན་བཀུར་བའི་སེམས་བསྐྱེད་པས་མཉེས་པར་བྱའོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ ༄༅། །ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་ དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྣ་ཚོགས་ཀྱི་དྲ་བའི་རྒྱན་གྱིས་ཡོངས་སུ་རྒྱས་པར་དགང་ངོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་མེད། ཡིད་ གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་འདི་ལྟར་སེམས་བསྐྱེད་དེ། མ་འོངས་པའི་བསྐལ་པའི་མུར་ཐུག་པར་མི་སྐྱོ་བའི་རྒྱུད་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཁམས་ གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། ཚད་མེད་པ། གཞལ་དུ་མེད་པ། ཀུན་ཏུ་མཐའ་ཡས་པ། མུ་མེད་པ། ས་མཚམས་མེད་པ། བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པ། གྲངས་དང་བགྲང་བ་ལས་འདས་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་བླ་ན་མེད་པའི་ཡོངས་སུ་སྨིན་པར་ བྱ་བ་དང༌། བླ་ན་མེད་པའི་རྣམ་པར་གདུལ་བས་ཡོངས་སུ་སྨིན་པ་དང༌། རྣམ་པར་གདུལ་བར་བྱའོ་སྙམ་ན་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ནི་ཐེ་ཚོམ་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་ བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་ནས། དེ་ལ་ནེམ་ནུར་མེད་ཅིང༌། ཡིད་གཉིས་མེད་པ་དང༌། ཐེ་ཚོམ་མེད་ པར་གནས་པ་ཡིན་ཏེ། འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་སྟེ། བདག་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བར་གྱུར་པས། ཆོས་ཐམས་ཅད་མངོན་དུ་གྱུར་པར་འགྱུར་རོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་ མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་འདི་སྙམ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་པར་བྱའོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་ སྙམ་པའི་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ ༄༅། །ཡང་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་ཆོས་ཀྱི་སྒོ་ཐམས་ཅད་ཆགས་པ་ཐམས་ཅད་མི་དམིགས་པས་རབ་ཏུ་ཤེས་ཤིང༌། དེ་ལ་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པ་ཉིད་ལ་གནས་པ་འདི་ནི། ནེམ་ནུར་ཐམས་ ཅད་གཅོད་པའི་སེམས་བསྐྱེད་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་འདུ་ཤེས་ཀྱི་ཕྱིན་ཅི་ལོག་རབ་ཏུ་སྤངས་པ་དང༌། བླང་བ་ མེད་ཅིང་དོར་བ་མེད་པའི་ཚུལ་གྱིས་འཇིག་རྟེན་ལས་འདས་པའི་ཆོས་སུ་ཤེས་ཏེ། དེ་ལ་གཞན་གྱི་དྲིང་མི་འཇོག་ཅིང་ནེམ་ནུར་མེད། ཡིད་གཉིས་མེད་ལ། ཐེ་ཚོམ་མེད་པ་ཡིན་ ཏེ༑ འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་ཕྱིན་ཅི་ ལོག་ཐམས་ཅད་རབ་ཏུ་སྤངས་པའི་སེམས་སྐད་ཅིག་གཅིག་གི་ཡེ་ཤེས་གཅིག་དང༌། གཉིས་སུ་མི་དམིགས་པ་བགྲང་བ་ཐམས་ཅད་དང་བྲལ་བ། འདུས་མ་བྱས་ལ་ཤིན་ཏུ་ གཞོལ་བ། བརྗོད་པ་ཐམས་ཅད་རབ་ཏུ་སྤངས་པ། སྤྱོད་ཡུལ་བརྗོད་དུ་མེད་པའི་མཐར་ཕྱིན་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བར་བྱའོ་སྙམ་ཡང༌། དེ་ལ་དེ་ནི་དེ་ལྟར་མི་འགྱུར་སྙམ་པའི་ནེམ་ནུར་མེད། ཡིད་གཉིས་མེད། ཐེ་ཚོམ་མེད་དེ། དེ་ནི་གནས་མ་ཡིན་ནོ། །འདི་ནི་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་བཅུ་པ་ སྟེ༑ ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནེམ་ནུར་ཐམས་ཅད་གཅོད་པའི་སེམས་བསྐྱེད་པ་ཐེ་ཚོམ་མེད་ཅིང་ཡིད་ གཉིས་མེད་ལ་སོམ་ཉི་མེད་པ་རྣམས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནེམ་ནུར་མེད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་ དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པ་ཉིད་དེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་རྩ་བ་ཐམས་ཅད་ལ་བསམ་གྱིས་ མི་ཁྱབ་པ་ཡིན། སྨོན་ལམ་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པ་ཡིན། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཇུག་པ་ལ་བསམ་གྱིས་མི་ཁྱབ་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ པའི་ཚེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་གནས་པའི་དགེ་བའི་རྩ་བ་ཆུད་མི་ཟ་ཞིང་རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་ལ་བསམ་གྱིས་མི་ཁྱབ་པ་ཡིན། ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་ཟབ་མོའི་ཆོས་ཐམས་ཅད་ལའང་རབ་ཏུ་འཇུག་པ་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའ་བ་འདི་ནི་བསམ་གྱིས་མི་ ༄༅། །ཁྱབ་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མངལ་དུ་འགྲོ་བ་དང༌། སྐྱེ་བ་ བ་དང༌། གོམ་པ་བདུན་དུ་འགྲོ་བ་དང༌། བཙུན་མོའི་འཁོར་གྱི་ནང་ན་གནས་པ་དང༌། མངོན་པར་འབྱུང་བ་དང༌། དགའ་བ་སྤྱོད་པའི་སྦྱོར་བ་དང༌། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང༌། བདུད་ འདུལ་བ་དང༌། རྣམ་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བའི་བྱིན་གྱི་རླབས་ཐམས་ཅད་ ཡོངས་སུ་སྟོན་ཅིང༌། སྙིང་རྗེ་ཆེན་པོ་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་སྨོན་ལམ་གྱི་བར་གྱིས་ཡོངས་སུ་རྒྱུན་མི་གཅོད་པ་འདི་ནི་བསམ་གྱིས་མི་ཁྱབ་པ་དྲུག་ པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་སེམས་བསྐྱེད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། བྱིན་གྱི་རླབས་ ཀྱང་ཡང་དག་པར་སྟོན་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་རྒྱུན་མི་གཅོད་པ་འདི་ནི་བསམ་གྱིས་མི་ཁྱབ་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་ སེམས་དཔའ་ཆོས་ཐམས་ཅད་མཚན་མ་མེད་པ་ལ་མཚན་མ་ཡོད་པར་འཇུག །མཚན་མ་ཡོད་པ་ལ་མཚན་མ་མེད་པར་འཇུག །རྟོག་པ་མེད་པ་ལ་རྟོག་པ་ཡོད་པར་སྟོན་།རྟོག་ པ་ཡོད་པ་ལ་རྟོག་པ་མེད་པར་སྟོན། དངོས་པོ་མེད་པ་ལ་དངོས་པོ་ཡོད་པར་འཇུག །དངོས་པོ་ཡོད་པ་ལ་དངོས་པོ་མེད་པར་འཇུག །མངོན་པར་འདུ་བྱེད་པ་ལ་མངོན་པར་འདུ་བྱ་བ་མེད་ པར་སྟོན། མངོན་པར་འདུ་བྱ་བ་མེད་པ་ལ་མངོན་པར་འདུ་བྱ་བ་ཡོད་པར་སྟོན། ཆོས་ཐམས་ཅད་བརྗོད་དུ་མེད་པ་ལ་བརྗོད་དུ་ཡོད་པར་ཤེས། ཆོས་ཐམས་ཅད་བརྗོད་དུ་ཡོད་པ་ལ་བརྗོད་དུ་མེད་ པར་ཤེས་ཏེ། འདི་ནི་བསམ་གྱིས་མི་ཁྱབ་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱང་སེམས་དང་མཉམ་པར་ཤེས་ལ། སེམས་ཀྱང་བྱང་ཆུབ་དང་མཉམ་ པར་ཤེས་ཏེ། འགྲོ་བ་ཐམས་ཅད་ཀྱང་སེམས་དང་བྱང་ཆུབ་ཏུ་ཤེས་མོད་ཀྱི། དེའི་སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད། འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་ བ་མེད་དེ། འདི་ནི་བསམ་གྱིས་མི་ཁྱབ་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་འགོག་པ་ལ་སྙོམས་པར་འཇུག་ཀྱང༌། ཡང་དག་ པའི་མཐའ་མངོན་དུ་མི་བྱེད། ཟག་པ་ཟད་པ་ཡིན་ཡང་དགེ་བའི་རྩ་བ་ཟག་པ་ཟད་པར་མི་བྱེད། ཆོས་ཐམས་ཅད་ཟག་པ་མེད་པར་ཡང་ཤེས། ཟག་པ་ཟད་པར་ཡང་ཤེས། ཟག་པ་འགག་པར་ ཡང་ཤེས་ཤིང༌། སངས་རྒྱས་ཀྱི་ཆོས་ལ་འཇིག་རྟེན་གྱི་ཆོས་སུ་འཇུག་སྟེ། འཇིག་རྟེན་གྱི་ཆོས་ལ་སངས་རྒྱས་ཀྱི་ཆོས་སུ་འཇུག་ཀྱང༌། སངས་རྒྱས་ཀྱི་ཆོས་ཀྱིས་འཇིག་རྟེན་གྱི་ཆོས་ལ་རྣམ་པར་ ༄༅། །མི་རྟོག །འཇིག་རྟེན་གྱི་ཆོས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་རྣམ་པར་མི་རྟོག །ཆོས་ཐམས་ཅད་གཟུང་བ་མེད་པའི་ཚུལ་དུ་ཆོས་ཀྱི་དབྱིངས་སུ་འཛུད་ལ། ཆོས་ཐམས་ ཅད་འགྱུར་བ་མེད་པའི་ཚུལ་གྱིས་གཉིས་སུ་མེད་པར་ཡང་ཤེས་པ་འདི་ནི། བསམ་གྱིས་མི་ཁྱབ་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསམ་གྱིས་མི་ཁྱབ་པ་རྣམས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་ གོ༑ ༑བམ་པོ་བདུན་ཅུ་རྩ་བདུན་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་ཏེ་བཤད་པ་ལ་མཁས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ་དང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ་དང༌། བྱང་ཆུབ་སེམས་ དཔའི་རྫུ་འཕྲུལ་དང༌། རྣམ་པར་འཕྲུལ་པ་དང༌། མངོན་པར་རྫོགས་པར་འཚང་རྒྱ་བ་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་ པར་སྨིན་པར་འཇུག་པ་ཐམས་ཅད་ལ་དགོངས་ཏེ་བཤད་པ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་ལྡང་བ་ལ་ དགོངས་ཏེ་བཤད་པ་ལ་མཁས་པ་དང༌། ཆོས་ཐམས་ཅད་ཆགས་པ་མེད་པའི་སྒོའི་མཐར་ཕྱིན་པ་ལ་བསྒྲིབས་པ་མེད་པའི་ཚུལ་གྱིས་དགོངས་ཏེ་བཤད་པ་ལ་མཁས་པ་སྟེ། འདི་ནི་དགོངས་ ཏེ་བཤད་པ་ལ་མཁས་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་ཀྱི་ཕྱོགས་རེ་རེ་དང༌། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རེ་རེ་ན་ཡང༌། འཇིག་ རྟེན་གྱི་ཁམས་འགྲུབ་པ་དང༌། འཇིག་རྟེན་གྱི་ཁམས་འཇིག་པ་རྒྱུན་མི་འཆད་ཅིང་མཚམས་མེད་པ་ཤེས་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཕྲ་བ་དང༌། ཡངས་པའི་འཇུག་པས་ཡོངས་སུ་འཇུག་པ་ཐམས་ཅད་གཟུང་བ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེ་བ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་བར་དུ་གཟུང་བ་རྒྱུན་ཆད་པ་མེད་པས། ཆོས་ཀྱི་དབྱིངས་ཐམས་ཅད་ སངས་རྒྱས་ཀྱིས་ཡོངས་སུ་གང་བར་འཇུག་ཅིང༌། སངས་རྒྱས་སྐྱེ་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་ཕྱེ་བར་མཐོང་བ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ་བརྒྱད་པའོ། །ཀྱེ་རྒྱལ་ བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་མི་འགྱུར་བའི་ཚུལ་གྱིས་མྱ་ངན་ལས་འདས་པར་ཤེས་ཀྱང༌། ཐམས་ཅད་མཁྱེན་པའི་སྨོན་ལམ་ཡོངས་སུ་རྫོགས་ ༄༅། །པར་བྱ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུ་སྨོན་ལམ་ཕྱིར་ཟློག་པར་མི་བྱེད་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་ བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཞན་གྱི་དྲིང་མི་འཇོག་པར་ཡང་ཤེས་ལ། དགེ་བའི་བཤེས་གཉེན་ལ་བསྟེན་པར་ཡང་རིང་དུ་མི་སྤོང༌། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བ་ ཡང་རྒྱུན་མི་གཅོད། དགེ་བའི་བཤེས་གཉེན་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་ཡང་ཡང་དག་པར་སྡུད་ཅིང༌། བསྐྱེད་པ་དང༌། སྐྱོང་བ་དང༌། བརྟན་པར་བྱེད་པ་དང༌། རྣམ་པ་གཅིག་ཏུ་བྱེད་པ་དང༌། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱེད་པ་དང༌། གཅིག་ཏུ་འབྱུང་བར་བྱེད་པ་དང༌། ཡོངས་སུ་གྲུབ་པ་གཅིག་ཏུ་བྱེད་པ་འདི་ནི་དགོངས་ཏེ་བཤད་པ་ལ་མཁས་པ་ བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་ཏེ་བཤད་པ་ལ་མཁས་པ་རྣམས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་ རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་ཏེ་བཤད་པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཞིང་ཐམས་ཅད་དུ་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། སེམས་ཅན་གྱི་སྐྱེ་མཆེད་ལ་འཇུག་པར་ ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། སྤྱོད་པ་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་ སུ་ཤེས་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལས་དང༌། རྣམ་པར་སྨིན་པ་མངོན་པར་འདུ་བྱེད་པ་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་ དང༌། ཉན་ཐོས་ཀྱི་སྤྱོད་པ་ཐམས་ཅད་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། རང་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་ པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་དང༌། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་ མཁས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པར་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ རྣམ་པར་དབྱེ་བ་ལ་མཁས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་ཡེ་ཤེས་རྣམ་པར་དབྱེ་བ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་ འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙོམས་པར་འཇུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤེས་ ༄༅། །པ་ལ་སྙོམས་པར་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སྙོམས་པར་འཇུག་པ་དང༌། ཆོས་ཐམས་ཅད་ལ་སྙོམས་པར་འཇུག་པ་དང༌། སངས་རྒྱས་ མཐོང་བ་ཐམས་ཅད་ལ་སྙོམས་པར་འཇུག་པ་དང༌། བསྐལ་པར་གནས་པར་མཁས་པ་ཐམས་ཅད་ལ་སྙོམས་པར་འཇུག་པ་དང༌། བསམ་གྱིས་མི་ཁྱབ་པའི་ལུས་ཀྱི་རྒྱུད་ཀྱི་ཏིང་ངེ་ འཛིན་དང༌། རྣམ་པར་ལྡང་བ་མཁས་པ་ལ་སྙོམས་པར་འཇུག་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སྙོམས་པར་འཇུག་པ་དང༌། འགྲོ་བ་ཐམས་ཅད་ཁོང་དུ་ཆུད་པར་ བྱ་བས་སྙོམས་པའི་ཡེ་ཤེས་ཀྱིས་མཁས་པ་ལ་སྙོམས་པར་འཇུག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སེམས་ཀྱི་སྐད་ཅིག་གཅིག་གི་ཡེ་ཤེས་ཀྱིས་འཇུག་ པ་ལ་སྙོམས་པར་འཇུག་པ་དང༌། ཆགས་པ་མེད་པའི་སེམས་སྐད་ཅིག་གིས་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་བླང་བ་ལ་རབ་ཏུ་གནས་ཤིང་ རྒྱུན་མི་གཅོད་པའི་སྨོན་ལམ་ཆེན་པོའི་ཡེ་ཤེས་མཁས་པ་ལ་སྙོམས་པར་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙོམས་པར་འཇུག་ པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་སྙོམས་པར་འཇུག་པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་ སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིལ་པོ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་རིལ་གྱིས་སེམས་ཅན་དང༌། རིལ་གྱིས་ཞིང་དང༌། རིལ་གྱིས་མཚན་ཉིད་མི་མཐུན་པའི་ འགྲོ་བ་དང༌། རིལ་གྱིས་བསྐལ་པའི་མེ་དང༌། རིལ་གྱིས་ཆུས་འཇིག་པ་དང༌། རིལ་གྱིས་སངས་རྒྱས་དང༌། རིལ་གྱིས་སྣ་ཚོགས་མངོན་པར་བསྒྲུབ་པ་དང༌། རིལ་གྱིས་དེ་བཞིན་གཤེགས་པའི་ སྐུ་ཁ་དོག་མཐའ་ཡས་པ་དང༌། རིལ་གྱིས་ཆོས་ཐམས་ཅད་རྣམ་པ་སྣ་ཚོགས་སུ་བསྟན་པ་དང༌། རིལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་རྣམ་པ་ཐ་དད་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིལ་པོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་རིལ་ པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་དགང་བའི་རྣམ་པར་ཐར་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁ་དོག་དུ་མ་དང༌། ཁ་དོག་སྣ་ཚོགས་ཡོངས་སུ་བསྟན་པའི་ རྣམ་པར་ཐར་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འཇུག་པའི་རྣམ་པར་ཐར་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བྱིན་གྱིས་བརླབས་པའི་རྣམ་ ༄༅། །པར་ཐར་པ་དང༌། སངས་རྒྱས་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་དགང་བའི་རྣམ་པར་ཐར་པ་དང༌། བདག་འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིན་པར་ཤེས་པར་བྱ་བའི་རྣམ་པར་ཐར་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཀྱི་སྐད་ཅིག་གཅིག་གིས་འགྲོ་བའི་རྣམ་པར་ཐར་པ་དང༌། འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་ཐམས་ཅད་སྐྱེ་བ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་གཅིག་ཏུ་ཤེས་པར་བྱ་བའི་རྣམ་ པར་ཐར་པ་དང༌། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་དང༌། རྣམ་པར་རོལ་བ་དང༌། མི་འབྲལ་བ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པའོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་རྣམ་པར་ཐར་པས་རྣམ་པར་རོལ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་རྣམས་ ཏེ༑ བཅུ་གང་ཞེ་ན། འདི་ལྟར་སྔོན་གྱི་གནས་རྗེས་སུ་དྲན་པས་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། ལྷའི་རྣ་བ་སྒྲིབ་པ་མེད་པ་མངོན་པར་བསྒྲུབ་ པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། སེམས་ཅན་ཕ་རོལ་དང༌། གང་ཟག་ཕ་རོལ་གྱི་སེམས་དང༌། སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་ཤེས་པ་མངོན་པར་བསྒྲུབ་ པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། ལྷའི་མིག་ཐོགས་པ་མེད་པས་རྣམ་པར་བལྟ་བ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། རྫུ་འཕྲུལ་ དང༌། རྣམ་པར་འཕྲུལ་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་དུ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་མངོན་ པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་ལུས་ཡོངས་སུ་བསྟན་པ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། འཇིག་རྟེན་གྱི་ ཁམས་བརྗོད་དུ་མེད་པར་སེམས་སྐད་ཅིག་གིས་འགྲོ་བ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་བརྒྱན་ པར་བྱིན་གྱིས་བརླབ་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་དང༌། ལུས་ཀྱི་རྒྱུད་བརྗོད་དུ་མེད་པར་སྤྲུལ་པ་ཡོངས་སུ་བསྟན་པ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་ མངོན་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །ཞེས་བྱ་བར་སེམས་ཅན་གྱི་ ༄༅། །བསམ་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྟན་པ་ལ་མཁས་ཤིང་ཤེས་པའི་མངོན་པར་ཤེས་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་ཤེས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་ཆེན་པོ་བསྒྲུབ་ པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་འཐོབ་པར་འགྱུར་བ་དག་གོ །སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྟོན་པའི་ ནན་ཏན་བྱེད་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ལས་དང༌། རྣམ་ པར་སྨིན་པ་མངོན་པར་གྲུབ་པ་ལ་མཁས་ཤིང་ཤེས་པའི་རིག་པ་དང༌། འགྲོ་བ་ཐམས་ཅད་དམིགས་པས་དབེན་ཞིང་བྱེད་པ་མེད་པ་ལ་སྤྲོས་པ་མེད་པའི་སེམས་རབ་ཏུ་ཞི་བ་མངོན་པར་ གྲུབ་པ་ལ་མཁས་ཤིང་ཤེས་པའི་རིག་པ་དང༌། དམིགས་པ་ཐམས་ཅད་ལ་ཞུགས་པས་སེམས་གཅིག་ལ་ཡང་ཐ་དད་དུ་དམིགས་ཤིང༌། ཆོས་ཐམས་ཅད་རབ་ཏུ་རྟོགས་པས་རྡོ་རྗེ་ལྟ་བུའི་ ཡེ་ཤེས་ཀྱི་རིག་པ་དང༌། དབྱངས་བསམ་གྱིས་མི་ཁྱབ་པ་བྱིན་གྱིས་བརླབས་པས། འཇིག་རྟེན་གྱི་ཁམས་མུ་མེད་པར་གོ་བར་བྱ་བར་མངོན་པར་གྲུབ་པ་ལ་མཁས་ཤིང་ཤེས་པའི་རིག་ལ་ དང༌། གནས་ཐམས་ཅད་ཡང་དག་པར་གཞོམ་པ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་རིག་པ་དང༌། སྐྱེ་བ་ལ་མཁས་པ་དང༌། མི་སྐྱེ་བ་ལ་མཁས་པ་མངོན་པར་བསྒྲུབ་པ་ཤེས་ པའི་རིག་པ་དང༌། འདུ་ཤེས་དང༌། ཚོར་བའི་ཡུལ་ཐམས་ཅད་རྣམ་པར་བཟློག་པ་མངོན་པར་བསྒྲུབ་པ་ལ་མཁས་ཤིང་ཤེས་པའི་རིག་པ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང༌། མཚན་ཉིད་དང་བྲལ་བ་མེད་ཅིང་རྣམ་པར་དགོད་པ་གཅིག་ཏུ་གྱུར་པ་དང༌། རྣམ་པར་དགོད་པ་མེད་པའི་ཚུལ་གྱིས་རིག་པར་བྱ་བ་སྣ་ཚོགས་ ཐ་དད་པ་རབ་ཏུ་ཤེས་ཏེ། ཚད་མེད་པའི་བསྐལ་པར་ཆོས་སྟོན་ཅིང༌། ཆོས་ཀྱི་དབྱིངས་སུ་གནས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འབྱུང་བ་ འདི་ནི་ཡེ་ཤེས་ཀྱི་རིག་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་མངོན་པར་འགྲུབ་པ་འགྱུར་བ་མེད་པའི་ཚུལ་དང༌། སྐྱེ་བ་མི་དམིགས་ པའི་ཚུལ་གྱིས་རབ་ཏུ་ཤེས། རྒྱུ་རབ་ཏུ་ཤེས། རྐྱེན་རབ་ཏུ་ཤེས། དངོས་པོ་རབ་ཏུ་ཤེས། དམིགས་པ་རབ་ཏུ་ཤེས། འདུ་བྱེད་རབ་ཏུ་ཤེས། སྐྱེ་བ་རབ་ཏུ་ཤེས། འགོག་པ་རབ་ཏུ་ཤེས། དེ་ཁོ་ན་བསྟན་པ་རབ་ཏུ་ཤེས། གཏི་མུག་དང་ལྡན་པར་གྱུར་པ་རབ་ཏུ་ཤེས། གཏི་མུག་དང་བྲལ་བ་རབ་ཏུ་ཤེས། ཕྱིན་ཅི་ལོག་རབ་ཏུ་ཤེས། ཕྱིན་ཅི་ལོག་མེད་པ་རབ་ཏུ་ཤེས། ཀུན་ནས་ཉོན་ ༄༅། །མོངས་པ་རབ་ཏུ་ཤེས། རྣམ་པར་བྱང་བ་རབ་ཏུ་ཤེས། འཁོར་བ་རབ་ཏུ་ཤེས། མྱ་ངན་ལས་འདས་པ་རབ་ཏུ་ཤེས། དམིགས་པ་རབ་ཏུ་ཤེས། དམིགས་ པ་མེད་པ་རབ་ཏུ་ཤེས། མངོན་པར་ཆགས་པ་རབ་ཏུ་ཤེས། མངོན་པར་ཆགས་པ་མེད་པ་རབ་ཏུ་ཤེས། གནས་རབ་ཏུ་ཤེས། གྱེན་དུ་བསྐྱོད་པ་རབ་ཏུ་ཤེས། ཞུགས་པ་རབ་ཏུ་ཤེས། ལོག་པ་རབ་ཏུ་ཤེས། འཇུག་པ་རབ་ཏུ་ཤེས། ལྡོག་པ་རབ་ཏུ་ཤེས། འཇིག་པ་རབ་ཏུ་ཤེས། འབྱུང་བ་རབ་ཏུ་ཤེས། ཡོངས་སུ་སྨིན་པ་རབ་ཏུ་ཤེས། དབང་པོ་རབ་ཏུ་ཤེས། སྣོད་ཐ་དད་ པའི་ཚུལ་གྱིས་སེམས་ཅན་དེ་དག་གི་འདུལ་བའང་རབ་ཏུ་ཤེས། སེམས་ཅན་འདུལ་ཞིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མགོ་རྨོངས་པ་ཡང་མེད་དེ། ཀྱེ་རྒྱལ་བའི་སྲས། དེ་ཅིའི་ ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་མ་གཏོགས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་དེ། དེ་དག་གང་གི་ཕྱིར་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་ཅིང༌། རྣམ་པར་འདུལ་བའི་ལུས་ལ་ཉོན་མོངས་པར་མི་རྩིའོ། །ཀྱེ་རྒྱལ་བའི་སྲས། འདི་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་འགྲོ་བ་ཐམས་ཅད་ཀྱི་བྱ་བ་དང་མི་འགལ་བ་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རིག་པ་སྟེ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་སངས་རྒྱས་གང་ལ་ཡང་མངོན་པར་ཆགས་པ་མེད་དེ། སངས་རྒྱས་ལ་མངོན་པར་ཆགས་པ་མི་སྐྱེད། ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་དེ། ཆོས་ལ་མངོན་པར་ཆགས་ པ་མི་སྐྱེད། ཞིང་གང་ལ་ཡང་མངོན་པར་ཆགས་པ་མེད་དེ། ཞིང་ལ་མངོན་པར་ཆགས་པ་མི་སྐྱེད། སེམས་ཅན་གང་ལ་ཡང་མངོན་པར་ཆགས་པ་མེད་དེ། སེམས་ཅན་ལ་མངོན་པར་ ཆགས་པ་མི་སྐྱེད། སེམས་ཅན་གང་ཡང་མཐོང་བ་མེད་དེ། སེམས་ཅན་ཡང་ཡོངས་སུ་སྨིན་པར་བྱེད་ཅིང་སེམས་ཅན་ཡང་ཡོངས་སུ་འདུལ་བར་བྱེད། ཆོས་གང་ཡང་སྟོན་པ་མེད་དེ། སྤྱོད་པ་ཡང་ཡོངས་སུ་སྦྱོང་ཞིང་སྨོན་ལམ་ཡང་ཡོངས་སུ་རྫོགས་པར་བྱེད། སྙིང་རྗེ་ཆེན་པོ་ཡང་རྣམ་པར་འཕེལ་བར་བྱེད། སངས་རྒྱས་ཀྱང་མཐོང་བར་བྱེད། དེ་བཞིན་གཤེགས་ པས་ཆོས་བསྟན་པ་ལ་ཡང་རྗེས་སུ་འབྲང་བར་བྱེད། དེ་བཞིན་གཤེགས་པ་དང་རྒྱུ་མཐུན་པ་ཡང་འཐོབ་པར་བྱེད། དགེ་བའི་རྩ་བ་སྐྱེད་པར་བྱེད། དེ་བཞིན་གཤེགས་པའི་སྤྱོད་ ཡུལ་ཡང་རྒྱུན་མི་འཆད་པར་བྱེད། དེ་བཞིན་གཤེགས་པ་མཆོད་པ་ཡང་རྣམ་པར་འཕེལ་བར་བྱེད། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་ པའི་སེམས་ཀྱིས་ཡོངས་སུ་སྐྱོད་པར་བྱེད། ཆོས་བསྟན་པ་རྣམ་པ་སྣ་ཚོགས་ཀྱང་རབ་ཏུ་ཤེས་པར་བྱེད། སེམས་ཅན་གྱི་གྲངས་ཀྱང་རབ་ཏུ་ཤེས་པར་བྱེད། སེམས་ཅན་རྣམ་པ་ ༄༅། །ཐ་དད་པ་ཡང་རབ་ཏུ་ཤེས་པར་བྱེད། སྡུག་བསྔལ་སྐྱེ་བ་ཡང་རབ་ཏུ་ཤེས་པར་བྱེད། སྡུག་བསྔལ་འགོག་པ་ཡང་རབ་ཏུ་ཤེས་པར་བྱེད་དེ། འདུ་ བྱེད་ཀྱི་རྣམ་པ་ཐམས་ཅད་སྡུག་བསྔལ་བར་ཤེས་ནས། མིག་ཡོར་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་རྩ་བ་ནས་རྒྱུན་མི་ གཅོད་པའི་སེམས་བསྐྱེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་མི་སྤྱོད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་ཅིང༌། སངས་རྒྱས་ཐམས་ཅད་ཀྱི་ རིགས་ཀྱི་རྗེས་སུ་བསླབ་པ་དང༌། རྟོག་པའི་ཕྱིན་ཅི་ལོག་ཐམས་ཅད་ཁོང་དུ་ཆུད་པ། རི་བོའི་རྒྱལ་པོ་ཆེན་པོ་དམ་པ་ལྟ་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ལ་གཞོལ་བས། སེམས་ ཅན་ཐམས་ཅད་སྲིད་པའི་གངས་ཆེན་མཚོ་ལས་ཕྱིར་བཟློག་པའི་ཕྱིར་ཡེ་ཤེས་འབྱམས་ཀླས་པ། ཆེ་ཞིང་མི་གཡོ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་འཚང་རྒྱ་བར་བྱའོ། །ཞེས་བྱ་བ་འདི་ནི་ཤེས་པའི་རིག་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྟེ། དེ་དག་ལ་ གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པས་མཁྱེན་པའི་རིག་པ་ཆེན་པོ་མངོན་པར་བསྒྲུབ་པ་ལ་མཁས་པ། བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གྲོལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང༌། ལྟ་བ་ལས་རྣམ་ པར་གྲོལ་བ་དང༌། ཉེ་བར་ལེན་པ་ལས་རྣམ་པར་གྲོལ་བ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལས་རྣམ་པར་གྲོལ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལས་འདའ་ བའི་རྣམ་པར་གྲོལ་བ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་རྣམ་པར་གྲོལ་བ་དང༌། འགྲོ་བའི་ཞིང་ཐམས་ཅད་ནས་སེམས་ཅན་གྱི་ཆོས་ལས་གྱེན་དུ་བསྐྱོད་པའི་རྣམ་པར་གྲོལ་བ་དང༌། བྱང་ ཆུབ་སེམས་དཔའི་རྣམ་པར་བསྒྲུབ་པ་མཐའ་དང་དབུས་མེད་པའི་རྣམ་པར་གྲོལ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གྱེན་དུ་བསྐྱོད་དེ། དེ་བཞིན་གཤེགས་པའི་ས་ འཐོབ་པའི་རྣམ་པར་གྲོལ་བ་དང༌། དུས་གསུམ་ཐམས་ཅད་སྐད་ཅིག་གཅིག་གིས་ཤེས་པའི་རྣམ་པར་གྲོལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་རྣམ་པར་གྲོལ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་འཕྲིན་ལས་བླ་ན་མེད་པ་སེམས་ཅན་རྣམས་ཀྱིས་འཐོབ་པར་བྱེད་པ་དག་གོ །ཀྱེ་རྒྱལ་བའི་ སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱེད་མོས་ཚལ་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡོངས་སུ་སྐྱོ་བ་མེད་པས་འཁོར་བའི་སྐྱེད་མོས་ཚལ་དང༌། མི་དགའ་བ་ ༄༅། །མེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྐྱེད་མོས་ཚལ་དང༌། སྤྱོད་པ་ཆེན་པོ་བསྐྱེད་ཅིང༌། རབ་ཏུ་འཛིན་པས་བསྐལ་པ་ཐམས་ཅད་དུ་ཞེ་ནོན་པའི་ སྐྱེད་མོས་ཚལ་དང༌། རང་གི་ཁྱིམ་ལྟར་དགའ་བས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པའི་སྐྱེད་མོས་ཚལ་དང༌། བདུད་ཀྱི་ཡུལ་མངོན་པར་འདུལ་བས་བདུད་ཀྱི་ཁྱིམ་ཐམས་ ཅད་ཀྱི་སྐྱེད་མོས་ཚལ་དང༌། ཚུལ་བཞིན་དུ་རབ་ཏུ་རྟོགས་པས་ཇི་སྐད་དུ་ཐོས་པའི་ཆོས་རྟོགས་པར་གཞོག་པའི་སྐྱེད་མོས་ཚལ་དང༌། བདག་གི་ཕའི་ཡུལ་ལ་སྤྱོད་པས་ཕ་རོལ་ཏུ་ ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་སྐྱེད་མོས་ཚལ་དང༌། ཆོས་གཞན་ཡིད་ལ་མི་བྱེད་པས་དེ་བཞིན་གཤེགས་ པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེད་མོས་ཚལ་དང༌། མྱ་ངན་ ལས་འདས་པ་ཆེན་པོའི་རྒྱན་གྱིས་རྣམ་པར་གདུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་མི་གཏོང་བས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང༌། རྣམ་ པར་རྩེ་བ་དང༌། བྱིན་གྱི་རླབས་ཡོངས་སུ་བསྟན་པའི་སྐྱེད་མོས་ཚལ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་ལུས་ཀྱིས་རྒྱས་པར་འགེངས་ཤིང༌། ནམ་མཁའི་དབྱིངས་ དང་མཉམ་པ་ཉིད་དུ་རྟོགས་པས་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་མི་འབྲལ་བ་འགྲོ་བ་ཐམས་ཅད་དུ་བསྟན་པའི་སྐྱེད་མོས་ཚལ་ལོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྐྱོ་བ་མེད་པའི་སྤྱོད་པ་ཆེན་པོ་ བླ་ན་མེད་པས་དགའ་བ་རབ་ཏུ་འཐོབ་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་མེད་ཁང་སྟེ། བཅུ་གང་ཞེ་ན། འདི་ལྟར་ཉམས་པ་ མེད་པས་བྱང་ཆུབ་ཀྱི་སེམས་ཀྱི་གཞལ་མེད་ཁང་དང༌། འདོད་པའི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་པས། དགེ་བ་བཅུའི་ལས་ཀྱི་ལམ་དང༌། བསོད་ནམས་ དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་གཞལ་མེད་ཁང་དང༌། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་པས། ཚངས་པའི་གནས་བཞི་ལ་བསམ་གཏན་འཆའ་ བའི་གཞལ་མེད་ཁང་དང༌། ཉོན་མོངས་པའི་དངོས་པོ་ཐམས་ཅད་ཀྱིས་མི་གོས་པས། གནས་གཙང་མའི་ལྷའི་གནས་སུ་སྐྱེ་བའི་གཞལ་མེད་ཁང་དང༌། སེམས་ཅན་མི་ཁོམ་པ་ཐོབ་ པར་ལས་རྣམ་པ་བཟློག་པས། གཟུགས་མེད་པའི་ལྷའི་རྒྱུད་ཀྱི་གཞལ་མེད་ཁང་དང༌། ཉོན་མོངས་པ་ཐམས་ཅད་ལས་སེམས་ཅན་གྱེན་དུ་བསྐྱོད་པས། ཀུན་ནས་ཉོན་མོངས་པའི་ ༄༅། །འཇིག་རྟེན་གྱི་ཁམས་སུ་ཆེད་དུ་བསམས་ཏེ་སྐྱེ་བ་འཛིན་པའི་གཞལ་མེད་ཁང་དང༌། སྔོན་ལྷན་ཅིག་སྤྱོད་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ པས་སླས་དང༌། བུ་དང༌། བུ་མོ་དང༌། ཆུང་མ་ཀུན་ཏུ་སྟོན་པའི་གཞལ་མེད་ཁང་དང༌། སེམས་ཅན་དབང་ཕྱུག་ལ་ཆགས་པ་རྣམ་པར་བཟློག་པས། གླིང་བཞི་དང༌། འཛམ་བུའི་གླིང་ དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོའི་དབང་ཕྱུག་ལ་དབང་བྱེད་པའི་གཞལ་མེད་ཁང་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ དང༌། སྙོམས་པར་འཇུག་པས་ཤིན་ཏུ་རྣམ་པར་རྩེ་བ་ཤེས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་གནས་པའི་དབང་ཕྱུག་ལ་དབང་བསྒྱུར་བས་རྣམ་པར་རྩེ་བའི་ མངོན་པར་ཤེས་པའི་གཞལ་མེད་ཁང་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུའི་རྒྱན་ལ་གནས་པས། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱལ་སྲིད་དང༌། དབང་ཕྱུག་བླ་ན་མེད་པ་ལ་ སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་དབང་བསྐུར་བ་ཡང་དག་པར་བླང་ཞིང༌། ཆོས་ཐམས་ཅད་དབང་བསྒྱུར་བའི་རྒྱལ་སྲིད་གཟུང་བའི་གཞལ་མེད་ཁང་ངོ༌། །ཀྱེ་རྒྱལ་བའི་སྲས་། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་མེད་ཁང་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བ་ཐམས་ཅད་དུ་ཆོས་ཀྱི་དབང་བསྐུར་བས་རྣམ་ པར་འཕྲུལ་བའི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ འཁྲུག་པ་མེད་པས་དྲན་པའི་དགའ་བ་དང༌། རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པས་བློ་གྲོས་ཀྱི་དགའ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་མངོན་སུམ་དུ་ཆོས་ཐོས་ པ་ཡོངས་སུ་ཟད་པར་མི་འགྱུར་བས་རྟོགས་པའི་དགའ་བ་དང༌། ཕྱོགས་བཅུ་ཚད་མེད་པར་ཁྱབ་པས་བློའི་དགའ་བ་དང༌། སེམས་ཅན་གྱི་ལུས་སྒོ་མཐའ་ཡས་པ་ཡོངས་སུ་སྟོན་པས་ བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བའི་དགའ་བ་དང༌། ཏིང་ངེ་འཛིན་གྱི་སྒོ་གཅིག་གིས་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་འཇུག་པས་ཏིང་ངེ་འཛིན་གྱི་དགའ་བ་དང༌། ཐོས་པ་ཐམས་ ཅད་འཛིན་པ་ཉམས་པ་མེད་པར་ཀུན་ཏུ་འཛིན་ཅིང༌། སེམས་ཅན་གཞན་གྱི་རྒྱུད་ཀྱིས་འཐོབ་པར་བྱེད་པས་གཟུངས་ཀྱི་དགའ་བ་དང༌། ཚིག་གཅིག་དང༌། ཡི་གེ་གཅིག་གིས་བསྐལ་ པ་བརྗོད་དུ་མེད་པར་གཞན་དང་གཞན་དུ་སྨྲ་ཞིང༌། ངེས་པའི་ཚིག་རྒྱུན་མི་འཆད་པར་རབ་ཏུ་སྟོན་པས་སྤོབས་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་མཐའ་ཡས་པའི་ སྒོའི་རྒྱུད་དུ་མངོན་པར་བྱང་ཆུབ་པ་སྟོན་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་དགའ་བ་དང༌། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཚར་གཅོད་པས་ཆོས་ཀྱི་ ༄༅། །འཁོར་ལོ་བསྐོར་བའི་དགའ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་ སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དགྱེས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རྒྱན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཐུབ་པ་མེད་པས་སྟོབས་ཀྱི་རྒྱན་དང༌། ཟིལ་གྱིས་མི་ནོན་པས་མི་འཇིགས་པའི་རྒྱན་དང༌། དོན་བརྗོད་དུ་མེད་ཅིང་ཡངས་པ་བརྗོད་ པའི་སྒོ་རྒྱུན་མི་འཆད་པས་དོན་གྱི་རྒྱན་དང༌། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཤིན་ཏུ་བརྟགས་པའི་ཆོས་རབ་ཏུ་སྟོན་པ་ལ་མགོ་རྨོངས་པ་མེད་པས་ཆོས་ཀྱི་རྒྱན་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱ་བའི་སྨོན་ལམ་ལས་ཕྱིར་མི་ལྡོག་པས་སྨོན་ལམ་གྱི་རྒྱན་དང༌། ཀུན་ཏུ་བཟང་པོའི་ཐེག་པས་འབྱུང་བས་སྤྱོད་པའི་རྒྱན་དང༌། ཞིང་ ཐམས་ཅད་ཞིང་གཅིག་ཏུ་བྱིན་གྱིས་རློབ་པས་ཞིང་གི་རྒྱན་དང༌། ཞིང་ཐམས་ཅད་དུ་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་རྒྱས་པ་རབ་ཏུ་འབེབས་པས་དབྱངས་ཀྱི་དཀྱིལ་འཁོར་གྱི་རྒྱན་དང༌། བསྐལ་པ་གྲངས་མེད་པ་ཐམས་ཅད་དུ་སྤྱོད་པའི་རྒྱུན་མི་གཅོད་པས་བྱིན་གྱི་རླབས་ཀྱི་རྒྱན་དང༌། སེམས་ཅན་གཅིག་གི་ལུས་སེམས་ཅན་སྙེད་ཀྱི་ལུས་སུ་སྟོན་ཅིང༌། སེམས་ ཀྱིས་ཁོང་དུ་ཆུད་པར་བྱེད་པའི་ཐམས་ཅད་མཁྱེན་པའི་སྟོབས་བཅུ་དང༌། མི་འཇིགས་པའི་མཐུ་ལས་ཕྱིར་མི་ལྡོག་པས་འཕྲུལ་བའི་རྒྱན་ཏོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་ རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མི་སྒུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཏང་བ་ཐམས་ཅད་ཡོངས་སུ་གཏོང་ཞིང༌། སྦྱིན་ པ་ཐམས་ཅད་སྦྱིན་པར་བྱེད་པས་སེམས་བསྐྱེད་པ་མི་སྒུལ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་རྟོགས་པར་གཞག་པ་ལ་སེམས་བསྐྱེད་པ་མི་སྒུལ་བ་དང༌། སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཡིད་ལ་བྱ་བ་མང་བས་སེམས་བསྐྱེད་པ་མི་སྒུལ་བ་དང༌། སེམས་ཅན་ཐམས་ཅད་ཀྱིས་མི་འཁྲུགས་པས་སེམས་བསྐྱེད་པ་མི་ སྒུལ་བ་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་བས་སེམས་བསྐྱེད་པ་མི་སྒུལ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཙལ་བ་རྒྱུན་མི་གཅོད་པས་སེམས་བསྐྱེད་པ་མི་སྒུལ་ བ་དང༌། བསྐལ་པ་འགྲོ་བ་ཐམས་ཅད་དང་མཉམ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཞུམ་པར་མི་འགྱུར། སྒྱིད་ལུག་པར་མི་འགྱུར་ཞིང༌། ༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཕྱིར་མི་ལྡོག་པས་སེམས་བསྐྱེད་པ་མི་སྒུལ་བ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དད་པ་རྟིང་ ཚུགས་པ་དང༌། རྙོག་པ་མེད་ཅིང་དག་པ་དང༌། རྣམ་པར་དག་པ་དྲི་མ་མེད་པ་འོད་དང་བས། སངས་རྒྱས་ཐམས་ཅད་བསྙེན་བཀུར་བ་ལ་བརྩོན་པ་ཕྱིར་མི་ལྡོག་པ། མི་ཟད་པ། མི་འཕྲོགས་ པ༑ དགའ་བ་དང༌། སྤྲོ་བ་དང༌། མོས་པ་ཆེན་པོས་བྱུང་བ་དང་ལྡན་པས་སེམས་བསྐྱེད་པ་མི་སྒུལ་བ་དང༌། ཐམས་ཅད་མཁྱེན་པར་སྦྱོར་ཞིང་འགྱུར་བའི་ལམ་ལ་ཤིན་ཏུ་གྲུབ་པས་སེམས་བསྐྱེད་ པ་མི་སྒུལ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། གདམས་ངག་དང༌། མན་ངག་དང༌། བསླབ་པ་ཐམས་ཅད་གཟུང་ཞིང་མཉན་པར་ཡོངས་སུ་མི་སྤོང་ཞིང་མོས་པར་བྱ་བ་ལ་སེམས་བསྐྱེད་ པ་མི་སྒུལ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མི་སྒུལ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ མཁྱེན་པའི་ཡེ་ཤེས་མི་སྒུལ་ཅིང༌། བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཡོངས་སུ་མི་གཏོང་ བ་ལ་གནས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡོངས་སུ་མི་གཏོང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ དང༌། རྣམ་པར་འདུལ་བ་ཡོངས་སུ་མི་གཏོང་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་གདུང་བསབ་པ་ཡོངས་སུ་མི་གཏོང་བ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་ལ་བསྙེན་པ་ཡོངས་སུ་མི་གཏོང་བ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་བསྙེན་བཀུར་བྱ་བ་ཡོངས་སུ་མི་གཏོང་བ་དང༌། ཡོན་ཏན་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། ཐེག་པ་ཆེན་པོ་ཡོངས་སུ་མི་གཏོང་བ་དང༌། སངས་རྒྱས་འབྱུང་བ་ཐམས་ཅད་དུ་ཚངས་པར་སྤྱད་པ་སྤྱོད་ཅིང༌། ཚུལ་ཁྲིམས་བསྲུང་བ་ཡོངས་སུ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་མི་གཏོང་བ་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསུང་ཡོངས་སུ་བཙལ་ཞིང༌། ཡང་དག་པར་གཟུང་བ་ལ་མཁས་པ་ཡོངས་སུ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྨོན་ལམ་ཐམས་ཅད་ཡང་དག་པར་ བསྒྲུབ་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་ཡོངས་སུ་མི་གཏོང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཡོངས་སུ་ མི་གཏོང་བ་ལ་གནས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མི་གཏོང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་ པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པར་ལྟ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པར་མཁས་པ་ལ་ཡེ་ཤེས་ཀྱི་རྣམ་པར་ལྟ་བ་དང་ ༄༅། །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། རྣམ་པར་འཕྲུལ་པ་ཐམས་ཅད་ལ་ཡེ་ཤེས་ཀྱིས་རྣམ་པར་ ལྟ་བ་དང༌། ཆོས་ཐམས་ཅད་ཀྱི་ཚུལ་གྱི་སྒོ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་དང༌། གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡེ་ ཤེས་ཀྱིས་རྣམ་པར་ལྟ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་བསྟན་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འཇུག་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་ དང༌། ཕྱོགས་བཅུ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་སྣང་བ་ཆགས་པ་མེད་པ་ལ་ཡེ་ཤེས་ཀྱིས་རྣམ་ པར་ལྟ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་ པའི་ཡེ་ཤེས་ཆེན་པོས་རྣམ་པར་གཟིགས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཤིན་ཏུ་བསྟན་པ་སྟེ། བཅུ་ གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བར་བསྟན་པ་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པ་དང༌། ཆོས་ཐམས་ཅད་ཉོན་མོངས་པ་མེད་པ་བསྟན་པ་དང༌། ཆོས་ཐམས་ ཅད་མཐའ་དང་དབུས་མེད་པར་བསྟན་པ་དང༌། ཆོས་ཐམས་ཅད་གནས་མེད་པར་བསྟན་པ་དང༌། ཆོས་ཐམས་ཅད་རྡོ་རྗེ་ལྟ་བུར་བསྟན་པ་དང༌། ཆོས་ཐམས་ཅད་དེ་བཞིན་གཤེགས་པར་བསྟན་པ་དང༌། ཆོས་ཐམས་ཅད་རབ་ཏུ་ཞི་བར་བསྟན་པ་དང༌། ཆོས་ཐམས་ཅད་འབྱུང་བའི་ལམ་དུ་བསྟན་པ་དང༌། ཆོས་ཐམས་ཅད་དོན་གཅིག་པའི་རང་བཞིན་ཡོངས་སུ་མ་གྲུབ་པར་བསྟན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཤིན་ཏུ་བསྟན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཤིན་ཏུ་བསྟན་པ་ལ་མཁས་པ་ཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ལྷག་པའི་བསམ་པ་ཡོངས་སུ་དག་པ་དང༌། ཐེ་ཚོམ་དང་ཡིད་གཉིས་རྣམ་པར་འཐོར་ བ་ཡོངས་སུ་དག་པ་དང༌། ལྟ་བ་ཡོངས་སུ་དག་པ་དང༌། སྤྱོད་ཡུལ་ཡོངས་སུ་དག་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་ཡོངས་སུ་དག་པ་དང༌། ཐ་དད་པ་ཡང་དག་པར་ཤེས་པ་ཡོངས་སུ་དག་ པ་དང༌། མི་འཇིགས་པ་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་སྤོང་བ་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་ཡང་དག་པར་དམ་བཅས་པ་ཐམས་ཅད་ཡང་ དག་པར་བསྒྲུབ་པ་ཡོངས་སུ་དག་པ་དང༌། བསོད་ནམས་བརྒྱ་པའི་མཚན་གྱི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པའི་དགེ་བའི་ཆོས་ ༄༅། །དང་ལྡན་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་ སུ་དག་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་ སྡུག་བསྔལ་ཤེས་ཀྱང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བས་སྒྱིད་ལུག་པར་བྱེད་པར་འགྱུར་བ་མེད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུམ་པར་འགྱུར་བ་མེད་ལ། མི་འཇིགས། མི་སྐྲག། སྐྲག་པར་མི་བྱེད་དེ། སྨོན་ལམ་ལས་ཕྱིར་མི་ལྡོག་ཅིང༌། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྒྱུན་མི་གཅོད་ཅིང༌། སངས་རྒྱས་ཀྱི་ཆོས་ཡོངས་ སུ་བཙལ་བ་ལ་མཐར་ཐུག་པ་མེད་པ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱིས་པ་སོ་སོའི་ སྐྱེ་བོ་རང་གི་ཀུན་ནས་ཉོན་མོངས་པས་ཤིན་ཏུ་འཁྲུགས་པར་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའ་ལ་མི་སྙན་པར་བརྗོད་ཅིང༌། ངན་དུ་ཟེར་ལ། མི་ཚུལ་བ་དང༌། རྩུབ་པའི་ངག་ འབྱིན་ཅིང༌། སྡིགས་ར་བྱེད་པ་དང༌། རྡོ་དང༌། དབྱིག་པ་དང༌། མཚོན་ཆས་རྡེག་ཅིང་འདེབས་ཀྱང༌། དེའི་རྒྱུས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་ པ་ལས་སྐྱོ་བར་མི་འགྱུར་ལ། བཟོད་པ་དང༌། མོས་པ་མང་བར་སྤྱོད་ཅིང༌། ཆོས་སྐྱོན་མེད་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་བཟོད་པ་དང་ལྡན་པ་འདི་ནི། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ པ་བསྟན་པའི་ཚེ། ཁོང་ནས་ཤེས་པས་འཇུག་ཅིང་མོས་པ་དང༌། ཡིད་ཆེས་པ་དང༌། དགའ་བ་དང༌། མངོན་པར་དད་པར་འགྱུར་བ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་རང་གི་ཤེས་པས་བདག་ཤེས་པར་བྱེད་ཅིང༌། ཐམས་ཅད་མཁྱེན་པ་ཉིད་དུ་ སེམས་བསྐྱེད་པ། ལྷག་པའི་བསམ་པས་འབྱུང་བས་སངས་རྒྱས་སུ་འགྱུར་བར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱའོ། །དགའ་བ་དང༌། མོས་པ་དང༌། སྤྲོ་བ་ཆེན་པོས་བྱུང་བའི་སེམས་བསྐྱེད་པ་དང༌། མོས་པ་ཆེན་པོའི་རྒྱུས་རྣམ་པར་འཕེལ་བའི་བརྩོན་འགྲུས་ཆེན་པོས་འགྲོ་བ་ལྔའི་རྒྱུད་དུ་འཁོར་ཞིང་ཉོན་མོངས་པའི་སེམས་ཅན་ ༄༅། །རྣམས་རབ་ཏུ་དགྲོལ་བར་བྱའོ་སྙམ་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡེ་ཤེས་མུ་མེད་པ་ལ་འཇུག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་མཚམས་ཀྱིས་དཔོག་པ་མི་བྱེད་ཅིང༌། སངས་ རྒྱས་བཅོམ་ལྡན་འདས་ཚད་མེད་པ་རྣམས་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་ཏུ་མཐའ་ཡས་པ་ཐོས་ཤིང༌། ཚད་འཛིན་པར་མི་བྱེད་ཅིང༌། ཡི་གེ་རྣམ་པར་དགོད་པ་ཐམས་ ཅད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་མཚམས་སུ་དཔོག་པར་མི་བྱེད་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་ལྔ་པའོ། ། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཤིན་ཏུ་མོས་པ་ཡིན་ཏེ། མོས་པ་གཞན་གྱིས་མི་ཐུབ་པ་དང༌། མོས་པ་ཟབ་ པ་དང༌། མོས་པ་ཡངས་པ་དང༌། མོས་པ་ཆེ་བ་དང༌། མོས་པ་སྣ་ཚོགས་དང༌། མོས་པ་ཟིལ་གྱིས་མི་ནོན་པ་དང༌། མོས་པ་བླ་ན་མེད་པ་དང༌། མོས་པ་བརྟེན་པ་དང༌། མོས་པ་ལས་མི་མཚུངས་པའི་མོས་པ་དང་ལྡན་། ཞིང༑ དེ་ལ་བདུད་ཐམས་ཅད་དང༌། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་དང༌། མུ་སྟེགས་ཅན་གཞན་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་མེས་པ་དེ་ལས་བཟློག་པར་མི་ནུས་ཤིང༌། ཐམས་ཅད་ མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལས་ཕྱིར་བཟློག་པར་མི་ནུས་ཏེ། དེ་ལྟ་བུའི་མོས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པའི་མོས་པ་དང་ལྡན་པ་ཡིན་ཏེ། འདི་ནི་ཕྱག་རྒྱ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མི་ཟློག་ཅིང༌། ལུས་དང་སྲོག་ལ་མི་ལྟ་བར་ཐམས་ཅད་མཁྱེན་པ་ཉིད་ལ་ མངོན་པར་ཕྱོགས་ཤིང༌། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་སྣང་བས་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་ཅིང༌། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་ སུ་མི་གཏོང་ལ། དགེ་བའི་བཤེས་གཉེན་བསྙེན་པ་ལས་ཕྱིར་མི་ལྡོག་པ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བས་ཉེ་བར་སྟོན་པར་བྱེད་དེ། དགེ་བའི་རྩ་བ་ ལ་ཡང་རབ་ཏུ་གཞོག་གོ །ཇི་ལྟར་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞེས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཀྱང་རབ་ཏུ་འཛིན་ཏོ། །འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལ་གནས་ཤིང༌། ཐམས་ཅད་མཁྱེན་ ༄༅། །པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་ལ་བརྩོན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཆོས་སྟོན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་ཅིང༌། སངས་རྒྱས་ཐམས་ཅད་ཀྱི་རིགས་རྒྱུན་མི་གཅོད་པ་ལ་ཤིན་ཏུ་བརྩོན་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་གྱིས་འབྱུང་བ་ལ་གནས་པ་ཡིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱག་རྒྱ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་དག་དང་ལྡན་ ན། བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང༌། ཆོས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བླ་ན་མེད་པ་འཐོབ་པར་ འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་བོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་སྣང་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་སྣང་བར་གྱུར་པའི་ཡེ་ཤེས་སྣང་བ་དང༌། སངས་རྒྱས་ཐམས་ཅད་བལྟ་བ་ལ་ཡེ་ཤེས་སྣང་བ་དང༌། སེམས་ཅན་ཐམས་ ཅད་ཀྱི་འཆི་འཕོ་དང༌། སྐྱེ་བའི་སྐྱེ་མཆེད་ལ་ཡེ་ཤེས་སྣང་བ་དང༌། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་ཡེ་ཤེས་སྣང་བ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་རྒྱུ་མཐུན་པས་ བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། དགེ་བའི་རྩ་བ་ཐམས་ཅད་བསགས་པ་ལ་ཡེ་ཤེས་སྣང་བ་དང༌། སེམས་ཅན་རྣམ་པར་གདུལ་བ་ལ་ཡེ་ཤེས་སྣང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་ སུ་སྨིན་པར་བྱ་བ་དང༌། གདུལ་བས་དེ་བཞིན་གཤེགས་པའི་ས་ལ་དགོད་པ་ལ་ཡེ་ཤེས་སྣང་བ་དང༌། ཆོས་ཀྱི་ཚུལ་འབྱམས་ཀླས་ཤིང་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་ཡེ་ཤེས་སྣང་ བ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལ་མཁས་པ་ལ་ཡེ་ཤེས་སྣང་བ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ཡེ་ཤེས་སྣང་བའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། ཡེ་ཤེས་སྣང་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བླ་ན་མེད་པའི་ཡེ་ཤེས་སྣང་བ་འཐོབ་པར་ འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གནས་སེམས་ཅན་ཐམས་ཅད་དང༌། ཉན་ཐོས་ཐམས་ཅད་དང༌། རང་ ༄༅། །སངས་རྒྱས་ཐམས་ཅད་དང་མཚུངས་པ་མེད་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐའི་གནས་ཀྱིས་ གནས་ཀྱང༌། སྨོན་ལམ་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ་མངོན་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་ བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པར་བྱ་བ་ཡང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱིས་ཀླས་པར་སེམས་བསྐྱེད་པས་སྐྱེད་པར་བྱེད་ལ། ཆོས་གང་ལ་ཡང་མངོན་པར་ ཆགས་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་མེད་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྲུལ་པ་ལྟ་བུའི་བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་ཆོས་ཐམས་ཅད་རབ་ཏུ་ཞི་བས་སྤྱོད་ཀྱང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མགོ་རྨོངས་པ་ཡང་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་ གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ལས་གྱེན་དུ་འཕགས་པའི་ཡིད་ལ་བྱ་བས་བསྐལ་པ་བརྗོད་དུ་མེད་པར་སྨོན་ལམ་ཆེན་པོ་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་ཡོངས་སུ་སྐྱོ་བ་མི་སྐྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བཞི་པའོ། །ཀྱེ་རྒྱལ་ བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་དཔེན་པས། ཆོས་ཐམས་ཅད་ལ་མི་གནས་པར་སྤྱོད་ཀྱང༌། ཐམས་ཅད་མཁྱེན་པར་འབྱུང་བའི་ཆོས་ ཡོངས་སུ་མ་རྫོགས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་པ་ལ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་ལྟ་བུའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་བསྐལ་པ་ཐམས་ཅད་བསྐལ་པ་མ་ཡིན་པ་ཡང་ཤེས་ལ། བསྐལ་པའི་གྲངས་ཀྱང་རབ་ཏུ་སྟོན་ཏེ། དེ་ཡང་ཡང་དག་པར་དེ་ཁོ་ན་བཞིན་དུ་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་ གནས་མཚུངས་པ་མེད་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་ཡང་ཤེས་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ ཡོངས་སུ་བཙལ་བའི་ཕྱིར། མངོན་པར་འདུ་བྱ་བའི་སྤྲོས་པ་ཡང་རྒྱུན་མི་གཅོད་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་འཇུག་སྟེ། དུས་གསུམ་ཡང་སེམས་ཙམ་དུ་ཤེས་ལ། སེམས་དེ་ཡང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་པ་འདི་ནི། བྱང་ཆུབ་ སེམས་དཔའི་གནས་མཚུངས་པ་མེད་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དོན་དུ་ཡང༌། ཐམས་ཅད་མཁྱེན་པའི་ས་ལ་རབ་ཏུ་གཞག་ ༄༅། །པའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ལ། སེམས་ཅན་གཅིག་གི་དོན་དུ་ཇི་ལྟ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ ཀྱི་དོན་དུ་ཡང་ཐམས་ཅད་མཁྱེན་པའི་ས་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་དུས་སུ་སྤྱོད་པས་ཡོངས་སུ་མི་སྐྱོ་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ གནས་མཚུངས་པ་མེད་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཡོངས་སུ་རྫོགས་ལ། སེམས་ཅན་ཐམས་ཅད་ ཀྱི་དོན་དུ་འགྱུར་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་ཞིང༌། ཇི་སྲིད་ཇི་སྲིད་དུ་འཁོར་བ། དེ་སྲིད་དེ་སྲིད་དུ་སེམས་ཅན་གྱི་དོན་དུ་ཕྱི་ཕྱིར་ ཞིང་ཚད་མེད་པར་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཏུ་རབ་ཏུ་དགོད་པར་འགྱུར་རོ་སྙམ་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བཅུ་པའོ། ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡེ་ ཤེས་ཆེན་པོ་མཚུངས་པ་མེད་པས་གནས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །།བམ་པོ་བདུན་ཅུ་རྩ་བརྒྱད་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཞུམ་པ་མེད་པའི་སེམས་བསྐྱེད་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་བདུད་དང༌། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་རབ་ཏུ་ཕམ་པར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། མུ་སྟེགས་ཅན་གཞན་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཚར་ གཅད་དོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། ལེགས་པར་བཤད་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་ པ་དང༌། ཆོས་ཀྱི་དབྱིངས་ཡོངས་སུ་རྫོགས་པར་བྱ་བས། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་ དང༌། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བ་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་བསྡུ་བར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་ དང༌། གཏེར་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩམས་པ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་དཀའ་བ་ཡོངས་སུ་རྫོགས་པར་བྱའོ་སྙམ་ སྟེ༑ ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བླ་ན་མེད་པའི་ཡོངས་སུ་སྨིན་པར་བྱ་བ་དང༌། བླ་ན་མེད་པའི་གདུལ་བས་ཡོངས་སུ་སྨིན་པར་བྱའོ། ། ༄༅། །གདུལ་བར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁ་དོག་དུ་མ་དང༌། ཁ་དོག་སྣ་ཚོགས་དང༌། བརྒྱ་སྟོང་དུ་མ་ལས་འདས་པའི་ཁ་དོག་ཏུ་མོས་པས་བསྒྱུར་ལ་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། ཀྱེ་རྒྱལ་ བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟ་སེམས་བསྐྱེད་པ་དང༌། བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། གང་ལ་ལ་ཞིག་གིས་བདག་གི་ལུས་ལ་ དམིགས་ཏེ། ལག་པ་དང༌། རྐང་པ་དང༌། རྣ་བ་དང༌། སྣ་དང༌། ཤ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། བུ་དང༌། བུ་མོ་དང༌། ཆུང་མ་དང༌། གླང་པོ་དང༌། རྟ་དང༌། རྒྱལ་ སྲིད་དང༌། གཡོག་འཁོར་ཐམས་ཅད་སློང་བ་ཞིག་བྱུང་ན་དེ་ལ་བདག་གིས་ཐམས་ཅད་ཡོངས་སུ་གཏང་བར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྐྱོ་བ་དང་ལྡན་པའི་ སེམས་གཅིག་ཀྱང་མི་སྐྱེད་དོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར། རྣམ་པར་སྨིན་པ་ལ་རེ་བ་མེད་ཅིང༌། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང༌། བྱམས་ པ་ཆེན་པོའི་མཐས་གཏུགས་པའི་སེམས་བསྐྱེད་པས། ལུས་ཐམས་ཅད་ཀྱང་ཡོངས་སུ་གཏང་ངོ་སྙམ་སྟེ། ཞུམ་པ་མེད་པའི་སེམས་བསྐྱེད་པ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་དང༌། ཞིང་ཐམས་ཅད་དང༌། འགྲོ་བ་ཐམས་ཅད་དང༌། དུས་ཐམས་ཅད་དང༌། ནམ་མཁའི་ཁམས་ཐམས་ཅད་དང༌། སྤྱོད་པར་བརྟགས་པའི་ཁམས་ཐམས་ཅད་དང༌། མྱ་ངན་ལས་འདས་པའི་ཁམས་ཞི་བ་གང་ཇི་ སྙེད་པ་ཐམས་ཅད་དང༌། ཆོས་ཐ་དད་པ་དེ་དག་ཐམས་ཅད་སེམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཤེས་པར་བྱ། རྟོགས་པར་བྱ། མངོན་པར་རྫོགས་པར་འཚང་རྒྱ་བར་ བྱ༑ བལྟ་བར་བྱ། ཁོང་དུ་ཆུད་པར་བྱ། བསྒོམ་པར་བྱ། རྣམ་པར་བསྒོམ་པར་བྱ། མངོན་པར་ཤེས་པར་བྱ། ཡོངས་སུ་ཤེས་པར་བྱ། རབ་ཏུ་སྤང་བར་བྱ། མངོན་དུ་བྱ་སྟེ། དེ་དག་ ཐམས་ཅད་ལ་མ་བརྟགས། རྣམ་པར་མ་བརྟགས། སྣ་ཚོགས་སུ་མ་བྱས། རྣམ་པ་ཐ་དད་དུ་མ་བྱས། ཆེད་དུ་བསྐྱོད་པར་མ་བྱས། དམིགས་པར་མ་བྱས། བསྒོམ་པར་མ་བྱས། རྣམ་པར་ བསྒོམ་པར་མ་བྱས། གཅིག་ཏུ་མ་བྱས། གཉིས་སུ་མ་བྱས་པའི་ཡེ་ཤེས་མི་གཉིས་པ་གཉིས་པོ་ཐམས་ཅད་རབ་ཏུ་ཤེས་པ་དང༌། མཚན་ཉིད་མེད་པའི་ཡེ་ཤེས་མཚན་ཉིད་ཐམས་ཅད་ རབ་ཏུ་ཤེས་པ་དང༌། རྟོག་པ་མེད་པའི་ཡེ་ཤེས་རྟོག་པ་ཐམས་ཅད་རབ་ཏུ་ཤེས་པ་དང༌། སྣ་ཚོགས་སུ་གྱུར་པ་མེད་པའི་ཡེ་ཤེས་སྣ་ཚོགས་ཐམས་ཅད་རབ་ཏུ་ཤེས་པ་དང༌། རྣམ་པ་ཐ་དད་ ༄༅། །པར་གྱུར་པ་མེད་པའི་ཡེ་ཤེས་རྣམ་པ་ཐ་དད་པ་ཐམས་ཅད་རབ་ཏུ་ཤེས་པ་དང༌། འཇིག་རྟེན་དུ་གྱུར་པ་མེད་པའི་ཡེ་ཤེས་འཇིག་རྟེན་ཐམས་ཅད་རབ་ཏུ་ ཤེས་པ་དང༌། འཇིག་རྟེན་གྱི་ཁམས་སུ་ཕྱིན་པ་མེད་པའི་ཡེ་ཤེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རབ་ཏུ་ཤེས་པ་དང༌། དུས་སུ་གྱུར་པ་མེད་པའི་ཡེ་ཤེས་དུས་ཐམས་ཅད་རབ་ཏུ་ ཤེས་པ་དང༌། སེམས་ཅན་གྱི་སར་གྱུར་པ་མེད་པའི་ཡེ་ཤེས་སེམས་ཅན་གྱི་ཁམས་ཐམས་ཅད་རབ་ཏུ་ཤེས་པ་དང༌། མངོན་པར་ཤེས་པ་ཐམས་ཅད་ལས་གྱེན་དུ་འཕགས་པའི་ཡེ་ ཤེས་མངོན་པར་ཆགས་པའི་སྤྱོད་ཡུལ་གྱི་མཐར་ཐུག་པ་དང༌། གནས་མེད་པ་ལ་གཞོལ་བའི་ཡེ་ཤེས་གནས་ཐམས་ཅད་རབ་ཏུ་ཤེས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ ཤེས་ཀུན་ནས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཤེས་པ་དང༌། མི་ཟད་པའི་མཐར་ཕྱིན་པའི་ཡེ་ཤེས་ཟད་པ་ཐམས་ཅད་རབ་ཏུ་ཤེས་པ་དང༌། ཆོས་ཀྱི་དབྱིངས་ལ་གཞོལ་བའི་ཡེ་ ཤེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཡོངས་སུ་སྟོན་པ་དང༌། བརྗོད་པ་དང༌། ཚིག་དང༌། སྒྲ་དང༌། དབྱངས་དང་བྲལ་བའི་ཡེ་ཤེས་སྒྲ་དབྱངས་བརྗོད་དུ་མེད་པ་རབ་ཏུ་བརྗོད་ པ་དང༌། རང་བཞིན་གཅིག་པའི་ཡེ་ཤེས་རང་བཞིན་མེད་པ་རབ་ཏུ་རྟོགས་པ་དང༌། སྤྱོད་ཡུལ་གཅིག་ལ་ཞུགས་པའི་ཡེ་ཤེས་སྤྱོད་ཡུལ་ཐ་དད་པ་ཡོངས་སུ་སྟོན་པས་བརྗོད་པ་ཆེན་ པོའི་བྱིན་གྱི་རླབས་ཡང་དག་པར་བསྟན་པའི་ཕྱིར། བརྗོད་དུ་མེད་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ དང༑ གདུལ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ཆེན་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཆོ་འཕྲུལ་ཆེན་པོ་དང༌། རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཡང་འགྲོ་བ་ཐམས་ ཅད་དུ་བསྟན་པར་བྱའོ་སྙམ་པ་འདི་ནི། ཞུམ་པ་མེད་པའི་སེམས་བསྐྱེད་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞུམ་པ་མེད་པའི་སེམས་ བསྐྱེད་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཞུམ་པ་མེད་པ་བླ་ན་མེད་པ་འཐོབ་པར་འགྱུར་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་ པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་རི་བོ་ལྟ་བུ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ ཆོས་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ཡིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་དང་པོའོ། །ཀྱེ་རྒྱལ་བའི་ སྲས༑ གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་དམིགས་པས། ཆོས་ཐམས་ཅད་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟ་བ་འདི་ནི། བླ་ན་མེད་པ་ཡང་དག་པར་ ༄༅། །རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བསྐལ་པ་མཐའ་དང་ དབུས་མེད་པར་ཆོས་དཀར་པོ་ཐམས་ཅད་ཀྱི་སྤྱོད་པ་དང་ལྡན་པའི་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང༌། ཆོས་དཀར་པོ་ཡང་དག་པར་བླངས་པ་ཐམས་ཅད་ ལ་ནན་ཏན་དུ་བྱེད་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡང་ཁོང་དུ་ཆུད་པར་བྱེད་པ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་ པ་རི་བོ་ལྟ་བུ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས། དགེ་བའི་བཤེས་གཉེན་ལ་ཚུལ་དང་འདྲ་བའི་རིམ་ གྲོ་བྱེད་ཅིང༌། རེ་བ་མེད་པའི་སེམས་བསྐྱེད་པ་ཆོས་རྐུ་བ་དང་བྲལ་བས་ནན་ཏན་དུ་བྱེད་དེ། གཞན་དུ་ན་འདི་ལ། བདག་གིས་དེ་བས་ཀྱང་རིམ་གྲོ་དང༌། བཀུར་སྟི་རྒྱ་ཆེན་པོ་བསྐྱེད་ པར་བྱའོ། །འདི་ལ་ཡོངས་སུ་བཏང་བ་ཐམས་ཅད་ཀྱང་དབུལ་བར་བྱའོ་སྙམ་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་ བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལས་སྡུག་བསྔལ་གྱི་རྣམ་པ་བཟོད་པར་བྱེད་དེ། ལུས་ལ་གནོད་པ་དང༌། སྲོག་ ལ་འབབ་པ་ཡང་ཉམས་སུ་ལེན་ཅིང༌། གཤེ་བ་དང༌། མི་སྙན་དུ་ཟེར་བ་དང༌། སྡིགས་པ་དང༌། སྨོད་པ་དང༌། ཁྱད་དུ་གསོད་པ་ཐམས་ཅད་ལ་བཟོད་པར་བྱེད་དེ། དེའི་རྒྱུས་ཉམས་པར་ མི་འགྱུར། འཁྲུག་པར་མི་འགྱུར། འཁྲུག་པ་དང༌། རྣམ་པར་འཁྲུག་པར་མི་བྱེད་དེ། དེའི་རྒྱུས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་གོ་བགོས་པ་ཡང་ཡོངས་སུ་མི་འདོར། རྒྱུན་མི་གཅོད་ ཅིང་དེ་བས་ཀྱང་ཤས་ཆེར་སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་བར་བྱེད་དོ། །རྒྱུན་མི་གཅོད་དོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་དེ་ཆོས་ཐམས་ཅད་ཡང་དག་ པར་ཇི་ལྟ་བ་བཞིན་དུ་འབྱུང་བའི་བཏང་སྙོམས་དང༌། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་རབ་ཏུ་རྟོགས་པའི་བཟོད་པ་དང༌། དེས་པའི་དབང་དང་ལྡན་པའི་ཕྱིར་ཏེ། འདི་ནི་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་དབང་བསྒྱུར་བ་ཆེན་པོ་དང་ལྡན་པ་ ཡང་ཡིན་ཏེ། ལྷ་ལ་དབང་བསྒྱུར་བ་དང༌། མི་ལ་དབང་བསྒྱུར་བ་དང༌། གཟུགས་ལ་དབང་བསྒྱུར་བ་དང༌། སྟོབས་ལ་དབང་བསྒྱུར་བ་དང༌། འཁོར་ལ་དབང་བསྒྱུར་བ་དང༌། འདོད་ པ་ལ་དབང་བསྒྱུར་བ་དང༌། རྒྱལ་སྲིད་ལ་དབང་བསྒྱུར་བ་དང༌། དབང་ཕྱུག་ལ་དབང་བསྒྱུར་བ་དང༌། ཡོན་ཏན་ལ་དབང་བསྒྱུར་བ་དང༌། ཤེས་རབ་ལ་དབང་བསྒྱུར་བ་ཆེན་པོ་དང་ ༄༅། །ལྡན་པ་ཡིན་ཏེ། དེ་རྒྱལ་སྲིད་ཀྱི་བདེ་བའི་དབང་དུ་མི་འགྱུར། འདོད་པའི་བདེ་བའི་དབང་དུ་མི་འགྱུར། ལོངས་སྤྱོད་ཀྱི་བདེ་བའི་དབང་དུ་མི་འགྱུར་ འཁོར་གྱི་བདེ་བའི་དབང་དུ་མི་འགྱུར་ཏེ། གཞན་དུ་ན་ཆོས་འདོད་པའི་ཆོས་ལ་གཞོལ་བ། ཆོས་ལ་འབབ་པ། ཆོས་ལ་བབ་པ། ཆོས་ཀྱི་མཐར་ཐུག་པ། ཆོས་ལ་བརྟེན་པ། ཆོས་ ལ་སྐྱབས་ཚོལ་བ། ཆོས་ལ་དཔུང་གཉེན་ཚོལ་བ་དང༌། ཆོས་ལ་གནས་པ། ཆོས་ལ་དོན་དུ་གཉེར་བ། ཆོས་ལ་མངོན་པར་དགའ་བ། ཆོས་ལ་ཚོལ་བ་ཡིན་ཏེ། ཆོས་ཉིད་ལ་ བསམ་གཏན་འཆའ་ཞིང་གནས་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་བདེ་བའི་བྱེ་བྲག་དང་འགྲོགས་པས། བདུད་ཀྱི་ཡུལ་ལ་གནས་པ་མ་ཡིན། ཀྱེ་རྒྱལ་བའི་སྲས། དེ་ཡང་ཅིའི་ ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔས་སྔོན་སེམས་ཅན་ཐམས་ཅད་བདག་གིས་བདུད་ཀྱི་ཡུལ་ལས་རྣམ་པར་བཟློག་པར་བྱའོ། །སངས་རྒྱས་ཀྱི་ཡུལ་ལ་དགོད་པར་ བྱའོ་ཞེས་སེམས་བསྐྱེད་པའི་ཕྱིར་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་ བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་འགྲུས་འདི་ལྟ་བུར་བརྩམས་ཏེ། བསྐལ་པ་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་ པ་སྤྱོད་ཀྱང༌། དེ་རིང་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཟོད་ཞུགས་པ་ཙམ་དུ་འཛིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པས་མི་འཇིགས། མི་སྐྲག །སྐྲག་ པར་མི་འགྱུར་ཞིང༌། མི་འཇིགས་པ་འདི་ལྟ་བུ་དང་ལྡན་པ་ཡིན་ཏེ། དེ་རིང་ཁོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་སྙམ་དུ་འཛིན་པས། དེ་ཕྱིན་ཆད་ཀྱང་ འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསྐལ་པ་ཚད་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཕ་རོལ་དང༌། གང་ཟག་ཕ་རོལ་ཅང་ཤེས་མ་ཡིན་ པ༑ གདུལ་དཀའ་བ། གསོ་དཀའ་བ། བྱས་པ་མི་གཟོ་བ། བྱས་པ་མི་དྲན་པ་ཤེས་ནས། དེ་དག་རྣམ་པར་བཟློག་པའི་ཕྱིར། གོ་ཆ་ཆེན་པོ་བགོས་ཏེ། སེམས་ཅན་ཐམས་ཅད་ ཀྱི་སེམས་ལ་དབང་བསྒྱུར་བ་ལ་ཡང་བསམ་པའི་སྤྱོད་ཡུལ་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་ཏེ། སེམས་ཅན་འཁུ་བས་སྐྱོ་བར་མི་འགྱུར་ཞིང༌། སེམས་ཅན་ཕ་རོལ་གྱི་ཉོན་མོངས་པས་ཕྱིར་ ལྡོག་པར་མི་འགྱུར་བ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ ༄༅། །ལྟ་བུ་ཞིག་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྒྲུབ་པར་འགྱུར། ཞེས་བྱ་བར་སུ་ལའང་སྐབས་འབྱེད་པ་མེད་པར་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གཞན་དུ་ན་བདག་གཅིག་པུས་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ སྤྱད་པར་བྱའོ། །རང་གི་རྒྱུད་འདི་ཉིད་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པར་བྱའོ། །སེམས་བསྐྱེད་པ་ལ་རག་ལས་པར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །རང་གི་རྒྱུད་རྣམ་པར་སྦྱང་བར་བྱའོ། །གཞན་གྱི་རྒྱུད་རྣམ་པར་སྦྱང་བར་བྱའོ། །རང་གི་ཡུལ་ཁོང་ དུ་ཆུད་པར་བྱའོ། །གཞན་གྱི་ཡུལ་ཁོང་དུ་ཆུད་པར་བྱའོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ཡུལ་གཅིག་ཏུ་ འགྱུར་བར་བྱའོ་སྙམ་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་ནི་ཆོས་གང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་ལྟ་བུའི་ཆོས་ཀྱང་རྗེས་སུ་མི་མཐོང་ངོ༌། །ཆོས་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་ པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱང་རྗེས་སུ་མི་མཐོང་ངོ༌། །ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའམ། འཚང་རྒྱ་བའམ། འཚང་རྒྱ་བར་ འགྱུར་བ་དེ་ལྟ་བུའི་ཆེས་ཀྱང་རྗེས་སུ་མི་མཐོང་ངོ༌། །གང་གིས་ཆོས་བསྟན་པ་དང༌། སྟོན་པ་དང༌། སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱང་རྗེས་སུ་མི་མཐོང་ངོ༌། །དེ་ལ་སྟོན་པར་ བྱེད་པ་དེ་ཡང་མི་དམིགས་ལ། ཆོས་སྟོན་པ་ཉིད་ཀྱང་མི་དམིགས་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སྨོན་ལམ་ཕྱིར་ཟློག་པར་ མི་བྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་པའི་སྤྱོད་པས། ཆོས་ཐམས་ཅད་ཡོངས་སུ་བཙལ་བ་དེ་ལྟ་བུས་ནི། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ། དེ་ནི་གཉེན་པོ་ཡོངས་སུ་སྦྱང་བ་དང༌། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ལས་དང་དགེ་བའི་རྩ་བ་ དེ་བས་ཀྱང་ཤས་ཆེར་ཡང་དག་པར་སྡུད་དོ། །དགེ་བའི་ལས་ཐམས་ཅད་ཡང་དག་པར་བསྡུས་པས་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་ཤིན་ཏུ་ཤས་ཆེ་བར་རྣམ་པར་འཕེལ་ཏེ་། དེ་ལ་གལ་ཏེ་ཆོས་འདི་དག་ཐམས་ཅད་དེ་ལྟ་བུར་དཔེན་ན། བདག་ཀྱང་སུ་ཞིག་གི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་སྙམ་པའི་འཇིགས་པ་མེད། ༄༅། །སྡང་བ་མེད་དེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པ་རི་བོ་ལྟ་བུ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་རི་བོ་ལྟ་བུ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ ཆེན་པོ་ཐུགས་རི་བོའི་རྒྱལ་པོ་ལྟ་བུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཚད་མེད་པར་འཇུག་པ། འདི་ནི་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་ རྟེན་གྱི་ཁམས་འབྱམས་ཀླས་པ་ལ་རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པ་ལ་གནས་པས་འཇུག་པ་མེད་པར་ཞུགས་པ་ཡིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་ཚད་མེད་པ་ཐམས་ཅད་ཡོངས་ སུ་སྦྱངས་ཤིང༌། ནམ་མཁའ་ལ་སྒྲིབ་པ་མེད་པའི་ཚུལ་གྱིས་ཕྱོགས་ཀྱི་དྲ་བ་རྣམ་པར་ཕྱེ་བ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་བྱ་བ་ལ་ཆགས་ པ་མེད་པར་འཇུག་པའི་ཚུལ་དང༌། ཆད་པ་མེད་པར་འཇུག་པའི་ཚུལ་དང༌། རྟག་པ་མེད་པར་འཇུག་པའི་ཚུལ་དང༌། ཚད་མེད་པར་འཇུག་པའི་ཚུལ་དང༌། འཇུག་པ་མེད་པར་ འཇུག་པའི་ཚུལ་དང༌། ལྡོག་པ་མེད་པར་འཇུག་པའི་ཚུལ་དང༌། འཇུག་པ་ཐམས་ཅད་ཡོངས་སུ་ཤེས་པའི་ཚུལ་གྱིས་ཤིན་ཏུ་ཞུགས་པ་ཡིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་ དག་པར་སྡུད་ཅིང་ཡོངས་སུ་གསོག་སྟེ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་ སྨྲ་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་དང༌། བྱེད་པ་དང༌། བྱེད་པར་འགྱུར་བ་དང༌། དགེ་བའི་ ༄༅། །རྩ་བ་གང་གིས་འདས་པ་དང༌། མ་བྱོན་པ་དང༌། དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་སངས་རྒྱས་པ་དང༌། འཚང་རྒྱ་བ་དང༌། འཚང་རྒྱ་བར་འགྱུར་བ་དང༌། ཆོས་གང་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་བསྟན་པ་དང༌། སྟོན་པ་དང༌། སྟོན་པར་འགྱུར་བ་དང༌། སེམས་ཅན་ཇི་སྙེད་ཅིག་ཆོས་བསྟན་པ་དེ་དག་ལ་གྲུབ་པ་དང༌། འགྲུབ་པ་དང༌། འགྲུབ་པར་འགྱུར་བ་དང༌། སེམས་ཅན་ཇི་སྙེད་ཅིག་དུལ་བ་དང༌། འདུལ་བ་དང༌། འདུལ་བར་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་རབ་ཏུ་ཤེས་སོ། །མོས་པར་བྱེད་དོ། །རྗེས་སུ་ཡི་རང་བར་བྱེད་ དོ༑ ༑དགེ་བའི་རྩ་བ་ཡོངས་སུ་བཙལ་བས་ཀྱང་སྐྱོ་བར་མི་བྱེད། སྐྱོ་བ་མི་སྐྱེད་དེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ ལྟ་བུ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདས་པའི་སྐལ་པ་ལ་འཇུག་པ་སྟེ། སེམས་བསྐྱེད་པ་རེ་རེས་ཀྱང་བསྐལ་པ་བརྗོད་དུ་མེད་ པ་ལ་འཇུག་གོ །བསྐལ་པ་རེ་རེ་ལ་ཡང་སངས་རྒྱས་སྐྱེ་བ་ཁྲག་ཁྲིག་ཕྲག་བརྒྱའམ། ཁྲག་ཁྲིག་ཕྲག་སྟོང་ངམ། ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། སངས་རྒྱས་སྐྱེ་བ་ཚད་མེད་པ་ དང༑ གྲངས་མེད་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། མཚུངས་པ་མེད་པ་དང༌། གཞལ་དུ་མེད་པ་དང༌། དཔག་ཏུ་མེད་པ་དང༌། མཐའ་ཡས་པ་དང༌། མུ་མེད་པ་དང༌། ས་མཚམས་ མེད་པ་དང༌། བརྗོད་དུ་མེད་པ་ལ་འཇུག་གོ །སངས་རྒྱས་སྐྱེ་བ་གྲངས་དང་བགྲང་བ་ལས་འདས་པ་ལ་འཇུག་ཅིང་ཤེས་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་ གྱི་དཀྱིལ་འཁོར་ཡང་ཁོང་དུ་ཆུད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཚོགས་དང༌། ཉན་ཐོས་ཀྱི་དགེ་འདུན་དང༌། ཆོས་བསྟན་པ་དང༌། སེམས་ཅན་གདུལ་བ་དང༌། སྐུ་ཚེའི་ཚད་ དང༑ བྱིན་གྱི་རླབས་དང༌། བསྟན་པ་གནས་པའི་རིམ་པ་ལ་ཡང་འཇུག་གོ །བསྐལ་པ་གཅིག་ལ་ཇི་ལྟར་ཞུགས་པ་དེ་བཞིན་དུ་བསྐལ་པ་ཐམས་ཅད་ལ་ཡང་འཇུག་ན། སངས་རྒྱས་ མི་བཞུགས་པ་དང༌། སངས་རྒྱས་མ་བྱུང་བའི་བསྐལ་པ་ལྟ་ཅི་སྨོས་ཏེ། བསྐལ་པ་གང་ལ་སེམས་ཅན་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ བསྐྱེད་པ་དང༌། སེམས་ཅན་གང་གིས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་པ་དང༌། སེམས་ཅན་གང་གིས་མ་བྱོན་པའི་སངས་རྒྱས་མཐོང་བར་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་ པ་དེ་དག་ཀྱང༌། བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཏེ། དེ་ལྟར་འཇུག་པས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་ལ་འཇུག་ཅིང་རྟོག་ཀྱང༌། སྔོན་གྱི་བསྐལ་པའི་དུས་ ༄༅། །ལ་འཇུག་པས་ངོམས་པར་མི་འགྱུར་བ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་དྲུག་པའོ། ། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མ་འོངས་པའི་བསྐལ་པ་ལ་འཇུག་ཅིང༌། རྣམ་པར་དཔྱོད་ལ་སེམས་ཤིང་རྟོག་སྟེ། མ་འོངས་པའི་དུས་ཀྱི་བསྐལ་པ་གང་དང་ གང་ནི་སངས་རྒྱས་དང་བཅས་པར་འགྱུར། བསྐལ་པ་གང་དང་གང་ནི་སངས་རྒྱས་མི་བཞུགས་པར་འགྱུར། བསྐལ་པ་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་ནི་ཇི་སྙེད་ ཅིག་འབྱུང༌། དེ་བཞིན་གཤེགས་པ་དེ་དག་གི་མཚན་ནི་ཅི་ཞེས་བྱ་བར་འགྱུར། འཇིག་རྟེན་གྱི་ཁམས་ནི་གང་དུ། མིང་ནི་ཅི་ཞེས་བྱ་བ་ཞིག་ཏུ། སེམས་ཅན་ནི་ཇི་སྙེད་ཅིག་ ཡོངས་སུ་སྨིན་པར་མཛད་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་ནི་སྐུ་ཚེའི་ཚད་ཇི་ཙམ་དང་ལྡན་པ་ཞིག་ཏུ་འགྱུར་ཞེས་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང༌། གཅིག་ནས་གཅིག་ཏུ་འབྲེལ་པ་ཐམས་ཅད་ལ་རྟོག་སྟེ། དེ་ལྟར་འཇུག་ཅིང་རྟོག་པས་བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད་ཀྱང༌། ཕྱི་མའི་མཐའི་མུར་ཐུག་པའི་དུས་ལ་འཇུག་ པས་ངོམས་པར་མི་འགྱུར་བ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་ད་ལྟར་བྱུང་བའི་དུས་ལ་འཇུག་ཅིང་རྟོག་སྟེ། ཕྱོགས་སྣ་ཚོགས་ལ་འཇུག་པར་བྱ་བ་དང༌། ཕྱོགས་བཅུ་རྣམ་པ་གནས་པ་དང༌། ཕྱོགས་ཀྱི་རྒྱུད་བསྟན་པ་མཐའ་ ཡས་པ་དང༌། ཕྱོགས་ཀྱི་དྲ་བ་དང༌། ཕྱོགས་ཀྱི་དྲ་བའི་རྒྱུད་རྣམ་པ་ཐ་དད་པ་ཐམས་ཅད་བསྟན་པ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང༌། མངོན་པར་འཚང་རྒྱ་བ་དང༌། མངོན་པར་འཚང་རྒྱ་བར་འགྱུར་བ་དང༌། སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་དང༌། བྱང་ཆུབ་ཀྱི་ གཞི་ལ་ཉུག་པ་དང༌། བཞུགས་པ་དང༌། བདུད་ཀྱི་དཀྲུགས་མ་རབ་ཏུ་ཕམ་པར་མཛད་པ་དང༌། རྣམ་པར་འཚང་རྒྱ་བ་དང༌། བཞེངས་པ་དང༌། གྲོང་རྡལ་དུ་གཤེགས་པ་དང༌། ལྷའི་ གནས་སུ་ཆོས་སྟོན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སེམས་ཅན་གྱི་ཁམས་རྣམ་པར་འདུལ་བ་དང༌། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་ཡོངས་སུ་སྟོན་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཏོང་བ་དང༌། སྐུ་ཚེའི་འདུ་བྱེད་སྤོང་བ་དང༌། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་ བ་དང༌། ཆོས་ཀྱི་ཚུལ་ཡང་དག་པར་འགྲོ་བ་དང༌། བསྟན་པ་ཡང་དག་པར་འཛིན་པ་དང༌། དམ་པའི་ཆོས་གསལ་བར་བྱེད་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་བརྒྱན་ ༄༅། །པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཆོད་རྟེན་གྱི་རྒྱན་ ཡིད་ལ་བྱེད་པ་དག་ལ་སེམས་ཤིང༌། རྣམ་པར་སེམས་ལ་ཡིད་ལ་བྱེད་དེ། དེ་ལྟ་བུར་འཇུག་པས་སེམས་བསྐྱེད་པ་རེ་རེ་ལ་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ལ་འཇུག་ ཅིང༑ སེམས་ཅན་ཐམས་ཅད་ཀྱང་རྟོགས་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་ཀྱང་མཐོང་བར་བྱེད། དམ་པའི་ཆོས་ཀྱང་ཐོས་པར་བྱེད། ཐོས་ནས་ཀྱང་ཀུན་ཆུབ་པར་ བྱེད༑ དྲན་པས་ཡོངས་སུ་འཛིན། བློ་གྲོས་ཀྱིས་རྣམ་པར་འབྱེད། རྟོགས་པས་རྣམ་པར་འཕེལ་བར་བྱེད་དེ། བློས་ཕྱོགས་བཅུར་ཚད་མེད་པར་རྒྱས་པར་བྱེད་ཀྱང༌། སངས་རྒྱས་ ཀྱི་ཆོས་ལ་མགོ་རྨོངས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལྟ་བུར་རྣམ་པར་བསྒོམས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་ཡང་མཆོད་ཅིང་རིམ་གྲོར་ བྱ་བ་ཐམས་ཅད་བྱེད་པས། དེ་བཞིན་གཤེགས་པ་དེ་དང་དེ་དག་གི་ཞབས་དྲུང་དུ་བདག་ཉིད་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པར་བརྩོན་པར་སྟོན་ཀྱང༌། བདག་གི་ལུས་ལ་ཡང་མངོན་པར་ཆགས་པ་མེད། དེ་བཞིན་གཤེགས་པའི་སྐུ་ལ་ཡང་མ་ཡིན། འཇིག་རྟེན་གྱི་ཁམས་ལ་ཡང་མ་ཡིན། ཆོས་མཉན་པ་ལ་ཡང་མ་ཡིན། བསྐལ་པའི་གྲངས་ལ་འཇུག་པ་ལ་ཡང་མ་ཡིན་ཏེ། ད་ལྟར་བྱུང་བའི་སངས་རྒྱས་མཐོང་བས་ངོམས་པར་ཡང་མི་འགྱུར་ལ། ཆོས་མཉན་པས་ཀྱང་མ་ཡིན། འཇིག་རྟེན་གྱི་ཁམས་ རྣམ་པར་བརྟགས་པས་ཀྱང་མ་ཡིན། བསྐལ་པའི་གྲངས་ལ་འཇུག་པས་ཀྱང་མ་ཡིན་ཏེ། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་ བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་བྱེད། བཀུར་ སྟི་བྱེད། མཆོད་པ་བྱེད་དེ། བསྐལ་པ་རེ་རེ་ལ་ཡང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་བྱེད། བཀུར་སྟི་བྱེད། མཆོད་པ་བྱེད་ཅིང༌། བདག་གི་ལུས་སྐྱེ་བ་དང༌། ཤི་འཕོ་ཡོངས་སུ་བསྟན་པས་ཁམས་གསུམ་ཐམས་ཅད་ལས་འདས་པའི་མཆོད་པས། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། བྱང་ཆུབ་ སེམས་དཔའི་ཚོགས་ཀྱིས་བསྐོར་བ་ལ་མཆོད་པ་བྱེད་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་རྣམས་ཀྱི་སྐུ་གདུང་ལ་ཡང་བླ་ན་མེད་པའི་མཆོད་པས་མཆོད་པར་བྱེད་ཅིང༌། ཡོངས་ སུ་གཏོང་བའི་སེམས་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཤིན་ཏུ་ཚིམ་པར་བྱ་བའི་ཕྱིར། རྣམ་པར་སྨིན་པ་ལ་རེ་བ་མེད་ཅིང་ཕན་གདགས་པ་ལྷུར་བྱ་བ་དང༌། ཕན་པར་ ༄༅། །འདོད་པས་ཡོངས་སུ་གཟུང་བར་སྦྱིན་པ་བྱེད་ཀྱང༌། སངས་རྒྱས་མཆོད་ཅིང་རིམ་གྲོར་བྱ་བ་དང༌། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་བ་ཤིན་ ཏུ་བཏང་བས་ངོམས་པར་མི་འགྱུར་ཏེ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང༌། སེམས་ཅན་ཉེ་བར་བསྒྲལ་ བ་དང༌། བསྟན་པ་ཡོངས་སུ་བཟུང་བ་དང༌། དམ་པའི་ཆོས་བརྗོད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་གདུལ་བས་ཀྱང༌། ངོམས་པར་མི་ འགྱུར་བ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ལྟ་བུ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ ནི༑ བྱང་ཆུབ་སེམས་དཔའི་གདམས་ངག་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་མན་ངག་དང༌། བྱང་ཆུབ་སེམས་དཔའི་ནན་ཏན་དང༌། བྱང་ ཆུབ་སེམས་དཔའི་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་ཡོངས་སུ་སྨིན་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་འདུལ་བ་དང༌། བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ དང༑ བྱང་ཆུབ་སེམས་དཔའི་འབྱུང་བ་དང༌། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྒོའི་ལམ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ དང༑ ཆོས་སྨྲ་བ་ཐམས་ཅད་ལས་ཚོལ་བ་དང༌། ཡོངས་སུ་ཚོལ་བ་དང༌། འཛིན་པ་དང༌། ཀུན་ཆུབ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུ་བ་དང༌། བསླབ་པ་དང༌། གྲུབ་ པར་བྱ་བ་དང༌། སེམས་ཅན་དེ་དག་ལ་ཆོས་བསྟན་པས་ངོམས་པར་མི་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་གྱི་ རྗེས་སུ་སོང་བས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པར་རབ་ཏུ་གཞོག་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་ཡང་ངོམས་པར་མི་འགྱུར་བ་འདི་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་ པ་རྒྱ་མཚོ་ལྟ་བུ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡེ་ཤེས་ཀྱིས་འཇུག་པ་རྒྱ་མཚོ་ ལྟ་བུ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཆེན་པོ་རྒྱ་མཚོ་ལྟ་བུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་ སྲས༑ བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་གྲངས་ ༄༅། །མེད་པར་འགྲོ་ཞིང༌། དེ་བཞིན་གཤེགས་པ་རྣམས་བལྟ་བ་དང༌། དེ་དག་ལ་ཕྱག་བྱ་བ་དང༌། བསྙེན་བཀུར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་བསམ་གྱིས་ མི་ཁྱབ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་ཉན་ཅིང་ཐོས་ནས་ཀྱང་འཛིན་ཅིང་ཁོང་དུ་ཆུད་པར་བྱེད་དེ། དྲན་པས་ཡང་དག་པར་འཛིན་པ་དང༌། བློ་གྲོས་ཀྱིས་ རྣམ་པར་འབྱེད་པ་དང༌། རྟོགས་པས་རྣམ་པར་འཕེལ་བར་བྱེད་པ་དང༌། བློས་ཕྱོགས་བཅུར་ཚད་མེད་པར་འགེངས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་འདི་ནས་ ཀྱང་མི་སྣང་བར་མ་གྱུར་ལ། གཞན་དུ་ཡང་ལུས་སྟོན་ལ། སངས་རྒྱས་ཀྱི་ཆོས་ལ་ཡང་མགོ་རྨོངས་པ་མེད་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་གཅིག་ལ་རྣམ་པར་སྤྱོད་པས་ཆོས་ ཐམས་ཅད་ཤེས་ཤིང༌། ཆོས་ཐམས་ཅད་དོན་གཅིག་པ་དང༌། དོན་ཐ་དད་པ་མ་ཡིན་པའི་མཐར་ཐུག་པའི་ཚུལ་གྱིས་ཆོས་ཐ་དད་པ་ཡང་དག་པར་བསྟན་པ་ཡང་རབ་ཏུ་ཤེས་པ་ འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་ སེམས་དཔའ་ཉོན་མོངས་པ་རྣམ་པར་བཟློག་པ་ཡང་རབ་ཏུ་ཤེས། ཉོན་མོངས་པའི་རྒྱུན་བཅད་པ་ཡང་རབ་ཏུ་ཤེས། ཉོན་མོངས་པ་རྣམ་པར་གཞིལ་བ་ཡང་རབ་ཏུ་ཤེས་ཏེ། ཉོན་མོངས་ པ་སྤོང་བ་ལ་ཤིན་ཏུ་གནས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅིང་ཡང་དག་པའི་མཐའ་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་མཆོག་ཀྱང་ཐོབ་ལ། ཐབས་མཁས་པའི་བསླབ་པ་ལ་ཤིན་ཏུ་བྱང་བས། སྔོན་གྱི་སྨོན་ལམ་ཡོངས་སུ་བསྐང་བའི་སྤྱོད་པ་དེ་ཡོངས་སུ་རྫོགས་པར་བྱེད་ཀྱང་ལུས་དུབ་པར་མི་འགྱུར་བ་འདི་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འགྲོ་བ་ ཐམས་ཅད་སེམས་ཀྱིས་བརྟགས་པ་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པར་ཡང་ཤེས་ཤིང་འཇུག་ལ། ཡུལ་དང་གནས་ཀྱང་སྟོན་ཏེ། རྟོག་པ་དང༌། མངོན་པར་འདུ་བྱེད་པ་ ༄༅། །ཡང་མེད་ལ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བའི་ཕྱིར་མངོན་པར་འདུ་བྱ་བའི་ས་ལ་ཡང་སྤྱོད་པ་འདི་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་ དཔའ་ཆོས་ཐམས་ཅད་རང་བཞིན་མེད་པ་དང༌། སྣ་ཚོགས་མ་ཡིན་པ་དང༌། རྣམ་པ་ཐ་དད་པ་མེད་པ་དང༌། བགྲང་བ་མེད་པ་དང༌། མཚུངས་པ་མེད་པ་དང༌། ཁ་དོག་མེད་པ་ དང༑ མཚན་ཉིད་མེད་པས་རང་བཞིན་གཅིག་པར་རབ་ཏུ་ཤེས་ཏེ། གཅིག་ཏུ་ཡང་མི་དམིགས་ལ། མང་པོའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་པར་རབ་ཏུ་ཤེས་ཏེ། བྱང་ཆུབ་ སེམས་དཔས་ཆོས་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་ སོ༑ ༑འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་སོ། །འདི་དག་ནི་དག་པའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་ རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་ སོ༑ ༑འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ་ཞེས་བྱ་བར་རབ་ཏུ་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ ལྡན་འདས་ཀྱང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཆོས་ཀྱང་མི་དམིགས་།སེམས་ཅན་ཡང་མི་དམིགས་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་གདུལ་བ་དང༌། ཆོས་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར་སྨོན་ལམ་གྱི་རྒྱུན་ཀྱང་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་ནི་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པས་སེམས་ ཅན་གཞན་གྱི་རབ་ཏུ་རྟོག་པ་ལ་མཁས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དམིགས་པ་ལ་མཁས་པས། སེམས་ཅན་ཐམས་ཅད་ལ་གདམས་ངག་རྗེས་སུ་སྟོན་པ་ལ་མཁས་ པ་དང༑ སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ལ་མཁས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཡང་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ སྤྱོད་པ་འདི་ནི། བྱང་ཆུབ་སེམས་དཔའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་ ༄༅། །སེམས་དཔའ་ནི་འདུ་ཤེས་ཀྱི་བྱིན་གྱི་རླབས་ཐམས་ཅད་ལ་མཁས་པས་ཆོས་རབ་ཏུ་སྟོན་ཅིང་རྣམ་པར་འབྱེད་དེ། ཤེས་པར་ཡང་བྱེད་ལ། ཐབས་ མཁས་པས་མྱ་ངན་ལས་འདས་པ་ཡང་ཡོངས་སུ་སྟོན་ཏེ། དེ་ཡང་ཕྱིན་ཅི་ལོག་མེད་པ་དང༌། ནོར་པ་མེད་པར་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་ཉིད་མི་ གཡོ་བའི་ཕྱིར། ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་ལ་གནས་ཤིང༌། ཡང་དག་པའི་མཐའ་ལ་རབ་ཏུ་རྟེན་པར་ཡང་ཡང་དག་པར་ཤེས་ཏེ། སེམས་ཅན་གང་ དུལ་བའམ། འདུལ་བའམ། འདུལ་བར་འགྱུར་བ་དེ་ལྟ་བུའི་སེམས་ཅན་གང་ཡང་རྗེས་སུ་མི་མཐོང་ལ། བྱུང་རྒྱལ་དུ་བདག་གིས་བསྐྱེད་དོ། །སྙམ་དུ་ཡང་མི་སེམས་ ཏེ༑ ཆོས་གང་སྐྱེ་བའམ། འགག་པར་འགྱུར་བ་དེ་ལྟ་བུ་ཡང་མི་དམིགས་ཏེ། ཆོས་ཐམས་ཅད་ལ་མི་གནས་པས་དོན་ཡོད་པར་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སངས་ རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་རེ་རེ་ལས་ཀྱང་རྣམ་པ་ཐ་དད་དུ་བགྲང་བའི་ཚུལ་གྱིས་བསྐལ་པ་བགྲང་བ་སྣ་ཚོགས་མིང་ཐ་དད་པ་ གཞན་དང་གཞན་བསྐལ་པ་དེ་དང་དེ་དག་ཏུ་གདགས་པའི་བསྐལ་པ་གཅིག་བཟུང་བ་ནས་བརྗོད་དུ་མེད་པ་ཤིན་ཏུ་བསྟན་པའི་བར་དུ་ལུང་བསྟན་པ་ཉན་ཅིང༌། ལུང་བསྟན་པ་དེ་ དག་ཐོས་ནས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཁོར་བ་མེད་ཅིང་མགོ་རྨོངས་པ་མེད་པ་ལ་ལུང་བསྟན་ པ་དེ་དག་རྣམ་པ་དེ་ལྟ་བུར་ཐོས་ནས་ཀྱང༌། དེ་བཞིན་གཤེགས་པ་གཉིས་སུ་མི་གསུང་བ་དང༌། བདག་ཉིད་ཀྱི་སྤྱོད་པའི་མཐུ་དང༌། སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་ཇི་ ལྟར་སྨིན་པར་བྱས་པ་རྣམས་ཀྱི་སྨོན་ལམ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་རྫོགས་པར་བྱེད་པ་ འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་རིན་པོ་ཆེ་ལྟ་བུ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་ཡེ་ཤེས་རིན་པོ་ཆེ་ཆེན་པོ་བླ་ན་མེད་པར་འཚང་རྒྱ་བར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་ ༄༅། །པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་ཆོས་ཐམས་ཅད་མཐའ་ཡས་པ་ཡིན་ཡང༌། བྱང་ཆུབ་ སེམས་དཔའ་ནི་འདི་ལྟར་ཆོས་ཐམས་ཅད་དུས་གསུམ་མ་ལུས་པར་ཤེས་པས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པ་འདི་ནི། ཐེག་པ་ཆེན་པོའི་གོ་ ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་སྐྲའི་རྩེ་མོའི་གོ་དང༌། སྒོ་རེ་རེ་ལ་ཡང་སེམས་ཅན་མཐའ་ཡས་ཏེ། མུ་མེད་པས་ཆོས་ཀྱི་དབྱིངས་ ཐམས་ཅད་ཀྱི་སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་ན། བྱང་ཆུབ་སེམས་དཔའ་ནི་གོ་ཆ་ཆེན་པོ་བགོས་ཤིང༌། འདི་སྐད་དུ་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཆེན་ པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བའི་ཚིག་བརྗོད་པ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གཉིས་པའོ། །ཀྱེ་རྒྱལ་བའི་ སྲས༑ གཞན་ཡང་འཇིག་རྟེན་གྱི་ཁམས་རྣམས་ནི་མཐའ་ཡས་མུ་མེད་པ་སྟེ། རིས་མེད་ལ་ས་མཚམས་མེད་པ་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱ་བ་བླ་ན་མེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྤྱད་བར་བྱའོ། །ཞེས་སྨོན་ལམ་མངོན་པར་སྒྲུབ་ཅིང༌། དེ་ཡང་ཡང་དག་པ་དང༌། དབེན་ པར་ཡོངས་སུ་སྦྱོང་བ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་འགྲོ་བ་ཐམས་ཅད་ནི་མཐའ་ཡས་མུ་མེད་པ་ སྟེ༑ རིས་མེད་ལ་ས་མཚམས་མེད་པ་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་འགྲོ་བ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་སྣང་བར་བྱའོ་ཞེས་ཏེ། དགེ་བའི་རྩ་བ་ ཡོངས་སུ་བསྔོ་བ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐའ་ཡས་ མུ་མེད་པ་སྟེ། རིས་མེད་ལ་ས་མཚམས་མེད་པ་ན། བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་བསྐྱེད་ཅིང༌། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱས་ པའི་འོག་ཏུ་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱའོ་ཞེས་ཡོངས་སུ་བསྔོ་བ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་ སེམས་བསྐྱེད་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཐོང་སྟེ། ཆོས་ཀྱང་ཉན་ལ་དགའ་བ་དང༌། སྤྲོ་ བ་བསྐྱེད་ཀྱང་རང་གི་ལུས་ལ་ཡང་མངོན་པར་ཆགས་པར་མི་བྱེད་དེ། དེ་བཞིན་གཤེགས་པའི་སྐུ་ལ་ཡང་མངོན་པར་ཆགས་པར་མི་བྱེད་ཅིང༌། དེ་བཞིན་གཤེགས་པའི་སྐུ་དེ་དག་ ༄༅། །ཀྱང་ཡོད་པར་ཡང་མི་བྱེད། མེད་པར་ཡང་མི་བྱེད། མེད་པ་མ་ཡིན་པར་ཡང་མི་བྱེད། ཡོད་པ་མ་ཡིན་པར་ཡང་མི་བྱེད། དངོས་པོར་ཡང་མི་བྱེད། དངོས་པོ་མེད་པར་ཡང་མི་བྱེད། གཟུགས་སུ་ཡང་མི་བྱེད། མཚན་དུ་ཡང་མི་བྱེད། འབྱུང་བར་ཡང་མི་བྱེད། འཇིག་པར་ཡང་མི་བྱེད། དེ་བཞིན་གཤེགས་པའི་སྐུ་དེ་དག་སྐྱེ་ བར་ཡང་མི་བྱེད། འཇིག་པར་ཡང་མི་བྱེད། དེ་བཞིན་གཤེགས་པའི་སྐུ་ལ་དངོས་པོར་ཡང་མི་འཇུག་སྟེ། དངོས་པོ་ཆུད་ཟ་བར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དངོས་ པོ་ཐམས་ཅད་མ་བཟུང་བའི་ཕྱིར་ཏེ། འདི་ནི་ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ ཅན་གཞན་དང༌། གང་ཟག་གཞན་དག་གིས་མགོ་བཅད་པར་གྱུར་ཏམ། ལག་པ་བཅད་དམ། རྐང་པ་བཅད་དམ། རྣ་བ་དང༌། སྣ་བཅད་དམ། མིག་ཕྱུང་བར་གྱུར་ཏམ། གཤེའམ། མི་སྙན་པར་ཟེར་རམ། རྡེག་གམ། སྡིགས་སམ། སྨོད་དམ། འཆིང་ངམ། ཅོ་འདྲི་འམ། ཐོ་འཚམ་ཡང་བཟོད་ཅིང་དེའི་རྒྱུས་སེམས་ཁྲོ་བར་མི་འགྱུར། འཁྲུག་པ་དང་ རྣམ་པར་འཁྲུག་པར་མི་འགྱུར། གནོད་པར་སེམས་པ་དང༌། ཁོང་ཁྲོ་བར་མི་འགྱུར་ཏེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ ཀྱང༑ སེམས་ཅན་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་མི་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་མི་གཉིས་པར་རྣམ་པར་སྤྱད་ པའི་བསླབ་པ་ལ་སློབ་ཅིང༌། མི་འཁྲུགས་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དུ་བྱས་པའི་སྡུག་བསྔལ་ཐམས་ཅད་རང་གི་ལུས་ཀྱིས་ཉམས་སུ་བླང་བས་ བཟོད་པར་བྱེད་ཅིང་བཏང་སྙོམས་སུ་གནས་པ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་མ་འོངས་པའི་ དུས་ལ་ནི་མཐའ་མེད་དེ། ཐུག་པ་མེད་ཅིང་རྒྱུན་འཆད་པ་མེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་འདི་ལྟར་མ་འོངས་པའི་བསྐལ་པ་འགྲངས་པ་ཆོས་ཀྱི་དབྱིངས་ཀྱིས་གཏུགས་ པ༑ ནམ་མཁའི་དབྱིངས་ལྟར་གནས་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བས། བྱང་ཆུབ་ སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་ཇི་ལྟར་སྤྱད་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་ མཐའ་གཏུགས་པ་ཐམས་ཅད་དུ་ཡང་སྤྱད་པར་བྱའོ་ཞེས་སེམས་བསྐྱེད་ཀྱང་དེ་ལྟ་བུའི་དུས་སུ་སྤྱོད་པས། སྡང་བ་མེད་ཅིང༌། མི་འཇིགས། མི་སྐྲག་གོ །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། ༄༅། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་ལེན་པ་ནི་བྱང་ཆུབ་སེམས་དཔའི་ཡི་དམ་བསྟན་པ་སྟེ། འདི་ནི་ ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱི་སེམས་ལ་རག་ལུས་པར་ཡིད་ཆེས་པར་བྱས་ཏེ། བསམ་པ་ཡོངས་སུ་དག་པས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་ཅིང་ཡོངས་སུ་རྫོགས་པར་བྱེད་དེ། ནམ་ འདོད་པར་གྱུར་པ་དེའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱང་ཆུབ་ལ། དབང་བསྒྱུར་བར་གནས་ཤིང༌། བགེགས་མེད་པའི་ལམ་དུ་ཞུགས་པ་དང༌། ཉེ་བར་ལེན་པའི་རྐྱེན་ཐམས་ཅད་ཡོངས་སུ་བྱང་བས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བརྟེན་པ་ཐོགས་པ་མེད་ཀྱང༌། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། སྨོན་ལམ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་ཀླས་ཏེ་སྤྱོད་པ་འདི་ནི། ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་དགུ་བའོ། །ཀྱེ་ རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་དམིགས། བྱང་ཆུབ་ཀྱང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ཆོས་ཐམས་ཅད་ཀྱང་མི་དམིགས། སེམས་ཅན་ཐམས་ཅད་ཀྱང་མི་དམིགས། སེམས་ཀྱང་མི་དམིགས། སྤྱོད་པ་ཡང་མི་དམིགས། སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས། འགྲོ་བ་ཐམས་ཅད་ཀྱང་མི་དམིགས། འདུས་བྱས་དང་འདུས་མ་བྱས་ཀྱང་མི་དམིགས་ཏེ། དེ་དེ་ལྟར་དབེན་བར་གནས་པ་ཡིན། དེ་ལྟར་ཟབ་མོ་ལ་གནས་པ་དང༌། དེ་ལྟར་ཞི་བ་ལ་གནས་པ་དང༌། དེ་ལྟར་ཉོན་མོངས་པ་མེད་པ་ལ་གནས་པ་དང༌། དེ་ལྟར་བརྗོད་དུ་མེད་པ་ལ་གནས་པ་དང༌། དེ་ལྟར་གཉིས་སུ་མེད་པ་ ལ་གནས་པ་དང༌། དེ་ལྟར་རྟོག་པ་མེད་པ་ལ་གནས་པ་དང༌། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་གནས་པ་དང༌། དེ་ལྟར་རིག་པ་ལ་གནས་པ་དང༌། དེ་ལྟར་གྲོལ་བ་ལ་གནས་ པ་དང༌། དེ་ལྟར་མྱ་ངན་ལས་འདས་པ་ལ་གནས་པ་དང༌། དེ་ལྟར་ཡང་དག་པའི་མཐའ་ལ་གནས་པ་ཡིན་ཡང་སྨོན་ལམ་གྱི་རྒྱུན་ཀྱང་མི་གཅོད། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་ བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སེམས་ཅན་གདུལ་བ་དང༌། སངས་རྒྱས་མཆོད་ ༄༅། །ཅིང་རིམ་གྲོར་བྱ་བ་དང༌། ཆོས་བསྟན་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱན་པའི་རྒྱུན་ཀྱང་མི་གཅོད་དོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ ན༑ འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་ཆེན་པོས་ཤིན་ཏུ་བྱུང་བའི་ཕྱིར་ཏེ། གང་གིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་འདི་ལྟ་བུར་རབ་ཏུ་ཤེས་པ་ནི་ སྙིང་རྗེ་ཆེན་པོ་དེ་བས་ཀྱང་རྣམ་པར་འཕེལ་བར་བྱེད། ཡོན་ཏན་བརྗོད་དུ་མེད་པས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་སེམས་ཆེར་བསྐྱེད་དེ། དེ་ལྟར་ དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ཏུ་གཏི་མུག་པ་འདི་དག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་མི་ཆུད་མི་ཤེས་ཀྱི། དེ་ཁོང་དུ་ ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ལྷག་པར་ཞི་བའི་གནས་ཀྱང་མེད་ན། དེ་དག་གིས་ཀྱང་ཆོས་དེ་ལྟ་ བུར་བསྟན་ཏེ། སེམས་ཅན་ཡང་ཡོངས་སུ་སྨིན་པར་མཛད་ཅིང༌། ཐུགས་རྗེ་ཆེན་པོ་ཡང་མ་གློད་ན་བདག་ཅག་གིས་ལྟ་སེམས་བསྐྱེད་པ་བདེན་པའི་ཚིག་ལ་གནས་ལ་མི་ སླུ་བ། སངས་རྒྱས་དང་ཆོས་ཀྱི་རིགས་ཐམས་ཅད་མི་གཅོད་པ། སྨོན་ལམ་ཆེན་པོས་མངོན་དུ་བྱས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ལ་གདོན་མི་ཟར་སེམས་ བསྐྱེད་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ཤིན་ཏུ་བསགས་པས་ཡོངས་སུ་བསྔོ་བ་ལ་མཁས་པའི་གནས་པ་ལ་རབ་ཏུ་གནས་པ་ཡེ་ཤེས་ཟབ་མོས་མངོན་པར་བསྒྲུབས་པ་འགྲོ་བའི་ ཚོགས་ཐམས་ཅད་ཁོང་དུ་ཆུད་པ་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་གྱུར་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཆོས་སྦྱིན་པ་ཆེན་པོ་ལ་བོད་བོད་ ལ༑ སེམས་ཅན་ཐམས་ཅད་གྲོལ་བར་མ་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཕྱིན་པར་མ་བྱས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མ་བྱས་ཏེ། སྨོན་ ལམ་ཆེན་པོ་ཡོངས་སུ་མ་རྫོགས་པར་སྙིང་རྗེ་ཆེན་པོ་ཡང་ཇི་ལྟར་གློད་པར་བྱ། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་འདི་ནི་ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་ སེམས་བསྐྱེད་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་གོ་ཆ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་སྟེ། དེ་དག་ལ་ གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་མངོན་པར་མཁྱེན་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་པར་འགྱུར་བ་དག་གོ། །།བམ་པོ་ བདུན་ཅུ་རྩ་དགུ་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩོམ་པ་ཆེན་པོ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་མཆོད་དོ། །བསྙེན་ ༄༅། །བཀུར་རོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྟན་པར་བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་ པ་དང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཆོད་རྟེན་མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། བྱུག་པ་དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་ དང༌། རྒྱལ་མཚན་དང༌། བ་དན་གྱིས་བརྒྱན་པར་བྱའོ། །མཆོད་པར་བྱའོ། །དམ་པའི་ཆོས་ཀྱང་ཡང་དག་པར་གཟུང་བར་བྱའོ། །བསྟན་པ་ཡང་ཡོངས་སུ་བསྲུང་བར་ བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ་ཞེས་བརྩམ་པ་ཆེན་ པོ་རྩོམ་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བླ་ན་མེད་པས་ཡོངས་སུ་དག་པར་བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། ཀྱེ་རྒྱལ་ བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། མ་འོངས་པའི་བསྐལ་པ་འགྲངས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་རེ་ རེར་ཡང་སེམས་ཅན་རེ་རེའི་དོན་དུ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ། །སེམས་ཅན་གཅིག་གི་དོན་དུ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་མ་ལུས་པའི་ དོན་དུ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ་ཞེས་སངས་རྒྱས་ཀྱི་ཆོས་ ཀྱི་དོན་དུ་ཡོངས་སུ་སྐྱོ་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མི་སྐྱེད་པའི་བརྩམ་པ་ཆེན་པོ་རྩོམ་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་དེ་བཞིན་གཤེགས་ པ་གཅིག་ལ་ཡང་བསམ་གྱིས་མི་ཁྱབ་པའི་བསྐལ་པར་མཆོད་པ་དང༌། རིམ་གྲོ་བྱ་སྟེ། དེ་བཞིན་གཤེགས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ ཅད་ལ་ཡང་མཆོད་པ་དང༌། རིམ་གྲོ་བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཐམས་ཅད་ཀྱི་སྐུ་གདུང་ལ་ བསྐལ་པ་བསམ་གྱིས་མི་ཁྱབ་པར་རིན་པོ་ཆེ་ཐམས་ཅད་ཀྱི་གདུགས་དང༌། དྲིལ་བུ་དང༌། རྒྱལ་མཚན་དང༌། བ་དན་དང༌། བདུག་སྤོས་དང༌། ན་བཟའ་ཐམས་ཅད་ཀྱིས་མཆོད་ པ་བྱ་སྟེ། དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་མཆོད་རྟེན་འཇིག་རྟེན་གྱི་ཁམས་ཡངས་པ་བརྗོད་དུ་མེད་པར་ཁྱབ་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས་བརྒྱན་པ་མང་པོ་ བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་དག་ཀྱང་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཡངས་པ། བསམ་གྱིས་མི་ཁྱབ་པར་ཁྱབ་པ་དེ་ལྟ་བུའི་རྣམ་པ་དང་ལྡན་པར་བྱའོ། ། ༄༅། །སངས་རྒྱས་ཀྱི་ཆོས་ཀྱི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་བསྙེན་བཀུར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། བསྟན་པ་ ཡོངས་སུ་གཟུང་བ་དང༌། དམ་པའི་ཆོས་བརྗོད་པ་ལ་རྒྱུན་གཅོད་ཅིང༌། གཏང་བའི་སེམས་བསྐྱེད་པ་གཅིག་ཀྱང་བསྐྱེད་པར་མི་བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། དགེ་བའི་རྩ་བ་དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཅིང་མཚུངས་པའི་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱའོ་ཞེས་བརྩམ་པ་ཆེན་པོ་རྩོམ་པ་དང༌། མངོན་པར་སངས་རྒྱས་ནས་ཀྱང་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་ དུ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང༌། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡང་དག་པར་བསྟན་ཅིང༌། བསྐལ་པ་བརྗོད་དུ་མེད་པར་ཆོས་བསྟན་ཀྱང་བདག་གི་ལུས་ལ་ དུབ་པར་མི་འགྱུར་ཞིང་ངག་དང༌། སེམས་ལ་དུབ་པར་མི་འགྱུར་བར་བྱའོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱང་བའི་ཕྱིར་སེམས་བསྐྱེད་པ་ཆོས་དང་ལྡན་པ་དེ་བཞིན་ གཤེགས་པའི་ཆོས་ཀྱིས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་ཆེན་པོ་བཏབ་པ་དང་ལྡན་པ། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་སྙིང་རྗེ་ཆེན་པོའི་མཐར་ ཐུག་པ། མཚན་ཉིད་མེད་པའི་ཆོས་ཀྱི་གཞིས་གཏུགས་པ། བདེན་པའི་ཚིག་ལ་གནས་པ། ཆོས་ཐམས་ཅད་ཀྱིས་དབེན་པ་མངོན་དུ་བྱས་པ། སེམས་ཅན་ཐམས་ཅད་མི་དམིགས་ པ༑ ལས་དང་བྱ་བ་མི་འགལ་བ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་ མཁའི་མཐས་གཏུགས་པ། མཚན་ཉིད་མེད་པའི་ཆོས་ལ་གཞོལ་བ། འཇུག་པ་དང༌། ལྡོག་པ་མེད་པར་ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྒྱུན་མི་གཅོད་པ་ དང༑ སྨོན་ལམ་ཆེན་པོ་དང་ལྡན་པས། སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་སྒྲུབ་བོ་ཞེས་བརྩམ་པ་ཆེན་པོ་རྩོམ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བརྩམ་པ་ཆེན་པོ་རྩོམ་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ཕུན་སུམ་ཚོགས་པ་བླ་ན་མེད་པ་འཐོབ་ པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་དེ་བཞིན་ གཤེགས་པ་ཐམས་ཅད་མཆོད་པ་དང༌། རིམ་གྲོ་བྱ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། སེམས་ཅན་ཐམས་ཅད་མོས་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྲུང་བ་ལ་ ༄༅། །བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་བཙལ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། དགེ་བའི་རྩ་བ་ཐམས་ཅད་བསགས་པ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་རྟོགས་པར་བྱ་བ་ལ་བརྩམས་པ་ཆེན་ པོ་མཐར་ཕྱིན་པར་བྱེད་པ་དང༌། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་ཁོང་དུ་ ཆུད་པར་བྱ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་དང༌། དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་འགྲོ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པ་དང༌། ཆོས་ཐམས་ཅད་མཉན་ པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ལ་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བརྩམས་པ་ཆེན་པོ་མཐར་ཕྱིན་པར་བྱ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ ཆེན་པོ་བརྩམས་པ་ཆེན་པོ་མཐར་དབྱུང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་མི་ཕྱེད་ པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་ལ་དད་པ་མི་ཕྱེད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་མི་ཕྱེད་པ་དང༌། འཕགས་པའི་དགེ་འདུན་ཐམས་ ཅད་ལ་དད་པ་མི་ཕྱེད་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དད་པ་མི་ཕྱེད་པ་དང༌། དགེ་བའི་བཤེས་གཉེན་ཐམས་ཅད་ལ་དད་པ་མི་ཕྱེད་པ་དང༌། སེམས་ཅན་ཐམས་ཅད་ ལ་དད་པ་མི་ཕྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ལ་དད་པ་མི་ཕྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་དད་པ་མི་ ཕྱེད་པ་དང༌། སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བྱ་བ་ལ་དད་པ་མི་ཕྱེད་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བར་བྱ་བ་བྱང་ ཆུབ་སེམས་དཔའི་ཐབས་མཁས་པ་མཚམས་སྦྱར་བའི་ཚུལ་ལ་དད་པ་མི་ཕྱེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་མི་ཕྱེད་པ་ སྟེ༑ དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཆེན་པོའི་དད་པ་མི་ཕྱེད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ ༄༅། །ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་མོས་པ་དྲག་པོས་རང་གི་རྒྱུད་ལ་ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ལ་གཞོལ་བའི་སྐབས་ཀྱིས་ལུང་བསྟན་པ་དང༌། སྤྱོད་པ་རྒྱ་ཆེན་པོས་ལུང་བསྟན་པ་དང༌། མངོན་དུ་ལུང་བསྟན་པ་དང༌། གསང་སྟེ་ལུང་ བསྟན་པ་དང༌། རང་གི་སེམས་ལ་རག་ལས་པར་ཁོང་དུ་ཆུད་པས་ལུང་བསྟན་པ་དང༌། བཟོད་པ་ཐོབ་པས་ལུང་བསྟན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་གྱིས་ལུང་ བསྟན་པ་དང༌། བསྐལ་པ་འགྲངས་པ་ཐམས་ཅད་མི་ཟད་པས་ལུང་བསྟན་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བས་ལུང་བསྟན་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ པ་ཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་བདག་ གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་སྨོན་ལམ་གཅིག་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་ གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་བསམ་པ་གཅིག་པ་ཕུན་སུམ་ཚོགས་པར་ གྱུར་ཅིག། ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པར་གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་དགེ་བའི་ བཤེས་གཉེན་རྣམས་དང་སྤྱོད་པ་གཅིག་ཏུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་བར་ དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་ཅིག །བདག་གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་རྒྱུད་ཀྱི་ཚུལ་གཅིག་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་ པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གིས་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་ གཅིག་ཅིང་མཉམ་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག ། བདག་གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་ཡིད་ལ་བྱ་བ་གཅིག་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་ ༄༅། །གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གི་དགེ་བའི་རྩ་འདིས་དགེ་བའི་བཤེས་གཉེན་རྣམས་དང་ཡོངས་སུ་ དག་པ་གཅིག་པ་ཕུན་སུམ་ཚོགས་པར་འགྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གིས་ དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་གཅིག་ཏུ་རྣམ་པར་སྤྱོད་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་ གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་གི་དགེ་བའི་རྩ་བ་འདི་དགེ་བའི་བཤེས་གཉེན་རྣམས་དང་གཅིག་ཅིང་མཉམ་པར་འཇུག་པ་ཡོངས་ སུ་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་བར་དེ་ལྟར་ཕུན་སུམ་ཚོགས་པར་གྱུར་ཅིག །བདག་ གི་དགེ་བའི་རྩ་བ་འདིས་དགེ་བའི་བཤེས་གཉེན་རྣམས་དང་ཐ་མ་དང་པ་ཕུན་སུམ་ཚོགས་པར་འགྱུར་ཅིག །ཕུན་སུམ་ཚོགས་པར་འགྱུར་རམ། འགྱུར་ཞེ་ན། རྣམ་པ་གཞན་དུ་མ་འགྱུར་ བར་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་ཅིག་ཅེས་བྱའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། དེ་དག་ལ་གནས་ ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཏོང་བའི་སེམས་ཀྱིས་རྣམ་པར་འཕྲུལ་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་ པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཐའ་དང་དབུས་མེད་པ་ལ་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། དྲིས་པ་ཐམས་ཅད་ཀྱི་ཐེ་ཚོམ་ གཅོད་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། དོན་ཤེས་པ་ལ་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ལ་མཁས་པས་སངས་རྒྱས་ཀྱི་ཆོས་ ཐམས་ཅད་ལ་ཡིད་ཆེས་པར་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་ཆུང་ཡང་རུང་སྟེ། ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ ཚད་མེད་པར་འགྱུར་བར་ཡིད་ཆེས་པར་བྱས་ཤིང༌། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། བྱང་ཆུབ་སེམས་དཔའ་རྣམ་པར་ སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཡེ་ཤེས་ཁོང་དུ་ཆུད་པ་དང༌། སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་ཞིང་གནས་ ༄༅། །པར་བྱ་བའི་ཕྱིར། སེམས་ཀྱི་སྐད་ཅིག་གཅིག་གིས་ཡེ་ཤེས་ཁོང་དུ་ཆུད་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་འཚང་རྒྱ་བ་ དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པ་དང༌། གཟུང་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྣ་ཚོགས་ལ་ འཇུག་པའི་རྒྱན་གྱི་ཡེ་ཤེས་ཁོང་དུ་ཆུད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་རྣམས་ཏེ། དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་།བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་མཐའ་དང་དབུས་མེད་པ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་ མེད་པ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འཇུག་པ་ལ་སེམས་བསྐྱེད་ཕ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཞིང་དང༌། དུས་དང༌། ཆོས་ཀྱི་དབྱིངས་ སུ་འཇུག་པ་ལས་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་ལྟ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་ མེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་རྒྱ་ཆེར་བརྟག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ ཅད་ཡིད་ལ་བྱ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། ལས་དང་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་ དང་དབུས་མེད་པ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ དུ་འཇུག་པ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་རྣམ་པར་བལྟ་བ་ལ་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་ དང་དབུས་མེད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་སྟེ། དེ་དག་ལ་གནས་ཤིང་ བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོ་རྒྱ་མཚོ་ལྟ་བུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་ སྲས༑ བཅུ་བོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ལ་བགྲང་བས་སྦྱར་བའི་གཏེར་དང༌། ཆོས་ཐམས་ཅད་ལ་ ༄༅། །ངེས་པར་རྟོགས་པའི་གཏེར་དང༌། ཆོས་ཐམས་ཅད་ལ་གཟུང་སྣང་བའི་གཏེར་དང༌། ཆོས་ཐམས་ཅད་ལ་ཐ་དད་པ་ཡང་དག་པར་ཤེས་པས་རབ་ ཏུ་སྣང་བའི་གཏེར་དང༌། ཆོས་ཐམས་ཅད་ལ་བརྗོད་དུ་མེད་པའི་ཚུལ་ལ་མཁས་པར་ཁོང་དུ་ཆུད་པའི་གཏེར་དང༌། སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་དང༌། ཆོ་འཕྲུལ་ཐམས་ ཅད་ལ་སོ་སོར་རྟོག་ཅིང་ལྟ་བའི་གཏེར་དང༌། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་མངོན་པར་བསྒྲུབ་པར་མཁས་པའི་གཏེར་དང༌། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ བའི་གཏེར་དང༌། སྒྱུ་མ་ལྟ་བུའི་བསྐལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྲུབ་པར་འཇུག་པ་ལ་མཁས་པའི་གཏེར་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ དགའ་བ་དང༌། རབ་ཏུ་དགའ་བ་དང༌། མོས་པ་ཆེན་པོ་རབ་ཏུ་རྙེད་པའི་གཏེར་རོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཏེ། དེ་དག་ལ་ གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་གཏེར་བླ་ན་མེད་པ་འཐོབ་པས་སེམས་ཅན་ཐམས་ཅད་འདུལ་བ་ལ་བརྩོན་པར་བྱེད་ པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མི་འཁྲུག་ མི་འཁྲུལ་བའི་སྡོམ་པ་དང༌། སངས་རྒྱས་ཐམས་ཅད་ལ་བསམ་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསམ་པ་རླབས་པོ་ཆེའི་སྡོམ་པ་དང༌། དགེ་བའི་ བཤེས་གཉེན་ཐམས་ཅད་ལ་བསམ་པ་མི་འདོར་བའི་སྡོམ་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཡིད་ལ་བྱ་བ་ཐམས་ཅད་ལ་ཡོངས་སུ་མི་རྒྱུ་བའི་སྡོམ་པ་དང༌། བྱང་ཆུབ་ སེམས་དཔའ་ཆུད་ཟ་བའི་ལམ་ཐམས་ཅད་རྣམ་པར་བཟློག་པའི་སྡོམ་པ་དང༌། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སྡོམ་པ་དང༌། དགེ་བའི་རྩ་བ་བརྩམ་པ་ཐམས་ཅད་ མཐར་ཕྱིན་པར་བྱ་བའི་སྡོམ་པ་དང༌། བདུད་ཐམས་ཅད་རབ་ཏུ་ཕམ་པར་བྱ་བའི་སྡོམ་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་སྡོམ་པའོ། །ཀྱེ་ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཆེན་པོའི་སྡོམ་པ་བླ་ན་ མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་སྟེ། བཅུ་གང་ཞེ་ན། འདི་ལྟར་བསྐལ་པ་བརྗོད་དུ་ མེད་པར་ཚེའི་ཚད་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོགས་པར་གཞོག་ཅིང༌། ཡེ་ཤེས་ཀྱིས་འཇུག་པའི་ཚུལ་གྱིས་སེམས་ལ་ ༄༅། །དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་རྣམ་པར་དབྱེ་བ་དུ་མས་རབ་ཏུ་བརྒྱན་པར་བྱིན་གྱིས་བརླབ་པར་སྟོན་པའི་ཚུལ་གྱིས་ཡོ་བྱད་ ལ་དབང་བ་དང༌། དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པས་ལས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་ པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་ལྟ་བས་མོས་པ་ལ་དབང་བ་དང༌། དུས་དང་ཞིང་གང་དུ་འདོད་པར་མངོན་པར་འཚང་རྒྱ་བས། སྨོན་ ལམ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། ཆོས་ཀྱི་སྒོ་དང༌། སྣང་བ་མཐའ་དང་དབུས་མེད་པ་ཡང་དག་པར་ སྟོན་པས་ཆོས་ལ་དབང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་བསྙེངས་པ་སྐད་ཅིག་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས། ཡེ་ཤེས་ལ་དབང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་མངའི་ཕ་རོལ་ ཏུ་ཕྱིན་པ་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་ བ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ལ་རྣམ་པར་འཕྲུལ་བ་དང༌། ཞིང་ལ་རྣམ་པར་འཕྲུལ་བ་དང༌། ཆོས་ལ་རྣམ་པར་འཕྲུལ་བ་དང༌། ལས་ལ་རྣམ་པར་འཕྲུལ་ བ་དང༌། སྨོན་ལམ་ལ་རྣམ་པར་འཕྲུལ་བ་དང༌། སྤྱོད་ཡུལ་ལ་རྣམ་པར་འཕྲུལ་བ་དང༌། ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་པ་དང༌། རྫུ་ འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། སྟོབས་ལ་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པའོ། །ཀྱེ་རྒྱལ་བའི་ སྲས༑ དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་རྣམ་པར་འཕྲུལ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་ རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་སེམས་ཅན་མེད་པས་སྒྲོལ་བའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་འདུ་ཤེས་ཀྱི་རྣམ་ པར་བྱིན་གྱིས་བརླབ་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ཐམས་ཅད་ལ་དུས་ལ་བབ་ན་ཆོས་སྟོན་པ་རྒྱུན་མི་གཅོད་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ཁམས་ཐམས་ ཅད་དུ་སྤྲུལ་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་སྐྲའི་སྦུབས་གཅིག་ཏུ་བཙུད་ཀྱང་གནོད་པར་མི་འགྱུར་བའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ ༄༅། །གྱི་ཁམས་ཐམས་ཅད་འཇིག་རྟེན་གྱི་ཁམས་སུ་བྱིན་གྱིས་བརླབས་ཏེ། ཕ་རོལ་ཤེས་པར་བྱེད་པ་དང༌། ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དུ་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོའི་དབང་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ་དང༌། སེམས་ཅན་གྱི་ཁམས་ ཐམས་ཅད་དུ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གཟུགས་དང༌། ཁ་དོག་དང༌། མཚན་དང༌། ཆོ་ག་དང༌། སྤྱོད་ལམ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ཁམས་ ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་པ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་སྟོབས་མངོན་ པར་རྫོགས་པར་སངས་རྒྱས་པའི་གཟུགས་ཀྱི་སྐུ་དང༌། མཚན་དང༌། དཔེ་བྱད་བཟང་པོ་སྣ་ཚོགས་ཀྱི་རྒྱན་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ལ་རྣམ་པར་ འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཞིང་ཐམས་ཅད་ཞིང་གཅིག་ཏུ་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་སྐྲའི་སྦུབས་གཅིག་ཏུ་འཛུད་པའི་རྣམ་ པར་འཕྲུལ་བ་དང༌། ཞིང་ཐམས་ཅད་མི་ཟད་པ་ལ་འཇུག་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་འགེངས་པའི་ལུས་གཅིག་ཡོངས་སུ་ སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་རང་གི་ལུས་སུ་ཆུད་པར་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་རབ་ཏུ་བསྐྱོད་ཀྱང༌། སེམས་ཅན་ འཇིགས་པར་མི་འགྱུར་བའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་ཀྱི་རྒྱན་རྣམ་པར་ཕྱེ་བ་ཞིང་གཅིག་ཏུ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཞིང་གཅིག་གིས་རྣམ་པར་ ཕྱེ་ཞིང་ཐམས་ཅད་ཀྱི་རྒྱན་རྣམ་པར་ཕྱེ་བར་ཡོངས་སུ་སྟོན་པ་དང༌། ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་སྐུ་གཅིག་ གིས་ཡོངས་སུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཕྲ་བ་དང༌། ཆེ་བ་དང༌། ཡངས་པ་དང༌། རྒྱ་ཆེ་བ་དང༌། ཟབ་པ་དང༌། སྣྲེལ་ཞི་དང༌། སྤྱིའུ་ཚུགས་སུ་རྒྱུ་བ་དང༌། གཞི་མཉམ་པ་ལ་འཇུག་པར་ཡོངས་སུ་གཞོལ་བས་ཕྱོགས་ཀྱི་དྲ་བ་རྣམ་པར་ཕྱེ་བ་ལ་འཇུག་པར་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཡོངས་སུ་སྟོན་ བའི་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ༄༅། །ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཆོས་གཅིག་ཏུ་ཡང་དག་པར་གཞོལ་ བར་བྱ་བ་དང༌། ཆོས་གཅིག་པོ་ཆོས་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱེད་ཀྱང༌། སེམས་ཅན་གྱི་བསམ་པ་དང་མི་འགལ་བར་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྒྲུབ་པར་ཁོང་དུ་ཆུད་པར་བྱ་བ་ཕ་རོལ་གྱི་གོ་བར་བྱ་བའི་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་འདུ་ཤེས་དང་བྲལ་ བར་སེམས་ཅན་མང་པོས་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་ཅིང་ཚུལ་མཐའ་ཡས་པར་སྟོན་པའི་རྣམ་པར་ འཕྲུལ་བ་དང༌། ཆོས་ཐམས་ཅད་ལ་བརྗོད་དུ་མེད་པར་འཇུག་ཅིང༌། སྒོ་བརྒྱ་སྟོང་གི་ཕ་རོལ་གྱི་རྒྱུད་དུ་བསྟན་པའི་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་སྒོ་ཀུན་ནས་རྒྱུ་ བའི་ཡི་གེའི་ཚུལ་ལ་མཁས་པར་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་ཆོས་ཀྱི་སྒོ་གཅིག་དང་མི་འགལ་བ་ལ་འཇུག་པའི་ཚུལ་ཁོང་དུ་ཆུད་པར་བསྟན་པས་བསྐལ་པ་ བརྗོད་དུ་མེད་ཅིང་མི་ཟད་པ་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་འཇུག་པ་ལ་སེམས་ཅན་མང་པོ་གཟུང་བའི་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ ཅད་མཐའ་དང་དབུས་མེད་པར་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་མཐར་ཕྱིན་ཅིང་མཐའ་དང་དབུས་མེད་པའི་སྒྱུ་མའི་དྲ་བ་རྣམ་ པ་ཐ་དད་པ་ལ་འཇུག་པ་མེད་པས་བསྐལ་པ་མུ་མེད་པར་མི་ཟད་པར་སེམས་ཅན་ལ་སྟོན་པའི་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཆོས་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ ཅན་ཐམས་ཅད་ཀྱི་ལུས་རང་གི་ལུས་སུ་བྱིན་གྱི་རློབ་ཅིང༌། མོས་པར་བྱེད་པ་ལ་འཇུག་པའི་རྣམ་པར་འཕྲུལ་བ་དང༌། རང་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་འདུ་ཤེས་སུ་བྱིན་གྱི་ རློབ་པའི་རྣམ་པར་འཕྲུལ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་སངས་རྒྱས་གཅིག་གི་སྐུར་མོས་ཤིང༌། འཇུག་པའི་རྣམ་པར་འཕྲུལ་བ་དང༌། སངས་རྒྱས་གཅིག་གི་སྐུ་སངས་ རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུར་འཇུག་ཅིང༌། གཞན་ལ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་དུ་ནམ་མཁའ་བྱིན་གྱི་རློབ་པའི་རྣམ་པར་འཕྲུལ་བ་ དང༌། དུས་གསུམ་ཐམས་ཅད་ཆོས་ཀྱི་སྐུ་གཅིག་གིས་ཡོངས་སུ་རྒྱས་པར་སེམས་ཅན་ལ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། ལུས་གཅིག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་ ༄༅། །བཞག་ཅིང་ལུས་མཐའ་ཡས་པ་ལས་རྣམ་པར་ལྡང་བའི་རྣམ་པར་འཕྲུལ་བ་དང༌། ལུས་གཅིག་གིས་མངོན་པར་སངས་རྒྱས་ཤིང་སེམས་ཅན་ སྙེད་ཀྱི་ལུས་སུ་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཅན་གཅིག་གི་ལུས་སུ་སྟོན་པའི་རྣམ་པར་འཕྲུལ་བ་དང༌། སེམས་ ཅན་ཐམས་ཅད་ཀྱི་ལུས་ཆོས་ཀྱི་སྐུར་སྟོན་ཅིང༌། ཆོས་ཀྱི་སྐུ་སེམས་ཅན་གྱི་ལུས་སུ་སྟོན་པའི་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལུས་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་རང་གི་སྨོན་ལམ་དུ་བྱིན་གྱིས་རློབ་པའི་རྣམ་པར་འཕྲུལ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་ རྫོགས་པའི་བྱང་ཆུབ་ཀྱི་སྨོན་ལམ་གྱི་སྟོབས་དང་མཐུ་མངོན་པར་རྫོགས་པར་བྱང་ཆུབ་པར་ཡོངས་སུ་སྟོན་པར་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ཇི་ལྟར་སྨིན་པ་རང་རང་ གི་བསམ་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་རྣམ་པར་འཕྲུལ་པ་དང༌། བསྐལ་པ་འགྲངས་པ་མུ་ མེད་པ་ཐམས་ཅད་དུ་སྨོན་ལམ་གྱི་རྒྱུན་མི་གཅོད་པའི་རྣམ་པར་འཕྲུལ་པ་དང༌། རྣམ་པར་ཤེས་པའི་ལུས་ལས་གྱེན་དུ་བསྐྱོད་དེ། ཡེ་ཤེས་ཀྱི་ལུས་ལའང་མི་གནས་པའི་སྨོན་ ལམ་ལ་དབང་བསྒྱུར་བས་ལུས་ཐམས་ཅད་ཡོངས་སུ་སྟོན་པའི་རྣམ་པར་འཕྲུལ་པ་དང༌། རང་གི་ལུས་ཚད་དུ་གྱུར་བས་ཕ་རོལ་གྱི་ཚོགས་ཀྱི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་ པར་བྱ་བའི་རྣམ་པར་འཕྲུལ་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ལས་ཕྱིར་མི་ལྡོག་པའི་རྣམ་པར་འཕྲུལ་པ་དང༌། བསྐལ་པ་འགྲངས་པ་ཐམས་ ཅད་བྱང་ཆུབ་ཀྱི་སྤྱོད་པས་རྒྱས་པར་དགང་བའི་སྨོན་ལམ་རྒྱུན་མི་འཆད་པའི་རྣམ་པར་འཕྲུལ་པ་དང༌། སྐྲའི་སྦུབས་གཅིག་ཏུ་མངོན་པར་འཚང་རྒྱ་བའི་སྨོན་ལམ་གྱི་སྟོབས་ཀྱིས་ སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱས་པར་དགང་ཞིང༌། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། སེམས་ཅན་གཅིག་ཏུ་སྟོན་པའི་སྨོན་ལམ་ལ་རྣམ་པར་ འཕྲུལ་པ་དང༌། ཆོས་ཀྱི་ཚིག་གཅིག་བརྗོད་པས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་རྒྱས་པར་བཀང་སྟེ། ཆོས་ཀྱི་སྤྲིན་ཆེན་པོ་བྱུང་བ་ལས་ཆོས་བདུད་རྩིའི་ཆར་རབ་ ཏུ་འབབ་ཅིང༌། རིག་པ་དང་རྣམ་པར་གྲོལ་བའི་གློག་སྣང་བ་དང༌། ཡང་དག་པ་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འབྲུག་སྒྲ་མངོན་པར་འབྱུང་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་ ༄༅། །སུ་ངོམས་པར་བྱ་བའི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བས་རྣམ་པར་རྩེ་བའི་རྣམ་པར་འཕྲུལ་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས་།བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ལ་ རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་དང་ཡང་ལྡན་ལ་སེམས་ཅན་གྱི་ཁམས་ ཀྱི་སྤྱོད་ཡུལ་དུའང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་མངོན་པར་དགའ་བའང་ཡིན་ལ། བདུད་ཀྱི་སྤྱོད་ཡུལ་ ལ་གནས་པར་ཡང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི། མྱ་ངན་ལས་འདས་པའི་སྤྱོད་ཡུལ་དང་ཡང་ལྡན་ལ། འཁོར་བའི་སྤྱོད་ཡུལ་ལས་ ཀྱང་མི་གཡོའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་ཡུལ་དང་ལྡན་ལ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་རྒྱུད་ཀྱང་ རྒྱུན་མི་གཅོད་དོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཞི་བ་དང༌། རབ་ཏུ་ཞི་བ་དང༌། ཉེ་བར་ཞི་བའི་སྤྱོད་ཡུལ་དང་ཡང་ལྡན་ལ། སེམས་ཅན་མ་ཞི་བ། རབ་ ཏུ་མ་ཞི་བ། ཉེ་བར་མ་ཞི་བའི་སྤྱོད་ཡུལ་ཅན་རྣམས་ཀྱང་རྣམ་པར་མི་སྤོང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་བླང་བ་མེད་པ་དང༌། དོར་བ་མེད་པ་དང༌། སྤྲོ་བ་མེད་པ་དང༌། མི་འགྲོ་བ་དང༌། མཚན་མ་མེད་པ་དང༌། དངོས་པོ་མེད་པ་དང༌། རྣམ་པར་མི་དམིགས་པ་དང༌། བར་སྣང་དང་མཉམ་པའི་སྤྱོད་ཡུལ་དང་ཡང་ལྡན་ལ། སེམས་ ཅན་སྤྲོས་པ་དང༌། མཚན་མ་ཐམས་ཅད་དུ་དམིགས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་གནས་ན་ཡང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོབས་ དང༑ རྣམ་པར་ཐར་བའི་སྤྱོད་ཡུལ་དང་ཡང་ལྡན་ལ། ཕྱོགས་གཅིག་པའི་སྤྱོད་ཡུལ་ཐམས་ཅད་དུ་ཡང་སྣང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ ཅན་མེད་པའི་མཐའི་སྤྱོད་ཡུལ་དང་ཡང་ལྡན་ལ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ཡང་རྣམ་པར་མི་སྤོང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ ནི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། རྟོགས་པ་དང༌། ཡེ་ཤེས་དབེན་པའི་སྤྱོད་ཡུལ་དང་ཡང་ལྡན་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བར་ཡང་སྣང་ངོ༌། །ཀྱེ་རྒྱལ་བའི་ སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་དཔའི་སྤྱོད་པ་དང༌། མངོན་པར་འཚང་རྒྱ་བ་དང༌། སངས་རྒྱས་ཀྱི་རྒྱན་དང༌། སྤྱོད་ཡུལ་ཐམས་ཅད་ཀྱང་ཐོབ་ལ། ཉན་ཐོས་དང་རང་ ༄༅། །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ལམ་དང༌། ཆོ་ག་ཡང་ཡོངས་སུ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ ཡུལ་ལ་རྣམ་པར་འཕྲུལ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཐ་དད་པ་ཡང་ དག་པར་ཤེས་པའི་ཡེ་ཤེས་མི་ཟད་པ་ལ་རྣམ་པར་འཕྲུལ་བ་དང༌། རྨོངས་པ་མེད་པའི་གཟུངས་ཐམས་ཅད་ཐོབ་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་པ་དང༌། སྨོན་ལམ་ཤིན་ཏུ་རྣམ་ པར་གདོན་མི་ཟ་བ་བསྟན་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་འཛིན་པ་དང༌། ཁོང་དུ་ཆུད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། རང་གི་སེམས་ ཀྱི་ཡེ་ཤེས་ཕ་རོལ་གྱི་སེམས་ཀྱི་ཡེ་ཤེས་དང་སེམས་གཅིག་ལས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང༌། རྣམ་པར་གཡོ་བར་བྱེད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། སེམས་ ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་དང༌། བག་ལ་ཉལ་བ་དང༌། བག་ཆགས་དང༌། ཉོན་མོངས་པའི་ནད་ལ་གང་དང་འབྱོར་བའི་སྨན་ཡང་དག་པར་གཏོང་བའི་ཡེ་ཤེས་རྣམ་པར་འཕྲུལ་ བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྐད་ཅིག་གཅིག་གིས་འཇུག་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། དུས་གསུམ་གྱི་བསྐལ་པའི་གྲངས་ཐམས་ཅད་ལ་ཆགས་ བ་མེད་པའི་ཡེ་ཤེས་ཡངས་པ་སེམས་ཅན་གཞན་གྱིས་ཐོབ་པར་བྱེད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། ཐོགས་པ་མེད་པའི་སེམས་ཀྱི་སྐད་ཅིག་ཏུ་མངོན་པར་འཚང་རྒྱ་བར་འགྲོ་ པ་ཐམས་ཅད་དུ་ཡོངས་སུ་སྟོན་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གཅིག་གི་འདུ་ཤེས་ཀྱིས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ལས་དང༌། བྱ་བ་ལ་མངོན་སུམ་དུ་ ཡེ་ཤེས་ལ་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གཅིག་གི་སྒྲ་དབྱངས་ཀྱིས་སྒྲ་ཐམས་ཅད་ལ་འཇུག་པ་ཡོངས་སུ་སྟོན་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས་། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ ཤེས་པ་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ཡོངས་སུ་སྟོན་ཀྱང༌། ལུས་གཅིག་ཏུ་དམིགས་པའི་མངོན་པར་ཤེས་པ་ལ་ རྣམ་པར་འཕྲུལ་བ་དང༌། དེ་བཞིན་གཤེགས་པ་གཅིག་གི་འཁོར་གྱི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དང༌། ཆོས་བསྟན་པ་ཡོངས་སུ་ འཛིན་པའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གཅིག་གི་སེམས་ལ་དམིགས་པས་བྱང་ཆུབ་ཀྱི་རྒྱུད་བརྗོད་དུ་མེད་པ་རྣམ་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ ༄༅། །ཅད་ཀྱི་སེམས་ཀྱིས་གོ་བར་བྱེད་པའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གོ་བར་བྱེད་ ཅིང༑ སྒྲ་རྣམ་པ་ཐ་དད་པ་ཐམས་ཅད་དུ་ཤེས་པར་བྱེད་པས། སེམས་ཅན་གཞན་གྱི་སེམས་ཀྱི་རྒྱུད་དུ་ཕྱིན་པར་བྱེད་པའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། འགྲོ་བ་ ཐམས་ཅད་ཀྱི་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ། སེམས་ཀྱི་སྐད་ཅིག་གཅིག་གིས་རྗེས་སུ་དྲན་ཞིང་ཤེས་པས། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ སྟོན་ཅིང༌། སེམས་ཅན་གྱི་གོ་བར་བྱེད་པའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་བརྒྱན་པར་བྱ་བའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་ བ་དང༌། དུས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཏུ་སྤྱོད་པའི་སྨོན་ལམ་ཡང་དག་པར་བསྐྱེད་ བ་དང༌། ཆོས་ཀྱི་སྣང་བ་རབ་ཏུ་དགྱེ་བའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱིས་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་དཔའི་སྟོབས་བཅུ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡོངས་སུ་བསྲུང་བའི་མངོན་པར་ཤེས་པ་ལ་རྣམ་པར་འཕྲུལ་བ་དང༌། ཀྱེ་ རྒྱལ་བའི་སྲས། མདོར་ན། བྱང་ཆུབ་སེམས་དཔའ་ནི་མངོན་པར་ཤེས་པས་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཡིན་ཏེ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་ པ་ལ་རྣམ་པར་འཕྲུལ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། རྡུལ་ཤིན་ཏུ་ཕྲ་བ་གཅིག་ཏུ་འཛུད་པའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དང་མཉམ་ པའི་སངས་རྒྱས་ཀྱི་ཞིང་གཅིག་ཡོངས་སུ་སྟོན་པའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། རྒྱ་མཚོ་ཐམས་ཅད་ཀྱི་ཆུའི་ཕུང་པོ་ཆེན་པོ་བསྡུའི་ཁུང་བུ་གཅིག་ཏུ་བླུགས་ཏེ། ཆོས་ཀྱི་དབྱིངས་དང་ མཉམ་པའི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཡང་སེམས་ཅན་ལ་གནོད་པར་མི་འགྱུར་བའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རང་གི་ ལུས་སུ་བཙུད་དེ། བྱ་བ་ཐམས་ཅད་ཡོངས་སུ་སྟོན་པ་ལ་མཁས་པའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། ཁོར་ཡུག་དང་རྡོ་རྗེའི་རི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་བ་སྤུའི་ཁུང་བུ་གཅིག་ཏུ་བྲེས་ཏེ། ༄༅། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཡང་སེམས་ཅན་རྣམས་སྡང་བར་མི་འགྱུར་བའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། བསྐལ་པ་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པ་བསྐལ་པ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། བསྐལ་པ་གཅིག་ལ་བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་བསྐལ་པ་འདུ་བ་དང༌། འཇིག་པ་སྟོན་ཀྱང་སེམས་ ཅན་ལ་གནོད་པར་མི་འགྱུར་བའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆུས་འཇིག་པ་ཡོངས་སུ་བསྟན་པ་དང༌། མེ་དང་རླུང་གིས་འཇིག་ པ་ཡོངས་སུ་བསྟན་ཀྱང་སེམས་ཅན་ལ་གནོད་པར་མི་འགྱུར་བའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་འཚིག་ཅིང་ཆུ་དང༌། མེ་དང་རླུང་གིས་ འཇིག་ཀྱང་ལོངས་སྤྱོད་དང༌། ཉེ་བར་སྤྱོད་པ་ཐམས་ཅད་ཀྱི་ས་ཡོངས་སུ་གང་བར་བྱས་ཤིང་སེམས་ཅན་ལ་ཀུན་ཏུ་སྟོན་པའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་པ་དང༌། འཇིག་རྟེན་གྱི་ ཁམས་བསམ་གྱིས་མི་ཁྱབ་པ་ལག་པའི་མཐིལ་གྱིས་བླངས་ཏེ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་བཀོད་ཀྱང༌། སེམས་ཅན་ལ་གནོད་པར་མི་འགྱུར་ བའི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་བ་དང༌། ཞིང་ཐམས་ཅད་ནམ་མཁའི་རང་བཞིན་དུ་ཡོངས་སུ་བསྟན་པས། སེམས་ཅན་གྱིས་གོ་བར་བྱེད་པ་ནི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་ བ་སྟེ༑ ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་ལ་རྣམ་པར་འཕྲུལ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཡོངས་སུ་སྨིན་པར་བྱ་བ་དང༌། འདུལ་བ་མི་གཏོང་བས་སེམས་ཅན་གྱི་སྟོབས་ལ་རྣམ་པར་འཕྲུལ་བ་དང༌། ནམ་ མཁའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཐམས་ཅད་རྒྱན་རྣམ་པར་ཕྱེ་བས་བརྒྱན་པར་ཡོངས་སུ་སྟོན་པས་ཞིང་གི་སྟོབས་ལ་རྣམ་པར་འཕྲུལ་པ་དང༌། ལུས་ཐམས་ཅད་ལུས་མེད་ པར་འཇུག་པས་ཆོས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་པ་དང༌། སྤྱོད་པ་རྒྱུན་མི་སྤྱོད་པས་བསྐལ་པའི་སྟོབས་ལ་རྣམ་པར་འཕྲུལ་པ་དང༌། གཉིད་ཀྱིས་ལོག་པ་སངས་པར་བྱེད་པས་སངས་ རྒྱས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྐྱེད་ཅིང་རབ་ཏུ་འཛིན་པའི་ཕྱིར་སྤྱོད་པའི་སྟོབས་ལ་རྣམ་པར་འཕྲུལ་བ་དང༌། སེམས་ཅན་གྱི་ ཁམས་ཐམས་ཅད་ཡང་དག་པར་སྒྲོལ་བས་སངས་རྒྱས་ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ་དང༌། ཆོས་ཐམས་ཅད་བདག་པོ་མེད་པར་མངོན་པར་འཚང་རྒྱ་བའི་ཕྱིར། རང་བྱུང་གི་སྟོབས་ལ་ རྣམ་པར་འཕྲུལ་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ལུས་པར་མངོན་པར་འཚང་རྒྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་སྟོབས་ལ་རྣམ་པར་འཕྲུལ་བ་དང༌། སེམས་ཅན་ཐམས་ཅད་ ༄༅། །ཡོངས་སུ་མི་གཏོང་བས། སྙིང་རྗེ་ཆེན་པོའི་སྟོབས་ལ་རྣམ་པར་འཕྲུལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྟོབས་ལ་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། སེམས་ཅན་ལ་རྣམ་པར་འཕྲུལ་བ་བཟུང་བ་མན་ཆད་སྟོབས་ལ་རྣམ་པར་འཕྲུལ་བ་ཡན་ཆད་ཀྱི་བར་དུ། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་བ་སྟེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་གང་གིས་རྣམ་པར་འཕྲུལ་བ་བཅུ་པོ་དེ་དག་ཐོབ་པར་གྱུར་པ་དེ་ནི། འདོད་ན་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །མི་འདོད་ན་མངོན་པར་འཚང་མི་རྒྱའོ། །འདོད་ན་མངོན་པར་འཚང་ཡང་རྒྱལ་སྤྱོད་པ་ཡང་རྒྱུན་མི་གཅོད་དོ། ། ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་ཆེན་པོས་བྱུང་བ་སྟེ། སྒོ་མཐའ་ཡས་པའི་རྣམ་པར་འཕྲུལ་བ་ཡོངས་སུ་བསྟན་པ་ལ་མཁས་པའི་ ཕྱིར་རོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྩེ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ལུས་ལ་ཞིང་ གི་ལུས་བྱིན་གྱིས་རློབ་པ་བྱེད་ཀྱང༌། སེམས་ཅན་གྱི་ལུས་འབྱེད་པར་མི་བྱེད་པ་དེ་ནི་རྣམ་པར་རྩེ་བ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཞིང་གི་ལུས་ལ་ སེམས་ཅན་གྱི་ལུས་བྱིན་གྱིས་རློབ་ཀྱང༌། ཞིང་གི་ལུས་འདྲེས་པར་ཡང་མི་བྱེད་པ་དེ་ནི་རྣམ་པར་རྩེ་བ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ ཀྱི་སྐུ་ལ་སེམས་ཅན་གྱི་ལུས་བྱིན་གྱིས་རློབ་ཀྱང༌། སངས་རྒྱས་ཀྱི་སྐུ་དམའ་བར་མི་བྱེད་པ་དེ་ནི་རྣམ་པར་རྩེ་བ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཉན་ ཐོས་དང༌། རང་སངས་རྒྱས་ཀྱི་ལུས་ལ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་སྟོན་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལུས་རྒྱ་ཆེན་པོར་ཡང་མི་བྱེད་པ་འདི་ནི། རྣམ་པར་རྩེ་བ་བཞི་ པའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱོད་པའི་ལུས་ལ་མངོན་པར་འཚང་རྒྱ་བའི་ལུས་ཡོངས་སུ་སྟོན་ཀྱང༌། སྤྱོད་པའི་རྒྱུན་མི་གཅོད་པ་དེ་ནི་རྣམ་པར་རྩེ་ བ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་བྱང་ཆུབ་པའི་ལུས་ལ་སྤྱོད་པ་ཡོངས་སུ་སྟོན་ཀྱང༌། མངོན་པར་རྫོགས་པར་བྱང་ཆུབ་ པ་ཉེ་བར་ལེན་པར་ཡང་མི་བྱེད་པ་དེ་ནི་རྣམ་པར་རྩེ་བ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པའི་དབྱིངས་སུ་འཁོར་བའི་རྒྱུན་ ཡོངས་སུ་སྟོན་ཀྱང༌། མྱ་ངན་ལས་འདས་པ་ལ་མངོན་པར་ཆགས་པ་མི་སྐྱེད་པ་དེ་ནི་རྣམ་པར་རྩེ་བ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འཁོར་བ་ལ་ ༄༅། །མྱ་ངན་ལས་འདས་པ་ཡོངས་སུ་སྟོན་ཀྱང༌། ཡོངས་སུ་མྱ་ངན་ལས་འདའ་བས་ཤིན་ཏུ་མྱ་ངན་ལས་འདའ་བར་མི་བྱེད་པ་འདི་ནི་རྣམ་པར་རྩེ་བ་བརྒྱད་པའོ། ། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་བཞིན་དུ་འདི་ལྟ་སྟེ། འོང་བ་དང༌། འགྲོ་བ་དང༌། འགྲེང་བ་དང༌། འདུག་པའི་བྱ་བ་ཐམས་ཅད་ཡོངས་སུ་སྟོན་ ཀྱང༌། ཏིང་ངེ་འཛིན་གྱི་མཉམ་པ་ཉིད་འཁྲུག་པར་མི་བྱེད་པ་འདི་ནི་རྣམ་པར་རྩེ་བ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་གཅིག་གི་ ཞབས་ཀྱི་དྲུང་ནས་ཆོས་ཐོས་ནས། ལུས་ཀྱང་མི་སྣང་བར་མི་བྱེད་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པའི་ཡང་བརྗོད་དུ་ མེད་པ་གཞན་དང་གཞན་དུ་ལུས་རྣམ་པར་དགོད་པས་ལྡང་ཡང་ལུས་ཐ་དད་པར་ཡང་མི་བྱེད། ཏིང་ངེ་འཛིན་ཐ་དད་པར་ཡང་མི་བྱེད་ལ། དེ་བཞིན་གཤེགས་པ་དེ་དག་ལས་ཀྱང་ཆོས་ཉན་ ཅིང་ཐོས་ནས་ཀྱང་འཛིན་ཅིང་ཀུན་ཆུབ་པར་བྱེད་ལ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང༌། ཆོས་དྲི་བ་བཟུང་བའི་རྒྱུན་ཀྱང་མི་གསོད་དེ། དེ་དེ་ལྟར་མཉམ་པར་གཞག་བཞིན་དུ་ལུས་ མི་སྣང་བར་ཡང་མི་བྱེད་ལ། ཏིང་ངེ་འཛིན་གྱི་ལུས་དང་སྒོ་མངོན་པར་སྒྲུབ་པ་རེ་རེ་ལས་ཀྱང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཏིང་ངེ་འཛིན་གྱི་ལུས་དང༌། སྒོ་མངོན་པར་སྒྲུབ་ ཅིང༌། དེ་ལྟ་བུའི་ཚུལ་གྱིས་བསྐལ་པ་ཐམས་ཅད་ཟད་པར་གྱུར་ཀྱང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་མངོན་པར་སྒྲུབ་པའི་མཐའ་གང་ཡང་མེད་པ་དེ་ནི་རྣམ་པར་རྩེ་བ་བཅུ་ པའོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྩེ་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ ཆེན་པོས་རྣམ་པར་རོལ་པ་བླ་ན་མེད་པར་ཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ མཐའ་ཡས་པའི་སྒོ་ལ་འཇུག་པར་སེམས་ཅན་ལ་ཡོངས་སུ་སྟོན་པའི་ཡུལ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་རྣམ་པ་སྣ་ཚོགས་དུ་མ་དང༌། མངོན་པར་སྒྲུབ་པ་འགྲོ་བ་ཐམས་ཅད་ཀྱིས་ རྣམ་པར་དམིགས་པར་བྱ་བའི་ཡུལ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དུ། སྤྲུལ་པ་མངོན་པར་སྒྲུབ་པ་རྣམ་པར་དམིགས་པར་བྱ་བའི་ཡུལ་དང༌། དེ་བཞིན་གཤེགས་པའི་སྐུ་བྱང་ཆུབ་སེམས་ དཔའི་ལུས་སུ་མངོན་པར་སྒྲུབ་པ་དང༌། བྱང་ཆུབ་སེམས་དཔའི་ལུས་དེ་བཞིན་གཤེགས་པའི་སྐུར་མངོན་པར་སྒྲུབ་པའི་ཡུལ་དང༌། ནམ་མཁའི་ཁམས་འཇིག་རྟེན་གྱི་ཁམས་སུ་མངོན་པར་བསྒྲུབ་ པ་དང༌། འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་སུ་མངོན་པར་སྒྲུབ་པའི་ཡུལ་དང༌། མྱ་ངན་ལས་འདས་པ་འཁོར་བར་མངོན་པར་སྒྲུབ་པ་དང༌། འཁོར་བར་མྱ་ངན་ལས་འདས་པ་མངོན་ ༄༅། །པར་སྒྲུབ་པའི་ཡུལ་དང༌། སེམས་ཅན་གཅིག་གི་སྐད་དུ་བརྗོད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པར་མངོན་པར་སྒྲུབ་པའི་ཡུལ་དང༌། མཐའ་ ཡས་པའི་སྒོ་ནས་ལུས་ཀུན་ཏུ་སྟོན་ཅིང༌། ལུས་གཅིག་ཏུ་བྱིན་གྱིས་བརླབ་པ་དང༌། ལུས་རྣམ་པ་ཐ་དད་པ་ཐམས་ཅད་མངོན་པར་སྒྲུབ་པའི་ཡུལ་དང༌། ལུས་གཅིག་གིས་ཆོས་ཀྱི་ དབྱིངས་ཐམས་ཅད་དུ་རྒྱས་པར་དགང་བའི་ཡུལ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་བསྐྱེད་པའི་སྐད་ཅིག་རེ་རེ་ལ། མཐའ་ཡས་པའི་སྒོ་མངོན་པར་སྒྲུབ་ཅིང༌། རྣམ་པར་འཚང་རྒྱ་བའི་ ཡུལ་ལོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ ཤེས་ཆེན་པོའི་ཡུལ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །།བམ་པོ་བརྒྱད་ཅུ་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ ཏེ༑ བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་ཐམས་ཅད་དང་འདུ་འཛི་མེད་པའི་ཕྱིར་བསམ་པའི་སྟོབས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྒྱིད་ལུག་པ་མེད་པར་བྱ་བའི་ཕྱིར། ལྷག་ པའི་བསམ་པའི་སྟོབས་དང༌། བྱང་ཆུབ་སེམས་དཔའི་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱ་བ་ཡོངས་སུ་བསྟན་པའི་ཕྱིར་སྦྱོར་བའི་སྟོབས་དང༌། འགྲོ་བ་ཐམས་ཅད་ཀྱི་སེམས་དང་ སྤྱོད་པ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་སྟོབས་དང༌། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྨོན་ལམ་གྱི་སྟོབས་དང༌། ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་ཆད་ པ་མེད་པར་བྱ་བའི་སྤྱོད་པའི་སྟོབས་དང༌། ཐེག་པ་ཐམས་ཅད་ཀྱི་འབྱུང་བར་ཀུན་ཏུ་བསྟན་པ་དང༌། ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཐེག་པའི་སྟོབས་དང༌། སྐྲའི་སྦུབས་ གཅིག་ཏུ་སངས་རྒྱས་འབྱུང་བ་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ཐམས་ཅད་ཀུན་ཏུ་བསྟན་པའི་ཕྱིར། རྣམ་པར་འཕྲུལ་པའི་སྟོབས་དང༌། སེམས་བསྐྱེད་པ་ཐམས་ཅད་ལ་བྱང་ ཆུབ་ཏུ་རྣམ་པར་འཚང་རྒྱ་བ་དང༌། མི་འབྲལ་བའི་ཕྱིར་བྱང་ཆུབ་ཀྱི་སྟོབས་དང༌། ཆོས་ཀྱི་ཚིག་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང༌། དབང་པོ་མ་ལུས་པ་ལྷག་མ་མེད་པ་ མཐའ་དག་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་ སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། སྟོབས་བཅུ་དང་ལྡན་པའི་མཆོག་ཏུ་འགྱུར་བ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་མི་འཇིགས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སྒྲ་ཐམས་ཅད་འཛིན་པའི་གཟུངས་རབ་ཏུ་ཐོབ་པ་ཡིན་ཏེ། དེ་འདི་སྙམ་དུ། ༄༅། །ཤར་ཕྱོགས་དང༌། བྱང་ཕྱོགས་དང༌། ལྷོ་ཕྱོགས་དང༌། ནུབ་ཕྱོགས་ནས། སྟོན་པ་ལ་ལ་ཞིག་བདག་གི་གན་དུ་བྱོན་ཏེ། འགྲོ་བ་ཆེན་པོ་བརྒྱ་སྟོང་རབ་ཏུ་བཤད་ པར་གྱུར་ན། བདག་གིས་དེ་གཟུང་བར་མི་ནུས་སྙམ་དུ་མི་སེམས་ཏེ། བྱང་ཆུབ་སེམས་དཔས་རྒྱུ་ཡང་རྗེས་སུ་མི་མཐོང་ངོ༌། །རྒྱུ་ཡང་རྗེས་སུ་མི་མཐོང་བས། མི་འཇིགས་པ་ཆེན་པོའི་དམ་ བ་ཐོབ་ཅིང༌། བརྟན་ལ་ཞུམ་པ་མེད་པའི་ཡིད་ཀྱིས་འགྲོ་བ་ཐམས་ཅད་ལ་ཅི་འདོད་པ་དེ་དྲིས་ཤིག་ཅེས་སྐབས་འབྱེད་པ་འདི་ནི། མི་འཇིགས་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔའ་རྣམས་ནི་ཡི་གེ་དང༌། དོན་བརྗོད་པ་དང༌། སྒྲ་དང༌། སྐད་ཐམས་ཅད་ཀྱི་མཚམས་སྦྱར་བ་རབ་ཏུ་རྟོགས་པར་བྱ་བ་དང༌། དེ་བཞིན་གཤེགས་པས་དབང་བསྐུར་བའི་ སྤོབས་པ་ཐོགས་པ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ཏེ། དེ་དག་འདི་སྙམ་དུ་ཤར་ཕྱོགས་དང༌། ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་ནས་ལ་ལ་ཞིག་འོངས་ ཏེ༑ བདག་ལ་ཆོས་ཀྱི་ཐེ་ཚོམ་ཆེན་པོ་ཞིག་དྲིས་པར་གྱུར་ན། བདག་གིས་ལན་མི་ལོན་པ་སྙམ་དུ་མི་སེམས་ཏེ། བྱང་ཆུབ་སེམས་དཔས་རྒྱུ་ཡང་རྗེས་སུ་མི་མཐོང་ངོ༌། །རྒྱུ་ཡང་རྗེས་ སུ་མི་མཐོང་བས་མི་འཇིགས་པ་ཆེན་པོའི་དམ་པ་ཐོབ་ཅིང༌། འགྲོ་བ་ཐམས་ཅད་ཀྱི་དྲི་བ་ཡོངས་སུ་དྲི་བ་ཅི་ཡོད་པ་བསྟན་པ་དང༌། འཇིགས་ཤིང་སྤུ་ལྡང་བ་མེད་པར་བྱོས་ལ་གང་འདོད་ པ་དེ་དག་དྲིས་ཤིག །ཅེས་སྐབས་འབྱེད་པ་འདི་ནི་མི་འཇིགས་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པའི་ཆོས་ཁོང་དུ་ཆུད་པར་རྟོགས་པ་ཡིན་ཏེ། བདག་དང༌། བདག་གི་དང༌། བྱེད་པ་པོ་དང༌། བྱེད་དུ་འཇུག་པ་དང༌། ཚོར་བ་པོ་དང༌། སྲོག་དང༌། གསོ་བ་དང༌། གང་ཟག་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དུ་ལྟ་བ་དང་ བྲལ་ཏེ། སེམས་ནམ་མཁའ་དང་མཚུངས་པའི་རྗེས་སུ་སོང་བ་དེ་དག་འདི་སྙམ་དུ་བདག་ལ་ལ་ལ་ཞིག་གིས་ལུས་དང༌། ངག་དང༌། ཡིད་ཀྱིས་གནོད་པར་བྱ་བའམ། གཅིག་ཏུ་མི་འགྱུར་ བའམ་སྙམ་དུ་སེམས་པ་མེད་དེ། བྱང་ཆུབ་སེམས་དཔས་མཚན་མ་ཡང་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་ནི་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ དང་བྲལ་བའི་ཕྱིར་ཏེ། མཚན་མ་ཡང་རྗེས་སུ་མི་མཐོང་བས། མི་འཇིགས་པ་ཆེན་པོའི་དམ་པ་ཐོབ་ཅིང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་དུ་འདོར་བ་ལ་རབ་ཏུ་བརྟན་པ་འདི་ནི་ མི་འཇིགས་པ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ཏེ། སངས་རྒྱས་ཀྱི་སྣང་བས་ཉེ་བར་བརྟན་ཅིང༌། དེ་བཞིན་གཤེགས་པའི་སྤྱོད་ལམ་དང༌། སྤྱོད་པ་དང༌། ཚུལ་ལ་རབ་ཏུ་གནས་ལ། སྤྱོད་ལམ་རྣམ་པར་མ་བརྟགས་ཤིང༌། ཇི་ལྟ་བཞིན་དུ་གནས་པས། དེ་དག་འདི་སྙམ་དུ་བདག་གི་སྤྱོད་ ༄༅། །ལམ་ལ་ལ་ལ་ཞིག་གིས་བརྒལ་བར་མི་འགྱུར་རམ་སྙམ་དུ་མི་སེམས་ཏེ། བྱང་ཆུབ་སེམས་དཔས་མཚན་མ་ཡང་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡང་ རྗེས་སུ་མི་མཐོང་བས་མི་འཇིགས་པ་ཆེན་པོའི་དམ་པ་ཐོབ་ཅིང༌། འཁོར་གྱི་ནང་དུ་ཕྱིན་ནས་ཆོས་སྟོན་པ་འདི་ནི་མི་འཇིགས་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ ནི་ལུས་དང༌། ངག་དང༌། ཡིད་ཤིན་ཏུ་དག་ཅིང་ཡོངས་སུ་དག་པ་དང༌། གཙང་བ་དང༌། གཙང་སྦྲ་དང༌། ངེས་པ་དང་ལྡན་ཞིང༌། ངན་པར་སྤྱོད་པ་དང༌། ངན་དུ་བྱེད་པ་དང༌། ངན་དུ་སྨྲ་བ་ དང་བྲལ་བ་ཡིན་ཏེ། དེ་དག་ནི་འདི་སྙམ་དུ་བདག་གི་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ལ་ལ་ལ་ཞིག་གིས་བརྒལ་བར་མི་འགྱུར་རམ་སྙམ་དུ་མི་སེམས་ཏེ། བྱང་ཆུབ་སེམས་དཔས་ མཚན་མ་ཡང་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡང་རྗེས་སུ་མི་མཐོང་བས། འཇིགས་པ་དང་བྲལ་ཞིང་མི་འཇིགས་པ་ཆེན་པོའི་དམ་པ་ཐོབ་ཅིང༌། སེམས་ཅན་གཞན་ཆོས་ལ་སྦྱོར་བ་བྱེད་པ་ འདི་ནི་མི་འཇིགས་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ལག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་འབྲངས་པས་ཡོངས་སུ་བསྲུང་བ་ཆེན་པོ་ཐོབ་ཅིང༌། ལྷ་དང༌། ཀླུ་དང༌། གནོད་ སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་གྱིས་རྟག་ཏུ་རིམ་གྲོར་བྱ་བ་ཡིན། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་རྟག་ཏུ་ཕྱག་བྱ་བ་ཡིན། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་རྟག་ཏུ་དགོངས་པ་ཡིན་ཏེ། དེ་དག་འདི་སྙམ་དུ་བདག་ཅག་ལ་བདུད་དམ་བདུད་ཀྱི་རིས་སུ་གཏོགས་པའི་ལྷའམ། མུ་སྟེགས་ཅན་ནམ། མུ་སྟེགས་སྤྱོད་པ་དང༌། ཀུན་ཏུ་རྒྱུ་བ་དག་གམ། སེམས་ཅན་དམིགས་པ་ལ་མངོན་པར་ཞེན་པ་ལ་ལ་ཞིག་འོངས་ཤིང༌། བར་ཆད་བྱེད་པར་མི་འགྱུར་རམ་ཞེས་བྱ་བར་སེམས་པ་མེད་དེ། བྱང་ཆུབ་སེམས་དཔའ་མཚན་མ་ཡང་རྗེས་སུ་མི་མཐོང་ངོ༌། ། མཚན་མ་ཡང་རྗེས་སུ་མ་མཐོང་བས་འཇིགས་པ་དང་བྲལ་ཞིང༌། མི་འཇིགས་པའི་དམ་པ་ཆེན་པོ་ཐོབ་པས་དགའ་ཞིང༌། ཡིད་བདེ་བ་དང་ལྡན་པར་བྱང་ཆུབ་སེམས་དཔའི་ལས་ཐམས་ཅད་ལ་ ནན་ཏན་དུ་བྱེད་པ་འདི་ནི་མི་འཇིགས་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི། སངས་རྒྱས་ཀྱི་ས་བསྔགས་པའི་དྲན་པ་རབ་ཏུ་ཐོབ་ཅིང༌། དྲན་པའི་དབང་པོ་མཆོག་ དང་ལྡན་པས་ཡོངས་སུ་རྨོངས་པ་མེད་པ་ཡིན་ཏེ། དེ་དག་འདི་སྙམ་དུ་བདག་ཅག་གིས་ཆོས་ཀྱི་ཚིག་དང༌། ཡི་གེ་བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པ་དེ་བཞིན་གཤེགས་པའི་ཞལ་ནས་བྱུང་ པ་ལ་ལ་ཞིག་ཡོངས་སུ་མ་ཟིན་པའམ། ཆུད་ཟ་པར་འགྱུར་ཞིང་ནུབ་པར་གྱུར་པ་མེད་དམ་ཞེས་བྱ་བར་སེམས་དཔའ་མེད་དེ། བྱང་ཆུབ་སེམས་དཔས་མཚན་མ་ཡང་རྗེས་སུ་མི་མཐོང་ངོ༌། །མཚན་མ་ཡང་རྗེས་ སུ་མི་མཐོང་བས་འཇིགས་པ་དང་བྲལ་ཞིང་མི་འཇིགས་པ་ཆེན་པོའི་དམ་པ་ཐོབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་གཟུང་བའི་ཕྱིར་ནན་ཏན་དུ་བྱེད་པ་འདི་ནི་མི་འཇིགས་ ༄༅། །པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་དང༌། ཤེས་རབ་དང༌། ཡེ་ཤེས་ཁོང་དུ་ཆུད་པར་རྟོགས་ཤིང༌། བྱང་ཆུབ་སེམས་ དཔའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཐོབ་པས། རྒྱུན་མི་འཆད་པར་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱེད་ཅིང༌། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སྨོན་ལམ་དང༌། བསམ་པ་ ཆེན་པོ་རབ་ཏུ་བཏང་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆེད་དུ་བསམས་ཏེ། འཇིག་རྟེན་གྱི་གནས་འདོད་པ་དང༌། འཁྲུག་པ་དང༌། ཉོན་མོངས་པའི་རྙོག་པ་ཅན་དུ་སྐྱེ་ བ་བཟུང་ཞིང༌། འདོད་པའི་དགའ་བ་ལ་རྩེ་བ་དང༌། འཁོར་གྱི་ལོངས་སྤྱོད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བདག་གིས་ཡོངས་སུ་གཟུང་བར་བྱེད་ཀྱང༌། དེ་དག་འདི་ སྙམ་དུ་བདག་ཅག་སེམས་ཅན་གྱི་འདུ་འཛིའི་གོས་པས་ཡོངས་སུ་གོས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། གཟུངས་ཀྱི་སྒོ་དང༌། སྤོབས་པའི་བར་ཆད་དམ༑ གཅིག་ཏུ་མི་འགྱུར་རམ་ཞེས་སེམས་པ་མེད་དེ། བྱང་ཆུབ་སེམས་དཔའ་དེ་དག་གིས་རྒྱུ་ཡང་རྗེས་སུ་མི་ མཐོང་ངོ༌། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ལམ་ལ་རྒྱུན་མི་འཆད་པར་སྤྱོད་པའི་ཕྱིར། ཆོས་ཐམས་ཅད་ལ་དབང་གི་ཕ་ རོལ་ཏུ་ཕྱིན་པ་དམ་པ་ཐོབ་པ་དག་སྟེ། དེ་དག་གིས་འཇིག་རྟེན་གྱི་རྣམ་པར་འཁྲུག་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའི་ལས་ལ་རྣམ་པར་འཁྲུག་པར་འགྱུར་བ་རྗེས་སུ་མི་མཐོང་ངོ༌། ། རྗེས་སུ་མི་མཐོང་བས་འཇིགས་པ་དང་བྲལ་ཞིང༌། མི་འཇིགས་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་པས། འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ཀྱི་སྐྱེ་བའི་སྐྱེ་མཆེད་ཐམས་ ཅད་དུ་སྐྱེ་བ་གཟུང་བར་སྨོན་ལམ་རབ་ཏུ་འདེབས་ཏེ། འདི་ནི་མི་འཇིགས་པ་བརྒྱད་པའོ། །ཀྱེ་རྒྱལ་འ་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པའི་སེམས་མ་ ཉམས་ཤིང༌། བྱང་ཆུབ་སེམས་དཔའི་ལམ་ལ་གནས་པས་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་དག་སྟེ། དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་སྟོབས་དང་ ཤུགས་ལ་གནས་ཤིང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་དང༌། སྤྱོད་ལམ་ཡོངས་སུ་སྟོན་ཀྱང༌། དེ་དག་འདི་སྙམ་དུ། བདག་ཅག་ཉན་ཐོས་སམ། རང་ སངས་རྒྱས་ཀྱི་ཐེག་པའམ། གཅིག་གིས་འབྱུང་བར་མི་འགྱུར་རམ་སྙམ་དུ་སེམས་པ་མེད་དེ། བྱང་ཆུབ་སེམས་དཔས་རྒྱུ་ཡང་རྗེས་སུ་མི་མཐོང་ངོ༌། །རྒྱུ་ཡང་རྗེས་སུ་མི་མཐོང་བས་ འཇིགས་པ་དང་བྲལ་ཞིང༌། མི་འཇིགས་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་པས། ཐེག་པ་ཐམས་ཅད་མཉམ་པ་ཉིད་དུ་སྟོན་ཅིང་།ཐེག་པ་ཆེན་པོའི་མཉམ་པ་ཉིད་ ༄༅། །ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་མི་འཇིགས་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་ཡང་དག་པར་བསྡུས་པས་དཀར་ པོའི་ཆོས་ཡོངས་སུ་འདུས་པ་ཡིན། མངོན་པར་ཤེས་པ་དང༌། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན། རྒྱུན་ཆད་པ་མེད་པར་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་རྟེན་པ་ ཡིན༑ བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན། སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། རྫུ་འཕྲུལ་ལ་མངོན་པར་དབང་བསྐུར་བ་ ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྤྱོད་པ་ཉེ་བར་བླང་བ་དེ་ཡང་རྒྱུན་མི་གཅོད་དེ། དེ་དག་འདི་སྙམ་དུ་བདག་ཅག་གིས། སེམས་ཅན་ཡང་ཡོངས་སུ་སྨིན་ པར་མ་གྱུར་ལ། བདག་ཅག་ཀྱང་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་སྟོན་པར་མི་ནུས་པའམ། གཅིག་ཏུ་མི་འགྱུར་རམ་ཞེས་སེམས་པ་མེད་དེ། བྱང་ཆུབ་སེམས་དཔའ་རྒྱུ་ཡང་རྗེས་ སུ་མི་མཐོང་ངོ༌། །རྒྱུ་ཡང་རྗེས་སུ་མི་མཐོང་བས་འཇིགས་པ་དང་བྲལ་ཞིང༌། མི་འཇིགས་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་པས་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་ཇི་ལྟ་བ་ བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡོངས་སུ་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད་ལ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོས་སྐྱེ་བ་ཡང་རྒྱུན་མི་གཅོད་ ཅིང༌། བྱང་ཆུབ་སེམས་དཔས་ཡོངས་སུ་སྨིན་པར་བྱ་བ་ཡང་རྒྱུན་མི་གཅོད་དེ། འདི་ནི་མི་འཇིགས་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ འཇིགས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་མི་འཇིགས་པ་ཆེན་པོ་བླ་ན་མེད་པ་ཐོབ་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་མི་འཇིགས་པ་ལས་ཀྱང་ཕྱིར་ལྡོག་ པར་མི་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་རྣམས་ཏེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་ སྲས༑ འདི་ལ་བྱང་ཆུབ་སེམས་དཔའ་རྣམས་མ་བསྟན་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་གཏོང་བ་ཡོངས་སུ་གཏོང་བ་ལ་འཇུངས་པ་དང་བྲལ་བ་ཡིན། ཚུལ་ཁྲིམས་ཡོངས་སུ་ དག་ལ་ཚུལ་ཁྲིམས་ངན་པ་ཐམས་ཅད་རབ་ཏུ་བསལ་བ་ཡིན། བཟོད་པ་ཕུན་སུམ་ཚོགས་ལ་བསམ་པ་མི་སྒུལ་པ་ཡིན། བརྩོན་འགྲུས་ཆེན་པོ་དང་ལྡན་ལ་དུས་ཐམས་ཅད་དུ་ཕྱིར་མི་ལྡོག་པ་ ཡིན༑ ཤིན་ཏུ་མཉམ་པར་གཞག་པའི་ཡེ་ཤེས་དང་ལྡན་ལ། འཁྲུག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན། ཤེས་རབ་ཀྱིས་ཤིན་ཏུ་བྱུང་ཞིང་སྡིག་པའི་ལྟ་བ་དང་བྲལ་བ་ཡིན་ཏེ་། ཀྱེ་རྒྱལ་བའི་སྲས། དེ་ལྟར་མ་བསྟན་པར་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་དང་མཐུན་པ་འདི་ནི། ༄༅། །བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཆོས་དང་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་ཁམས་ཡོངས་སུ་སྡུད་ཅིང༌། འཇིག་རྟེན་གྱི་ཟང་ཟིང་དང༌། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བའི་དང་ཚུལ་ཅན་བཞིན་འཛུམ་པ། སྙན་པར་སྨྲ་བ། ཚིག་འཇམ་པ། སེམས་ཅན་ཐམས་ཅད་ཀྱི་སེམས་མངོན་ པར་དགའ་བ། དོན་ཡང་དག་པ་ཇི་ལྟ་བ་བཞིན་ལ་རབ་ཏུ་སྦྱོར་བ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་དོན་ཁོང་དུ་ཆུད་པར་བྱེད་པ། མི་མཉམ་པའི་སེམས་མེད་པ༑ སེམས་ཅན་ ཐམས་ཅད་ལ་སྙོམས་པར་དོན་དུ་སེམས་པ་དག་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་མ་བསྟན་པར་སེམས་ཅན་གྱི་ཁམས་ཡོངས་སུ་བསྡུ་བའི་ཕྱིར་ནན་ཏན་དུ་བྱེད་པ་དེ་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་སྟེ། དེ་ལྟར་བསྡུ་བའི་དངོས་པོའི་ལམ་དང་མཐུན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་གཉིས་པའོ། །ཀྱེ་ རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཡོངས་སུ་བསྔོ་བའི་ཚུལ་ལ་མཁས་ཤིང༌། རྣམ་པར་སྨིན་པ་ལ་རེ་བ་མེད་པར་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྗེས་སུ་སོང་ བར་ཡོངས་སུ་བསྔོ་ཞིང༌། འཇིག་རྟེན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ལ་ཡེ་བརྔམ་པ་མེད་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རབ་ཏུ་གནས་ཤིང་སེམས་ ཅན་གྱི་དོན་དུ་ཡོངས་སུ་བསྔོ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་མ་བསྟན་པར་དགེ་བའི་རྩ་བ་ཐམས་ཅད་བརྩམ་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟར་ཚོལ་ཞིང་སེམས་ཅན་ གྱི་དོན་ཡོངས་སུ་ཚོལ་བ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་གསུམ་པའོ། །ཀྱེ་རྒྱལ་ བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འབྲང་ཞིང་འཇིག་རྟེན་པ་ཐམས་ཅད་ ཀྱི་ལམ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཡིད་དང་ལྡན་ཏེ། འཕགས་པའི་སྤྱོད་ཡུལ་ལ་མངོན་དུ་བལྟས་ལ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་འབྱུང་བ་ལས་ཕྱིར་ཕྱོགས་ ཏེ༑ སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་ལ་མངོན་པར་བརྩོན་ཞིང༌། བདག་གི་བདེ་བ་ལ་ཆགས་པ་མེད་དེ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་ འཛིན་དང༌། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང༌། རྣམ་པར་ལྡང་བ་ལ་མཁས་པས་རང་གི་དབང་དུ་གྱུར་པའི་ཏིང་ངེ་འཛིན་ཐོབ་ཅིང༌། འཁོར་བས་ ཡོངས་སུ་སྐྱོ་བ་མེད་པའི་སེམས་དང་ལྡན་ཏེ། འཁོར་བ་ལ་བཟའ་ཤིང་གི་ར་བ་ལྟ་བུའི་འདུ་ཤེས་ཆེན་པོ་ཐོབ་པ་དང༌། བདུད་ཀྱི་ཁྱིམ་ཐམས་ཅད་ན་གནས་པ་དང༌། ༄༅། །བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་ཀྱི་མགོན་པོ་ཐམས་ཅད་ཀྱི་དབང་ཆེན་པོ་ཡོངས་སུ་སྟོན་ཅིང༌། སྐྱེ་བའི་སྐྱེ་མཆེད་ཐམས་ ཅད་དུ་གཟུགས་བརྙན་བྱུང་བར་གྱུར་ལ། ཞགས་པ་འཐུབ་པའི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་ལྟ་བ་དང་བྲལ་ཏེ། འཇིག་རྟེན་པའི་རང་བཟོ་དང༌། སྔགས་དང༌། གཙུག་ ལག་དང༌། ཡི་གེ་དང༌། ཤོད་ཐབས་དང༌། གྲངས་དང༌། རྩིས་དང༌། རང་གི་རྩེད་མོ་དང༌། འཇིག་རྟེན་པའི་དགའ་བ་ཐམས་ཅད་ཡོངས་སུ་སྟོན་ཅིང༌། བུད་མེད་ཀྱི་ ཆོ་ག་དང༌། མཚན་མ་དང༌། ཆ་ལུགས་དང༌། སྒྱུ་རྩལ་ཐམས་ཅད་ཀྱི་ཚུལ་ལ་མཁས་པ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་མཉན་པ་དང༌། དཔྱད་པ་དང༌། དྲི་བ་དང༌། བརྟགས་པ་ཤིན་ཏུ་བསྟེན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དགོས་པའི་ཕ་རོལ་ ཏུ་ཕྱིན་པའི་མཆོག་ཐོབ། སེམས་ཅན་ཐམས་ཅད་ཀྱི་ངོར་བལྟ་བ་དབང་དང་ལྡན་པ་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་དང༌། སྤྱོད་ལམ་ཡོངས་སུ་སྟོན་པ། ཐེག་ པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། དེ་བཞིན་གཤེགས་པའི་རྣམ་པར་འཚང་རྒྱ་བ་སྐད་ཅིག་སྐད་ཅིག་ཏུ་སྟོན་པ་སྤྱོད་པའི་རྒྱུན་ཡོངས་སུ་མི་གཅོད་པ་སྟེ། ཀྱེ་རྒྱལ་ བའི་སྲས། དེ་ལྟར་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་ཀྱང༌། བསྟན་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་འདྲེས་པའི་ཆོས་ཏེ། འདི་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཟུང་དང་སྨྲེལ་ཞི་ལ་མཁས་ཤིང་ཡེ་ཤེས་ཀྱི་རྣམ་པར་ རྩེ་བ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པས། འདི་ལྟར་མྱ་ངན་ལས་འདས་པ་ལ་གནས་ཀྱང་འཁོར་བའི་སྒོ་ཡོངས་སུ་སྟོན་པ། སེམས་ཅན་མེད་པའི་མཐའི་ སྤྱོད་ཡུལ་དང་ལྡན་ཡང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་མ་བཏང་བ་ཤིན་ཏུ་དུལ་བ་དང༌། ཞི་བའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་ཀྱང༌། ཉོན་མོངས་པའི་ འབར་བ་སེམས་ཅན་ལ་ཡོངས་སུ་སྟོན་པ། ཆོས་ཀྱི་ཡེ་ཤེས་གཅིག་ཏུ་སྟུག་པའི་ལུས་དང་ལྡན་ཡང༌། སེམས་ཅན་གྱི་སྒོ་མཐའ་ཡས་པ་ཡོངས་སུ་སྟོན་པ། བསམ་གཏན་ ཆེན་པོ་ལ་བསམ་གཏན་འཆའ་ཡང༌། འདོད་པའི་དགའ་བ་ཐམས་ཅད་ཀྱིས་རྩེ་ཞིང་ལོངས་སྤྱོད་པར་སེམས་ཅན་ལ་རྣམ་པར་སྟོན་པས་གཅིག་ཏུ་དགའ་བར་དགའ་ ཞིང་མོས་པ། ཁམས་གསུམ་པ་ཐམས་ཅད་ལས་ཕྱིར་བལྟས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་བསམ་པ་མ་བཏང་བ། རྟག་ཏུ་ཆོས་ཀྱི་དགའ་བས་ ༄༅། །དགའ་ཞིང་མོས་ཀྱང༌། ལྷའི་བུ་མོ་བརྒྱ་ཕྲག་སྟོང་གི་སྒྲ་རབ་ཏུ་ཕྱུང་བ་དང་རྩེ་བ། མཚན་དང་དཔེ་བྱད་བཟང་པོ་དང༌། དགེ་བའི་མཆོག་ བརྒྱ་ཕྲག་སྟོང་གིས་བརྒྱན་པའི་ལུས་དང་ལྡན་ཡང་དབུལ་བ་ཐམས་ཅད་ཀྱི་ཚུལ་ཡོངས་སུ་སྟོན་པ། རྟག་ཏུ་ཁ་ན་མ་ཐོ་བ་མེད་པའི་ལས་དགེ་བ་སྤྱད་ཀྱང༌། སེམས་ ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་ཡང་ཡོངས་སུ་སྟོན་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ ཐོབ་ཀྱང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ལུས་ལས་གྱེན་དུ་མ་གཡོས་པ་དག་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ ཤེས་མུ་མེད་པ་དང་ལྡན་པས། དེའི་ཕྱིར་དེ་དག་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་དཀའ་ན། སེམས་ཅན་བྱིས་པ་གཞན་ གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་དང༌། ངག་དང༌། ཡིད་ཡེ་ཤེས་སྔོན་དུ་འགྲོ་བ་དང་ལྡན་པ་སྟེ། ལས་ཤིན་ཏུ་དག་པར་སྤྱོད་ཅིང་སྲོག་གཅོད་པ་དང་བྲལ་བ་ནས། སྡིག་པའི་ལྟ་བའི་བར་དང་བྲལ་བས། བྱམས་པ་ཕུན་སུམ་ཚོགས་ཤིང་ཡང་དག་པའི་ལྟ་བ་ལ་ཞུགས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་ ལྡན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ཞིང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱིས་ ལེན་པར་མཁས་པས་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་གྱི་སེམས་ཅན་གྱི་དོན་དུ་ཡོངས་སུ་སྐྱོ་བ་མེད་པའི་ སེམས་དང་ལྡན་ཞིང༌། སེམས་ཅན་གྱི་ཁམས་ཐམས་ཅད་དགྲོལ་བ་ལ་ཞུགས་པ། འདོད་པའི་དགའ་བ་ཐམས་ཅད་ཀྱིས་རྩེ་ཞིང་ཡོངས་སུ་ལོངས་སྤྱོད་པ་ལ་ཆགས་ པ་མེད་པའི་ཡིད་དང་ལྡན་པས་རྟག་ཏུ་སེམས་ཅན་རྣམས་སྡུག་བསྔལ་གྱི་ཕུང་པོ་ལས་དགྲོལ་བ་ལ་མངོན་པར་བརྩོན་པ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་སྙིང་རྗེ་ཆེན་ པོའི་སྟོབས་ཡོངས་སུ་མི་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། ༄༅། །བྱང་ཆུབ་སེམས་དཔའ་རྣམས་ནི། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་མཐོང་ན་དགའ་བ་སྟེ། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་ གྱི་མགོན་པོ་ཐམས་ཅད་ཀྱི་ཕྱག་བྱ་བ། འགྲོ་བ་ཐམས་ཅད་མཐོང་བར་སྨོན་པ། སེམས་ཅན་ཐམས་ཅད་མངོན་པར་དགའ་བའི་སེམས་དང་ལྡན་པ་དག་སྟེ། ཀྱེ་རྒྱལ་བའི་ སྲས༑ དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་སྔོན་ནས་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཞིང༌། ཡོངས་སུ་དག་པའི་ལས་ཀྱི་ཚུལ་གྱིས་ སྤྱོད་པས༑ དེའི་ཕྱིར་དེ་དག་མཐོང་བས་འགྲོ་བ་ཐམས་ཅད་མི་ངོམས་པ་ཡིན། ཀྱེ་རྒྱལ་བའི་སྲས། དེ་ལྟར་འགྲོ་བ་ཐམས་ཅད་མཐོང་བར་མངོན་པར་དགའ་བ་དེ་ ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་ དཔའ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྟན་པ་དང་ལྡན་པའི་ལྷག་པའི་བསམ་པའི་གོ་ཆ་ཤིན་ཏུ་བགོས་པས་དེ་དག་ཇི་ལྟར་ཉོན་མོངས་ཤིང༌། བྱིས་ པའི་སྐྱེ་བོའི་འདུ་འཛི་དང་ཇི་ལྟར་བརྟེན་ཏམ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཚོགས་ཀྱི་ནང་དུ་ཇི་ལྟར་ཕྱིན་ཀྱང་རུང་སྟེ། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ ཆེ་བཟང་པོ་འོད་དང་ལྡན་པ་དེ་འཇིག་པར་མི་བྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་ནི་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་རྒྱན་བཟང་པོ་ཞེས་བྱ་བ་དེ་ཆུ་དང་བར་བྱེད་ པ་ནི༑ པདྨོའི་རྫིང་བུ་ཇི་ལྟར་རྙོགས་ཀྱང་རུང་སྟེ། ནང་དུ་བཙུག་ན་ནོར་བུ་རིན་པོ་ཆེའི་འོད་གསལ་ཞིང་བཟང་བ་དེ་ཉིད་རྣམ་པར་མི་སྤོང་སྟེ། ཆུ་དེ་ཐམས་ཅད་ཀྱང་ རྙོག་པ་མེད་པར་རབ་ཏུ་དང་བར་བྱེད་དོ། །ཀྱེ་རྒྱལ་བའི་སྲས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང༌། བྱིས་པའི་སྐྱེ་བོའི་འདུ་འཛིས་ཇི་ལྟར་བརྟེན་ཀྱང༌། ཐམས་ཅད་ མཁྱེན་པའི་སེམས་རིན་པོ་ཆེ་འོད་གསལ་ཞིང༌། སྣང་བ་བཟང་པོ་དེ་ཆུད་ཟོས་པར་མི་བྱེད་དེ། སེམས་ཅན་དེ་དག་ཀྱང་ཉོན་མོངས་པའི་རྙོག་པ་དེ་ལས་ཟློག་ཅིང༌། ཐམས་ ཅད་མཁྱེན་པའི་སེམས་རིན་པོ་ཆེ་འོད་གསལ་ཞིང༌། སྣང་བ་དེ་ཉིད་ལ་རབ་ཏུ་འགོད་དོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ཇི་ལྟར་ཉོན་མོངས་པར་གྱུར་ཀྱང་རུང༌། བྱིས་པའི་ སྐྱེ་བོའི་འདུ་འཛིན་དང་ཇི་ལྟར་བརྟེན་ཏམ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཚོགས་ཀྱི་ནང་དུ་ཇི་ལྟར་ཕྱིན་ཀྱང་རུང་སྟེ། ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེ་དེ་ ཉིད་འཇིག་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ ༄༅། །སེམས་དཔའ་རྣམས་ནི་རང་གི་ཡུལ་གྱི་ཡེ་ཤེས་ཀྱི་ཆོས་ལ་དབང་བསྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་པ་སྟེ། རང་བྱུང་གི་ཡེ་ཤེས་ ཀྱི་དབང་བསྐུར་བས་དབང་བསྐུར་ཞིང༌། གོ་འཕང་སྐྱོན་མེད་པ་ལ་གནས་ཀྱང་དགེ་བའི་བཤེས་གཉེན་ལ་གནས་པ་རིང་དུ་མི་སྤོང་ཞིང༌། དེ་བཞིན་གཤེགས་པ་ལ་ རིམ་གྲོར་བྱ་བའི་རྒྱུན་མི་གཅོད་དེ། དེ་ལྟར་ཚུལ་ཕུན་སུམ་ཚོགས་པ་དང༌། འགྲོ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་བསྟེན་པ་ལས་ཕྱིར་མི་ལྡོག་ཅིང༌། དེ་བཞིན་ གཤེགས་པ་ལ་རིམ་གྲོར་བྱ་བ་རྒྱུན་མི་གཅོད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས། དེ་བཞིན་གཤེགས་པའི་ ཆོས་མ་འདྲེས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྦྱང་བའི་ལས་དང༌། སངས་རྒྱས་ཐམས་ཅད་བསྙེན་བཀུར་བའི་ལས་དང༌། བྱང་ཆུབ་སེམས་དཔའི་གྲོགས་ཐམས་ཅད་དང༌། དགེ་བའི་རྩ་བ་གཅིག་ཏུ་བྱ་བའི་ལས་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ལས་དང༌། མ་འོངས་པའི་དུས་ཐམས་ཅད་ཀྱི་ཕྱི་མའི་མཐའི་མུར་ཐུག་པར་ ཡོངས་སུ་བཟུང་བའི་ལས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཡང་འཇིག་རྟེན་གྱི་ཁམས་གཅིག་ནས་མི་གཡོ་བའི་རྫུ་འཕྲུལ་གྱི་ལས་དང༌། ཁ་དོག་མཐའ་ཡས་པའི་འོད་ ཟེར་དགྱེ་བའི་འོད་ཀྱི་ལས་དང༌། པདྨོའི་སྙིང་པོ་ལ་བྱང་ཆུབ་སེམས་དཔའི་གཟུགས་འཁོད་པ་ཡོངས་སུ་བསྟན་པའི་འོད་ཟེར་གྱི་ལས་དང༌། མྱ་ངན་ལས་འདས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་བསྟན་པ་བཟུང་བས། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅད་པའི་ལས་དང༌། འཇིག་རྟེན་ཐམས་ཅད་དུ་རྒྱུ་ཞིང་ཆོས་བསྟན་པ་དང༌། སེམས་ཅན་གདུལ་བ་ཡང་དག་པར་ སྒྲུབ་པའི་སྤྲུལ་པའི་ལས་དང༌། ནམ་འདོད་པ་དང༌། ནམ་སེམས་བསྐྱེད་པ་ན་སྨོན་ལམ་ཡོངས་སུ་རྫོགས་པར་སེམས་ཅན་ལ་ཡང་དག་པར་སྟོན་པའི་བྱིན་གྱི་རླབས་ཀྱི་ལས་སོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་འཕྲིན་ལས་རྒྱ་ཆེན་པོ་བླ་ན་མེད་ པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཏེ། བཅུ་གང་ཞེ་ན། འདི་ལྟར་འགྲོ་བ་ཐམས་ཅད་དུ་བྱུང་བ་མེད་པས། བྱང་ ༄༅། །ཆུབ་སེམས་དཔའི་ལུས་ནི་འོངས་པ་མེད་པའོ། །འགྲོ་བ་ཐམས་ཅད་དུ་མི་དམིགས་པ་མེད་པས། བྱང་ཆུབ་སེམས་དཔའི་ལུས་ནི་འོངས་པའོ། །འཇིག་རྟེན་ཐམས་ ཅད་ཀྱིས་དམིགས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ནི་བདེན་པ་མ་ཡིན་པའོ། །འཇིག་རྟེན་གྱི་བདེན་པ་རྣམ་པར་དམིགས་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་ དཔའི་ལུས་ནི་རྫུན་མ་ཡིན་པའོ། །ཕྱི་མའི་མཐའི་མུར་རྒྱུན་མི་འཆད་པས། བྱང་ཆུབ་སེམས་དཔའི་ལུས་ནི་རྒྱུན་མི་ཟད་པའོ། །བདུད་ཐམས་ཅད་ཀྱིས་མི་ཤིགས་པས། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལུས་ནི་བརྟན་པའོ། །བདུད་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་སྒུལ་བས། བྱང་ཆུབ་སེམས་དཔའི་ལུས་ནི་སྲ་བའོ། །བསོད་ནམས་བརྒྱ་བའི་མཚན་གྱིས་ཤིན་ཏུ་ རྣམ་པར་དག་པར་སྣང་བས། བྱང་ཆུབ་སེམས་དཔའི་ལུས་ནི་མཚན་བཟང་པོ་དང་ལྡན་པའོ། །ཆོས་ཀྱི་མཚན་ཉིད་མེད་པའི་མཐར་ཐུག་པས། བྱང་ཆུབ་སེམས་དཔའི་ལུས་ནི་ མཚན་ཉིད་མེད་པའོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཉིད་ཐོབ་པས་བྱང་ཆུབ་སེམས་དཔའི་ལུས་ནི་ ཀུན་ཏུ་སོང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ སྐུ་མི་ཟད་པ། བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ ཁམས་ཐམས་ཅད་ལུས་གཅིག་གིས་རྒྱས་པར་འགེངས་པའི་ལུས་ཀྱི་ལས་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྒོ་ཡོངས་སུ་སྟན་པའི་ལུས་ཀྱི་ལས་དང༌། སྐྱེ་བ་ཐམས་ཅད་ དུ་གནས་པའི་ལུས་ཀྱི་ལས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་ལུས་ཀྱི་ལས་དང༌། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བའི་ལུས་ཀྱི་ལས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ལག་པ་གཅིག་གིས་ཀུན་ཏུ་ཁེབས་པར་བྱེད་པའི་ལུས་ཀྱི་ལས་དང༌། ཁོར་ཡུག་དང༌། རྡོ་རྗེའི་རི་ཐམས་ཅད་ལག་པ་གཅིག་གིས་ཉུག་པའི་ལུས་ཀྱི་ ལས་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རང་གི་ལུས་འཇིག་པ་དང༌། འབྱུང་བ་ཡོངས་སུ་སྟོན་པའི་ལུས་ཀྱི་ལས་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས་ ཡོངས་སུ་འཛིན་པའི་ལུས་ཀྱི་ལས་དང༌། །སེམས་ཅན་གྱི་ཁམས་ཐམས་ཅད་ལུས་མེད་པར་ཁོང་དུ་ཆུད་པས་ཞིང་ཡོངས་སུ་དག་པ་དང༌། ཡོངས་སུ་རྫོགས་པ་ཀུན་ཏུ་སྟོན་པའི་ ལུས་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ ༄༅། །སངས་རྒྱས་ཀྱི་ཆོས་འགྲོ་བ་ཀུན་གྱིས་རྣམ་པར་རིག་པར་བྱ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་ཏེ། བཅུ་གང་ཞེ་ན། འདི་ལྟར་ནན་ཏན་དང་ལྡན་པས། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་ པས༑ བསྡུ་བའི་དངོས་པོའི་རང་བཞིན་དང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་ཀྱི་ལེན་ཀྱང་ཡོངས་སུ་མི་སྐྱོ་བས། སྙིང་རྗེ་ཆེན་པོའི་རང་བཞིན་དང༌། འགྲོ་ བ་ཐམས་ཅད་ཡོངས་སུ་སྐྱོབ་པས། བྱམས་པ་ཆེན་པོའི་རང་བཞིན་དང༌། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་རང་བཞིན་དང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་རང་བཞིན་དང༌། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་ལས་འདས་པས་ཆོས་ཀྱི་རང་བཞིན་དང༌། ཐམས་ཅད་དུ་སྒོ་ཡོངས་སུ་སྟོན་པས། ཐམས་ཅད་ ཀྱི་རང་བཞིན་དང༌། རྫུ་འཕྲུལ་དང༌། རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པས། རྫུ་འཕྲུལ་གྱི་རང་བཞིན་དང༌། ནམ་འདོད་པའི་དུས་སུ་མངོན་པར་རྫོགས་པར་འཚང་ རྒྱ་བས། བྱང་ཆུབ་ཀྱི་རང་བཞིན་ནོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་རང་བཞིན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་སྟེ། བཅུ་གང་ ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་བདེ་བར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་འཇམ་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་སིམ་པར་བྱེད་པས། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ངག་ནི་སྙན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གོ་བར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་མི་རྫུན་པའོ། །རྨི་ལམ་ན་ཡང་ལོག་པར་མི་སྨྲ་ བས། བྱང་ཆུབ་སེམས་དཔའི་ངག་ནི་བདེན་པའི་རྗེས་སུ་འབྲང་བའོ། །བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཟིལ་གྱིས་གནོན་པས། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ངག་ནི་རྒྱ་ཆེ་བའོ། །ཆོས་ཀྱི་རང་བཞིན་སྟོན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་ཟབ་མོའི་དབྱངས་སུ་སྒྲོག་པའོ། །ཆོས་བསྟན་པ་ཐམས་ཅད་མི་ཟད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་སྙིང་པོ་དང་ལྡན་པའོ། །སྒྲ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་ཤིན་ཏུ་གསལ་བའོ། །དུས་ དང་ལས་དང་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྟོན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་རྣམ་པ་ཐ་དད་པའོ། །བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྤྱོད་པ་ ༄༅། །ལ་འཇུག་པར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངག་ནི་འགྲོ་བ་ཐམས་ཅད་ལ་བགྲོ་བའོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ངག་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་གསུང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་ སྲས༑ བྱང་ཆུབ་སེམས་དཔའི་ངག་དེ་ཡང་ལས་རྣམ་པར་དག་པ་བཅུས་ཡོངས་སུ་སྦྱངས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་གསུང་ལ་མོས་པ་ ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་ཚིག་སྔོན་མ་ཐོས་པ་ལ་མངོན་པར་མོས་པ་ཡོངས་སུ་དག་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་མི་འོང་བའི་ཚིག་ཡོངས་སུ་ སྤངས་པས་ཡོངས་སུ་དག་པ་དང༌། སྔོན་གྱི་མཐར་ངག་གི་ཉེས་པ་བཞི་དང་བྲལ་བས་ཡོངས་སུ་དག་པ་དང༌། དགའ་བ་དང་མོས་པ་ཆེན་པོས་དེ་བཞིན་གཤེགས་པ་མངོན་དུ་ བསྟོད་པས་ཡོངས་སུ་དག་པ་དང༌། སྒྲ་ཆེན་པོས་དེ་བཞིན་གཤེགས་པ་མཆོད་པར་འོས་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་དང༌། ལེགས་པ་བརྗོད་ པས་ཡོངས་སུ་དག་པ་དང༌། བསམ་པ་ཐག་པས་སེམས་ཅན་གཞན་ལ་ཆོས་ཀྱི་སྦྱིན་པས་སྡུད་པས་ཡོངས་སུ་དག་པ་དང༌། གླུའི་དབྱངས་དང༌། རོལ་མོ་བརྡུང་བ་དང༌། དཀྲོལ་ བའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པས་ཡོངས་སུ་དག་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་མངོན་སུམ་དུ་ཆོས་ཐོས་ནས། རང་གི་ལུས་འབུལ་ བས་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་ཆོས་སྨྲ་བ་ཐམས་ཅད་ལས་ཆོས་ཐོས་ནས་རིམ་གྲོ་བྱ་བའི་ཕྱིར། བདག་འབུལ་ཞིང་སྙིང་ཐག་པ་ནས་ཡོངས་སུ་གཏོང་བས་ཡོངས་ སུ་དག་པ་སྟེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ངག་ནི་ལས་རྣམ་པར་དག་པ་བཅུ་པོ་དེ་དག་གིས་ཤིན་ཏུ་སྦྱངས་པར་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ངག་དེ་ལྟར་ཡོངས་སུ་སྦྱངས་པ་དེ་ཡང་ཡོངས་སུ་འཛིན་པ་བཅུས་ཡོངས་སུ་གཟུང་བར་འབྱུང་སྟེ། བཅུ་གང་ཞེ་ན། འདི་ལྟར་ལྷའི་དབང་པོ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ ཡོངས་སུ་གཟུང་བར་འབྱུང་བ་ཡིན། ཀླུའི་དབང་པོ་དང༌། གནོད་སྦྱིན་གྱི་དབང་པོ་དང༌། དྲི་ཟའི་དབང་པོ་དང༌། ལྷ་མ་ཡིན་གྱི་དབང་པོ་དང༌། ནམ་མཁའི་ལྡིང་གི་དབང་པོ་དང༌། མིའམ་ཅིའི་དབང་པོ་དང༌། ལྟོ་འཕྱེ་ཆེན་པོའི་དབང་པོ་དང༌། ཚངས་པའི་དབང་པོ་ལ་སོགས་པ་ཚངས་པའི་རིས་སུ་གཏོགས་པའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འབྱུང་བ་ཡིན། དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ པོ་ལ་སོགས་པ་ཆོས་སུ་སྨྲ་བ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འབྱུང་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ངག་ནི་ཡོངས་སུ་འཛིན་པ་བཅུ་པོ་དེ་དག་གིས་ ༄༅། །ཤིན་ཏུ་གཟུང་བར་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ངག་དེ་ལྟར་ཤིན་ཏུ་གཟུང་བར་འབྱུང་བ་དེ་ཡང་དགོས་པ་བཅུ་ཡོངས་སུ་གྲུབ་ པར་བྱེད་དེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་མངོན་པར་དགའ་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་སུ་གོ་བར་བྱེད་དོ། །དབང་པོའི་ཁམས་ལ་འཇུག་པར་བྱེད་ དོ༑ ༑མོས་པའི་ཁམས་རྣམ་པར་དག་པར་བྱེད་དོ། །ཉོན་མོངས་པའི་ཁམས་སེལ་བར་བྱེད་དོ། །བག་ཆགས་ཀྱི་ཁམས་སྤོང་བར་བྱེད་དོ། །བསམ་པའི་ཁམས་སྦྱོང་བར་བྱེད་དོ། ། ལྷག་པའི་བསམ་པའི་ཁམས་རྣམ་པར་འཕེལ་བར་བྱེད་དོ། །ཆོས་ཀྱི་ཁམས་རྒྱས་པར་བྱེད་དོ། །མྱ་ངན་ལས་འདས་པའི་ཁམས་ཡང་དག་པར་རྟོགས་པར་བྱེད་དོ། །དགོས་པ་བཅུ་ པོ་དེ་དག་ཡོངས་སུ་སྒྲུབ་བོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཏེ། བཅུ་གང་ཞེ་ན། འགྲོ་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་ དག་པར་འཛིན་ཅིང་སྟོན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ས་ལྟ་བུའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་ཆེན་པོའི་རྒྱ་མཚོ་མཐའ་དང་དབུས་མེད་པ་ལ་ ཞུགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རྒྱ་མཚོ་ལྟ་བུའོ། །འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཤིན་ཏུ་མཐོ་བ་ལ་འགྲོ་བ་ཐམས་ཅད་རབ་ཏུ་དགོད་པའི་ ཕྱིར༑ བྱང་ཆུབ་སེམས་དཔའི་སེམས་ནི་རི་བོ་ཆེན་པོ་ལྟ་བུའོ། །ཀུན་ནས་ཉོན་མོངས་པ་མེད་ཅིང་བསམ་པ་དག་པ་དང་ལྡན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ནོར་ བུ་རིན་པོ་ཆེ་ལྟ་བུའོ། །ཆོས་ཐམས་ཅད་ལ་རབ་ཏུ་རྣོ་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རྡོ་རྗེ་ལྟ་བུའོ། །བདུད་དང་མུ་སྟེགས་ཅན་གཞན་དང་ཕས་ཀྱི་རྒོལ་བ་ཐམས་ ཅད་ཀྱིས་མི་སྒུལ་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་རིའི་རྒྱལ་པོ་རྡོ་རྗེའི་ཁོར་ཡུག་ཤིན་ཏུ་བརྟན་ཞིང་མི་ཤིགས་པ་ལྟ་བུའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་ གོས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་པདྨོ་ལྟ་བུའོ། །བསྐལ་པ་ཐམས་ཅད་དུ་འབྱུང་བ་དང༌། མཐོང་བར་དཀའ་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ ནི་མེ་ཏོག་ཨུ་དུ་མ་ཝ་ར་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་མུན་པ་མུན་ནག་དང༌། རབ་རིབ་ཀྱི་རྨུགས་པ་སེལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་ ཉི་མ་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱིས་བརྗོད་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་བར་སྣང་ལྟ་བུའོ། །ཀྱེ་རྒྱལ་བའི་སྲས༑ བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྒྱ་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་ ༄༅། །འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ འགྲོ་བ་ཐམས་ཅད་རབ་ཏུ་དགྲོལ་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བསལ་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ སེམས་བསྐྱེད་དོ། །བག་ཆགས་ཀྱི་མཚམས་འབྲེལ་བ་ཐམས་ཅད་སྤང་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པ་ཐོབ་པར་ བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རབ་ཏུ་ཞི་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །ངན་ སོང་དང་མི་ཁོམ་པ་ཐམས་ཅད་གཅད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་ནན་ཏན་དུ་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །སྐྲའི་སྦུབས་སུ་འཇུག་པ་ཐམས་ཅད་ཀྱང་མ་ ལུས་པར་འགྲོ་བ་ཐམས་ཅད་དུ་སངས་རྒྱས་ཐམས་ཅད་བྱང་ཆུབ་ཏུ་འཚང་རྒྱ་བ་བསྟན་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། །འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་ བསམ་པ་དང༌། དབང་པོ་རབ་ཏུ་རྟོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པར་བྱ་བར་ཆོས་ཀྱི་རྔ་བླ་ན་མེད་པ་བརྡུང་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྒྱ་ ཆེན་པོའི་འཕྲིན་ལས་བླ་ན་མེད་པ་རྩོམ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱིས་རྒྱས་པར་དགང་བ་སྟེ། བཅུ་གང་ ཞེ་ན། འདི་ལྟར་སེམས་ཤིན་ཏུ་ཡངས་པ་དང་ལྡན་པས་ནམ་མཁའི་དབྱིངས་ཐམས་ཅད་རྒྱས་པར་དགང་བ་དང༌། མཐའ་དང་དབུས་མེད་པ་ཁོང་དུ་ཆུད་པས་ཆོས་ཀྱི་དབྱིངས་ཐམས་ ཅད་རྒྱས་པར་དགང་བ་དང༌། སྐད་ཅིག་གཅིག་ཏུ་འཛུད་པས་དུས་གསུམ་ཐམས་ཅད་རྒྱས་པར་དགང་བ་དང༌། གཤེགས་པ་དང༌། སྐྱེ་བ་དང༌། འབྱུང་བ་དང༌། རྣམ་པར་འཚང་རྒྱ་བ་ དང༑ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཆེན་པོ་མངོན་སུམ་དུ་ཤེས་པས། སངས་རྒྱས་སྐྱེ་བ་ཐམས་ཅད་དུ་རྒྱས་པར་དགང་བ་དང༌། བག་ཆགས་དང་དབང་ པོ་ནམ་མཁའ་ལྟ་བུར་ཁོང་དུ་ཆུད་པས། སེམས་ཅན་གྱི་ཁམས་ཐམས་ཅད་དུ་རྒྱས་པར་དགང་བ་དང༌། ཆོས་ཀྱི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་དང་ལྡན་པས། ༄༅། །མིག་ཡོར་ལྟ་བུའི་ཡེ་ཤེས་ཀྱིས་རྒྱས་པར་དགང་བ་དང༌། སྒྱུ་མའི་དྲ་བ་རྣམ་པ་ཐ་དད་པ་ལྟ་བུར་ཁོང་དུ་ཆུད་པས། མཐའ་དང་དབུས་མེད་པར་རྒྱས་པར་ དགང་བ་དང༌། རང་བཞིན་མི་དམིགས་པས་མི་སྐྱེ་བར་རྒྱས་པར་དགང་བ་དང༌། རང་གི་སེམས་དང་གཞན་གྱི་སེམས་ལ་ཐོགས་པ་མེད་པས། ཆགས་པ་མེད་པར་རྒྱས་པར་ དགང་བ་དང༌། སེམས་བསྐྱེད་པ་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡོངས་སུ་སྟོན་པས། དབང་གིས་རྒྱས་པར་དགང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱིས་རྒྱས་པར་དགང་བ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་རྒྱས་ པར་དགང་བ་མཐའ་དང་དབུས་མེད་པའི་རྒྱན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་སྟེ། བཅུ་ གང་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་མཐོང་བར་དད་པ་ཕྱིར་ལྡོག་པ་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་དགའ་བར་བྱེད་པའོ། །སངས་རྒྱས་ཀྱི་ ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བར་བྱེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་མངོན་པར་མོས་པའོ། །བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པས། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་དབང་པོ་ནི་ཕྱིར་མི་ལྡོག་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་གནས་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁོང་དུ་ཆུད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་ཤིན་ཏུ་ཕྲ་བའོ། །སེམས་ཅན་ཐམས་ཅད་ཀྱི་དགོས་པ་ཡོངས་སུ་གྲུབ་པར་བྱེད་ པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རྒྱུན་མི་འཆད་དོ། །ཆོས་ཐམས་ཅད་ལ་རབ་ཏུ་རྣོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རྡོ་རྗེ་ལྟ་བུའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་སྣང་བ་འཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རྡོ་རྗེའི་འོད་འཕྲོ་བ་ལྟར་སྣང་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་དང༌། ལུས་གཅིག་ཏུ་གྱུར་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་ཐ་མི་དད་པའོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་རྗེས་སུ་ཞུགས་པའི་ཕྱིར། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་དབང་པོ་ནི་ཆགས་པ་མེད་པའི་མཐར་ཕྱིན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་དབང་པོ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ ༄༅། །སེམས་དཔའ་རྣམས་ཀྱི་བསམ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་ པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡིད་ལ་བྱ་བ་དང་མ་འདྲེས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བསམ་པ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྗེས་སུ་སོང་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འབྱུང་བའི་ལམ་དང་མཐུན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་བདུད་དང༌། མུ་སྟེགས་ཅན་གཞན་དང༌། མུ་སྟེགས་སྤྱོད་པའི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་དང༌། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བསམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་དག་པས། ཀུན་ནས་ཉོན་མོངས་པ་མེད་པ་དང༌། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བསམ་པ་ཆོས་ཇི་སྐད་དུ་ཐོས་པ་ཡོངས་སུ་མི་གཏོང་བས་ཤིན་ཏུ་ཟིན་པར་ཡང་དག་པར་འཛིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་སྐྱེ་བའི་ སྐྱེ་མཆེད་ཐམས་ཅད་ཀྱིས་མ་གོས་པས་ཡོངས་སུ་ཉམས་པ་མེད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡེ་ཤེས་ཕྲ་བ་ལ་ཞུགས་པའི་ཕྱིར་ཟབ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་བརྩོན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་ པ་སྟེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་དགོངས་པ་བླ་ན་མེད་པ་ཡོངས་སུ་རྫོགས་པར་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་ སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་དགེ་བའི་ རྩ་བ་ཐམས་ཅད་བསགས་པ་ལ་ཕྱིར་མི་ལྡོག་པར་དབང་བསྒྱུར་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ ཚུལ་བསྟན་པ་ལ་ནེམ་ནུར་མེད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྨོན་ལམ་དང་སྤྱོད་པ་ཆེན་པོའི་རྒྱུན་ཡོངས་སུ་འཛིན་པ་དང༌། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པར་བྱ་བ་ལ་ཡུལ་དུ་ཕྱིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་མངོན་སུམ་དུ་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཆོས་སྣ་ཚོགས་ཀྱི་ཚུལ་ལ་རབ་ཏུ་ཞུགས་པས་ ༄༅། །རྒྱ་ཆེ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱེད་པས་གཙོ་བོར་གྱུར་པ་དང༌། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། རྣམ་པར་འཕྲུལ་བའི་རྒྱན་ཐམས་ཅད་ལ་དབང་བསྒྱུར་བ་དང༌། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྔོན་གྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བས་ཤིན་ཏུ་བརྟན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སེམས་ཅན་ཐམས་ ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བ་ལ་རྒྱུན་མི་འཆད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་སྟེ། དེ་དག་ལ་ གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ལྷག་པའི་དགོངས་པ་བླ་ན་མེད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དག་གོ། །།བམ་པོ་ བརྒྱད་ཅུ་རྩ་གཅིག་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་རྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ ཐམས་ཅད་ཡོངས་སུ་གཏོང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་སྦྱོར་བ་དང༌། གཞན་ལ་བརྙས་པ་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ དང༌། བསླབ་པ་དང༌། སྦྱངས་པའི་ཡོན་ཏན་དང༌། སྡོམ་པ་དང༌། བརྟུལ་ཞུགས་པ་དང༌། དཀའ་ཐུབ་ཐམས་ཅད་དུ་ཡི་དམ་བཅས་པ་ལ་ནན་ཏན་བྱེད་པའི་སྦྱོར་བ་དང༌། བདག་དང་ཕ་རོལ་ གྱི་འདུ་ཤེས་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནོད་སེམས་ཀྱི་ཐ་བ་དང་གཤེ་བ་ཐམས་ཅད་རྣ་ལ་གཟོན་ཅིང༌། སེམས་ཅན་གྱིས་ངན་དུ་བྱས་པ་ཐམས་ཅད་བཟོད་པའི་སྦྱོར་ བ་དང༌། ལུས་དང༌། ངག་དང༌། སེམས་ཡང་དག་པར་བསྐུལ་བས་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམས་ པ་ཐམས་ཅད་ལས་ཕྱིར་མི་ལྡོག་པའི་སྦྱོར་བ་དང༌། འདོད་པ་འཁྲུགས་པ་དང༌། ཉོན་མོངས་པའི་གཡོག་འཁོར་ཡོངས་སུ་སྤོང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ དང༑ རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་ཐམས་ཅད་མངོན་པར་སྒྲུབ་པའི་སྦྱོར་བ་དང༌། བསོད་ནམས་བསགས་པ་ཐམས་ ཅད་ལ་སྐྱོ་བ་མེད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ནན་ཏན་གྱི་སྦྱོར་བ་དང༌། སེམས་ཅན་མེད་པ་ལ་ཞུགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ ཆེན་པོའི་སྦྱོར་བ་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་རང་གི་ལུས་ཀྱིས་ལེན་པའི་སྙིང་རྗེ་ ༄༅། །ཆེན་པོ་ལས་ཕྱིར་མི་ལྡོག་པར་སྦྱོར་བ་དང༌། ཆགས་པ་མེད་པར་ཁོང་དུ་ཆུད་པས་འགྲོ་བ་ཐམས་ཅད་ཡང་དག་པར་སྟོན་པའི་ཕྱིར། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཚང་རྒྱ་བའི་སྦྱོར་བ་དང༌། སེམས་ཅན་གཞན་གྱི་རྒྱུད་དུ་ཕྱིན་པར་བྱེད་པས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་ཕྱིར་མི་ལྡོག་པའི་སྦྱོར་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་སྟེ། དེ་དག་ལ་གནས་ ཤིང༑ བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་སྦྱོར་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བསྒྲུབ་པར་དཀའ་བའི་དགེ་བའི་རྩ་བ་སྦྱོར་བས་རླབས་པོ་ཆེའི་མོས་པ་དང༌། རྒྱན་སྣ་ཚོགས་མངོན་པར་སྒྲུབ་ པས་སྣ་ཚོགས་ཀྱི་མོས་པ་དང༌། ཡིད་ཞུམ་པ་མེད་པས་རྒྱ་ཆེན་པོའི་མོས་པ་དང༌། ཆོས་ཟབ་མོའི་ཚུལ་ལ་ཞུགས་པས་ཞི་བར་བྱེད་པའི་མོས་པ་དང༌། སེམས་རྒྱ་ཆེན་པོ་བསྐྱེད་ པས་ཡངས་པའི་མོས་པ་དང༌། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུ་དང༌། ཤུགས་སུ་ལྡན་པས་རང་གིས་སྐབས་ཕྱེ་བའི་མོས་པ་དང༌། བདུད་ཀྱི་ལས་ཐམས་ཅད་རབ་ཏུ་ འཇོམས་པས་མི་འཕྲོགས་པའི་མོས་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་ལ་གཅིག་ཏུ་ངེས་པས་ཤིན་ཏུ་གདོན་མི་ཟ་བའི་མོས་པ་དང༌། ཅི་འདོད་པའི་ཆོ་འཕྲུལ་ཡོངས་སུ་སྟོན་པས་མངོན་དུ་ གྱུར་པའི་མོས་པ་དང༌། སྟོབས་དང་མི་ལྡན་པ་མེད་པའི་ཕྱིར། དུས་གང་དུ་འདོད་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བས་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡང་ དག་པར་ནོད་པའི་མོས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་མོས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་གྱི་ཁམས་སུ་མོས་པ་ལ་འཇུག་ པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་རྟེན་གྱི་ཁམས་གཅིག་ཏུ་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་པདྨོའི་གདན་གཅིག་ལ་བཞུགས་པའི་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་ཁྱབ་པར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའི་རང་བཞིན་དུ་ཡང་དག་པར་བསྟན་པར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་ ༄༅། །པར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་ལུས་ཀྱིས་རྒྱས་པར་གང་བར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སྐྲའི་སྦུབས་གཅིག་ཏུ་དགོད་པར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སེམས་ཅན་གཅིག་གི་ལུས་ཀྱི་རྒྱུད་ཀྱི་རྗེས་སུ་ འབྲང་བར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་དང༌། དེ་བཞིན་གཤེགས་པ་གཅིག་གི་སྙིང་པོ་བྱང་ ཆུབ་ཀྱིས་ཡོངས་སུ་རྒྱས་པར་གང་བར་མོས་པ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲའི་དབྱངས་གཅིག་གིས་གོ་བར་བྱ་བ་དང༌། སེམས་ཅན་གྱི་ཁམས་ ཐམས་ཅད་ཀྱི་སྒྲ་སྐད་རྣམ་པ་ཐ་དད་པ་ལ་འཇུག་པས་ཚིམ་པར་བྱ་བར་མོས་པ་ལ་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ འཇིག་རྟེན་གྱི་ཁམས་སུ་མོས་པ་ལ་འཇུག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ལ་མོས་པ་བླ་ན་མེད་ པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་ཁམས་སུ་མོས་པ་ལ་འཇུག་པ་སྟེ། བཅུ་གང་ ཞེ་ན། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་རང་བཞིན་གྱིས་ལུས་མེད་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་སེམས་ཅན་གཅིག་གི་ལུས་ཀྱི་རྒྱུད་དུ་ འདུས་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཁོང་དུ་འདུས་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་ གཤེགས་པའི་སྐུར་འདུས་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གཅིག་གི་ལུས་ཡོངས་སུ་ཞུགས་པར་གྱུར་བར་མོས་པ་ལ་འདུག་པ་དང༌། སེམས་ ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་དང༌། ཅི་ འདོད་པ་དང༌། གར་མོས་པའི་གཟུགས་དང༌། ཁ་དོག་དང༌། ཆ་བྱད་དུ་མངོན་པར་བལྟ་བར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཉན་ཐོས་དང༌། རང་སངས་ རྒྱས་ཀྱི་གཟུགས་དང༌། ཁ་དོག་དང༌། ཆ་བྱད་དུ་ཡོངས་སུ་བསྟན་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱིས་ཡོངས་སུ་ བརྒྱན་པར་བྱིན་གྱིས་བརླབ་ཅིང༌། ཡོངས་སུ་བསྟན་པར་མོས་པ་ལ་འཇུག་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་གཟུགས་དང༌། མཚན་དང༌། ༄༅། །དཔེ་བྱད་བཟང་པོ་དང༌། གཟུགས་ཀྱི་སྐུ་སྣ་ཚོགས་ཀྱི་སྤྱོད་ལམ་དང༌། ཚུལ་དང༌། སྤྱོད་པ་ཡོངས་སུ་བསྟན་ཅིང༌། གཞན་གྱིས་རིག་པར་བྱ་བར་ མོས་པ་ལ་འཇུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་ཁམས་སུ་མོས་པ་ལ་འཇུག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་དགྱེས་པ་དང༌། ཁྱུ་མཆོག་གི་མཐུ་ཕྱུང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བག་ཆགས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་དང༌། དགེ་བའི་རྩ་བའི་བག་ཆགས་དང༌། སེམས་ ཅན་ཡོངས་སུ་སྨིན་པར་བྱ་བའི་བག་ཆགས་དང༌། སངས་རྒྱས་ལྟ་བའི་བག་ཆགས་དང༌། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྐྱེ་བའི་བག་ཆགས་དང༌། སྤྱོད་པའི་ བག་ཆགས་དང༌། སྨོན་ལམ་གྱི་བག་ཆགས་དང༌། ཕ་རོལ་ཏུ་ཕྱིན་པའི་བག་ཆགས་དང༌། ཆོས་མཉམ་པ་ཉིད་ངེས་པར་རྟོགས་པའི་བག་ཆགས་དང༌། སྤྱོད་པ་རྣམ་པ་ ཐ་དད་པའི་བག་ཆགས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བག་ཆགས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ དཔའ་རྣམས་ཉོན་མོངས་པའི་བག་ཆགས་མ་ལུས་པར་སྤངས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོས་བག་ཆགས་ཐུགས་སུ་ཆུད་པ་བླ་ན་མེད་པ་འཐོབ་པར་འགྱུར་ བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་ མི་གཅོད་པའོ། །བཅུ་གང་ཞེ་ན། འདི་ལྟར་ཡོངས་སུ་སྨིན་པའི་མཐར་ཕྱིན་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཁམས་ཉེ་བར་ལེན་པ་དང༌། ལྷག་མ་མེད་པར་ཡོངས་སུ་དག་ པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཉེ་བར་ལེན་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པས་མཉེས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཉེ་བར་ལེན་པ་དང༌། མཚན་ དང་དཔེ་བྱད་བཟང་པོ་དང༌། སངས་རྒྱས་གྱི་ཡོན་ཏན་ཡང་དག་པར་བསྡུ་བའི་ཕྱིར། དགེ་བའི་རྩ་བ་ཉེ་བར་ལེན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཉེ་ བར་བླངས་ཏེ་རབ་ཏུ་ཞི་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཉེ་བར་ལེན་པ་དང༌། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བདེ་བ་ལ་རབ་ཏུ་དགོད་པའི་ཕྱིར། བྱམས་པ་ ཆེན་པོ་ཉེ་བར་ལེན་པ་དང༌། བྱང་ཆུབ་སེམས་དཔའི་རྒྱན་ཡང་དག་པར་བསྡུ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ཉེ་བར་ལེན་པ་དང༌། སྒོ་ཐམས་ཅད་ཡོངས་སུ་བསྟན་པའི་ཕྱིར་། ༄༅། །ཐབས་མཁས་པ་ཉེ་བར་ལེན་པ་དང༌། ཆགས་པ་མེད་པའི་ཡེ་ཤེས་ཀྱི་ཕྱིར་བྱང་ཆུབ་ཉེ་བར་ལེན་པ་དང༌། མདོར་ན་ཐམས་ཅད་མངོན་སུམ་དུ་ ཤེས་པས་མངོན་པར་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཉེ་བར་ལེན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་བར་ལེན་པ་མེད་པ་བླ་ ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནན་ཏན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་ནན་ཏན་ ཏན་དང༌། བསླབ་པའི་ནན་ཏན་དང༌། ཡེ་ཤེས་ཀྱི་ནན་ཏན་དང༌། དོན་གྱི་ནན་ཏན་དང༌། ཆོས་ཀྱི་ནན་ཏན་དང༌། མངོན་པར་བསྒྲུབ་པའི་ནན་ཏན་དང༌། ཡང་དག་པར་བསྟན་པའི་ ནན་ཏན་དང༌། སྤྱོད་པས་མི་སྐྱོ་བའི་ནན་ཏན་དང༌། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ནན་ཏན་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་ནན་ཏན་ནོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནན་ཏན་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་ནན་ཏན་བླ་ན་མེད་པ་འཐོབ་ པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲུབ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་ལ་སེམས་པ་ནི་ སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །དེ་བཞིན་གཤེགས་པའི་བཀའ་ལ་མངོན་པར་ཡིད་ཆེས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །དམ་པའི་ཆོས་ལ་མི་སྤོང་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །ཚད་མེད་པའི་སེམས་ཀྱིས་སངས་རྒྱས་སུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མི་ཟད་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །དེ་བཞིན་ གཤེགས་པའི་ཡུལ་ས་མཚམས་མེད་པར་ཡིད་ཆེས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ལ་འཇུག་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ འགྲུབ་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡུལ་ལས་མི་གཡོ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །བདུད་ཀྱི་ཡུལ་ལས་གྱེན་དུ་སྤགས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ འགྲུབ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྗེས་སུ་དྲན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡུལ་ལ་མངོན་པར་མོས་པ་ནི་སངས་ རྒྱས་ཀྱི་ཆོས་རྣམས་འགྲུབ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲུབ་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་ ༄༅། །རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་འགྲུབ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱ་བ་དག་གོ །བཅུ་གང་ཞེ་ན། འདི་ལྟར་དགེ་བའི་ བཤེས་གཉེན་ལ་བརྙས་པ་ནི་སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ནི་སངས་རྒྱས་ཀྱི་ཆོས་ལ་གོལ་བའི་ལམ་མོ། །བྱང་ ཆུབ་སེམས་དཔའི་སྤྱོད་པས་སྐྱོ་བ་ནི། སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །འཇིག་རྟེན་གྱི་ཁམས་ན་གནས་པས་ཡོངས་སུ་སྐྱོ་བ་ནི། སངས་རྒྱས་ཀྱི་ཆོས་ལས་ གོལ་བའི་ལམ་མོ། །མཉམ་པར་གཞག་པ་ལ་གནས་སུ་བྱེད་པ་ནི། སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །དགེ་བའི་རྩ་བ་ལ་ཆགས་ཤིང་ཞེན་པ་ནི། སངས་ རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །དམ་པའི་ཆོས་སྤོང་བ་ནི་སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་དཔའ་བས་འབྱེད་པ་ནི་ སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །ཉན་ཐོས་དང༌། རང་སངས་རྒྱས་སུ་འདོད་པ་ནི་སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །བྱང་ཆུབ་སེམས་དཔའ་ ལ་ཞེ་སྡང་ཞིང་ཁོང་ཁྲོ་བ་ནི་སངས་རྒྱས་ཀྱི་ཆོས་ལས་གོལ་བའི་ལམ་མོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ལས་གོལ་ བའི་ལམ་རྣམས་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །དེ་དག་ཡོངས་སུ་སྤངས་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་ དཔའི་སྐྱོན་མེད་པ་ཉིད་དུ་འདའ་བར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་མེད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མངོན་པར་བསྒྲུབ་ལ། སེམས་ཅན་ཐམས་ཅད་ལ་ཡང་རྣམ་པར་ལྟ་བ་དང༌། ལྟ་བའི་རྣམ་པ་ཐམས་ཅད་དང་ཡང་བྲལ་ལ། ལྟ་བའི་བཅིང་བས་གླགས་ པ་ཐམས་ཅད་ཀྱང་རབ་ཏུ་འགྲེལ་བ་དང༌། མཚན་མ་ཐམས་ཅད་ཀྱང་ཡིད་ལ་མི་བྱེད་ལ། མཚན་མ་ལ་མངོན་པར་དགའ་བའི་སེམས་ཅན་ཐམས་ཅད་ཀྱང་མི་འདོར་བ་དང༌། ཁམས་ གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ན་གནས་པ་དང༌། ཉོན་མོངས་པ་རྣམས་ཀྱང་རྣམ་པར་བཟློག་ལ། སེམས་ཅན་ རྣམས་དང་ཡང་ཕྲད་ཅིང་འགྲོགས་པ་དང༌། ཆོས་རྣམས་ལ་ཡང་འདོད་ཆགས་དང་བྲལ་ལ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེན་པོས་བྱམས་པ་དང༌། དངོས་པོ་ཐམས་ ༄༅། །ཅད་ཀྱིས་ཀྱང་དབེན་ལ། འཁོར་ཐམས་ཅད་ཀྱང་ཡོངས་སུ་སྟོན་པ་དང༌། འཇིག་རྟེན་གྱི་ཁམས་ལས་ཀྱང་གྱེན་དུ་འཕགས་ལ། སྐྱེ་ཞིང་ཤི་འཕོ་བའི་ སྤྱོད་པ་ཡང་མངོན་པར་བསྒྲུབ་པ་དང༌། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་ཀྱང་མ་གོས་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཡང་ཐོགས་པ་མེད་པ་དང༌། སངས་རྒྱས་ ཀྱི་བྱང་ཆུབ་ཀྱང་མངོན་དུ་གྱུར་ལ། སྤྱོད་པ་དང༌། སྨོན་ལམ་ཆེན་པོའི་ཉི་མ་ཡང་རྒྱུན་མི་གཅོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྐྱོན་མེད་པ། འཕགས་པ། འཇིག་རྟེན་ལས་འདས་པ། འགྲོ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་མ་འདྲེས་པ་སྟེ། སྐྱོན་མེད་ པ་དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་ཆོས་ངེས་པ་རྣམ་པར་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཆོས་ངེས་པ་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། སངས་རྒྱས་ཀྱི་ ཡུལ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ལས་ལ་ཞུགས་པ་ཡིན། ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་ཡིན། སངས་རྒྱས་ཀྱི་རྒྱུད་ནས་བྱུང་བ་ཡིན། དེ་བཞིན་ གཤེགས་པའི་གདུང་ལས་སྐྱེས་པ་ཡིན། སངས་རྒྱས་ཀྱི་སྟོབས་ལ་གནས་པ་ཡིན། དེ་བཞིན་གཤེགས་པའི་བྱང་ཆུབ་ཏུ་རྗེས་སུ་སོང་བ་ཡིན། སངས་རྒྱས་ཐམས་ཅད་དང་སྐུ་དང་ རང་བཞིན་གཅིག་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྤྱོད་པ་དང་མི་གཉིས་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བྱང་ཆུབ་སེམས་དཔའི་ཆོས་ངེས་པ་འཐོབ་པ་སྟེ། དེ་དག་ནི་སྐྱོན་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཐོབ་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་རྣམས་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་འགྱུར་བ་དང༌། དགེ་བའི་རྩ་བ་ཐུན་མོང་དུ་མོས་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་ཚུལ་མཐུན་ཞིང༌། སྨོན་ལམ་ཆེན་པོ་ལ་ དབུགས་ཕྱིན་པ་ཐོབ་པ་ནི། སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །སེམས་རྒྱ་ཆེན་པོས་རང་གི་དགེ་བའི་རྩ་བའི་གོ་འབྱེད་པ་ནི། སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ།། ལས་ཇི་ལྟར་བྱས་པ་ཆུད་མི་ཟ་བས། བསྐལ་པ་འགྲངས་པ་ཐམས་ཅད་དུ་མི་སྐྱོ་བ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །ཕྱི་མའི་མཐའི་མུར་ཐུག་པ་ཐམས་ཅད་དུ་ ༄༅། །ཡོངས་སུ་འཛིན་པས། འཇིག་རྟེན་གྱི་ཁམས་གྲངས་མེད་པར་གནས་པར་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །སེམས་ཅན་གྱི་ ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །སྙིང་རྗེ་ཆེན་པོ་ བསྐྱེད་དེ་སེམས་ཚད་མེད་པར་བྱེད་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །ནམ་མཁའི་དབྱིངས་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་རྒྱས་པར་དགང་བས། སྤྱོད་པ་དང་སྨོན་ལམ་ཆེན་པོའི་ཁྱད་པར་ལ་འཇུག་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །སྔོན་མངོན་པར་བསྒྲུབ་པ་ཆུད་མི་ཟ་བར་དེ་བཞིན་གཤེགས་པའི་རིགས་ ཡང་དག་པར་འཛིན་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །འགྲོ་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྟོན་ཅིང༌། བྱང་ཆུབ་ཀྱི་སེམས་སྐྱེས་པ་རྣམས་ ཀྱི་དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྟོན་པ་ནི་སངས་རྒྱས་ཀྱི་ཆོས་ལ་འབྱུང་བའི་ལམ་མོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ ཀྱི་ཆོས་ལ་འབྱུང་བའི་ལམ་སྟེ། དེ་དག་གིས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་བུ་དམ་པའི་མིང་བཅུ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་ འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་བུ་དམ་པའི་མིང་འཐོབ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ལུས་དང་ལྡན་པས་བྱང་ཆུབ་སེམས་ དཔའ་ཞེས་བྱ་བ་ཡིན། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཡིན། ཆོས་ཀྱི་དམ་པ་མངོན་པར་རྟོབས་པས་དམ་པའི་སེམས་དཔའ་ ཞེས་བྱ་བ་ཡིན། མཆོག་གི་ཆོས་མངོན་པར་འཚང་རྒྱ་བས་མཆོག་གི་སེམས་དཔའ་ཞེས་བྱ་བ་ཡིན། ཡེ་ཤེས་ཀྱི་ཁྱད་པར་རབ་དང་ལྡན་པས་རབ་ཀྱི་སེམས་དཔའ་ཞེས་བྱ་ བ་ཡིན། ཕུལ་དུ་བརྩོན་འགྲུས་རྩོམ་པས་ཕུལ་གྱི་སེམས་དཔའ་ཞེས་བྱ་བ་ཡིན། གོང་ན་མེད་པའི་ཆོས་ཡང་དག་པར་སྟོན་པས་བླ་ན་མེད་པའི་སེམས་དཔའ་ཞེས་བྱ་བ་ཡིན། སྟོབས་ བཅུའི་ཡེ་ཤེས་ཡངས་པ་དང་ལྡན་པས་སྟོབས་ཀྱི་སེམས་དཔའ་ཞེས་བྱ་བ་ཡིན། འགྲོ་བ་ཐམས་ཅད་ན་དཔེ་མེད་པས་མི་མཉམ། མི་འདྲ་བའི་སེམས་དཔའ་ཞེས་བྱ་བ་ཡིན། ནམ་འདོད་པའི་སེམས་ཀྱི་སྐད་ཅིག་ལ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བས་བསམ་གྱིས་མི་ཁྱབ་པའི་སེམས་དཔའ་ཞེས་བྱ་བ་ཡིན། ཀྱེ་རྒྱལ་བའི་སྲས། བཅུ་པོ་ དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེས་བུ་དམ་པའི་མིང་ཐོབ་པ་རྣམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟེ། བཅུ་ ༄༅། །གང་ཞེ་ན། འདི་ལྟར་གཅིག་པུ་གྲོགས་མེད་པར་བྱང་ཆུབ་ཀྱི་སེམས་མི་གཏོང་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གཅིག་ལ་རྟེན་པ་དང༌། ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབ་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་གཉིས་པ་དང༌། སྟོང་པ་ཉིད་ཀྱི་སྦྱོར་བ་དང༌། མཚན་མ་མེད་པའི་ མཐའི་རྩེ་མོར་བྱིན་པ་དང༌། སྨོན་པ་མེད་པའི་ཕྱིར། ཁམས་གསུམ་དང་མི་འདྲེ་པས་བྱང་ཆུབ་སེམས་དཔའི་ལམ་རྣམ་པ་གསུམ་པ་དང༌། ཉེས་པ་བཤགས་པའི་ཚུལ་ དང༌། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པའི་རིམ་གྲོ་རྒྱུན་མི་གཅོད་པ་དང༌། ཡོངས་སུ་བསྔོ་བ་ལས་མཁས་ པས་ཤིན་ཏུ་བསྔོ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ལམ་སྤྱོད་པ་བཞིས་སྨོས་པ་དང༌། དད་པའི་རྩ་བ་ཚུགས་ཏེ་ཤིན་ཏུ་བརྟན་པ་དང༌། བརྩོན་འགྲུས་ཆེན་པོ་ལས་ཕྱིར་ མི་ལྡོག་པ་དང༌། དྲན་པ་རྩེ་གཅིག་པ་དང༌། ཏིང་ངེ་འཛིན་གྱི་ཚུལ་མ་འཁྲུགས་པ་དང༌། རབ་ཏུ་རྟོགས་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ལ་མཁས་པས། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ལམ་དབང་པོ་ལྔས་རྣམ་པར་སྤེལ་བ་དང༌། འདི་ལྟ་སྟེ། ལྷའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གཟུགས་ཀྱི་རྣམ་པ་ཐམས་ཅད་སེམས་ཅན་གྱི་ཤི་འཕོ་ བ་དང༌། སྐྱེ་བ་ཐམས་ཅད་ཡོངས་སུ་མཐོང་བའི་རང་བཞིན་དང་ལྡན་པ་དང༌། ལྷའི་རྣ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བསྟན་པ་མཉན་ཅིང་དྲན་པར་བྱ་བ་དང༌། ཡོངས་སུ་གཟུང་བར་བྱ་བས་སེམས་ཅན་ཕ་རོལ་གྱི་དབང་པོ་ལ་ཡང་དག་པར་ཕྱིན་པར་བྱེད་པ་དང༌། བདག་གིས་སེམས་ཆགས་པ་མེད་པས་ཕ་རོལ་གྱི་སེམས་ཤེས་པས་མཐོང་བ་ ལ་དབང་བསྒྱུར་བ་མངོན་པར་བསྒྲུབ་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པས་བསྐལ་པ་འགྲངས་པ་ཐམས་ཅད་རྗེས་སུ་དྲན་ཞིང༌། དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱེད་པ་ དང༌། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཆེན་པོ་བསྒྲུབ་པས། སེམས་ཅན་ཇི་ལྟར་འདུལ་བ་བཞིན་དུ་ཆོ་འཕྲུལ་སྣ་ཚོགས་ཡོངས་སུ་སྟོན་ཅིང༌། སེམས་ཅན་ཐམས་ཅད་ལ་ ཆོས་བརྗོད་པ་དང༌། ཟག་པ་ཟད་པའི་ཡེ་ཤེས་དང་ལྡན་པས་ཡང་དག་པའི་མཐའ་མངོན་སུམ་དུ་མཐོང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་རྒྱུན་མི་གཅོད་པས་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལམ་མངོན་པར་ཤེས་པ་དྲུག་གིས་རྣམ་པར་འཕྲུལ་བ་དང༌། འདི་ལྟ་སྟེ། སེམས་ཅན་གྱི་གཙོ་བོ་མཐའ་ཡས་པ་ཐམས་ཅད་སྐྲའི་རྩེ་མོ་གཅིག་ལ་བཞུགས་ པར་མཐོང་སྟེ། ཡང་དག་པར་བཟུང་ཞིང༌། སེམས་ཅན་གཞན་གྱི་བསམ་པས་རྣམ་པར་རིག་པར་བྱ་བ་ལ་འཇུག་པས་སངས་རྒྱས་རྗེས་སུ་དྲན་པ་དང༌། དེ་བཞིན་གཤེགས་པ་ ༄༅། །གཅིག་གི་འཁོར་གྱི་དཀྱིལ་འཁོར་ནས་མ་གཡོས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མངོན་དུ་ཞལ་ནས་ ཆོས་བསྟན་པ་བསྒྲགས་པ་མི་ཟད་པས། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱ་བ་ལ་འཇུག་པས་ཆོས་རྗེས་སུ་དྲན་པ་དང༌། ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་མཐོང་བ་དང་མི་འབྲལ་ཞིང༌། འགྲོ་བ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ལུས་ཡོངས་སུ་སྟོན་པས་དགེ་འདུན་གྱི་རྗེས་སུ་དྲན་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་ལ་ཡང་དག་པར་གཞོལ་ཞིང༌། གཏོང་བ་ཆེན་པོས་རྣམ་པར་སྤེལ་བ་ཡིད་ལ་བྱེད་པས་གཏོང་པ་རྗེས་སུ་ དྲན་པ་དང༌། བྱང་ཆུབ་སེམས་དང་མི་འབྲལ་བས་དགེ་བའི་རྩ་བ་ཐམས་ཅད་འགྲོ་བ་ཐམས་ཅད་ལ་སྟོབས་པས་ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། དགའ་ལྡན་གྱི་ཕོ་བྲང་གི་ མཆོག་ན། བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་བཞུགས་པ་རྗེས་སུ་དྲན་པས་ལྷ་རྗེས་སུ་དྲན་པ་དང༌། ཐབས་ཀྱི་ཡེ་ཤེས་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་ སྨིན་པར་བྱ་བ་དང༌། གདུལ་བ་རྒྱུན་མི་འཆད་པ་ལ་ཞུགས་ཏེ། སེམས་ཅན་རྗེས་སུ་དྲན་པའི་ཕྱིར་དགེ་འདུན་རྗེས་སུ་དྲན་པས། བྱང་ཆུབ་སེམས་དཔའི་ལམ་རྗེས་སུ་དྲན་པ་ བདུན་གྱིས་མངོན་པར་བསྒྲུབ་པ་དང༌། འདི་ལྟ་སྟེ། ལོག་པར་ལྟ་བ་ཐམས་ཅད་ཡོངས་སུ་སྤངས་པས་ཡང་དག་པའི་ལྟ་བའི་ལམ་དུ་བྱུང་བ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོགས་ པ་དང་བྲལ་བས་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་ཞིང༌། དོན་ཡོད་ལ་ཡིད་ལ་བྱ་བ་མེད་པས་བྱུང་བ་དང༌། ངག་གི་ཉེས་པ་བཞི་དང་བྲལ་བས་འཕགས་པ་དང་མཐུན་ཞིང་ཡང་ དག་པའི་དག་རབ་ཏུ་བརྗོད་པས་དང༌། ལུས་ཀྱི་ལས་ཐམས་ཅད་སེམས་ཅན་ཉེ་བར་འཚོ་བས། འགྲོ་བ་ཐམས་ཅད་ཐོགས་པ་མེད་པར་ཡོངས་སུ་སྨིན་པར་བྱེད་ཅིང༌། འདུལ་བས་ མངོན་པར་བསྒྲུབ་པ་དང༌། འཕགས་པའི་རིགས་ལ་རབ་ཏུ་གནས་ཤིང༌། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ། བྱང་ཆུབ་ཀྱི་ལམ་དང་ལྡན་པའི་སྤྱོད་པ་ལམ་དང༌། སྤྱོད་པ་དང༌། ཚུལ་ ལ་རབ་ཏུ་གནས་ཤིང༌། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་ཡང་དག་པའི་འཚོ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྟུལ་ཞུགས་དང༌། དཀའ་ཐུབ་ཀྱིས་ཀུན་ ནས་གདུངས་པ་དང༌། ཡོངས་སུ་གདུངས་པ་ཡང་དག་པར་སྟོན་ཅིང༌། དེ་བཞིན་གཤེགས་པའི་སྟོབས་བཅུའི་རང་བཞིན་ཐོགས་པ་མེད་པ་དང་ལྡན་པའི་ཕྱིར་ཡང་དག་པའི་ རྩོལ་བ་དང༌། སྒྲ་ཐམས་ཅད་འཛིན་ཅིང་དྲན་པ་འཇིག་རྟེན་གྱི་རྣམ་པར་འཁྲུག་པ་ཐམས་ཅད་ཀྱིས་བར་དུ་མི་མཆོད་པའི་ཕྱིར་ཡང་དག་པའི་དྲན་པ་དང༌། བྱང་ཆུབ་སེམས་དཔའི་ ༄༅། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་མངོན་པར་བསྒྲུབ་པ་ལ་མཁས་པའི་ཕྱིར། ཡང་ དག་པའི་ཏིང་ངེ་འཛིན་དང་ལྡན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་ཞིང༌། བྱང་ཆུབ་དང་མཐུན་ པར་གྱུར་པ་དང༌། འདི་ལྟ་སྟེ། འདོད་པ་དང༌། གནོད་སེམས་དང༌། འཆེ་བ་མེད་པ་དང༌། ངག་གི་ལས་ཐམས་ཅད་ཀྱིས་མ་བསྒྲིབས་པར་ཆོས་སྟོན་པའི་ཚུལ་དང་ལྡན་པས། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་བསལ་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བསམ་པ་ཡོངས་སུ་མི་གཏོང་ཞིང་ དགའ་བ་ཟེང་ཟང་པོ་དང་བྲལ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བས་དགའ་བའི་ཡིད་བདེ་བ་ཡང་རྒྱུན་མི་འཆད་ཅིང༌། འཇིག་རྟེན་པའི་བདེ་བ་དང༌། སྡུག་ བསྔལ་དང་བྲལ་བས། འཕགས་པ་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའི་ལམ་དང་མཐུན་པ་དང༌། མི་གཡོ་བའི་གཟུགས་མེད་པའི་སྙོམས་པར་འཇུག་ པས་མངོན་པར་བསྒྲུབ་པ་དང༌། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་སུ་སྐྱེས་པ་ལས་མ་གཡོས་པར་འདུ་ཤེས་དང༌། ཚོར་བ་ཐམས་ཅད་འགོག་པའི་སྙོམས་ པར་འཇུག་པས་མངོན་པར་བསྒྲུབས་ཤིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་རྒྱུན་མི་གཅོད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མཐར་གྱིས་སྤྱོད་ཅིང་སྙོམས་པར་ འཇུག་པ་དགུས་པ་མངོན་པར་བསྒྲུབ་པ་དང༌། འདི་ལྟ་སྟེ། གནས་དང༌། གནས་མ་ཡིན་པ་ལ་མཁས་པའི་ཡེ་ཤེས་དང་ལྡན་པ་དང༌། འགྲོ་བ་ཐམས་ཅད་ཀྱི་འདས་པ་དང༌། མ་འོངས་ པ་དང༌། ད་ལྟར་བྱུང་བའི་ལས་དང༌། རྒྱུ་དང༌། རྣམ་པར་སྨིན་པ་ཡོངས་སུ་ལེན་པ་ཤིན་ཏུ་རྟོག་པ་དང༌། དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང༌། གོ་བར་བྱེད་པས་སེམས་ཅན་ གྱི་ཁམས་ཐམས་ཅད་ཀྱི་དབང་པོ་རབ་དང་ཐ་མ་ཤེས་པའི་ཡེ་ཤེས་ཀྱིས་ཤིན་ཏུ་བརྟགས་པ་དང༌། ཁམས་ཐ་དད་པ་དང་ཁམས་དུ་མ་ལ་མཁས་པ་དང་ལྡན་པ་དང༌། རབ་དང་ཐ་ མ་དང་འབྲིང་ལ་མོས་པ་རབ་ཏུ་རྟོགས་པའི་ཆོས་ཀྱི་ཚུལ་ལ་ཞུགས་པ་དང༌། འགྲོ་བ་ཐམས་ཅད་དང༌། ཞིང་དང༌། དུས་དང༌། བསྐལ་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་ལུས་ དང༌། གཟུགས་ཀྱིས་རྒྱས་པར་དགང་ཞིང༌། དེ་བཞིན་གཤེགས་པའི་ཚུལ་ཡོངས་སུ་བསྟན་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་ཡོངས་སུ་མི་གཏོང་བ་དང༌། བསམ་ གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཐམས་ཅད་ལས་རྣམ་པར་ལྡང་བ་དུས་ལ་ ༄༅། །བབ་པ་དང༌། དུས་ལ་མ་བབ་བ་རྟོགས་པའི་ཡེ་ཤེས་ཀྱི་ཚུལ་གྱིས་མངོན་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལ་རབ་ཏུ་ གནས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང༌། ཤི་འཕོ་བ་དང༌། ལམ་གྱི་རྒྱུད་དང༌། འཕོ་བ་ཐ་དད་པའི་གནས་ལ་མཁས་པ་དང་ལྡན་པ་དང༌། དུས་གསུམ་གྱི་ བསྐལ་པ་འགྲངས་པ་ཐམས་ཅད་སྐད་ཅིག་གཅིག་ཏུ་གཟུང་བ་རྟོགས་པའི་ཡེ་ཤེས་སྣང་བས་མངོན་པར་བསྒྲུབ་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་དང༌། བག་ ཆགས་དང༌། བསམ་པ་དང༌། བག་ལ་ཉལ་བ་བྱང་བ་ཐོབ་པའི་ཡེ་ཤེས་ཀྱི་ཚུལ་གྱིས་མངོན་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་མི་གཏོང་བས་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་རབ་ཏུ་རྟོགས་པ་ལ་ཡང་དག་པར་བཏང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་ལ་མཁས་པ་བླ་ན་མེད་པ་འཐོབ་ པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཚད་མེད་པའོ། །ལམ་གྱི་ཚོགས་ནི་ཚད་མེད་པའོ། །ལམ་བསྒོམ་པ་ནི་ཚད་ མེད་པའོ། །ལམ་གྱི་རྒྱན་ནི་ཚད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་ལས་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཚད་མེད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ནམ་མཁའི་དབྱིངས་ཚད་མེད་པ་དང༌། མཐའ་དང་དབུས་མེད་པའི་ཆོས་ཀྱི་དབྱིངས་ཚད་མེད་པ་དང༌། མི་ཟད་པའི་སེམས་ཅན་གྱི་ཁམས་ཚད་མེད་པས་དང༌། མུ་མེད་ པའི་འཇིག་རྟེན་གྱི་ཁམས་ཚད་མེད་པས་དང༌། མི་ཟད་པའི་བསྐལ་པ་འགྲངས་པ་ཚད་མེད་པ་དང༌། འགྲོ་བ་ཐམས་ཅད་ཀྱི་ཐ་སྙད་མཐའ་ཡས་ཤིང་ཚད་མེད་པ་དང༌། དེ་བཞིན་ གཤེགས་པའི་སྐུ་ཚད་མེད་པ་དང༌། དེ་བཞིན་གཤེགས་པའི་གསུང་གི་དབྱངས་ཚད་མེད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་དང༌། ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཚད་མེད་པ་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཚད་མེད་པ་རྣམས་སོ། །ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། ནམ་ མཁའི་དབྱིངས་ཇི་ཙམ་དུ་ཚད་མེད་པ་དེ་ཙམ་དུ་ཚད་མེད་པར་བྱང་ཆུབ་སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་ པ་དེ་ལྟར་མཐའ་དང་དབུས་མེད་པར་བྱང་ཆུབ་སེམས་དཔས་ལམ་གྱི་འཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་སེམས་ཅན་གྱི་ཁམས་མི་ཟད་པ་དེ་ལྟར་མི་ཟད་པར་བྱང་ཆུབ་ ༄༅། །སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་མུ་མེད་པ་དེ་ལྟར་མུ་མེད་པར་བྱང་ཆུབ་སེམས་དཔས་ ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་བསྐལ་པ་གྲངས་སུ་འགྲང་ཞིང་བསྟན་པ་མི་ཟད་པ་དེ་ལྟར་འགྲོ་བ་ཐམས་ཅད་དུ་མི་ཟད་པར་བྱང་ཆུབ་སེམས་དཔས་ ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་འགྲོ་བ་ཐམས་ཅད་ཀྱི་ཐ་སྙད་མཐའ་ཡས་པ་དེ་ལྟར་འགྲོ་བ་ཐམས་ཅད་ཀྱི་སྒྲ་དང་ཐ་སྙད་ལ་འཇུག་པའི་ཡེ་ཤེས་ཀྱིས་ མངོན་པར་བསྒྲུབས་པ་མཐའ་ཡས་པར་བྱང་ཆུབ་སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་དེ་ལྟར་འགྲོ་ བ་དང༌། ཞིང་དང༌། དུས་དང༌། སེམས་ཅན་དང༌། བསྐལ་པ་ཐམས་ཅད་དུ་རྒྱས་པར་འགེངས་ཤིང༌། ཚད་མེད་པར་བྱང་ཆུབ་སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་ བསྡུ་བར་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་གསུང་གི་དབྱངས་ཚད་མེད་པ་དེ་ལྟར་བྱང་ཆུབ་སེམས་དཔས་ཚིག་གི་ལམ་གཅིག་བརྗོད་པས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ ཅད་དུ་རྒྱས་པར་ཁྱབ་ཅིང༌། སེམས་ཅན་གྱི་ཁམས་ཐམས་ཅད་གོ་བར་བྱེད་པའི་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་ ཚད་མེད་པ་དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་ཀྱིས་བརྟན་པའི་བྱང་ཆུབ་སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཇི་ལྟར་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཚད་མེད་པ་དེ་ལྟར་ཚད་མེད་པར་བྱས་ཏེ། བྱང་ཆུབ་སེམས་དཔས་ལམ་གྱི་ཚོགས་ཡོངས་སུ་བསྡུ་བར་བྱའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ལམ་གྱི་ཚོགས་སྟེ་དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དང་དབུས་མེད་པ་འཐོབ་པར་འགྱུར་བ་དག་ གོ་༑ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྒོམ་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ལུས་དང༌། ངག་དང༌། སེམས་ཀྱི་མི་ལོངས་ པ་མེད་པས། བླང་བ་མེད་པ་དང༌། དོར་བ་མེད་པ་བསྒོམ་པ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཡེ་ཤེས་དང་ལྡན་པས། བསྣན་པ་མེད་པ་དང༌། དབྲི་བ་མེད་པ་བསྒོམ་ པ་དང༌། རང་བཞིན་གྱིས་འཇུག་པ་མེད་པས། བསྒོམ་པ་མེད་པ་དང༌། རྣམ་པར་བསྒོམ་པ་མེད་པ་བསྒོམ་པ་དང༌། མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས། སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། སྨིག་རྒྱུ་དང༌། ཆུའི་ཟླ་བ་ལྟ་བུར་བསྒོམ་པ་དང༌། ཁམས་གསུམ་པའི་བསོད་ནམས་བལྟ་བས་ ༄༅། །བསགས་པ་བསལ་བའི་ཕྱིར། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་བསྒོམ་པ་དང༌། ཆོས་ སུ་གདགས་པ་རྣམ་པར་དགོད་པ་དང་བྲལ་བས་བརྗོད་དུ་མེད་པ་དང༌། བསྟན་དུ་མེད་པ་དང༌། སྨོས་སུ་མེད་པ་དང༌། བཤད་དུ་མེད་པ་བསྒོམ་པ་དང༌། ཆོས་ཐམས་ཅད་ལ་ ཞུགས་པའི་ཡེ་ཤེས་མངོན་སུམ་དང་ལྡན་པས། ཆོས་ཀྱི་དབྱིངས་ཐ་མི་དད་པ་བསྒོམ་པ་དང༌། དེ་ཁོ་ན་ཉིད་དང༌། དེ་བཞིན་ཉིད་ནམ་མཁའི་མཐའ་དང་མཉམ་པ་ཁོང་དུ་ ཆུད་པས་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་མ་ཉམས་པར་བསྒོམ་པ་དང༌། མངོན་པར་འདུ་བྱེད་པའི་སྟོབས་རྒྱུན་མི་འཆད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཡེ་ ཤེས་ཡངས་པ་བསྒོམ་པ་དང༌། ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཏེ། ཐེ་ཚོམ་མེད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་བསྙེངས་པ་བཞི་དང༌། ཐ་ དད་པ་ཡང་དག་པར་མཁྱེན་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚུངས་པ་མེད་པ་བསྒོམ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ལམ་བསྒོམ་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་ བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྒྱན་ཏེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་འདོད་པའི་ ཁམས་ནས་ཀྱང་མི་གཡོ་ལ། གཟུགས་དང༌། གཟུགས་མེད་པ་ལ་སྤྱོད་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་ཀྱང༌། དེ་དག་གི་དབང་གིས་མི་སྐྱེ་བ་འདི་ནི་ལམ་གྱི་རྒྱན་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ལམ་མངོན་སུམ་དུ་གྱུར་བའི་ཡེ་ ཤེས་ལ་ཞུགས་ཀྱང༌། ལམ་དེས་འབྱུང་བ་ཡང་མ་ཡིན་པ་འདི་ནི་ལམ་གྱི་རྒྱན་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ ཀྱི་ལམ་ལ་མངོན་སུམ་དུ་གྱུར་པའི་ཡེ་ཤེས་སྣང་བར་མཁས་ཀྱང༌། སྙིང་རྗེ་ཆེན་པོའི་སྟོབས་རྒྱུན་མི་གཅོད་པ་འདི་ནི་ལམ་གྱི་རྒྱན་གསུམ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་གཡོག་འཁོར་མང་པོ་དང་ལྡན་ཞིང༌། གཡོག་འཁོར་ལྷ་དང་མི་རྣམ་པར་དག་པ་དང་ལྡན་ཞིང་ལྷའི་བུ་མོ་བརྒྱ་སྟོང་གིས་རོལ་མོ་བརྡུང་བ་དང༌། དཀྲོལ་བའི་སྒྲ་ཕྱུང་སྟེ་བརྗོད་པ་ལ་སྤྱོད་ཀྱང༌། བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་ ༄༅། །འཇུག་པ་མི་འདོར་བ་འདི་ནི་ལམ་གྱི་རྒྱན་བཞི་བའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་རྩེ་དགའ་ ལ་དགའ་དགོད་པ་དང༌། སེམས་ཅན་དང་འདྲེས་ཤིང་འབུར་ལྡོག་པ་བྱེད་ཀྱང༌། སེམས་ཀྱི་སྐད་ཅིག་གཅིག་ལ་ཡང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མཉམ་ པ་ཉིད་མི་འདོར་བ་འདི་ནི་ལམ་གྱི་རྒྱན་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་མ་འདྲེས་ཤིང་འཇིག་རྟེན་ གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཡང༌། སེམས་ཅན་བསྒྲལ་བའི་ཕྱིར། ཕ་རོལ་ཏུ་མི་འགྲོ་བའི་ལམ་ཡང་མི་གཏོང་བ་འདི་ནི་ལམ་གྱི་རྒྱན་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་སྣང་བ་ལ་ཞུགས་པའི་ལམ་ལ་གནས་ཀྱང༌། ལམ་ངན་པར་ཞུགས་པའི་སེམས་ཅན་ཕྱིར་ ཟློག་པའི་ཕྱིར་ལམ་མ་ཡིན་པ་དང༌། ལམ་ངན་པ་ཡང་གནོན་ལ། ལམ་དེས་འཁོར་བ་འཛིན་པ་ཡང་མ་ཡིན་ཏེ། དེས་དག་པར་ཡང་མི་སེམས་པ་འདི་ནི་ལམ་ གྱི་རྒྱན་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་རྟག་ཏུ་ཚུལ་ཁྲིམས་ལེགས་པར་བསྲུངས་པ་དང་ལྡན་ཞིང༌། དེ་བཞིན་གཤེགས་ པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་རྟེན་པས་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཡང༌། ཚུལ་ཁྲིམས་ངན་པ་དང་ལྡན་པའི་སེམས་ ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སོ་སོའི་སྐྱེ་བོ་ཐ་མལ་བའི་སྤྱོད་པ་ཐམས་ཅད་སྟོན་ཅིང༌། བྱང་ཆུབ་སེམས་དཔའ་ལམ་ལ་རྟེན་པས་བསོད་ནམས་ཀྱི་ཚོགས་རྣམ་པར་ དག་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང༌། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། མི་ཁོམ་པ་དང༌། དབུལ་བར་ སྐྱེས་པའི་ལམ་དུ་ཞུགས་པའི་སེམས་ཅན་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར། དེ་དག་གི་ལམ་དུ་སྐྱེས་པ་ཡང་སྟོན་ལ། ལམ་དེ་དག་ལ་ཡང་དག་པར་གཞོལ་བ་ཡང་མ་ཡིན་ པ་འདི་ནི་ལམ་གྱི་རྒྱན་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་ཅིང་ཐོགས་པ་མེད་པའི་སྤོབས་ པ་ཐོབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡེ་ཤེས་སྣང་བས་རྣམ་པར་ལྟ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ དང༌། ལུས་གཅིག་ཏུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་སྙིང་པོའི་ཚུལ་ཅན་དགོངས་པའི་སྣང་བ་ཁོང་དུ་ཆུད་པ། ཐེག་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་རབ་ཏུ་གནས་པ། ༄༅། །སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་མངོན་པར་མོས་པ། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ངོར་ལྟ་བ། འགྲོ་བ་ཐམས་ཅད་ཀྱི་སློབ་དཔོན་དུ་བྱ་བ་ཡིན་ཡང༌། ཆོས་ཡོངས་སུ་བཙལ་བར་བྱ་བ་རྒྱུན་མི་གཅོད་ཅིང༌། ངོ་མཚར་གྱིས་ཡོངས་སུ་ཟིན་པར་སྣང་བས། སྲི་ཞུའི་ལས་ཐམས་ཅད་ ལ་གནས་ཏེ། མཁན་པོ་དང༌། སློབ་དཔོན་དུ་སྟོན་ཀྱང༌། དེ་ཉིད་འགྲོ་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཐབས་ མཁས་པ་དང་ལྡན་པར་བྱང་ཆུབ་སེམས་དཔའི་ལམ་ལ་ཤིན་ཏུ་གནས་པ་ཡིན་པས། དེ་དག་ནི་ཐབས་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེ་དང་དེའི་ ཐབས་སེམས་ཅན་རྣམས་ལ་ཡོངས་སུ་སྟོན་ཏེ། འདི་ནི་ལམ་གྱི་རྒྱན་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་ཡོངས་ སུ་འདུས་ཤིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། རྫུ་འཕྲུལ་ཐམས་ཅད་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བས་མངོན་པར་དབང་བསྐུར་བ་།ཆོས་ ཐམས་ཅད་ལ་དབང་བའི་དབང་ཕྱུག་གི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། ཆགས་པ་མེད་ཅིང་དྲི་མ་མེད་པའི་ཐབས་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ ཐོགས་པ་མེད་པར་དེ་བཞིན་གཤེགས་པའི་སྐུ་ཡང་དག་པར་སྟོན་པ། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་བསྐོར་བའི་བྱིན་གྱི་རླབས་དང་ལྡན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་ཁྱབ་པའི་ལུས་དང་གཟུགས་བདོག་པ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་ཕ་རོལ་ཏུ་ཕྱིན་པ་དམ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་དབང་ཐམས་ཅད་རབ་ཏུ་ཐོབ་པ། འགྲོ་ བ་ཐམས་ཅད་ཀྱི་ཞིང་དུ་སྐྱེ་བ་ཡོངས་སུ་སྟོན་པ་ལ་མཁས་པ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡུལ་གཅིག་ཏུ་གྱུར་པ་ཡང་ ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད་ཅིང༌། བྱང་ཆུབ་སེམས་དཔའ་ཆོས་ཉིད་ཀྱང་རྣམ་པར་མི་སྤོང༌། བྱང་ཆུབ་སེམས་དཔའི་ལས་ལས་ཀྱང་རྣམ་པར་མི་ ལྡོག །བྱང་ཆུབ་སེམས་དཔའི་ལམ་ལས་ཀྱང་ཕྱིར་མི་ལྡོག། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད། བྱང་ཆུབ་སེམས་དཔའི་ཉེ་བར་ལེན་པ་ཡང་འཆད་པར་མི་བྱེད། བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ལས་ཀྱང་ཕྱིར་མི་ལྡོག །བྱང་ཆུབ་སེམས་དཔའི་བྱ་བ་ཡང་ཐོགས་པར་མི་བྱེད། བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྟོབས་ ཀྱིས་ཀྱང་ཡོངས་སུ་སྐྱོ་བ་མེད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱིན་གྱི་རླབས་ལས་ཀྱང་རིང་དུ་འཕང་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱང་ཆུབ་ ༄༅། །སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ལ་རྣམ་པར་ལྟ་བ་དེ་ལྟ་བུས་ནི། བྱང་ཆུབ་སེམས་དཔའ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་འབྱུང་བའི་ཕྱིར་ཏེ། འདི་ནི་ལམ་གྱི་རྒྱན་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ལམ་གྱི་རྒྱན་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ལམ་རིན་པོ་ཆེའི་རྒྱན་བླ་ན་མེད་པ་ཐོབ་པར་གྱུར་ཀྱང༌། བྱང་ཆུབ་སེམས་ དཔའི་ལམ་གྱི་རྒྱུན་མི་གཅོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྨོན་ལམ་ཆེན་པོའི་ཁྱད་ པར་ཡོངས་སུ་བསྡུ་བ་ཤིན་ཏུ་རྫོགས་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་རྐང་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཡང་དག་པར་བསྡུ་བ་ལས་ཕྱིར་མི་ལྡོག་པའི་ཕྱིར། བརྩོན་འགྲུས་ཀྱི་རྐང་པ་དང༌། སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་མངོན་པར་ཤེས་པའི་རྐང་པ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ ཅད་དུ་འགྲོ་ཡང་ཞིང་གཅིག་ནས་མི་གཡོ་བའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་དང༌། ཁྱད་པར་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པའི་རྐང་པ་དང༌། བསམ་པ་ཐམས་ཅད་མཐར་ ཕྱིན་པར་བྱ་བའི་ཕྱིར། དམ་བཅས་པ་བརྟན་པའི་རྐང་པ་དང༌། བླ་མ་ཐམས་ཅད་ཀྱིས་བསྒོ་བ་ལས་འགལ་བར་མི་བྱེད་པའི་ཕྱིར་མཐུན་པར་འཛིན་པའི་རྐང་པ་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དག་པར་བཟུང་བས་མི་སྐྱོ་བའི་ཕྱིར། ཆོས་མཉན་པ་མི་ངོམས་པར་ཚོལ་བའི་རྐང་པ་དང༌། ཚངས་པའི་གནས་ནས་འཁོར་གྱི་ དཀྱིལ་འཁོར་ཐམས་ཅད་དུ་འགྲོ་བར་སྒྱིད་ལུག་པ་མེད་པའི་ཕྱིར། ཆོས་ཀྱི་ཆར་འབེབས་པའི་རྐང་པ་དང༌། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་ པ་ཆེན་པོ་ལ་ནན་ཏན་དུ་བྱེད་པའི་རྐང་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ དཔའ་རྣམས་དེ་བཞིན་གཤེགས་པའི་ཞབས་ཀྱི་མཆོག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ལ་གཅིག་ཏུ་མོས་ཤིང་ཡིད་ཆེས་པས་མཐར་ཕྱིན་པར་བྱ་བའི་ཕྱིར། དད་པའི་ལག་པ་ དང༑ སློང་བ་ཐམས་ཅད་ཡིད་བཞིན་དུ་ཚིམ་པར་བྱ་བའི་ཕྱིར། གཏོང་བ་རབ་ཏུ་གཏོང་བའི་ལག་པ་དང༌། ལག་པ་གཡས་པ་བརྐྱང་བའི་ཕྱིར། ཚུར་ཤོག །བདེ་བར་འོངས་སམ་ཞེས་འདོར་ ༄༅། །ཏེ༑ གསོང་པོར་སྨྲ་བའི་ལག་པ་དང༌། བསོད་ནམས་བསགས་པ་རྣམ་པར་སྤེལ་བ་ལས་མི་གཡོ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་ གྲོ་བྱེད་པའི་ལག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར། ཐོས་པ་ཐམས་ཅད་ལ་མཁས་པའི་ལག་པ་དང༌། འདོད་པའི་འདམ་དུ་ཐོགས་པའི་སེམས་ཅན་གྱི་ ཁམས་ལ་ལག་པ་རིང་དུ་བརྐྱང་སྟེ་འཇུ་བར་རྙེབ་པའི་ཕྱིར། ཁམས་གསུམ་དང་བྲལ་ཞིང་ཤིན་ཏུ་འབྱུང་བར་བྱེད་པའི་ལག་པ་དང༌། ཆུ་བོ་ཆེན་པོ་བཞིས་ཁྱེར་བ་ལ་ལག་པ་རིང་དུ་བརྐྱང་ ཞིང་གདོན་པའི་ཕྱིར། བདེ་བའི་ཐང་ལ་གཞོག་པའི་ལག་པ་དང༌། འགྲོ་བ་ཐམས་ཅད་ལ་གནོད་པ་མེད་པར་བསྟན་པའི་ཆོས་རབ་ཏུ་བསྟན་པའི་ཕྱིར། ཡང་དག་པར་སྦྱོར་བའི་ཆོས་ལ་ སློབ་དཔོན་གྱིས་མི་བཅབ་པའི་ལག་པ་དང༌། ལུས་དང་སེམས་ཀྱི་ནད་རབ་ཏུ་བསལ་བའི་ཕྱིར། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་གཙུག་ལག་ཐམས་ཅད་ཤེས་པའི་ ལག་པ་དང༌། ཉོན་མོངས་པའི་མུན་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྣང་བ་མཚུངས་པ་མེད་པ་ཡོངས་སུ་བསྟན་པའི་ཕྱིར་ཤེས་རབ་དང༌། ཡེ་ཤེས་རིན་པོ་ཆེའི་ལག་པའོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཕྱག་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ནས་ཡོག་པར་སྐྱོབ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། །།བམ་པོ་བརྒྱད་ཅུ་རྩ་གཉིས་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟོ་སྟེ། བཅུ་གང་ཞེ་ན། འདི་ལྟར་བསམ་པ་དག་པས་གཡོ་མེད་པའི་ལྟོ་དང༌། དྲང་བས་སྒྱུ་མེད་པའི་ལྟོ་དང༌། ཐིབས་པོ་མེད་པས་ འཆོས་པ་མེད་པའི་ལྟོ་དང༌། དངོས་པོ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པས་ཡུལ་ལ་མི་འཛིན་པའི་ལྟོ་དང༌། ཤེས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་སེལ་བའི་ལྟོ་ དང༌། སྐྱོན་མེད་པའི་ཕྱིར་སེམས་དག་པའི་ལྟོ་དང༌། ཆོས་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་ཁ་ཟས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་སོ་སོར་རྟོག་པའི་ལྟོ་དང༌། རྟེན་ ཅིང་འབྲེལ་བར་འབྱུང་བ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། མངོན་པར་འདུ་མི་བྱེད་པ་སོ་སོར་རྟོག་པའི་ལྟོ་དང༌། བསམ་པ་ཤིན་ཏུ་སྨིན་པས་འབྱུང་བ་ཐམས་ཅད་ཤེས་པའི་ལྟོ་ དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྐུའི་ནང་དུ་ཆུད་པ་ཁོང་དུ་ཆུད་པའི་ཕྱིར། དྲི་མ་མཐའ་ཡས་པའི་ལྟ་བ་ཐམས་ཅད་དང་བྲལ་བའི་ལྟོའོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྐུ་འགྲོ་བ་ཐམས་ཅད་ཡོངས་སུ་འཛིན་ ༄༅། །པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་སྟེ། བཅུ་ གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་གྱི་མཐུ་ཚད་མེད་པ་ཡོངས་སུ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་སངས་རྒྱས་ ཀྱི་རིགས་རྒྱུན་མི་གཅོད་པར་ཀུན་ནས་གནས་པ་དང༌། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྙིང་པོ་ཆོས་ཀྱི་རིགས་རབ་ཏུ་ གསལ་བར་བྱེད་པར་ཀུན་ནས་གནས་པ་དང༌། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ དགེ་འདུན་གྱི་རིགས་ཡོངས་སུ་སྡུད་པར་ཀུན་ནས་གནས་པ་དང༌། དུས་ཇི་ལྟ་བ་བཞིན་ལུས་མི་འདའ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ཆོས་ ཐམས་ཅད་ངེས་པར་གླེང་བ་བྱེད་པ་དང༌། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་མི་འཆད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་ངེས་པ་མེད་པར་ ཡོངས་སུ་སྨིན་པར་བྱེད་པར་གནས་པ་དང༌། མ་འོངས་པའི་རྒྱུ་སྐྱོན་མེད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་སེམས་ཅན་ལོག་པར་ངེས་པ་རྣམས་ ལ་སྙིང་རྗེ་ཆེན་པོ་སྐྱེ་བར་ཀུན་ནས་གནས་པ་དང༌། བདུད་ཀྱི་སྡེ་ཐམས་ཅད་བཏུལ་ཏེ། དགེ་བའི་རྩ་བ་མི་འཕྲོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་དེ་བཞིན་གཤེགས་ པའི་སྟོབས་བཅུ་ཐུབ་པ་མེད་པའི་རྒྱུ་ཡོངས་སུ་རྫོགས་པར་བྱེད་པར་ཀུན་ནས་གནས་པ་དང༌། འགྲོ་བ་མ་ལུས་པ་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྙིང་པོ་མི་འཇིགས་པ་ཆེན་པོའི་སེང་གེ་དང༌། ཁྱུ་མཆོག་གི་ང་རོ་འབྱིན་པར་ཀུན་ནས་གནས་པ་དང༌། ཐམས་ཅད་དུ་ཡེ་ཤེས་ཡང་དག་པར་གཞོལ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྙིང་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཐོབ་པའི་ཕྱིར་ཀུན་ནས་གནས་པ་དང༌། སྐད་ཅིག་གཅིག་ཏུ་མི་མཉམ་པ་མེད་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ སྙིང་པོ་ཞིང་ཐམས་ཅད་དང༌། ཆོས་ཐམས་ཅད་དང༌། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་གནས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྙིང་པོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་རྩ་བ་ཐམས་ཅད་མ་ལོག་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་སྙིང་པོ་བླ་ན་ མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་སྟེ། བཅུ་གང་ཞེ་ན། བརྩམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ ༄༅། །ཕྱིར་ཞེ་ནོན་པའི་སྙིང་དང༌། མཚན་དང་དཔེ་བྱད་བཟང་པོའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྡུ་བའི་ཕྱིར། སེམས་ཞུམ་པ་མེད་པའི་སྙིང་དང༌། བདུད་ ཀྱི་སྡེ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར། རྣམ་པར་གནོན་པ་ཆེན་པོའི་སྙིང་དང༌། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚུགས་པའི་ཕྱིར། ཚུལ་བཞིན་དུ་སྦྱོར་བའི་སྙིང་དང༌། སྙིང་ པོ་བྱང་ཆུབ་ཀྱི་བར་དུ་ཕྱིན་པར་བྱ་བའི་ཕྱིར། ཕྱིར་མི་འགྱུར་ཞིང་ཕྱིར་མི་ལྡོག་པའི་སྙིང་དང༌། སེམས་འཕོ་བ་མེད་པར་ཁོང་དུ་ཆུད་པས་མངོན་པར་ཆགས་པ་མེད་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བའི་སྙིང་དང༌། ཇི་ལྟར་མོས་པའི་ཚུལ་བཞིན་དུ་རྣམ་པར་ཐར་པ་འཐོབ་པར་བྱ་བའི་ཕྱིར། སེམས་ཅན་གྱི་ཚུལ་ཤེས་པའི་སྙིང་དང༌། ཐེག་པ་ གཞན་ལ་མོས་པ་མེད་པར་སེམས་ཅན་གྱི་ཁམས་ཡོངས་སུ་བསྐྱབ་པའི་ཕྱིར། ཚངས་པའི་རྣམ་པར་སྤྱོད་པ་རྒྱ་ཆེན་པོས་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་སྙིང་དང༌། ལྟ་ བའི་མཚན་མས་ཁམས་གསུམ་ལ་མངོན་པར་ཆགས་པ་མེད་པར་བྱ་བའི་ཕྱིར། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་ པའི་སྙིང་དང༌། སེམས་ཅན་ཐམས་ཅད་བདུད་དུ་གྱུར་པའི་སྒོས་བདུད་ཐམས་ཅད་འོངས་པར་གྱུར་ཀྱང༌། སྤུ་གཅིག་ཀྱང་མི་གཡོ་བས་དཔལ་གྱི་བེའུས་བརྒྱན་ཅིང༌། རྡོ་རྗེའི་ ཁམས་ལྟར་སྲ་ཞིང་བརྟན་པའི་སྙིང་པོ་དམ་པ་དང་ལྡན་པའི་སྙིང་ངོ༌། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བ་ཆེན་པོའི་སྙིང་པོ་དང་ལྡན་པའི་སྙིང་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས་།བཅུ་ པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆ་སྟེ། བཅུ་གང་ཞེ་ན། འདི་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་བྱམས་པ་ཆེན་པོའི་གོ་ཆ་དང༌། མི་དགའ་ བ་ཐམས་ཅད་བཟོད་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་གོ་ཆ་དང༌། བརྩམ་པ་ཐམས་ཅད་མཐར་ཕྱིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་གོ་ཆ་དང༌། སངས་རྒྱས་ཐམས་ཅད་ཀྱི་རྒྱུན་ འབྱུང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བའི་གོ་ཆ་དང༌། འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བྱ་བའི་ཕྱིར་བསོད་ནམས་ཀྱི་གོ་ཆ་དང༌། འགྲོ་བ་ཐམས་ཅད་བསྒྲལ་པའི་ཕྱིར་ཕ་རོལ་ཏུ་ ཕྱིན་པའི་གོ་ཆ་དང༌། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་མུན་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་གོ་ཆ་དང༌། སྒོ་ཀུན་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པའི་ ཕྱིར་ཐབས་མཁས་པའི་གོ་ཆ་དང༌། ཐེག་པ་གཞན་ལ་མོས་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བརྟན་ཞིང་འཁྲུག་པ་མེད་པའི་གོ་ཆ་དང༌། ཆོས་ཀྱི་རློམ་ ༄༅། །སེམས་མེད་པས་གཅིག་ཏུ་ངེས་པའི་གོ་ཆའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆ་སྟེ། དེ་དག་ལ་གནས་ ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་སྡེ་ཐམས་ཅད་སྤ་བཀོང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མཚོན་ཆ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེར་སྣའི་སྐྱོན་རབ་ཏུ་གཞོམ་པའི་ཕྱིར། གཏོང་བའི་མཚོན་ཆ་དང༌། ཚུལ་ཁྲིམས་ངན་པ་ཐམས་ ཅད་བསལ་བའི་ཕྱིར། ཚུལ་ཁྲིམས་ཀྱི་མཚོན་ཆ་དང༌། རྣམ་པར་རྟོག་པ་ཐམས་ཅད་བསལ་བའི་ཕྱིར། ཆོས་མཉམ་པ་ཉིད་ཀྱི་མཚོན་ཆ་དང༌། འགྲོ་བ་ཐམས་ཅད་ཀྱི་ ཉོན་མོངས་པ་ཡོངས་སུ་གཅད་པའི་ཕྱིར། ཤེས་རབ་དང་ཡེ་ཤེས་ཀྱི་མཚོན་ཆ་དང༌། འཚོ་བ་ཐམས་ཅད་ལ་ཁ་ན་མ་ཐོ་བ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་འཚོ་བའི་ མཚོན་ཆ་དང༌། སྒོ་ཐམས་ཅད་ཡོངས་སུ་བསྟན་པའི་ཕྱིར། ཐབས་མཁས་པའི་མཚོན་ཆ་དང༌། ཉོན་མོངས་པའི་སྒོ་ནས་སེམས་ཅན་བཟློག་པའི་ཕྱིར། འདོད་ཆགས་དང༌། ཞེ་ སྡང་དང༌། གཏི་མུག་དང༌། མདོར་བསྡུ་ན། ཉོན་མོངས་པ་ཐམས་ཅད་ཀྱི་མཚོན་ཆ་དང༌། སྤྱོད་པ་རྒྱུན་མི་འཆད་པས་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འཁོར་བའི་མཚོན་ཆ་དང༌། མངོན་པར་ཞེན་པ་ཐམས་ཅད་རབ་ཏུ་བསལ་བའི་ཕྱིར། ཆོས་ཚུལ་གཅིག་པ་བསྟན་པའི་མཚོན་ཆ་དང༌། སྤྱོད་པའི་སྒོ་ལས་ཕྱིར་ཕྱོགས་སུ་མི་ལྟ་བའི་ ཕྱིར༑ ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚོན་ཆའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚོན་ཆ་སྟེ། མཚོན་ཆ་དེ་དག་གིས་བྱང་ཆུབ་སེམས་ དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་སེམས་དང༌། བསམ་པ་ལ་ཡུན་རིང་པོའི་ཉེ་བར་ཉོན་མོངས་པ་དང༌། བག་ལ་ཉལ་བ་ཡོད་པ་ཐམས་ཅད་རབ་ཏུ་འཇོམས་པ་དག་གོ ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྤྱི་གཙུག་བལྟར་མི་སྣང་བའི་ཕྱིར། མྱ་ངན་ལས་འདས་པའི་མགོ་དང༌། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདུད་པར་བྱ་བའི་ཕྱིར། བླ་མ་ལ་འདུད་པའི་མགོ་དང༌། སྟོང་གསུམ་ཐམས་ཅད་ཀྱི་བདག་པོར་འགྱུར་བར་བྱ་བའི་ཕྱིར། མོས་པ་ཡངས་ པའི་མགོ་དང༌། ཁམས་གསུམ་གྱིས་མཆོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བའི་མགོ་དང༌། གཙུག་ཏོར་དང་ལྡན་པའི་སྤྱི་བོ་འཐོབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་མགོ་དང༌། ཐམས་ཅད་དུ་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར། གཞན་གྱི་ལྟུང་བ་ལ་བརྙས་པ་མེད་པའི་མགོ་དང༌། སྤྱི་བོ་ལ་གནས་ ༄༅། །པའི་ཆོས་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མགོ་དང༌། སེམས་ཅན་ཐམས་ཅད་ཀྱི་མགོ་མཉམ་པར་ཡོངས་སུ་བསྟན་པའི་ ཕྱིར༑ ཡེ་ཤེས་དང་ཐབས་སུ་ལྡན་པའི་མགོ་དང༌། འགྲོ་བ་ཐམས་ཅད་སློབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་མགོ་དང༌། དཀོན་ མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་བསྡུ་བའི་མགོའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་སྤྱི་བོར་གྱུར་པ་བླ་ན་མེད་ པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་སྟེ། བཅུ་གང་ཞེ་ན། འདི་ལྟར་གཟུགས་ཐམས་ཅད་ བལྟ་བའི་ཕྱིར་ཤའི་མིག་དང༌། སེམས་ཅན་ཐམས་ཅད་བལྟ་བའི་ཕྱིར་ལྷའི་མིག་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཡུལ་བལྟ་བའི་ཕྱིར་ཤེས་རབ་ཀྱི་མིག་ དང༌། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བའི་ཕྱིར། ཆོས་ཀྱི་མིག་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་བལྟ་བའི་ཕྱིར་སངས་རྒྱས་ཀྱི་མིག་ དང༌། ཆོས་ཡོངས་སུ་ཤེས་པ་བལྟ་བའི་ཕྱིར། ཡེ་ཤེས་ཀྱི་མིག་དང༌། སངས་རྒྱས་ཀྱི་མཐུའི་འོད་སྣང་བ་བལྟ་བའི་ཕྱིར་སྣང་བའི་མིག་དང༌། མྱ་ངན་ལས་འདའ་བར་བྱ་བའི་ ཕྱིར༑ མངོན་པར་བསྒྲུབ་པའི་མིག་དང༌། བསྒྲིབས་པ་མེད་པར་བྱ་བའི་ཕྱིར། ཆགས་པ་མེད་པའི་མིག་དང༌། ཆོས་ཀྱི་དབྱིངས་སྒོ་ཐམས་ཅད་ནས་བལྟ་བའི་ཕྱིར། ཐམས་ཅད་ མཁྱེན་པའི་མིག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་སྟེ། མིག་དེ་དག་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་ཡེ་ཤེས་ཆེན་པོའི་སྤྱན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་སྟེ། བཅུ་གང་ ཞེ་ན༑ འདི་ལྟར་བསྔགས་པ་ཐོས་ན་དགའ་བ་སྤོང་བ་དང༌། མི་སྙན་ཐོས་ན་ཁོང་ཁྲོ་བ་སྤོང་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གཏམ་ཐོས་ན་འདོད་པ་མེད་ཅིང་མི་སྨོན་ པ་དང༌། བྱང་ཆུབ་སེམས་དཔའ་འབྱུང་བའི་གཏམ་ཐོས་ན་དགའ་བ་དང༌། མོས་པ་དང༌། སྤྲོ་བ་ཆེན་པོ་སྐྱེ་བ་དང༌། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་དང༌། ལྷ་མ་ཡིན་དང༌། མི་ཁོམ་པ་དང༌། དབུལ་པོར་སྐྱེས་པ་ཐོས་ན་སྙིང་རྗེ་ཆེན་པོའི་གོ་གྱོན་པ་དང༌། ལྷ་དང་མིའི་རྒྱུད་ཀྱི་བྱེ་བྲག་ཐོས་ ༄༅། །ན་རྟག་ཏུ་ཆོས་ལ་གཟུད་པའི་བློར་འགྱུར་བ་དང༌། སངས་རྒྱས་ཀྱི་ཡོན་ཏན་དང་བསྔགས་པ་ཐོས་ན་དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་རྫོགས་ པར་བྱ་བའི་བརྩོན་འགྲུས་དང་ཕ་རོལ་ཏུ་ཕྱིན་པ་དང༌། བསྡུ་བའི་དངོས་པོ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གཏམ་ཐོས་ན་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བ་དང༌། ཀྱེ་རྒྱལ་ བའི་སྲས། བྱང་ཆུབ་སེམས་དཔའི་རྣ་བའི་དབང་པོ་ལ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བསྒྲགས་པའི་སྒྲ་ཐམས་ཅད་ཀྱང་གྲག་ཅིང་ཐོས་པར་འགྱུར་ཏེ། སྒྲ་ཐམས་ ཅད་སྒྲ་བརྙན་ལྟ་བུར་བརྗོད་དུ་མེད་པའི་དོན་དུ་ཁོང་དུ་ཆུད་ཅིང་ཤེས་པ་དང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྣ་བ་མཉམ་པར་བཞག་པ་དང་ལྡན་ཏེ། ཐོག་མ་སེམས་བསྐྱེད་ནས་སྙིང་པོ་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་ལམ་དང་མི་གནས་ཀྱང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འདོར་བའོ། །ཀྱེ་རྒྱལ་བའི་ སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་ པོའི་སྙན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣ་སྟེ། བཅུ་གང་ཞེ་ན། འདི་ལྟར་མཐུན་ པའི་དྲི་ལ་མི་མཐུན་པར་གནས་པ་དང༌། མི་མཐུན་པའི་དྲི་ལ་མཐུན་པར་གནས་པ་དང༌། དྲི་མཐུན་པ་དང༌། མི་མཐུན་པ་ལ་མཉམ་པ་ཉིད་དུ་གནས་པ་དང༌། དྲི་མཐུན་པ་དང༌། མི་མཐུན་པ་མ་ཡིན་པ་ལ་བཏང་སྙོམས་སུ་གནས་པ་དང༌། གོས་དང༌། མལ་ཆ་དང༌། ཡན་ལག་དང༌། ཉིང་ལག་གི་དྲི་ལ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་གྱི་རྒྱུ་ཤེས་པར་གནས་པ་དང༌། གཏེར་ཆེན་པོ་དེ་དག་དང༌། རྩྭ་དང༌། གེལ་བ་དང༌། སྨན་དང༌། ནགས་ཚལ་ཇི་སྙེད་པ་དེ་དག་གི་དྲིས་ གཏེར་ཐམས་ཅད་མངོན་སུམ་དུ་ཤེས་པར་གནས་པ་དང༌། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཡན་ཆད། སྲིད་པའི་རྩེ་མོ་མན་ཆད་ལ་གནས་པའི་སེམས་ ཅན་རྣམས་ཀྱི་དྲི་ཚོར་བ་ཙམ་གྱིས་སྔོན་གྱི་སྤྱོད་པ་སྟོན་པར་གནས་པ་དང༌། ཉན་ཐོས་ཀྱི་ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་དང༌། ཤེས་རབ་ཀྱི་དྲི་ཚོར་བས་ཐམས་ཅད་ མཁྱེན་པ་ཉིད་ཀྱི་སེམས་མི་འཁྲུགས་པར་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དྲི་ཚོར་ཞིང༌། དེ་བཞིན་གཤེགས་པའི་ས་ལ་ཡང་དག་པར་གཞོལ་ བའི་ཡེ་ཤེས་ལ་གནས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དང༌། ཡེ་ཤེས་ཀྱི་དྲི་ཚོར་ཞིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པར་གནས་པའོ།། ༄༅། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དེ་བཞིན་གཤེགས་པའི་ཤངས་མཐའ་དང་དབུས་མེད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ལྕེ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གྱི་སྤྱོད་པ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ་དང༌། ཆོས་ཀྱི་ཚུལ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ་དང༌། སངས་རྒྱས་ཀྱི་ཡོན་ ཏན་དང་བསྔགས་པ་མི་ཟད་པ་རབ་ཏུ་སྟོན་པའི་ལྕེ་དང༌། ངེས་པའི་ཚིག་དང༌། སྤོབས་པ་མི་ཟད་པ་སྟོན་པའི་ལྕེ་དང༌། ཐེག་པ་ཆེན་པོའི་ཚོགས་མི་ཟད་པ་སྟོན་པའི་ལྕེ་དང༌། དེའི་ ལྕེ་དེ་ཕྱོགས་བཅུའི་ནམ་མཁའ་རྒྱས་པར་འགེངས་པ་དང༌། དེའི་ལྕེ་དེ་སེམས་ཅན་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང༌། དེའི་ལྕེ་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ འོད་ཀྱིས་སྣང་བར་བྱེད་པ་དང༌། དེའི་ལྕེ་དེ་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་ཅིང་ཕྱག་འཚལ་བ་དང༌། དེའི་ལྕེ་དེ་བདུད་དང༌། རྒོལ་བ་དང༌། ཉོན་མོངས་པ་དང༌། འཁོར་བ་ ཐམས་ཅད་འཇིག་ཅིང་མྱ་ངན་ལས་འདས་པའི་ལམ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྕེ་སྟེ། དེ་དག་ལ་གནས་ཤིང༌། བྱང་ ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ལྗགས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་ཁྱབ་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཏེ། བཅུ་གང་ཞེ་ན། འདི་ལྟར་མི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མིའི་ལུས་དང༌། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་ དང༑ གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་གདུལ་བའི་ཕྱིར་མི་མ་ཡིན་པའི་ལུས་དང༌། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པ་ན་སྤྱོད་པའི་སེམས་ ཅན་གདུལ་བའི་ཕྱིར་ལྷའི་ལུས་དང༌། སློབ་པའི་ས་བསྟན་པའི་ཕྱིར་སློབ་པའི་ལུས་དང༌། མི་སློབ་པའི་ས་བསྟན་པའི་ཕྱིར་མི་སློབ་པའི་ལུས་དང༌། རང་སངས་རྒྱས་ཀྱི་སར་གདུལ་བའི་ ཕྱིར་རང་སངས་རྒྱས་ཀྱི་ལུས་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་འབྱུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་དང༌། དབང་བསྐུར་བའི་ཡེ་ཤེས་འཐོབ་པར་བྱ་བའི་ཕྱིར་ དེ་བཞིན་གཤེགས་པའི་སྐུ་དང༌། མངོན་པར་བསྒྲུབས་པ་ལ་མཁས་པར་བྱ་བའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་ལུས་དང༌། ཟག་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་བྱ་བས་ལུས་ཐམས་ ཅད་ཡོངས་སུ་བསྟན་པའི་ཕྱིར་ཆོས་ཀྱི་ལུས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ ༄༅། །དཔའ་རྣམས་དེ་བཞིན་གཤེགས་པའི་སྐུ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡིད་རྣམ་པར་རྒྱུ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་རྩ་བ་ཐམས་ཅད་བརྩམ་པ་ལ་ཡིད་ནི་སྔོན་དུ་འགྲོའོ། །ནན་ཏན་ལྷུར་བླངས་པ་ལ་ཡིད་ནི་ གནས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཡིད་ནི་རྗེས་སུ་ཞུགས་པའོ། །སེམས་ཅན་རྣམས་ཀྱི་བསམ་པར་ཡིད་ནི་ཁོང་དུ་ཆུད་པའོ། །ཉོན་མོངས་པ་ཐམས་ཅད་དང་མ་ འདྲེས་པས་ཡིད་ནི་རྒྱུ་བ་མེད་པའོ། །གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། ཡིད་ནི་འོད་གསལ་བའོ། །དུས་ཇི་ལྟ་བའི་སྐད་ཅིག་ལས་ཀྱང་མི་འདའ་བའི་ ཕྱིར། ཡིད་ནི་དཔྱད་པ་ཤིན་ཏུ་བརྟགས་པའོ། །ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར། ཡིད་ནི་ལས་ཀྱི་མཐའ་ཤིན་ཏུ་དཔྱད་པའོ། །དབང་པོ་ཤིན་ཏུ་དུལ་བས་ཡུལ་ལ་ མི་རྒྱུག་པའི་ཕྱིར། ཡིད་ནི་དབང་པོ་རུང་བའོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་བདག་གིར་མི་བྱེད་པའི་ཕྱིར་ཡིད་ནི་ཤིན་ཏུ་མཉམ་པར་གཞོག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་རྣམ་པར་རྒྱུ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་རྒྱུ་ བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་འདོད་པས་ཆོས་ཉན་ དུ་འགྲོ་བ་དང༌། སེམས་ཅན་གྱི་དོན་དུ་ཆོས་སྟོན་དུ་འགྲོ་བ་དང༌། རང་གི་སེམས་ངེས་པར་རྟོགས་པས་འདོད་པ་མེད་པ་དང༌། སྡང་བ་མེད་པ་དང༌། གཏི་མུག་མེད་པ་དང༌། འཇིགས་ པ་མེད་པར་འགྲོ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཁམས་སུ་འགྲོ་བ་དང༌། མྱུར་དུ་ཕྱིར་ལྡོག་པར་བྱ་བས། གཟུགས་དང༌། གཟུགས་མེད་པའི་ སྙོམས་པ་འཇུག་པར་འགྲོ་བ་དང༌། ཤེས་རབ་མྱུར་བ་འཐོབ་པར་བྱ་བའི་ཕྱིར། དོན་དང་ཆོས་ཀྱི་རྒྱུད་དུ་འགྲོ་བ་དང༌། འདུལ་བའི་དབང་གིས་སྐྱེ་བ་ཐམས་ཅད་དུ་འགྲོ་བ་དང༌། དེ་ བཞིན་གཤེགས་པ་བལྟ་བ་དང༌། ཕྱག་བྱ་བ་དང༌། བསྙེན་བཀུར་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་ཤེས་པས་འགྲོ་བ་དང༌། འཁོར་བའི་རྒྱུད་ཀྱི་རྒྱུན་མི་གཅད་ པའི་ཕྱིར། མྱ་ངན་ལས་འདས་པའི་རྒྱུད་དུ་འགྲོ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བར་འགྲོ་བའོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་བཞུད་པ་དང༌། ༄༅། །གཤེགས་པ་དང༌། བྱོན་པ་མེད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་གནས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཉམས་པ་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ལ་གནས་པ་དང༌། ཚོགས་ཀྱིས་མི་ངོམས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ལ་གནས་ པ་དང༌། ཤེས་རབ་ཤིན་ཏུ་སྦྱངས་པའི་ཕྱིར། ཆོས་ཀྱི་གཏམ་ལ་གནས་པ་དང༌། བསམ་གཏན་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བས་མཐའ་དགོན་པ་ལ་གནས་ པ་དང༌། བྱ་བ་ཉུང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའི་སྦྱངས་པའི་ཡོན་ཏན་དང༌། ཆོག་ཤེས་པ་དང༌། འཕགས་པའི་རྒྱུད་ལ་གནས་པ་དང༌། ཆོས་ཀྱི་ བརྩོན་འགྲུས་རྗེས་སུ་འབྲང་བར་བྱ་བའི་ཕྱིར་ནན་ཏན་ལ་གནས་པ་དང༌། སངས་རྒྱས་ཀྱི་སྤྱོད་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བསྙེན་ བཀུར་བ་ལ་གནས་པ་དང༌། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མངོན་པར་ཤེས་པས་འབྱུང་བ་ལ་གནས་པ་དང༌། ལུང་བསྟན་པ་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར། བཟོད་པ་ཐོབ་པ་ལ་གནས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྙིང་པོ་བྱང་ཆུབ་ལ་གནས་པའོ། །ཀྱེ་ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་གནས་ བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་ལ་འདུག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བ་ བཅུའི་ལས་ཀྱི་ལམ་བསྒྲུབ་པའི་ཕྱིར། འཁོར་ལོས་བསྒྱུར་བའི་སྟན་ལ་འདུག་པ་དང༌། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་དབང་ཕྱུག་ལ་དགོད་པའི་ཕྱིར། འཇིག་རྟེན་ གྱི་མགོན་པོའི་སྟན་ལ་འདུག་པ་དང༌། འགྲོ་བ་ཐམས་ཅད་ཀྱི་དབང་པོར་འགྱུར་བའི་ཕྱིར། བརྒྱ་བྱིན་གྱི་སྟན་ལ་འདུག་པ་དང༌། རང་གི་སེམས་དང་གཞན་གྱི་སེམས་ལ་དབང་ བསྒྱུར་བའི་ཕྱིར། ཚངས་པའི་སྟན་ལ་འདུག་པ་དང༌། ཆོས་ཀྱི་སྟན་མ་ནོར་པར་བྱ་བའི་ཕྱིར། སེང་གེའི་སྟན་ལ་འཇུག་པ་དང༌། གཟུངས་དང་སྤོབས་པའི་སྟོབས་ཀྱིས་བརྗོད་པའི་ ཕྱིར༑ ཆོས་ཀྱི་སྟན་ལ་འདུག་པ་དང༌། དམ་བཅས་པ་མཐར་ཕྱིན་པར་བྱ་བའི་ཕྱིར། ཡི་དམ་ལ་བརྟན་པའི་སྟན་ལ་འདུག་པ་དང༌། གཤེ་བ་དང༌། སྡང་བ་ལ་བྱམས་པར་བྱ་བའི་ ཕྱིར༑ བྱམས་པ་ཆེན་པོའི་སྟན་ལ་འདུག་པ་དང༌། མི་དགའ་བ་ཐམས་ཅད་བཟོད་པར་བྱ་བས་མི་སྐྱོ་བར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོའི་སྟན་ལ་འདུག་པ་དང༌། ཕས་ཀྱི་རྒོལ་བ་དང༌། ༄༅། །བདུད་ཀྱི་སྡེ་ཐམས་ཅད་བཟློག་པའི་ཕྱིར། རྡོ་རྗེའི་སྟན་ལ་འདུག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་ལ་འདུག་ པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་གདན་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་ པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མལ་ཏེ། བཅུ་གང་ཞེ་ན། འདི་ལྟར་ལུས་དང་སེམས་དབེན་པར་བྱ་བའི་ཕྱིར། དབེན་པའི་མལ་དང༌། ཚུལ་བཞིན་གྱི་སྦྱོར་བ་སྒྲུབ་ པའི་ཕྱིར། ནང་དུ་ཡང་དག་པར་གཞོག་པའི་མལ་དང༌། ལུས་དང་སེམས་ལས་སུ་རུང་བར་བྱ་བའི་ཕྱིར། སྙོམས་པར་འཇུག་པའི་མལ་དང༌། གཞན་དང་བདག་ལ་གདུང་བ་མེད་ པར་བྱ་བའི་ཕྱིར། ཚངས་པའི་མལ་དང༌། ཕྱིས་འགྱོད་པ་མེད་པར་བྱ་བའི་ཕྱིར། ལེགས་པའི་ལས་ཀྱི་མལ་དང༌། ཕྱིས་ཁྲོ་བ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་ནན་ཏན་གྱི་ མལ་དང༌། དགེ་བའི་བཤེས་གཉེན་གྱིས་བསྐུལ་བར་བྱ་བའི་ཕྱིར། ལམ་ཀྱི་མལ་དང༌། ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར། ཤིན་ཏུ་མཉམ་པར་བཞག་པའི་མལ་དང༌། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར། དགོས་པ་ཐམས་ཅད་ཡོངས་སུ་སྒྲུབ་པའི་མལ་དང༌། སྔོན་ལས་ལེགས་པར་སྤྱད་པའི་ཕྱིར། ལྷུན་གྱིས་གྲུབ་པར་སྤྱོད་པའི་མལ་ལོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མལ་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཀྱི་གཟིམས་མལ་ ཆེན་པོར་རྣམ་པར་འཚང་རྒྱ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྤྱོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་བྱམས་པ་ཆེན་པོ་ལ་རྣམ་པར་སྤྱོད་པ་དང༌། མ་བསླབས་པ་ལ་བརྙས་པ་མེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ལ་རྣམ་པར་སྤྱོད་པ་ དང༑ མི་དགའ་བ་ཐམས་ཅད་བསལ་བའི་ཕྱིར། དགའ་བ་ཆེན་པོ་ལ་རྣམ་པར་སྤྱོད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་སུ་མཉམ་ཞིང་མཚུངས་པའི་ཕྱིར། བཏང་སྙོམས་ཆེན་པོ་ལ་རྣམ་ པར་སྤྱོད་པ་དང༌། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་རྣམ་པར་སྤྱོད་པ་དང༌། རབ་ཏུ་རྣམ་པར་དབྱེ་བ་ལ་མཁས་པས་རྣམ་པའི་མཆོག་ཐམས་ཅད་དང༌། ལྡན་པའི་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པ་དང༌། སྐྱོན་མེད་པ་ལ་ཐོགས་པ་མེད་པས་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པ་དང༌། ཆེད་དུ་བསམས་ཏེ་སྐྱེ་བ་འཛིན་པའི་ཕྱིར། སྨོན་ པ་མེད་པ་ལ་རྣམ་པར་སྤྱོད་པ་དང༌། བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དྲན་པ་དང༌། ཤེས་བཞིན་ལ་རྣམ་པར་སྤྱོད་པ་དང༌། ལུང་བསྟན་པ་འཐོབ་པར་བྱ་བའི་ཕྱིར་།ཆོས་ ༄༅། །ཐམས་ཅད་མཉམ་པ་ཉིད་ལ་རྣམ་པར་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་སྤྱོད་པ་དང༌། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཏེ། བཅུ་གང་ཞེ་ན། འདི་ལྟར་དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དྲན་པའི་སྤྱོད་ཡུལ་དང༌། ཆོས་ ཀྱི་ཚུལ་རྟོགས་པར་བྱ་བའི་ཕྱིར། རྟོགས་པའི་སྤྱོད་ཡུལ་དང༌། སངས་རྒྱས་ཐམས་ཅད་མཉེས་པར་བྱ་བའི་ཕྱིར། བློ་གྲོས་ཀྱི་སྤྱོད་ཡུལ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསྡུ་བའི་དངོས་པོའི་སྤྱོད་ཡུལ་དང༌། དགེ་ བའི་རྩ་བ་ཐམས་ཅད་དྲན་པའི་ཕྱིར། འཁོར་བའི་སྤྱོད་ཡུལ་དང༌། འདུ་འཛི་བསལ་ཞིང་སེམས་ཅན་མོས་པ་ཇི་ལྟ་བ་བཞིན་དུ་གདུལ་བའི་ཕྱིར། སེམས་ཅན་ཐམས་ཅད་ དང་འགྲོགས་པའི་སྤྱོད་ཡུལ་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མངོན་པར་ཤེས་པ་བསྐྱེད་པའི་སྤྱོད་ཡུལ་དང༌། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་གདགས་པའི་ཕྱིར། ཐབས་མཁས་པའི་སྤྱོད་ཡུལ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སངས་རྒྱས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱད་པ་ རྒྱུན་མི་གཅོད་པའི་ཕྱིར། སྙིང་པོ་བྱང་ཆུབ་ཀྱི་སྤྱོད་ཡུལ་ལོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ལ་གནས་ཤིང༌། བྱང་ ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ལྟ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཟུགས་ཤིན་ཏུ་ཕྲ་བ་བལྟ་བའི་ཕྱིར། ལས་ལེགས་པར་བྱས་པས་ལྟ་བ་དང༌། སེམས་ཅན་གྱི་གྲངས་ལ་མངོན་པར་ཆགས་པ་མེད་པར་ བྱ་བའི་ཕྱིར། ཤི་འཕོའི་རྒྱུད་ཤེས་པས་ལྟ་བ་དང༌། སེམས་ཅན་གྱི་དབང་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སེམས་ཅན་གྱི་དབང་པོ་ཤེས་པས་ལྟ་བ་དང༌། ཆོས་ཀྱི་དབྱིངས་ཐ་དད་དུ་མི་དབྱེ་ པའི་ཕྱིར། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྟ་བ་དང༌། སངས་རྒྱས་ཀྱི་སྤྱན་གསལ་བ་འཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་དུ་ལྟ་བ་དང༌། ཇི་ལྟར་གནས་ པའི་ཆོས་བསྟན་པའི་ཕྱིར་ཤེས་རབ་དང༌། ཡེ་ཤེས་ཐོབ་པས་ལྟ་བ་དང༌། སངས་རྒྱས་ཀྱི་ཆོས་ངེས་པར་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། མི་སྐྱེ་བའི་བཟོད་པ་འཐོབ་པས་ལྟ་བ་དང༌། འདུ་ ༄༅། །ཤེས་དང༌། ཉོན་མོངས་པ་ཐམས་ཅད་ཀྱི་ཁམས་གསུམ་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་རྣམ་པར་བཟློག་པའི་ཕྱིར། མི་ལྡོག་ པའི་ས་ལ་ལྟ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་ཡེ་ཤེས་མི་ཉམས་པ་ཡོངས་སུ་བསྟན་པའི་ཕྱིར། དབང་བསྐུར་བའི་ས་ལ་ལྟ་བ་དང༌། ཕྱོགས་ བཅུར་བྱ་བ་ཐམས་ཅད་བསྟན་པའི་ཕྱིར། བློ་ཤིན་ཏུ་རྣམ་པར་སངས་རྒྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ལྟ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོས་ལྟ་བ་བླ་ན་མེད་པ་འཐོབ་པར་ འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ལྟ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་མི་དགའ་བའི་སེམས་མེད་པས་ བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱ་བའི་ཕྱིར། སློང་བ་ལ་རྣམ་པར་ལྟ་བ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་དགོད་པའི་ཕྱིར། སེམས་ཅན་ཚུལ་ ཁྲིམས་ངན་པ་ཅན་ལ་རྣམ་པར་ལྟ་བ་དང༌། བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བཟོད་པ་ལ་རབ་ཏུ་དགོད་པའི་ཕྱིར། སེམས་ཅན་གནོད་སེམས་ཅན་ལ་རྣམ་པར་ལྟ་བ་ དང༑ མི་གཏོང་བ་ལ་བརྩོན་པས་ཐེག་པ་ཆེན་པོ་ལ་སེམས་ཅན་ཡང་དག་པར་དགོད་པའི་ཕྱིར། སེམས་ཅན་ལེ་ལོ་ཅན་ལ་རྣམ་པར་ལྟ་བ་དང༌། ཐམས་ཅད་མཁྱེན་པའི་ས་རྣམ་ པར་འཁྲུག་པ་མེད་པ་ལ་རབ་ཏུ་དགོད་པའི་ཕྱིར། སེམས་ཅན་སེམས་རྣམ་པར་འཁྲུག་པ་ཅན་ལ་རྣམ་པར་ལྟ་བ་དང༌། ཐེ་ཚོམ་མེད་པས་ལྟ་བ་དང༌། དམིགས་པ་ཐམས་ ཅད་རབ་ཏུ་བསལ་བའི་ཕྱིར། སེམས་ཅན་ཤེས་རབ་འཆལ་བ་ཅན་ལ་རྣམ་པར་ལྟ་བ་དང༌། ཇི་ལྟར་བསྟན་པའི་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པའི་ཕྱིར། དགེ་བའི་བཤེས་ གཉེན་ལ་དགེ་བར་རྣམ་པར་ལྟ་བ་དང༌། དོན་གྱི་མཆོག་ཉམས་སུ་མྱོང་བར་བྱ་བའི་ཕྱིར། ཇི་སྐད་དུ་ཐོས་པའི་ཆོས་ལ་ལྷག་མཐོང་གིས་རྣམ་པར་ལྟ་བ་དང༌། སྙིང་རྗེ་ཆེན་པོའི་ སྟོབས་མི་གཏང་བའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་ལ་རྣམ་པར་ལྟ་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ ཆོས་ཐམས་ཅད་ལ་རྣམ་པར་ལྟ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ལྟ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོས་རྣམ་པར་ལྟ་བ་བླ་ན་མེད་པར་ཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ ༄༅། །རྣམས་ཀྱི་རྣམ་པར་བསྒྱིངས་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་ དང༑ མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། ཁྱུ་མཆོག་གི་རྣམ་པར་བསྒྱིངས་པ་དང༌། ཤིན་ཏུ་དུལ་ཞིང་ཅང་ཤེས་པའི་སེམས་ ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར། གླང་པོའི་བསྒྱིངས་པ་དང༌། ཆོས་ཀྱི་སྤྲིན་ཆེན་པོ་ཤིན་ཏུ་འདུས་པ་ལས་རིག་པ་དང༌། རྣམ་པར་གྲོལ་བའི་གློག་ འགྱུ་ཞིང་ཡང་དག་པར་མ་ནོར་བར་འབྲུག་སྒྲ་ཆེན་པོ་བསྒྲགས་ཏེ། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བདུད་རྩིའི་ཆུའི་ཆོས་ཀྱི་ཆར་པ་མངོན་པར་དབབ་པའི་ཕྱིར། ཀླུའི་རྣམ་པར་བསྒྱིངས་པ་དང༌། མ་རིག་པའི་སྒོ་ངའི་སྦུབས་ དང༑ ལྕག་ལྕིག་གི་སྤྲི་བརྟོལ་ཏེ། སྲེད་པའི་ཆུ་ལྷག་མཐོང་གི་གཤོག་པས་ཕྱེ་སྟེ། སེམས་ཀྱི་སྤྲུལ་འདོད་པ་དང༌། འཁྲུག་པ་དང༌། ཉོན་མོངས་པའི་རྙོག་པ་ཅན་མངོན་ པར་བླང་ཞིང་དབྱུང་བའི་ཕྱིར། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རྣམ་པར་བསྒྱིངས་པ་དང༌། འཇིགས་པ་དང༌། བག་ཚ་བ་ཐམས་ཅད་མེད་ཅིང༌། ཡེ་ཤེས་ཆེན་ པོ་མཉམ་པ་ཉིད་ཀྱི་སྡེར་མོས་ངན་པར་ཚོགས་པའི་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་གཞོམ་པའི་ཕྱིར། སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པ་དང༌། འདོད་པ་དང༌། འཁྲུག་ པ་དང༌། ཉོན་མོངས་པའི་རྙོག་པའི་དགྲ་གནོད་པར་སེམས་པ། གདུལ་དཀའ་བ་ཐམས་ཅད་དབུས་ནས་གཞོམ་པའི་ཕྱིར། དཔའ་བོའི་རྣམ་པར་བསྒྱིངས་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་རབ་ཏུ་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡང་དག་པར་བསྟན་པའི་ ཕྱིར༑ ཡེ་ཤེས་ཀྱི་རྣམ་པར་བསྒྱིངས་པ་དང༌། དྲན་པ་དང༌། བློ་གྲོས་དང༌། རྟོགས་པས་ཐོས་པ་ཐམས་ཅད་ཡོངས་སུ་བཟུང་སྟེ། མི་བརྗེད་པར་བཞག་པས། སེམས་ཅན་ གཞན་གྱི་དབང་པོའི་རྒྱུད་དུ་ཕྱིན་པར་བྱ་བའི་ཕྱིར། གཟུངས་ཀྱི་རྣམ་པར་བསྒྱིངས་པ་དང༌། མྱུར་ཞིང་མགྱོགས་ལ་དག་ཅིང་ཐོགས་པ་མེད་པ་དང༌། ཆགས་པ་མེད་པར་ཚིག་ ཐམས་ཅད་རབ་ཏུ་ཕྱེ་སྟེ་བསྟན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཅིང༌། དོན་ཡོད་ལ་རྨོངས་པ་མེད་པའི་སྤོབས་པ་དང་ལྡན་པས་སྤོབས་པའི་རྣམ་པར་བསྒྱིངས་ པ་དང༌། སེང་གེའི་ཁྲི་དམ་པའི་སྟེང་དུ་ཕྱིན་སྟེ། བདུད་ཀྱི་རྒོལ་བ་ཐམས་ཅད་བཅོམ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྒྱས་པའི་ཕྱིར། སེམས་ ༄༅། །ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཐོང་བར་བྱ་བ་དེ་ཐམས་ཅད་དུ། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་འཚང་རྒྱ་བས་སངས་རྒྱས་ཀྱི་རྣམ་པར་བསྒྱིངས་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་བསྒྱིངས་པ་སྟེ། དེ་དག་ལ་གནས་ ཤིང༑ བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་རྣམ་པར་བསྒྱིངས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་ འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེང་གེའི་ང་རོ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་ཀྱི་སེང་གེའི་ང་རོ་ ཆེན་པོ་དང༌། མ་བརྒལ་བ་བརྒལ་བར་བྱའོ། །མ་གྲོལ་བ་དགྲོལ་བར་བྱའོ། །དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་སེམས་ཅན་ལ་སྙིང་རྗེ་བའི་སེང་གེའི་ང་རོ་ཆེན་པོ་དང༌། སངས་རྒྱས་ཀྱི་གདུང་དང༌། ཆོས་ཀྱི་གདུང་དང༌། དགེ་འདུན་གྱི་ གདུང་མི་གཅད་དོ། །ཞེས་དེ་བཞིན་གཤེགས་པས་མཛད་པ་བཟོ་བའི་སེང་གེའི་ང་རོ་ཆེན་པོ་དང༌། ཞིང་ཐམས་ཅད་ཡོངས་སུ་དག་པར་བྱའོ་ཞེས་དམ་བཅས་པ་ལ་ བརྟན་ཞིང༌། ཁ་འོག་ཏུ་ལུས་འཁྲུས་པའི་སེང་གེའི་ང་རོ་ཆེན་པོ་དང༌། ངན་སོང་དང༌། མི་ཁོམ་པ་ཐམས་ཅད་བསྒོམ་པར་བྱའོ་ཞེས་རང་གི་ལུས་ཡོངས་སུ་དག་པའི་སེང་ གེའི་ང་རོ་ཆེན་པོ་དང༌། སངས་རྒྱས་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྒྱན་དང༌། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བསོད་ནམས་ཀྱི་ཚོགས་ ཡོངས་སུ་བཙལ་བས་མི་ངོམས་པའི་སེང་གེའི་ང་རོ་ཆེན་པོ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་ བས་མི་ངོམས་པའི་སེང་གེའི་ང་རོ་ཆེན་པོ་དང༌། བདུད་དང་བདུད་ཀྱི་ལས་ཐམས་ཅད་རབ་ཏུ་གཞོམ་པར་བྱའོ་ཞེས་ཡང་དག་པའི་ནན་ཏན་དང༌། ཉོན་མོངས་པ་མེད་པའི་སེང་གེའི་ང་ རོ་ཆེན་པོ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པས་ནམ་ མཁའི་དབྱིངས་དྲི་མ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཤེས་པར་བྱའོ་ཞེས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་བྱ་བའི་སེང་གེའི་ང་རོ་ཆེན་པོ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ ཡང་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་པར་གྱུར་པའི་ཚེ། སངས་རྒྱས་ཀྱི་ཞིང་གཙང་ཞིང་དྲི་མ་མེད་ལ་འོད་གསལ་བའི་རྒྱན་དང་ལྡན་པ་ཐམས་ཅད་བསྐྱེད་དོ། བརྒྱ་བྱིན་ ༄༅། །དང༑ ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་རིགས་སུ་བྱུང་སྟེ། ཡེ་ཤེས་ཆེན་པོ་ཆགས་པ་མེད་པས་རྣམ་པར་ ལྟ་བའི་བློའི་མིག་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ནང་ནས་བདག་བླ་ན་མེད་པར་མཐོང་སྟེ། ས་ཆེན་པོས་ཡོངས་སུ་མ་བཟུང་བར་གོམ་པ་བདུན་དུ་འགྲོ་ཞིང་སེང་གེའི་ང་ རོ་ཆེན་པོ་སྒྲོག་སྟེ། བདག་ནི་འཇིག་རྟེན་ན་མཆོག་ཏུ་གྱུར་པ། བདག་ནི་འཇིག་རྟེན་ན་གཙོ་བོར་གྱུར་པ་ཡིན་གྱི། སྐྱེ་ཞིང་འཆི་བ་མཐར་དབྱུང་བར་བྱའོ་ཞེས་ཇི་སྐད་དུ་སྨྲས་པ་དེ་ ལྟར་བྱེད་པའི་སེང་གེའི་ང་རོ་ཆེན་པོའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེང་གེའི་ང་རོ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་ སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སེང་གེའི་ང་རོ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ལ་མི་མཉམ་པ་མེད་པའི་ཕྱིར། སེམས་སྙོམས་པའི་སྦྱིན་པ་དང༌། བསམ་པ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བསམ་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པའི་སྦྱིན་པ་དང༌། ཕན་པའི་དངོས་པོ་ཡོངས་སུ་མ་ཉམས་པའི་ཕྱིར། འཁྲུག་པ་མེད་པའི་ སྦྱིན་པ་དང༌། གང་ཟག་རབ་དང༌། ཐ་མ་ཤེས་པའི་ཕྱིར་ཅི་རིགས་སུ་སྦྱིན་པ་དང༌། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་ཕྱིར། ཡེ་བརྔམ་པ་མེད་པའི་སྦྱིན་པ་དང༌། སེམས་ཀྱིས་འཛིན་པ་ ཐམས་ཅད་སྤོང་བའི་ཕྱིར། ཡོངས་སུ་གཏང་བ་ཤིན་ཏུ་གཏོང་བའི་སྦྱིན་པ་དང༌། མ་བཏང་བ་གཏོང་བས་དག་པར་བྱ་བའི་ཕྱིར། ཕྱི་ནང་གི་དངོས་པོ་ལ་ཕངས་པ་མེད་པར་ཡོངས་སུ་ གཏོང་བའི་སྦྱིན་པ་དང༌། འདུས་བྱས་དང་འདུས་མ་བྱས་ཡོངས་སུ་སྤང་བའི་ཕྱིར། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་དང༌། སྙིང་པོ་བྱང་ཆུབ་ཀྱི་བར་དུ་རྗེས་སུ་གཞོལ་བར་བྱ་ བའི་ཕྱིར། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱ་བའི་སྦྱིན་པ་དང༌། སྦྱིན་བདག་དང༌། ལེན་པ་དང༌། སྦྱིན་པ་ནམ་མཁའ་དང་མཚུངས་པར་ཡིད་ལ་བྱེད་པའི་ཕྱིར། འཁོར་གསུམ་ ཡོངས་སུ་དག་པའི་སྦྱིན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་ རྣམས་དེ་བཞིན་གཤེགས་པའི་གཏོང་བ་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྡོམ་པ་གསུམ་ཡོངས་སུ་བསྲུང་བའི་ཕྱིར། ལུས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང༌། ངག་གི་ཉེས་པ་བཞི་ཡོངས་ ༄༅། །སུ་སྤང་བའི་ཕྱིར། ངག་ཡོངས་སུ་དག་པའི་ཚུལ་ཁྲིམས་དང༌། ཆགས་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ཡོངས་སུ་སྤང་བའི་ ཕྱིར༑ སེམས་ཡོངས་སུ་དག་པའི་ཚུལ་ཁྲིམས་དང༌། ལྷ་དང་མི་ཐམས་ཅད་ཀྱི་བདག་པོ་བྱེད་དུ་གཞུག་པའི་ཕྱིར། བསླབ་པ་ཐམས་ཅད་གོད་པ་མེད་པའི་ཚུལ་ཁྲིམས་དང༌། ཉི་ཚེ་བའི་ཐེག་པ་ལ་འདོད་པ་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བས་དག་པའི་ཚུལ་ཁྲིམས་དང༌། ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བའི་ ཕྱིར༑ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པའི་ཆོ་ག་དང་བསླབ་པའི་གནས་མ་གོད་ཅིང་དག་པའི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ཅད་ལྟུང་བ་ལས་བསླང་ བའི་ཕྱིར། འདུལ་བས་དབེན་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་ཐམས་ཅད་ཀྱི་ཡི་དམ་བརྟན་པའི་ཕྱིར་སྡིག་པ་ཐམས་ཅད་མི་བྱེད་པས་དག་པའི་ཚུལ་ཁྲིམས་དང༌། རློམ་ སེམས་མེད་པར་བྱ་བའི་ཕྱིར་དམིགས་པའི་ལྟ་བ་ཐམས་ཅད་ཡོངས་སུ་སྤང་བའི་ཚུལ་ཁྲིམས་དང༌། སྙིང་རྗེ་ཆེན་པོའི་སྟོབས་མངོན་པར་བསྒྲུབ་པའི་ཕྱིར། འགྲོ་བ་ཐམས་ ཅད་རྗེས་སུ་བསྲུང་བས་དག་པའི་ཚུལ་ཁྲིམས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པ་སྟེ། དེ་དག་ལ་ གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་ཅིང་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་ སྲས༑ བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་གཞན་གྱི་ཡིད་དང་མི་འགལ་བར་བྱ་བའི་ཕྱིར། གཞན་གྱིས་མི་སྙན་པར་བརྗོད་པ་དང༌། ངན་པར་འོས་པའི་ཚིག་གི་ལམ་རྣ་ལ་གཟོན་པའི་བཟོད་པ་ཡོངས་སུ་དག་པ་དང༌། བདག་དང་གཞན་བསྲུང་བའི་ཕྱིར། རྡོ་དང༌། དབྱུག་པ་ དང༑ མཚོན་ཆ་དང༌། ལག་ཆ་ཐམས་ཅད་བག་ལ་ཞ་བར་བྱ་བའི་བཟོད་པ་ཡོངས་སུ་དག་པ་དང༌། རང་བཞིན་གྱིས་མི་འཁྲུགས་པའི་ཕྱིར། ཐ་བ་དང༌། ཁྲོ་བ་དང༌། གནོད་སེམས་ ཐམས་ཅད་ཀྱིས་མི་གོས་པའི་བཟོད་པ་ཡོངས་སུ་དག་པ་དང༌། དཔོན་དུ་གྱུར་པས་བག་ལ་ཞ་བར་བྱ་བའི་ཕྱིར་སེམས་ཅན་དམའ་བ་ལ་མི་འཁྲུག་པའི་བཟོད་པ་ཡོངས་སུ་དག་པ་དང༌། བདག་གི་ལུས་དང་སྲོག་ཡོངས་སུ་གཏོང་བའི་ཕྱིར། སྐྱབས་ཚོལ་བ་བསྐྱབ་པའི་བཟོད་པ་ཡོངས་སུ་དག་པ་དང༌། མ་བསླབས་པ་ཐམས་ཅད་ལ་མི་བརྙས་པའི་ཕྱིར། བདག་ གི་ང་རྒྱལ་ཡོངས་སུ་སྤོང་བའི་བཟོད་པ་དང༌། སྒྱུ་མའི་རྣམ་པ་ལྟ་བུར་རབ་ཏུ་རྟོགས་པའི་ཕྱིར། ལུས་ཡན་ལག་སོ་སོར་ཕྲལ་ཏེ་གཏུབས་ཀྱང་མི་འཁྲུག་པའི་བཟོད་པ་ཡོངས་སུ་ ༄༅། །དག་པ་དང༌། བདག་དང་གཞན་གྱི་འདུ་ཤེས་དང་བྲལ་བའི་ཕྱིར། གནོད་པར་བྱས་པ་ཐམས་ཅད་ལ་ཞེ་མི་སྡང་བའི་སེམས་ཀྱི་བཟོད་པ་ ཡོངས་སུ་དག་པ་དང༌། ཡུལ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར། ཉོན་མོངས་པ་དང་མི་མཐུན་པའི་བཟོད་པ་ཡོངས་སུ་དག་པ་དང༌། ཆོས་ཐམས་ཅད་ཟད་ཅིང་མི་སྐྱེ་བ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་གཞན་གྱི་དྲིང་མི་འཇོག་པར་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཚུལ་དང་མཐུན་པའི་བཟོད་པ་ ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་ རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟོད་པ་ལ་གཞན་གྱི་དྲིང་མི་འཇོག་པར་འཇུག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སློབ་དཔོན་དང༌། བླ་མ་དང༌། སྦྱིན་ པའི་གནས་ཐམས་ཅད་ལ་ལྡང་ཞིང་བསྙེན་བཀུར་དང༌། རིམ་གྲོ་བྱ་བ་ལས་མི་ལྡོག་པའི་ཕྱིར། ལུས་ཀྱིས་བརྩམས་པ་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་མཉན་པ་དང༌། དྲན་པར་བྱ་བ་དང༌། གཟུང་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང༌། བསྔགས་པ་རབ་ཏུ་བརྗོད་པ་དང༌། ཇི་སྐད་ དུ་ཐོས་པའི་ཆོས་རྣམས་སེམས་ཅན་ཐམས་ཅད་ལ་སྟོན་པས་མི་སྐྱོ་བའི་ཕྱིར། ངག་གིས་བརྩམས་པ་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཅིང་ལྡང་བ་ལ་མཁས་པ་ལས་མི་ལྡོག་པའི་ཕྱིར། སེམས་ ཀྱིས་བརྩམས་པ་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། གཡོ་དང་སྒྱུ་མེད་པ་དང༌། རང་བཞིན་གྱིས་དྲང་ཞིང་འཆོས་པ་མེད་དེ། སྦྱོར་བའི་བརྩམས་པ་ཐམས་ཅད་ལས་མི་ལྡོག་པའི་ ཕྱིར༑ བསམ་པ་ཞུམ་པ་མེད་པས་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། རྟག་ཏུ་རྒྱུན་མི་འཆད་པར་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་ཞིང་མངོན་སུམ་གྱི་ཡེ་ཤེས་ཀྱི་སྣང་བས་། དགེ་བའི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར། ལྷག་པའི་བསམ་པ་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། སྦྱིན་པ་དང༌། དུལ་བ་དང༌། སྡོམ་པ་དང༌། དེས་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་པ་དང༌། བག་ཡོད་པས་ཤིན་ཏུ་བཟུང་ཞིང་ཐོགས་པ་མེད་པར་སྙིང་པོ་བྱང་ཆུབ་ཏུ་འགྲོ་བའི་ཕྱིར། ཐོགས་པ་མེད་ཅིང་དོན་ཡོད་པས་ཡོངས་ ༄༅། །སུ་དག་པའི་བརྩོན་འགྲུས་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། འདོད་པའི་འཁྲུག་པ་དང༌། ཉོན་མོངས་པ་དང༌། ལྟ་བ་དང༌། ཀུན་ནས་བསྐོར་ བ་དང༌། སྒྲིབ་པ་དང༌། བར་དུ་གཅོད་པ་ཡོངས་སུ་ཆད་པའི་ཕྱིར། བདུད་ཀྱི་དགྲ་ཐམས་ཅད་དང་བྲལ་བས་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། ཤེས་པ་དང༌། རབ་ཏུ་ཤེས་པ་དང༌། ཤིན་ཏུ་ཁོང་དུ་ཆུད་པ་དང༌། ལེགས་པར་བྱས་པས། འགྱོད་པ་མེད་པར་བརྩམས་པ་ཐམས་ཅད་མཐར་ཕྱིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རབ་ཏུ་ཐོབ་པར་བྱ་བའི་ ཕྱིར༑ ཡེ་ཤེས་སྣང་བ་ཡོངས་སུ་བསྒྲུབས་པས་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། སེམས་ཀྱི་འཛིན་པ་དང༌། ཡོངས་སུ་འཛིན་པ་ཐམས་ཅད་སྤང་བས་ལུས་དང༌། ངག་དང༌། སེམས་ཀྱིས་བརྩམས་པ་མཚན་མ་དང༌། མཚན་མ་མེད་པ་མཉམ་པས་སྒོ་ཀུན་དང་ལྡན་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་ཤིང་ཇི་ལྟ་བ་བཞིན་དུ་ཤེས་པས་ཁོང་དུ་ཆུད་པའི་ ཕྱིར༑ བླང་བ་མེད་པ་དང༌། དོར་བ་མེད་པས་ཡོངས་སུ་དག་པའི་བརྩོན་འགྲུས་དང༌། ས་དང་ས་མ་ཡིན་པ་ལས་ཡང་དག་པར་འདས་ཏེ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་ བ་ཡང་དག་པར་མནོད་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཟག་པ་མེད་པ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། འབྱུང་བ་དང༌། རྣམ་པར་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ཡོངས་སུ་བསྟན་པ་དང༌། ཀུན་ཏུ་བཟང་པོའི་རྣམ་པ་ཡོངས་སུ་རྫོགས་པའི་ཕྱིར། ཆོས་ཀྱི་སྣང་བ་ཡོངས་སུ་རྫོགས་པས་ཡོངས་སུ་ དག་པའི་བརྩོན་འགྲུས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ དཔའ་རྣམས་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཆེན་པོ་བླ་ན་མེད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དག་གོ།། །།བམ་པོ་བརྒྱད་ཅུ་གསུམ་པ། ཀྱེ་རྒྱལ་ བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཡོངས་སུ་གཟུང་བ་ཐམས་ཅད་ལས་འབྱུང་བའི་ ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་རབ་ཏུ་འབྱུང་བས། མངོན་པར་འབྱུང་བའི་སེམས་ཀྱི་བསམ་གཏན་ཡོངས་སུ་དག་པ་དང༌། ལམ་བསྟན་པའི་ཕྱིར། དགེ་བའི་བཤེས་གཉེན་ ཚུལ་དང་འདྲ་བ་རྙེད་པའི་བསམ་གཏན་ཡོངས་སུ་དག་པ་དང༌། བདག་གི་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཕྱིར། བས་མཐའི་དགོན་པའི་གནས་དང༌། ནགས་ཚལ་ན་གནས་ པའི་བསམ་གཏན་ཡོངས་སུ་དག་པ་དང༌། དབེན་པ་ལ་མོས་པས་དགའ་བའི་ཕྱིར། འདུ་འཛི་སྤོང་ཞིང་སེམས་ཅན་མི་གཏོང་བའི་བསམ་གཏན་ཡོངས་སུ་དག་པ་དང༌། དབང་པོའི་ ༄༅། །སྒོ་བསྡམ་པའི་ཕྱིར་སེམས་དུལ་ཞིང་ལས་སུ་རུང་བའི་བསམ་གཏན་ཡོངས་སུ་དག་པ་དང༌། སྒྲའི་ཚེར་མ་ཐམས་ཅད་ཀྱིས་བསམ་གཏན་ལ་སྒྲིབ་པ་མེད་པའི་ ཕྱིར༑ རང་གི་ཡེ་ཤེས་ཉེ་བར་ཞི་བའི་བསམ་གཏན་ཡོངས་སུ་དག་པ་དང༌། རབ་ཏུ་དབྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པས་ལམ་དང་བྱང་ཆུབ་ཀྱི་ཡན་ལག་ལ་སྦྱོར་བའི་བསམ་ གཏན་ཡོངས་སུ་དག་པ་དང༌། ད་དུང་འདོད་པའི་ཁམས་སུ་དམིགས་པའི་ཕྱིར། བསམ་གཏན་གྱི་རོ་མི་མྱང་བའི་ཐབས་ལས་རྣམ་པར་མི་ལྡོག་པའི་བསམ་གཏན་ཡོངས་སུ་དག་ པ་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། མངོན་པར་ཤེས་པ་དང༌། རིག་པ་བསྐྱེད་པའི་བསམ་གཏན་ཡོངས་སུ་དག་པ་དང༌། སངས་རྒྱས་ཀྱི་ ཏིང་ངེ་འཛིན་བདག་གིར་བྱ་བ་མེད་པ་དང་ལྡན་པའི་ཕྱིར། མངོན་པར་འདུ་མི་འབྱེད་པ་ལ་མངོན་པར་ཕྱོགས་ཤིང་རྣམ་པར་རྩེ་བའི་བསམ་གཏན་ཡོངས་སུ་དག་པའོ། །ཀྱེ་རྒྱལ་ བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་ པའི་བསམ་གཏན་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་ དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་འབྲས་བུ་ཆུད་མི་ཟ་བའི་ཚུལ་གྱིས་རྒྱུ་རབ་ཏུ་ཤེས་པའི་ཤེས་རབ་ཡོངས་སུ་དག་པ་དང༌། ཚོགས་པ་དང་མི་འགལ་བའི་ཕྱིར་རྐྱེན་ཐམས་ཅད་ལ་འཇུག་ པའི་ཤེས་རབ་ཡོངས་སུ་དག་པ་དང༌། རྟེན་ཅིང་འབྲེལ་པ་ལ་འཇུག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར། རྟག་པ་དང་ཆད་པ་མེད་པའི་ཤེས་རབ་ཡོངས་སུ་དག་པ་དང༌། སེམས་ཅན་དུ་ འཛིན་པ་སྤོང་པའི་ཕྱིར། ལྟ་བ་ཐམས་ཅད་སེལ་བའི་ཤེས་རབ་ཡོངས་སུ་དག་པ་དང༌། སྒྱུ་མའི་རང་བཞིན་དུ་ཡོངས་སུ་བརྟག་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ ལ་རྣམ་པར་ལྟ་བའི་ཤེས་རབ་ཡོངས་སུ་དག་པ་དང༌། ཚིག་གི་བྱེ་བྲག་ཐམས་ཅད་བསྟན་པ་ཐོགས་པ་མེད་པར་ལུང་བསྟན་པའི་ཕྱིར་ཐ་དད་པ་ཡང་དག་པར་ཤེས་པ་ཆེན་པོ་ལ་འཇུག་ པའི་ཤེས་རབ་ཡོངས་སུ་དག་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང༌། མཁས་པའི་རྗེས་སུ་ཞུགས་པའི་ཕྱིར། བདུད་དང༌། ཕས་ཀྱི་རྒོལ་བ་དང༌། ཉན་ཐོས་ དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་པའི་ཤེས་རབ་ཡོངས་སུ་དག་པ་དང༌། ཐམས་ཅད་དུ་ཆགས་པ་མེད་པའི་མཚན་ཉིད་ཀྱི་རྗེས་སུ་སོང་བའི་ཕྱིར། སངས་ རྒྱས་ཐམས་ཅད་ཀྱི་སྐུ་མཐོང་བ་དང༌། སེམས་ཅན་ཐམས་ཅད་ཐོག་མ་ནས་རྣམ་པར་དག་པར་མཐོང་བ་དང༌། ཆོས་ཐམས་ཅད་དབེན་པར་མཐོང་བ་དང༌། ཞིང་ཐམས་ཅད་ནམ་ ༄༅། །མཁའི་རང་བཞིན་དུ་མཐོང་བའི་ཤེས་རབ་ཡོངས་སུ་དག་པ་དང༌། ཐམས་ཅད་ལ་ཁྱད་པར་ཅན་གྱི་ཡེ་ཤེས་རྗེས་སུ་ཐོབ་པའི་ཕྱིར། གཟུངས་དང་སྤོབས་པ་ལ་ བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། ཐབས་ཀྱི་ལག་པ་རྐྱོང་བའི་ཤེས་རབ་ཡོངས་སུ་དག་པ་དང༌། ཆོས་ཐམས་ཅད་ཀྱི་སྤྱི་བོར་གྱུར་པའི་ཡེ་ཤེས་རབ་ཏུ་འཐོབ་པའི་ཕྱིར། སེམས་ ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་མི་འཁྲུགས་ཤིང་དབྱེར་མེད་པའི་མཚན་ཉིད་ཀྱི་ཤེས་རབ་ཡོངས་སུ་དག་པའོ། །ཀྱེ་ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ ཡེ་ཤེས་སྣང་བ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡོངས་སུ་དག་པ་སྟེ། བཅུ་ གང་ཞེ་ན། འདི་ལྟར་སེམས་ཅན་ལ་བྱེ་བྲག་དབྱེ་བ་མེད་པའི་ཕྱིར། སེམས་མཉམ་པའི་བྱམས་པ་ཡོངས་སུ་དག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་བརྩོན་པར་ བྱ་བའི་ཕྱིར། ཕན་པའི་དངོས་པོའི་བྱམས་པ་ཡོངས་སུ་དག་པ་དང༌། སེམས་ཅན་ཐམས་ཅད་རྒ་ཤིའི་ཉམ་ང་བ་ལས་བསྒྲལ་བའི་ཕྱིར། རང་གིས་བསྐྱབ་པའི་བྱམས་པ་ཡོངས་ སུ་དག་པ་དང༌། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ལྷག་པར་དམིགས་པའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་མི་གཏོང་ཞིང་ཕངས་པར་སེམས་པ་དང་ལྡན་པའི་བྱམས་པ་ཡོངས་སུ་དག་པ་ དང༌། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་ཡང་དག་པར་གཅད་པའི་ཕྱིར། རྣམ་པར་དབྲལ་པའི་བྱམས་པ་ཡོངས་སུ་དག་པ་དང༌། འགྲོ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ ལ་མོས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབས་པའི་བྱམས་པ་ཡོངས་སུ་དག་པ་དང༌། ཐམས་ཅད་དུ་འོད་ཟེར་མཉམ་པར་རབ་ཏུ་དགྱེ་བའི་ཕྱིར། འགྲོ་བ་ཐམས་ཅད་ ལ་ཁོང་ཁྲོ་བ་མེད་པའི་བྱམས་པ་ཡོངས་སུ་དག་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར། ནམ་མཁའ་རྒྱས་པར་འགེངས་པའི་བྱམས་པ་ཡོངས་སུ་དག་པ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བའི་ཕྱིར། ཆོས་ལ་དམིགས་པའི་བྱམས་པ་ཡོངས་སུ་དག་པ་དང༌། སེམས་ཅན་སྐྱོན་མེད་པར་གཟུད་པའི་ཕྱིར། སྒྲིབ་པ་མེད་པའི་ བྱམས་པ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་ དཔའ་རྣམས་དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ༄༅། །སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཁོང་ནས་སྙིང་རྗེ་བའི་ཕྱིར། གྲོགས་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། སྡུག་ བསྔལ་གྱི་ཕུང་པོ་ཐམས་ཅད་ལེན་པ་ལ་ཞུམ་པ་མེད་པའི་ཕྱིར། ཡོངས་སུ་སྐྱོ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། ཚད་དུ་བསམས་ཏེ་སྐྱེ་བ་ལེན་ཅིང་མངོན་པར་འདྲེན་ པའི་ཕྱིར། ངན་སོང་དང་མི་ཁོམ་པར་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། མི་རྟག་པའི་དོན་ཡོངས་སུ་བསྟན་པའི་ཕྱིར། ལྷ་དང་མིར་སྐྱེས་པ་ཐམས་ཅད་ ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། བསྐལ་པ་དཔག་ཏུ་མེད་པར་གོ་ཆ་མི་འདོར་བའི་ཕྱིར། ལོག་པར་ངེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། སེམས་ ཅན་ཐམས་ཅད་ལ་བདེ་པ་བསྟབས་པའི་ཕྱིར་བདག་གི་བདེ་བ་ལ་ཆགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར། ལེགས་ པར་བྱས་པ་ཐམས་ཅད་ལ་ལན་མི་རེ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། ཡང་དག་པ་ཇི་ལྟར་བཞིན་དུ་ཆོས་བསྟན་པའི་ཕྱིར། ཕྱིན་ཅི་ལོག་དང༌། མི་ཤེས་པ་ལ་གནས་ པའི་འཇིག་རྟེན་གྱི་རྒྱུད་རྣམ་པར་བཟློག་པའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་ གྱིས་འོད་དང་ཞིང་གསལ་བ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་ནས་འཁྲུག་པ་མེད་པ་སྟེ། གློ་བུར་གྱི་དྲི་མ་དང༌། ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་ཏོ། །ཞེས་ བྱ་བར་ཤེས་ནས་སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་དག་ཅིང༌། རྣམ་པར་དག་པ་དང་དྲི་མ་མེད་ཅིང་ཡོངས་སུ་དག་པ་དང༌། རང་བཞིན་གྱིས་འོད་དང་ཞིང་གསལ་བའི་ཆོས་བསྟན་ པའི་ཕྱིར། སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནམ་མཁའི་བྱ་ལམ་ལྟ་བུ་ཡིན་ཡང༌། རང་གི་སྒྲིབ་པས་བསྒྲིབས་ པས་ཤེས་པར་མ་གྱུར་ཏོ། །ཞེས་བྱ་བར་ཤེས་ནས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ལམ་ཐེག་པ་ཆེན་པོའི་འབྱུང་བ་ཡོངས་སུ་བསྟན་པའི་ཕྱིར། སྙིང་རྗེ་ཆེན་པོ་འབྱུང་ བའོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ གཤེགས་པའི་ཐུགས་རྗེ་ཆེན་པོ་བླ་ན་མེད་པ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་ སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་རབ་ཏུ་དགའ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །གནོད་པ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ ༄༅། །བ་ནི་དགའ་བ་ཡོངས་སུ་དག་པའོ། །སེམས་ཞུམ་པ་མེད་པས་སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། སེམས་ཅན་ཐམས་ཅད་ཀྱི་ཉེས་བྱས་བཟོད་པར་བྱ་བའི་ཕྱིར། དམ་བཅས་པ་མཐར་ཕྱིན་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཆོས་དོན་དུ་གཉེར་པའི་ཕྱིར། ལུས་དང་སྲོག་ བཏང་བ་ལ་འགྱོད་པ་མེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཆོས་ལ་མོས་ཤིང་དགའ་བ་ནི་དགའ་བ་ཡོངས་སུ་དག་པའོ། །འདོད་པའི་དགའ་བ་ཐམས་ཅད་སྤོང་བ་ནི་དགའ་བ་ ཡོངས་སུ་དག་པའོ། །སངས་རྒྱས་བལྟ་བ་དང་བསྙེན་བཀུར་བས་མི་ངོམས་ཤིང༌། ཆོས་ཀྱི་དབྱིངས་ཐ་དད་དུ་མི་འབྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །བསམ་གཏན་དང༌། རྣམ་ པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པས་འབྱུང་བ་ཐམས་ཅད་ལ་སེམས་ཅན་གཞན་མོས་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཞི་བ་དང་ཐུབ་ཅིང་མི་ འཁྲུག་པ་ལ་བསམ་གཏན་འཆའ་བ། ཤེས་རབ་ཀྱི་ཤེས་ཆེ་བས་ལྟ་བ་བསལ་བ་དང༌། བརྟུལ་ཞུགས་དང་དཀའ་ཐུབ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པས། བྱང་ཆུབ་ སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པར་བྱེད་པ་ནི་དགའ་བ་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཡོངས་སུ་ དག་པ་སྟེ། དེ་དག་ལ་ངས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་དགྱེས་པ་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཡོངས་སུ་དག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཀྱང་དགའ་བ་མེད་ལ། སེམས་ ཅན་ཐམས་ཅད་ཀྱིས་རིམ་གྲོ་མ་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་བའི་བཏང་སྙོམས་ཡོངས་སུ་དག་པ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་འདས་པར་སྤྱོད་པས་བཏང་སྙོམས་ཡོངས་ སུ་དག་པ་དང༌། སྣོད་མ་ཡིན་པ་རྣམས་ཀྱང་བཀོལ་ཏེ་མི་འདོར་ལ། སྣོད་དུ་གྱུར་པ་རྣམས་ཀྱི་དུས་དང་ཡང་སྦྱོར་བའི་བཏང་སྙོམས་ཡོངས་སུ་དག་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ དང༌། སློབ་པ་དང༌། མི་སློབ་པ་རྣམས་པར་དག་པའི་ཆོས་ཐོབ་པར་གྱུར་པ་རྣམས་ལ་རྩོལ་བ་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ་དང༌། འདོད་པའི་དགའ་བ་དང༌། རྩེད་མོ་དང༌། ལོངས་ སྤྱོད་དང༌། ཀུན་ནས་ཉོན་མོངས་པའི་ངག་ཏུ་འགྱུར་བའི་ཆོས་ཐམས་ཅད་ལ་སེམས་འབྲེལ་བར་མི་གཏོང་བའི་བཏང་སྙོམས་ཡོངས་སུ་དག་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ ཐེག་པ་འཁོར་བས་སྐྱོ་བའི་རྣལ་འབྱོར་ལ་སྤྱོད་པ་རྣམས་དང༌། བསྙེན་པར་མི་བྱེད་པའི་བཏང་སྙོམས་ཡོངས་སུ་དག་པ་དང༌། འཇིག་རྟེན་རྒྱང་ཕན་པའི་གཏམ་ཐམས་ཅད་དང༌། མྱ་ ༄༅། །ངན་ལས་མི་འདའ་བ་དང༌། འདོད་ཆགས་དང་མི་འབྲལ་བའི་གཏམ་དང༌། མི་རིགས་ཤིང་འདུ་འཛིར་གྱུར་པའི་གཏམ་དང༌། གཞན་ལ་མཐོ་འཚམ་པའི་ གཏམ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གཏམ་དང༌། མདོར་ན་བྱང་ཆུབ་སེམས་དཔའི་ལམ་ལས་གོལ་བའི་གཏམ་ཐམས་ཅད་དང༌། འདུ་བ་མེད་པའི་བཏང་སྙོམས་ཡོངས་སུ་ དག་པ་དང༌། དྲན་པ་དང༌། བློའི་སྟོབས་དང༌། ཤུགས་ཇི་ལྟ་བ་བཞིན་དུ་གང་ལ་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་དེ་དག་གིས། དེ་ལ་གོང་མའི་ཆོས་ཤེས་པར་མི་ནུས་ན་ ཡང་དེ་དག་གི་དུས་བསྡད་པས་བཏང་སྙོམས་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་སྔོན་ཡོངས་སུ་སྨིན་པར་བྱས་པ་གང༌། དེ་གཞིན་[*BZHIN?] གཤེགས་པའི་སས་འདུལ་བར་ གྱུར་པ་དེ་དག་ལ་བསྡད་པའི་ཕྱིར་བཏང་སྙོམས་ཡོངས་སུ་དག་པ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་གཉིས་དང་བྲལ་ཞིང་ མཐོ་དམན་མེད་ལ། བླང་དོར་མེད་ཅིང་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ཡོངས་སུ་རྟོག་པ་དང་བྲལ་བས་རྟག་ཏུ་མཉམ་པར་བཞག་ཅིང༌། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཁོང་དུ་ཆུད་པར་གནས་པའི་བཟོད་པ་ཐོབ་པའི་བཏང་སྙོམས་ཡོངས་སུ་དག་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ ཡོངས་སུ་དག་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བཏང་སྙོམས་ཆེན་པོ་ཡོངས་སུ་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་ རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ནན་ཏན་ལྷུར་ལེན་པའི་ཕྱིར་ཐོས་པའི་དོན་དང༌། རབ་ཏུ་དབྱེ་བ་ལ་མཁས་པའི་ ཕྱིར་ཆོས་ཀྱི་དོན་དང༌། དོན་དམ་པ་སྟོང་བ་ཉིད་ཀྱི་ཕྱིར་སྟོང་པའི་དོན་དང༌། སེམས་ཅན་ཀྱི་འདུ་འཛིས་དབེན་པའི་ཕྱིར་དབེན་པའི་དོན་དང༌། སེམས་ཅན་གྱི་སྒྲ་ལ་མངོན་པར་ཆགས་པ་མེད་ པའི་ཕྱིར་བརྗོད་དུ་མེད་པའི་དོན་དང༌། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པར་ཇི་ལྟ་བ་བཞིན་གྱི་དོན་དང༌། རོ་མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ་འཇུག་པའི་དོན་དང༌། དེ་ བཞིན་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་དེ་བཞིན་ཉིད་ཀྱི་དོན་དང༌། ཡང་དག་པའི་མཐའ་རྟོགས་པའི་ཕྱིར་ཡང་དག་པའི་མཐའི་དོན་དང༌། སྡུག་བསྔལ་གྱི་ཕུང་པོ་ཡང་དག་པར་གཅད་ ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་བསྐྱེད་པའི་ཕྱིར། མྱ་ངན་ལས་འདས་པ་ཆེན་པོའི་དོན་ཏོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ དོན་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་ ༄༅། །དག་ནི༑ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱ་བའི་ཕྱིར་བདེན་པའི་ཆོས་དང༌། ལེན་ཅིང་འཛིན་ པ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པའི་ཆོས་དང༌། ཉོན་མོངས་པའི་འབར་བ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་རྩོད་པ་མེད་པའི་ཆོས་དང༌། ཡོངས་ སུ་གདུང་བ་དང་བྲལ་བའི་ཕྱིར་ཞི་བའི་ཆོས་དང༌། འདོད་ཆགས་ཀྱི་དྲི་མ་དང་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་ཆོས་དང༌། དམིགས་པ་ ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཡོངས་སུ་རྟོག་པ་མེད་པའི་ཆོས་དང༌། ནམ་མཁའ་དང་འདྲ་ཞིང་མཚུངས་པའི་ཕྱིར་མི་སྐྱེ་བའི་ཆོས་དང༌། སྐྱེ་བ་དང༌། འཇིག་པ་དང༌། གནས་པ་ མེད་པའི་ཕྱིར་འདུས་མ་བྱས་ཀྱི་ཆོས་དང༌། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རང་བཞིན་གྱི་ཆོས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་ཅིང༌། ཡོངས་ སུ་གཟུང་བའི་ཕྱིར་ཕུང་པོ་ཐམས་ཅད་སྤངས་ཏེ། མྱ་ངན་ལས་འདས་པར་འགྲོ་བའི་ཆོས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཉིད་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཏེ། བཅུ་གང་ཞེ་ན། འདི་ལྟར་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་ཕྱིར། ཕ་རོལ་བྱང་ཆུབ་ཀྱི་སེམས་ལ་ཡི་དམ་འཆར་ གཞུག་པའི་བསོད་ནམས་ཀྱི་ཚོགས་དང༌། མི་དགེ་བའི་ཆོས་ཐམས་ཅད་སྤང་ཞིང་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྡུ་པར་བྱ་བའི་ཕྱིར། ཡོངས་སུ་བསྔོ་བའི་རྣམ་པ་བཅུའི་རྗེས་ སུ་འབྲང་བའི་བསོད་ནམས་ཀྱི་ཚོགས་དང༌། འཇིག་རྟེན་གསུམ་གྱི་བསོད་ནམས་ཟིལ་གྱིས་ངན་པའི་ཕྱིར། ཤེས་རབ་དང་ཡེ་ཤེས་བསྟན་པའི་བསོད་ནམས་ཀྱི་ཚོགས་དང༌། སེམས་ ཅན་གྱི་ཁམས་ཐམས་ཅད་ཕ་རོལ་གྱི་མཐར་བསྒྲལ་བའི་ཕྱིར། ཡོངས་སུ་སྐྱོ་བ་མེད་པའི་བསོད་ནམས་ཀྱི་ཚོགས་དང༌། ཡོངས་སུ་བཟུང་བ་ཐམས་ཅད་གཏོང་བའི་ཕྱིར། ནང་དང་ཕྱིའི་ དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་བསོད་ནམས་ཀྱི་ཚོགས་དང༌། བརྩོན་འགྲུས་ཆེན་པོ་བརྩམས་པས་སེམས་ཀྱི་སྒོ་གཏན་འབྱེད་ཅིང་མཆོད་སྦྱིན་རབ་ཏུ་བྱ་བའི་ཕྱིར། མཚན་ དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་བསོད་ནམས་ཀྱི་ཚོགས་དང༌། ཐབས་དང་ཚུལ་དང་འཐད་པས་ཡོངས་སུ་གཟུང་བའི་ཕྱིར། དགེ་བའི་རྩ་བ་རབ་འབྲིང་དང༌། ཐ་མས་ རློམ་སེམས་མེད་པར་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཚོགས་དང༌། སྐྱེས་བུ་དམ་པའི་རྣམ་པར་གནོན་པ་ཡོངས་སུ་བསྟན་པའི་ཕྱིར། ཡང་དག་པ་དང༌། ལོག་པར་ངེས་པ་དང༌། ༄༅། །ཉམ་དམའ་ཞིང་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བརྙས་པ་མེད་ཅིང༌། སྙིང་རྗེ་ཆེན་པོ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་དང༌། ལྷག་པའི་ བསམ་པ་བརྟན་པས་ཡོངས་སུ་སྐྱོང་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་རིམ་གྲོར་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟར་དབེན་པར་ སེམས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་བྱེད་པ་ལ་བརྩོན་པའི་བསོད་ནམས་ཀྱི་ཚོགས་དང༌། ཀྱེ་རྒྱལ་བའི་སྲས། དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་ ཤིང་ཡོངས་སུ་བསྡུས་ཏེ། ལག་པའི་མཐིལ་དུ་བྱིན་ཅིང་བདག་ལ་དབང་ཡོད་པར་གྱུར་པའི་བྱང་ཆུབ་ཀྱང་སེམས་ཅན་ལ་ལ་ཞིག་ལ་ཡོངས་སུ་བཏང་སྟེ། བྱིན་ན་མི་དགའ་བ་མེད་ ལ་འགྱོད་པ་མེད་ཅིང༌། དེ་བཞིན་དུ་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཡང་རང་ལ་དབང་ཡོད་པར་ཡོངས་སུ་བསྡུས་ཏེ། ལག་པའི་མཐིལ་དུ་ཕྱིན་པའི་བྱང་ཆུབ་ཡོངས་སུ་བཏང་ སྟེ༑ བྱིན་ཡང་མི་དགའ་བ་མེད་ལ་ཕྱིས་འགྱོད་པ་མེད་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནམ་མཁའི་དབྱིངས་རྒྱ་ཆེན་པོའི་རྗེས་སུ་སོང་བ་ ཞེས་བྱ་བ་སྟེ། ཡེ་ཤེས་ཆེན་པོ་ཡངས་པ་ཁོང་དུ་ཆུད་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ ཏེ༑ དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་བླ་ན་མེད་པ་འཐོབ་པར་འགྱུར་པ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་ པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཏེ། བཅུ་གང་ཞེ་ན། འདི་ལྟར་བསམ་པ་སྒྱུ་མེད་པར་བྱ་བའི་ཕྱིར། ཡང་དག་པའི་དགེ་བའི་བཤེས་གཉེན་མང་དུ་ཐོས་ པ་རྣམས་ལ་བསྟེན་པ་དང༌། བཀུར་བ་དང༌། བསྙེན་བཀུར་བྱ་བ་དང༌། རིམ་གྲོར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་དང༌། བླ་མར་བྱ་བ་དང༌། གུས་པར་བྱ་བ་དང༌། བཀའ་བློ་བདེ་ཞིང་མཐུན་ པར་ལེན་པའི་ཡེ་ཤེས་ཀྱི་ཚོགས་དང༌། བདག་སྣོད་དུ་བྱ་བའི་ཕྱིར་ང་རྒྱལ་མེད་ཅིང༌། འདུད་པ་དང༌། ཕྱག་འཚལ་བ་དང༌། རབ་ཏུ་གུས་པ་དང༌། ལུས་དང་སེམས་ལས་སུ་རུང་བ་དང༌། ཁོང་བདེ་བ་དང༌། མི་སླུ་བ་དང༌། མི་རྩུབ་པ་དང༌། དེས་ཤིང་འཇམ་ལ་མཉེན་པ་དང༌། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་དང༌། འདོར་ཏེ་གསོང་པོར་སྨྲ་བ་དང༌། རབ་ཏུ་དགའ་བ་དང༌། མི་ འཆོས་པ་དང༌། གཡོ་མེད་པ་དང༌། སྒྱུ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང༌། ཡེ་ཤེས་རྣམ་པ་བཅུ་ལ་རབ་ཏུ་སྦྱར་བའི་ཕྱིར་དྲན་པ་ཤེས་བཞིན་དང༌། རྟོགས་པ་ཁོང་དུ་ཆུད་པ་དང༌། བློ་གྲོས་མི་ གཡེང་བ་དང༌། ངོ་ཚ་ཤེས་པ་དང༌། མོས་པ་ལ་རབ་ཏུ་གནས་པ་དང༌། རྗེས་སུ་དྲན་པར་བྱ་བ་དྲུག་དྲན་པ་དང༌། གུས་པ་དྲུག་ཡོངས་སུ་བསྟན་པ་དང༌། སྙིང་པོར་བྱ་བའི་ཆོས་དྲུག་གི་རྗེས་ ༄༅། །སུ་འབྲང་བའི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་པ་དང་ཡིད་ལ་བྱ་བ་གཞན་མེད་པར་བྱ་བའི་ཕྱིར་ཆོས་དོན་དུ་གཉེར་བ་དང༌། ཆོས་འདོད་པ་དང༌། ཆོས་ལ་མོས་ ཤིང་དགའ་བ་དང༌། ཆོས་བཙལ་བ་དང༌། ཐོས་པས་མི་ངོམས་པ་དང༌། འཇིག་རྟེན་རྒྱང་ཕན་པ་དང་མ་འདྲེས་པ་དང༌། འཇིག་རྟེན་པའི་གཏམ་ཐམས་ཅད་སྤོང་བ་དང༌། འཇིག་རྟེན་ ལས་འདས་པའི་གཏམ་ལྷུར་ལེན་པ་དང༌། ཐེག་པ་དམའ་བ་སྤོང་ཞིང་བློ་གྲོས་ཡངས་པའི་ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་བའི་ཡེ་ཤེས་ཀྱི་ཚོགས་དང༌། ནན་ཏན་ལྷུར་ བླང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བཙལ་བ་ལ་མཐུན་པར་བརྩོན་པ་དང༌། ཚངས་པའི་གནས་བཞི་རབ་ཏུ་སྒྲུབ་པ་དང༌། རིག་པ་དང་མཐུན་པའི་ཆོས་དང་བསྟེན་པ་ དང༑ མཁས་པའི་སྐྱེ་བོ་ལ་ཡོངས་སུ་འདྲི་བ་དང༌། ལམ་ཉམ་ང་བ་དང་བྲལ་ཞིང་ཡང་དག་པའི་ལམ་ལ་མ་ནོར་བར་གཞོལ་བ་དང༌། བསྐུལ་བ་དང༌། དྲན་པར་བྱ་བ་དང༌། མོས་པར་བྱ་པས་རང་གི་སེམས་འདུལ་བ་དང༌། ཕ་རོལ་ཀྱི་སེམས་རྗེས་སུ་བསྲུང་བའི་ཡེ་ཤེས་ཀྱི་ཚོགས་དང༌། བདག་དང་གཞན་གྱི་སེམས་རྣམ་པར་སྦྱང་བའི་ཕྱིར་རྟག་ཏུ་རྒྱུན་ མི་འཆད་པར་འབྱུང་བའི་སེམས་དང༌། ཁམས་གསུམ་པས་དབེན་པར་དགའ་ཞིང་རང་གི་སེམས་རྟོགས་པར་བྱེད་པ་དང༌། མི་དགེ་བའི་སེམས་ཀྱི་སྐབས་མི་འབྱེད་ཅིང༌། རྣམ་པར་རྟོག་པ་གསུམ་བསལ་བས་ལུས་དང༌། ངག་དང༌། སེམས་ལས་སུ་རུང་བ་དང༌། སེམས་ཀྱི་རང་བཞིན་གཅིག་ཏུ་ངེས་པ་རབ་ཏུ་རྟོགས་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང༌། ཀྱེ་ རྒྱལ་བའི་སྲས། གཞན་ཡང་ཕུང་པོ་རྣམས་ལ་སྒྱུ་མ་ལྟ་བུར་རྟོག་པ་དང༌། ཁམས་རྣམས་ལ་སྤྲུལ་པ་ལྟ་བུའི་འདུ་ཤེས་སུ་རྟོག་པ་དང༌། ཆོས་ཐམས་ཅད་སྒྱུ་མ་དང༌། སྨིག་རྒྱུ་བ་དང༌། ཆུའི་ཟླ་བ་དང༌། རྨི་ལམ་དང༌། མིག་ཡོར་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། མིག་ཡོར་དང་འདྲ་ཞིང༌། ནམ་མཁའི་རི་མེ་དང་མཉམ་པ་དང༌། མགལ་མེ་བསྐོར་བ་ལྟ་བུ་སྟེ། འཇའ་ཚོན་དང་འདྲ་བ་ཉི་མ་དང་ཟླ་བའི་འོད་ལྟ་བུ་སྟེ། ཆོས་ཐམས་ཅད་ནི་གཟུང་དུ་མེད་པ། མཚན་མ་མེད་པ། རྟག་པ་མེད་པ། ཆད་པ་མེད་པ། སོང་བ་མེད་པ། འོངས་པ་མེད་པ་སྟེ་། ཆོས་ཐམས་ཅད་མི་གནས་པར་རབ་ཏུ་རྟོག་ཅིང་འཇུག་པ་དང༌། མོས་པ་དང་ཡིད་ཆེས་པ་འདི་ནི་སྐྱེ་བ་དང་འཇིག་པ་ལ་མི་གནས་པ་ཞེས་བྱ་བ་ཡེ་ཤེས་ཀྱི་ཚོགས་བདུན་པ་སྟེ། ཆོས་ ཐམས་ཅད་ཁོང་དུ་ཆུད་པ་དག་པའི་རྒྱུར་འགྱུར་བའོ། །ཆོས་ཐམས་ཅད་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། སེམས་མེད་པ་དང༌། དོན་མེད་པ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། ལུས་མེད་པ་དང༌། རྫས་མེད་པ་དང༌། ལྟ་བ་མེད་པ་དང༌། དྲི་ ༄༅། །མ་མེད་པ་དང༌། རྗེ་བ་མེད་པ་དང༌། གོས་པ་མེད་པ་དང༌། རྒྱུ་བ་མེད་པ་དང༌། ཟང་ཟིང་མེད་པ་དང༌། མྱ་ངན་ལས་འདས་པའི་རྒྱུད་དུ་ཡང་དག་པར་གཞོལ་བ་ཐོས་ན་ མོས་ཤིང་ཡིད་ཆེས་ལ། ཡིད་གཉིས་མེད་ཅིང་ཐེ་ཚོམ་མི་ཟ་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བརྒྱད་པ་སྟེ། མོས་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་ཚུལ་བཞིན་གྱི་སྦྱོར་བས་ཡང་དག་པར་བྲལ་བར་བྱས་པས། དབང་པོ་བསྡམས་པ་ལྷག་མཐོང་དང༌། ཞི་གནས་ཀྱིས་ཞི་བ་དང༌། ཉེ་བར་ཞི་བ་དང༌། རབ་ཏུ་ཞི་བར་ གྱུར་པ། ཡིད་ལ་བྱ་བ་ཐམས་ཅད་ཀྱིས་མ་བྱས། མ་བསྐྱེད། མངོན་པར་མ་བྱས་པའི་ངང་ཚུལ་ཅན་བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། བདག་གི་འདུ་ཤེས་རྣམ་པར་རྒྱུ་བ་ ནན་ཏན་དུ་བྱེད་པ་མེད་པའི་བློ་དང་ལྡན་པ། ཟད་པ་མེད་ཅིང་ཚད་མེད་ལ། མི་དམིགས་པའི་བཟོད་པ་ཅན། ལུས་དང༌། ངག་དང༌། སེམས་བླང་བ་མེད་པ་དང༌། དོར་བ་མེད་པས་སྔོན་ དུ་འགྲོ་བའི་བརྩོན་འགྲུས་དང་ལྡན་པ། སེམས་ཅན་ཐམས་ཅད་དང༌། ཆོས་ཐམས་ཅད་ལ་མི་གནས་པར་བསམ་གཏན་འཆའ་བ། ཚུ་རོལ་མེད་པ། ཕ་རོལ་མེད་པ། ཚུ་རོལ་དང་ ཕ་རོལ་དང་བྲལ་བ། རྒྱུ་བ་མེད་པ། རྒྱུ་བ་དང་བྲལ་བའི་ཤེས་རབ་ཀྱིས་དེ་ལྟར་ངེས་པར་རྟོག་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་དགུ་པ་སྟེ། མཚན་མ་དང་ཡོངས་སུ་རྟོག་པ་ཐམས་ཅད་ ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ནི། ཆོས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཆོས་མཐོང་བ་ནི་ཞིང་མཐོང་བ་ཤིན་ཏུ་ རྣམ་པར་དག་པར་འགྱུར། ཞིང་མཐོང་བས་ནི་ནམ་མཁའ་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ནམ་མཁའ་མཐོང་བས་ནི་ཆོས་ཀྱི་དབྱིངས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་ འགྱུར། ཆོས་ཀྱི་དབྱིངས་མཐོང་བས་ནི་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་འདི་ནི་ཡེ་ཤེས་ཀྱི་ཚོགས་བཅུ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་ བའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཆོས་ ཐམས་ཅད་ལ་མ་ཆགས་མ་བསྒྲུབས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རིག་པ་སྐྱེ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཤིན་ཏུ་རྣམ་པར་ཕྱེ་བའི་བློ་ནི་རིག་པ་སྐྱེ་བའོ། །ཆོས་རྣམས་ལ་ཆགས་པ་མེད་པའི་རྣལ་འབྱོར་ནི་རིག་པ་སྐྱེ་བའོ། །ལྟ་བ་ མ་ལོག་པ་ནི་རིག་པ་སྐྱེ་བའོ། །དབང་པོ་རྣམས་ལ་ཤེས་རབ་སྣང་བ་ནི་རིག་པ་སྐྱེ་བའོ། །རིག་པ་བརྩམས་པ་ལ་ཡང་དག་པར་སྦྱོར་བ་ནི་རིག་པ་སྐྱེ་བའོ། །ཡེ་ཤེས་མངོན་པར་རྟོགས་ ༄༅། །པར་བྱ་བའི་ཕྱིར། བདེན་པ་ལ་འཇུག་པ་ནི་རིག་པ་སྐྱེ་བའོ། །ལས་དང་ཉོན་མོངས་པ་ལ་ཟད་ཅིང་མི་སྐྱེ་བར་ཤེས་པ་ནི་རིག་པ་སྐྱེ་བའོ། །ཤེས་རབ་དང་ཡེ་ཤེས་ ཀྱིས་རྣམ་པར་འབྱེད་པའི་ལྷའི་མིག་ནི་རིག་པ་སྐྱེ་བའོ། །སྔོན་གྱི་མཐའ་ནས་རྣམ་པར་སྦྱངས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རིག་པ་སྐྱེ་བའོ། །མངོན་པར་ཤེས་པ་ཡོངས་སུ་སྦྱངས་ པས་སེམས་ཅན་ལ་ལྟ་བའི་ཟག་པ་ཟད་པའི་ཡེ་ཤེས་ནི་རིག་པ་སྐྱེ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པ་སྐྱེ་བ་སྟེ། དེ་དག་ལ་གནས་ ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རིག་པ་སྣང་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་ཚོལ་བ་དང༌། བརྩོན་འགྲུས་ལྷོད་པ་མེད་ པར་སྲན་འཛུགས་པས། བརྩོན་འགྲུས་ཀྱིས་ཆོས་ཡོངས་སུ་ཚོལ་བ་དང༌། ལུས་དང་སྲོག་ལ་མི་ལྟ་བར་ཆོས་ཡོངས་སུ་ཚོལ་བ་དང༌། རྙེད་པ་དང༌། སྟོབས་དང༌། བཀུར་སྟི་ དང༌། གྲགས་པའི་ཕྱིར་མ་ཡིན་གྱི། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང༌། བདག་འབའ་ཞིག་ལ་ཕན་པའི་ཕྱིར་མ་ཡིན་གྱི། བདག་ དང་གཞན་དང་འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང༌། ཆོས་ཀྱི་མདངས་ཀྱིས་བར་ཆོད་བྱ་བའི་ཕྱིར་མ་ཡིན་གྱི། ཤེས་རབ་ལ་འཇུག་པའི་ཕྱིར་ཆོས་ཡོངས་སུ་ ཚོལ་བ་དང༌། གོ་བློ་ལ་དགའ་བའི་ཕྱིར་མ་ཡིན་གྱི། རབ་ཏུ་རྟེན་པར་བྱ་བའི་ཕྱིར་ཆོས་ཡོངས་སུ་ཚོལ་བ་དང༌། བྱང་ཆུབ་ཀྱི་སེམས་མ་བཏང་བས། སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་ཆོས་ཡོངས་ སུ་ཚོལ་བ་དང༌། ཡིད་གཉིས་དང་བྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཆོས་ཡོངས་སུ་ཚོལ་བ་དང༌། རློམ་སེམས་མེད་ཅིང་འདོད་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཆོས་ཡོངས་སུ་ཚོལ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བ་སྟེ། ཆོས་ཡོངས་སུ་ཚོལ་ བ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་ སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རབ་ཏུ་བརྗོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཀུན་རྫོབ་ལ་འཇུག་པའི་དགེ་ པའི་རྩ་བ་བསྐྱེད་པ་དང༌། དད་པའི་རྗེས་སུ་འབྲང་བ་རྣམས་ལ་དད་པ་མི་ཕྱེད་པ་དང༌། ཆགས་པའི་གནས་ལས་བཟླ་ཞིང་ཆོས་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱ་བ་དང༌། ཆོས་ཀྱི་ ༄༅། །རྗེས་སུ་འབྲང་བ་རྣམས་ལ་ཆོས་ལ་གནས་པ་དང༌། ཆོས་ཀྱི་རྗེས་སུ་བརྩོན་པ་དང༌། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་པ་དང༌། བརྒྱད་པ་རྣམས་ ལ་ལོག་པ་བརྒྱད་ལས་བཟླ་ཞིང་ཡང་དག་པ་བརྒྱད་ལ་འཇུག་པ་དང༌། རྒྱུན་དུ་ཞུགས་པ་རྣམས་ལ་ཀུན་ཏུ་སྦྱོར་བ་ཡོངས་སུ་སྤང་བ་དང༌། འཁོར་བའི་རྒྱུན་གཅད་པ་དང༌། དོན་དམ་ པའི་བདེན་པ་མཐོང་བ་དང༌། ལན་གཅིག་ཕྱིར་འོང་བ་རྣམས་ལ་རོ་མྱོང་བའི་ཁ་ན་མ་ཐོ་བ་ཡོངས་སུ་བརྟག་པ་དང༌། གང་དུ་ཡང་མ་འོངས་ལ་མི་འགྲོ་བའི་ཆོས་རབ་ཏུ་བརྗོད་པ་དང༌། ཕྱིར་མི་འོང་བ་རྣམས་ལ་ཁམས་གསུམ་དུ་མངོན་པར་དགའ་བ་མེད་པས་སྐད་ཅིག་འགའ་ཙམ་དུ་ཡང་སྐྱེ་བར་མི་སྨོན་པའི་ཕྱིར། ཟག་པ་ཟད་པ་རབ་ཏུ་བརྗོད་པ་དང༌། དགྲ་བཅོམ་ པ་རྣམས་ལ་མངོན་པར་ཤེས་པ་དྲུག་གིས་རྣམ་པར་འཕྲུལ་བ་དང༌། རྣམ་པར་ཐར་པ་བརྒྱད་ཀྱིས་རྣམ་པར་རྩེ་བ་དང༌། མཐར་གྱིས་སྤྱོད་ཅིང་སྙོམས་པར་འཇུག་པ་དགུའི་ཏིང་ངེ་འཛིན་ ལ་སྙོམས་པར་འཇུག་པ་དང༌། ཐ་དད་པ་ཡང་དག་པར་ཤེས་པ་བཞི་རབ་ཏུ་བརྗོད་པ་དང༌། རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པའི་རོ་གཅིག་ པ་དང༌། གཅིག་ཏུ་དགའ་བ་དང༌། དབེན་པ་ལ་དགའ་བ་དང༌། སྨྲ་བ་ཉུང་བ་དང༌། བྱ་བ་ཉུང་བ་དང༌། རང་འབྱུང་གིས་ཡོངས་སུ་གནན་པ་དང༌། མ་ཐོས་པར་རང་གི་ཡེ་ཤེས་ ཀྱིས་མངོན་པར་རྟོགས་པར་བྱ་བ་རབ་ཏུ་བརྗོད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་བློ་གྲོས་རྒྱ་ཆེན་པོ་དང༌། དབང་པོ་རྣོ་བ་དང༌། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་རབ་ཏུ་ཐར་པར་ བྱེད་པའི་སེམས་དང༌། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་རབ་ཏུ་བརྗོད་པའོ། །ཀྱེ་ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་རབ་ཏུ་བསྟན་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཤེས་རབ་ དང༌། ཡེ་ཤེས་ཆེན་པོ་རབ་ཏུ་བརྗོད་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། བཅུ་གང་ ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་ལ་གུས་པར་བྱེད་པས་ཆོས་ལ་ནན་ཏན་བྱེད་པ་དང༌། ལྷས་ཡང་དག་པར་བསྐུལ་ཞིང་ཆོས་ལ་ནན་ཏན་བྱེད་པ་དང༌། སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་ངོ་ཚ་དང་ཁྲེལ་གྱིས་འཛེམ་ཞིང་ཆོས་ལ་ནན་ཏན་བྱེད་པ་དང༌། སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་འཁོར་བའི་རྒྱུན་མི་གཅོད་པས་ཆོས་ལ་ནན་ཏན་བྱེད་པ་དང༌། ཤིན་ཏུ་ མཐར་ཕྱིན་པར་ལེགས་པར་བྱས་པས་ཕྱིར་འཁྲུག་པ་མེད་པར་ཆོས་ལ་ནན་ཏན་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཐེག་པ་ཆེན་པོ་ལ་ཞུགས་པ་གཞན་གྱི་རྗེས་ ༄༅། །སུ་བསླབ་པར་བྱའོ་ཞེས་ཆོས་ལ་ནན་ཏན་བྱེད་པ་དང༌། ཚུལ་བཞིན་གྱི་སྦྱོར་བས་ལོག་པ་སྤང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང་བདུད་ཀྱི་ལས་དང་ཉོན་ མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཆོས་ལ་ནན་ཏན་བྱེད་པ་དང༌། སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང༌། འབྲིང་དང༌། ཐ་མ་ཤེས་པས་ཆོས་ བསྟན་པར་བྱའོ་ཞེས་ཆོས་ལ་ནན་ཏན་བྱེད་པ་དང༌། སེམས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཡངས་ཤིང་རྒྱ་ཆེ་བས་ཡོངས་སུ་སྦྱང་བའི་ཕྱིར་ཆོས་ལ་ནན་ཏན་བྱེད་པའོ། །ཀྱེ་ རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ནན་ཏན་ཏེ། དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ནན་ ཏན་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ཆགས་ པའི་ཕྱིར་ཕུང་པོའི་བདུད་དང༌། གླགས་སུ་འགྱུར་བའི་ཕྱིར་ཉོན་མོངས་པའི་བདུད་དང༌། སྒྲིབ་པའི་ཕྱིར་ལས་ཀྱི་བདུད་དང༌། སློང་བའི་ཕྱིར་སེམས་ཀྱི་བདུད་དང༌། སྐྱེས་པ་ དང་བྲལ་བར་བྱེད་པ་ཙམ་གྱི་བདུད་དང༌། གཡོ་བ་དང༌། རློམ་པ་དང༌། འགྱུར་བ་དང༌། བག་མེད་པར་སྤྱོད་པས་ལྷའི་བུའི་བདུད་དང༌། དེ་ལ་ཞེན་པའི་ཕྱིར་དགེ་བའི་རྩ་བའི་བདུད་ དང༑ རོ་མྱོང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་གྱི་བདུད་དང༌། གཟུགས་བརྙན་གྱི་ཕྱིར་དགེ་བའི་བཤེས་གཉེན་གྱི་བདུད་དང༌། སྨོན་ལམ་མངོན་པར་མི་སྒྲུབ་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁོང་ དུ་ཆུད་པའི་བདུད་དོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དེ། དེ་དག་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔས་བརྩོན་པར་བྱ་བ་དག་གོ ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པའི་དགེ་བའི་རྩ་བ་བརྩམ་པ་ཐམས་ ཅད་ནི་བདུད་ཀྱི་ལས་སོ། །སེམས་མི་མཉམ་པའི་སྦྱིན་པ་ཡོངས་སུ་གཏོང་བ་དང༌། ཚུལ་ཁྲིམས་ལ་འཁྲུག་པ་དང་ངན་སེམས་དང་ལྡན་པ་ཡོངས་སུ་སྤོང་བ་དང༌། ལེ་ལོ་ཅན་ཡོངས་སུ་ གཏོང་བ་དང༌། སེམས་འཁྲུགས་པ་ལ་བརྙས་པ་དང༌། ཤེས་རབ་འཆལ་བ་ཅན་ལ་སྨོད་པ་ནི་བདུད་ཀྱི་ལས་སོ། །ཆོས་ལ་སློབ་དཔོན་གྱིས་བཅབས་པ་དང༌། ཆོས་ཀྱི་སྣོད་ལ་ཁྱད་དུ་ གསོད་པ་དང༌། ཟང་ཟིང་ལ་འབྲེལ་བར་ཆོས་སྟོན་པ་ནི་བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་ནི་བདུད་ཀྱི་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཐོས་པ་དང༌། ཐོས་ ན་ལོག་པར་འཇུག་པ་དང༌། ལོག་པར་ཞུགས་ནས་ལེ་ལོ་བྱེད་པ་དང༌། ལེ་ལོ་བྱས་ནས་སེམས་ཞུམ་པ་བྱེད་པ་དང༌། སེམས་ཞུམ་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་ཡངས་པ་དང་ལྡན་ ༄༅། །པའི་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འབྱུང་བ་ནི་བདུད་ཀྱི་ལས་སོ། །སྡིག་པའི་གྲོགས་ལ་བསྟེན་པ་དང༌། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་ བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང༌། སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་མི་དགའ་བ་དང༌། མྱ་ངན་ལས་འདས་པ་དང༌། འདོད་ཆགས་དང་བྲལ་བ་དང༌། སེམས་ ཉེ་བར་ཞི་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བའི་བསམ་པ་དང༌། མི་སྙན་པར་བརྗོད་པ་དང༌། འཐོབ་པའི་བགེགས་བྱེད་པ་དང༌། འཁྲུལ་པའི་སྐྱོན་ཚོལ་བ་དང༌། མི་བདེ་བའི་མིག་གིས་ལྟ་བ་ནི་བདུད་ཀྱི་ལས་སོ། །དམ་པའི་ཆོས་ལ་སྤོང་བ་དང༌། མ་ཐོས་པའི་མདོ་སྡེ་ཐོས་ན་སྨོད་པ་དང༌། ཆོས་སྨྲ་བ་གཞན་གྱིས་བཤད་པ་ཉན་པར་མི་དགའ་ཞིང་ བརྙས་ཏེ་ཁྱད་དུ་གསོད་པ་དང༌། བདག་བསྟོད་པ་དང་གཞན་སྨོད་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་རྒྱང་ཕན་པ་ཚོལ་ཞིང་ཡི་གེ་སྣ་ཚོགས་དང་འབྲུ་སྣ་ཚོགས་སུ་རང་བཟོར་བྱས་ པའི་རང་བཟོ་ལ་དགའ་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་གཏམ་རྗེས་སུ་དྲན་པ་དང༌། ཟབ་མོའི་གཏམ་འཆབ་ཅིང་སྦེད་པ་དང༌། གཏམ་སྣ་ཚོགས་རྣམ་པར་བརྗོད་པ་དང༌། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་དང༌། བྱང་ཆུབ་ཀྱི་ལམ་མི་ཚོལ་བ་དང༌། ལམ་ངན་པའི་རྒྱུད་ལ་གནས་པ་ནི་བདུད་ཀྱི་ལས་སོ། །གྲོལ་བ་དང༌། རྒལ་བ་དང༌། དབུགས་ ཕྱིན་པ་ལ་ནི་བསྟེན་ཅིང་བསྙེན་པ་དང༌། བཀུར་བ་དང༌། རིམ་གྲོ་བྱེད་ཀྱི། མ་གྲོལ་བ་དང༌། མ་བརྒལ་བ་དང༌། དབུགས་མ་ཕྱིན་པ་ལ་མི་སྟེན། མི་སྙེན། བཀུར་བ་མི་བྱེད། རིམ་གྲོ་མི་བྱེད། ཡོངས་ སུ་སྨིན་པར་མི་བྱེད་པ་དང༌། མངོན་པའི་ང་རྒྱལ་དུ་ལྷུང་སྟེ། སུ་ལ་ཡང་མི་འདུད་ཅིང་ང་རྒྱལ་ཡོངས་སུ་འཕེལ་བར་བྱེད་པ་དང༌། སེམས་ཅན་ལ་ཁོང་ཁྲོ་བ་དང༌། ཆོས་ཀྱི་ཡེ་ཤེས་ མི་ཚོལ་བ་དང༌། ཡེ་ཤེས་ཀྱི་གཏེར་མི་སྲུང་བ་དང༌། སེམས་རྟག་ཏུ་བརླང་བ་དང༌། མགུ་དཀའ་ཞིང་གསོལ་བ་གདབ་པར་དཀའ་བ་ནི་བདུད་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་ པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་ཚོལ་བར་འགྱུར་བ་དག་གོ ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་ ཕྱིར་ང་རྒྱལ་ཐམས་ཅད་ཡོངས་སུ་སྤང་བ་ནི་བདུད་ཀྱི་ལས་བཟློག་པའོ། །བདག་ལ་མི་བསྟོད་མི་བསྔགས་པ་ནི་བདུད་ཀྱི་ལས་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་ཤིང་ མི་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཐམས་ཅད་མཁྱེན་པའི་སེམས་ཡོངས་སུ་ཉམས་པར་མི་བྱེད་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཆོས་ཟབ་མོའི་ཚུལ་ལ་བརྩོན་ཞིང་བག་ ༄༅། །ཡོད་པར་གནས་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་ཤིང་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ནི་བདུད་ཀྱི་ལས་བཟློག་ པའོ༑ ༑ཡང་དང་ཡང་མཉན་ཅིང་ཡང་དག་པའི་གཏམ་གྱིས་ཡོངས་སུ་མི་སྐྱོ་བ་ནི་བདུད་ཀྱི་ལས་བཟློག་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་ པ་ཐམས་ཅད་ལ་སྐྱབས་དང་དཔུང་གཉེན་ཚོལ་བའི་འདུ་ཤེས་ནི་བདུད་ཀྱི་ལས་བཟློག་པའོ། །སྒྲུབ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་རྗེས་སུ་དྲན་ཞིང་མོས་པས་ཡང་ དག་པར་ལེན་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའི་གྲོགས་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་མི་གཉིས་པར་མངོན་པར་བསྒྲུབ་པ་ནི་བདུད་ཀྱི་ལས་བཟློག་པའོ།། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལམ་ཐམས་ཅད་ལས་ འདའ་བར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ རྫོགས་པར་བྱང་ཆུབ་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་པ་མངོན་པར་ཆགས་པ་མེད་པར་མཐོང་བར་བྱ་བ་དང༌། སྨོན་ལམ་གྱི་སངས་རྒྱས་མངོན་པར་སྒྲུབ་པ་དང༌། ལས་ རྣམ་པར་སྨིན་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱ་བ་དང༌། བྱིན་གྱི་རླབས་ཀྱི་སངས་རྒྱས་ཀྱི་རྗེས་སུ་འབྲང་བར་བྱ་བ་དང༌། མྱ་ངན་ལས་འདས་པའི་སངས་རྒྱས་ཁོང་དུ་ཆུད་པར་བྱ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ལ་ཐམས་ཅད་དུ་གཞོལ་བར་བྱ་བ་དང༌། སེམས་ཀྱི་སངས་རྒྱས་གནས་པར་བྱ་བ་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་ལ་ཚད་དུ་གནས་པར་མི་བྱ་བ་དང༌། རང་ བཞིན་འོད་གསལ་བའི་སངས་རྒྱས་རབ་ཏུ་རྟོགས་པར་བྱ་བ་དང༌། བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་རྒྱ་ཆེན་པོས་བླང་བར་བྱ་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་མཐོང་བར་བྱ་བ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་མཐོང་བ་བླ་ན་མེད་པ་འཐོབ་པར་འགྱུར་ བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡང་དག་པའི་ནན་ཏན་ལ་མོས་ པར་བྱ་བའི་ཕྱིར། དུས་སུ་བསྐུལ་བ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །སྔོན་གྱི་དགེ་བའི་རྩ་བ་ཡང་དག་པར་བསྐུལ་བའི་ཕྱིར། རྨི་ལམ་དུ་སངས་རྒྱས་སྟོན་པ་ནི་སངས་རྒྱས་ཀྱི་འཕྲིན་ ལས་སོ། །ཐེ་ཚོམ་མེད་པའི་ཡེ་ཤེས་ཀྱི་ཕྱིར་མ་ཐོས་པའི་མདོ་སྡེ་སྟོན་པ་ནི་སངས་རྒྱས་ཀྱིས་ཕྲིན་ལས་སོ། །ཐེ་ཚོམ་མེད་པའི་སེམས་ཀྱི་ཕྱིར་འགྱོད་པའི་ཀུན་ནས་འཁོར་བས་ཡོངས་ ༄༅། །སུ་ནོན་པ་ལ་འབྱུང་བའི་ལས་ཉེ་བར་སྒྲུབ་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །འཇུངས་པའི་སེམས་དང༌། ཤེས་རབ་འཆལ་བའི་བར་གྱི་སེམས་དང༌། ཉན་ ཐོས་དང༌། རང་སངས་རྒྱས་ཀྱི་སེམས་དང༌། ཐེ་ཚོམ་དང༌། ནེམ་ནུར་གྱི་སེམས་དང༌། དེ་ལ་ཞེན་པའི་སེམས་དང༌། ང་རྒྱལ་གྱི་སེམས་ཤིག་བྱུང་ན། སྔོན་དགེ་བའི་རྩ་བ་མངོན་པར་ བསྒྲུབས་པའི་ཕྱིར། མཚན་གྱིས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་མདུན་དུ་གནས་ཏེ། བཟློག་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །ཆོས་མཉན་པའི་མུ་གེ་བྱུང་བའི་ ཚེ༑ ཆོས་མཉན་པ་གང་ཐོས་པས་གཟུངས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་མཉན་པ་ཐོས་པར་བྱེད་ཅིང༌། མངོན་པར་ཤེས་པའི་ཡེ་ཤེས་ཉེ་བར་བསྟན་ཏེ། མོས་ པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་དོན་ཚད་མེད་པ་ལ་བརྩོན་པར་སྦྱར་བ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་དྲུག་པའོ། །བདུད་ཀྱི་ལས་ཤིག་བྱུང་བར་གྱུར་ན་ནམ་ མཁའི་དབྱིངས་ལས་སྒྲ་བསྒྲགས་པའི་ཚུལ་ལམ། འོན་ཏམ་ཡན་ལག་ནས་བརྒྱུད་པའི་ཚུལ་ལམ། ཐབས་སྣ་ཚོགས་ཀྱིས་བདུད་ཀྱི་ལས་དེ་དག་ཤེས་པར་བྱེད་པ་དང༌། ཁོང་དུ་ཆུད་པར་བྱེད་པ་དང༌། བསལ་བར་འདོད་པར་བྱེད་ཅིང༌། དེ་ཐོས་ནས་ལྷག་པའི་བསམ་པ་ཆེ་བ་ཉིད་ཀྱིས་ཟིལ་གྱིས་མནན་ཏེ་སྤྱོད་པར་འགྱུར་བ་འདི་ནི། སངས་ རྒྱས་ཀྱི་འཕྲིན་ལས་བདུན་པའོ། །སྔོན་སྨོན་ལམ་ཤིན་ཏུ་བསྒྲུབས་པས་མཚམས་མེད་པའི་སེམས་ལས་ཡོངས་སུ་བསྲུང་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྐྱོན་མེད་པར་ འཇུག་པ་ལས་བསྲུང་བ་དང༌། དབང་པོ་མ་སྨིན་པ་རྣམ་པར་གྲོལ་བར་དམིགས་པ་ལས་བཟློག་པ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ། །འཁོར་བ་རྒྱུད་དུ་འབྲེལ་བར་བྱེད་པའི་ཟག་ པ་རྣམས་ཡོངས་སུ་གཅོད་པ་དང༌། གཅོད་པ་ཡོངས་སུ་འབྲེལ་བར་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་ཡང་དག་པར་སྒྲུབ་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་ པ་དང༌། སྤྱོད་པ་ཡོངས་སུ་བསྒྲུབ་པར་མོས་ཀྱང་སྦྱོར་བ་མྱ་ངན་ལས་འདས་པ་འདི་ནི་སངས་རྒྱས་ཀྱི་འཕྲིན་ལས་དགུ་པ་སྟེ། སྤྱོད་པ་རྒྱུན་མི་འཆད་པའི་རྒྱུར་འགྱུར་བའོ། །ཀྱེ་རྒྱལ་ བའི་སྲས། ཁྱོད་ཚུར་ཤོག །བདག་དང་སེམས་ཅན་ཀུན་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པར་གྱིས་ལ། སེམས་ཅན་མ་བརྒལ་བས་མ་འཇིགས་པར་བསོད་ནམས་ དང༌། ཡེ་ཤེས་ཀྱི་ཚོགས་བཙལ་བས་མི་ངོམས་པ་ལ་སེམས་ཞོག་ཅིག། མངོན་པར་འདུ་བྱེད་པའི་རང་བཞིན་གྱི་མཚན་ཉིད་ཀྱང་མ་བཏང་ཞིག། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ ཡང་མ་དོར་ཅིག། འདོད་ཆགས་དང་བྲལ་བ་ཡང་ཐོབ་པར་གྱིས་ཤིག། ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བཙལ་བར་གྱིས་ཤིག། ༄༅། །ཆོས་ཐམས་ཅད་ལ་གཞན་གྱི་དྲིང་འཇོག་པ་མེད་པར་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱང་བར་གྱིས་ཤིག། ཞིང་གི་མཚན་ཉིད་ནམ་མཁའ་ལྟ་བུར་ཡང་ ཤེས་པར་གྱིས་ཤིག། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་ཀྱང་མ་སྐྱོ་ཞིག། བདག་མེད་པའི་མཚན་ཉིད་ཀྱང་མ་སྤོངས་ཤིག། མངོན་པར་ཤེས་པའི་ཡེ་ཤེས་ལ་ཡང་རྣམ་ པར་འཕྲུལ་བར་གྱིས་ཤིག །ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོ་ཞིག། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡང་མ་བཏང་ཞིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་འབྱུང་བར་ གྱིས་ཤིག། ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག། ཆོས་ཉིད་བརྗོད་དུ་མེད་པ་ལས་ཀྱང་འདའ་བར་མ་བྱེད་ཅིག། དེ་བཞིན་གཤེགས་ པའི་རྣམ་པར་འཕྲུལ་བ་དང༌། བྱིན་གྱི་རླབས་ཀྱང་ཡོངས་སུ་སྟོན་ཅིག། བྱང་ཆུབ་སེམས་དཔའི་ལུས་ཀྱང་མ་དོར་ཅིག། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་ ཡོངས་སུ་སྟོན་ཅིག། སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་སྣང་བར་གྱིས་ཤིག་ཅེས། ཀྱེ་རྒྱལ་བའི་སྲས། རྣམ་པ་དེ་ལྟ་བུའི་ཆོས་ཟུང་དང༌། སྣྲེལ་ཞིར་བསྒྲུབ་པ་མངོན་ པར་བསྒྲུབ་པ་རྣམས་ཉེ་བར་བསྒྲུབ་པ་འདི་ནི། སངས་རྒྱས་ཀྱི་འཕྲིན་ལས་ཡང་དག་ཕུལ་གྱི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སངས་རྒྱས་ཀྱི་འཕྲིན་ལས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་གི་འཕྲིན་ལས་གཞན་གྱི་དྲིང་མི་འཇོག་པ་བླ་ན་མེད་པ་འཐོབ་པར་ འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་བླ་མ་དང༌། སྦྱིན་པའི་གནས་དང༌། ཕ་དང༌། མ་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་ལ་རིམ་གྲོ་མེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་སྨྲ་བ་དང༌། ཁྱད་པར་གྱི་ཆོས་ཁོང་དུ་ཆུད་པ་ དང༌། ཆོས་རྒྱ་ཆེན་པོ་སྟོན་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་དང༌། འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང༌། གཟུངས་དང༌། མདོ་སྡེ་ལ་ཤིན་ཏུ་བྱང་བ་རྣམས་ལ་ མི་འདུད་དེ་ཁེངས་ཤིང་འགྱིང་ལ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་མི་སྐྱེད་པ་དང༌། གུས་པར་མི་ཉན་པ་དང༌། ཞེ་ས་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་མཉན་པ་དང༌། ཡང་དག་ པའི་གཏམ་བྱ་བར་འཇུག་པ་ལས་ཆོས་ཀྱི་ཤུགས་ཆེན་པོ་སྐྱེས་ཀྱང་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་མི་སྟེར་ཅིང༌། ལ་ལ་ཞིག་འདི་ལ་དད་པར་འགྱུར་དུ་འོང་ངོ་སྙམ་པ་ནི་ང་རྒྱལ་ གྱི་ལས་སོ། །ལྷག་པའི་ང་རྒྱལ་བསྐྱེད་དེ། བདག་གི་གཟེངས་བསྟོད་ཅིང་གཞན་གྱི་ཉམས་སྨོད་པ་དང༌། རང་གི་དྲོད་མི་འཛིན་ཅིང་སེམས་ངེས་པར་རྟོགས་པ་མི་སྐྱེད་པ་ནི་ང་རྒྱལ་ ༄༅། །གྱི་ལས་སོ། །མཐོ་བའི་ང་རྒྱལ་བསྐྱེད་དེ། ཤེས་བཞིན་ཁོང་དུ་ཆུད་བཞིན་དུ་བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་ལེགས་པ་འཆབ་པ་དང༌། མི་ སྙན་པར་བརྗོད་ཅིང་གཞན་གྱི་ཡོན་ཏན་བསྔགས་པས་དགའ་བར་མི་འགྱུར་བ་འདི་ནི་ང་རྒྱལ་གྱི་ལས་སོ། །འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་ཡང་དག་པར་སངས་རྒྱས་ ཀྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་ཤེས་ལ། གང་ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང༌། ཆོས་སྤོང་བ་དང་གཞན་ཡང་དཔའ་བས་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། ། སྟན་མཐོན་པོ་འདོད་ཅིང་གཅེས་པར་བྱ་བའི་ཆོས་ཚོལ་བ་དང༌། གཞན་གྱིས་རིམ་གྲོ་བྱ་བར་སྡོད་ཅིང་མངོན་པར་དགའ་བ་དང༌། གནས་བརྟན་རྒན་པ་ཚངས་པའི་སྤྱོད་པ་ཡུན་ རིང་དུ་སྤྱོད་སྤྱོད་པ་རྣམས་ལ་མི་ལྡང་ཞིང་མི་བསུ་བ་དང༌། བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང༌། ཚིག་འཇམ་ ཞིང་མཉེན་པ་མེད་ལ་རྟག་ཏུ་ཁེངས་པའི་སེམས་ཀྱིས་ཀླན་ཀ་ཚོལ་ཞིང་གླགས་ལྟ་བ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་དུ་ལྷུང་ཞིང་མཁས་པའི་དྲུང་དུ་མི་འགྲོ། མི་སྟེན་ མི་སྙེན། རིམ་གྲོ་མི་བྱེད་ཅིང༌། དགེ་བ་ནི་གང༌། མི་དགེ་བ་ནི་གང༌། བྱ་བ་ནི་ཅི། མི་བྱ་བ་ནི་ཅི། ཅི་ཞིག་བྱས་ན་ཡུན་རིང་པོར་དོན་དང༌། བདེ་བ་དང༌། ཕན་པར་འགྱུར་ཞེས་ མི་འདྲི། མི་དཔྱོད་དེ། དེ་རྨོངས་པ་ལས་ཀྱང་ཆེས་རྨོངས་པར་གྱུར་ནས། གཏི་མུག་གིས་སློང་ཞིང་ང་རྒྱལ་གྱིས་བརྒྱལ་ཏེ། འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ། །དེ་མངོན་པའི་ང་རྒྱལ་ གྱིས་ཟིལ་གྱིས་ནོན་པས་སངས་རྒྱས་སྐྱེ་བ་མཉེས་པར་མི་བྱེད་པ་དང༌། སྔོན་གྱི་དགེ་བའི་རྩ་བ་ཟད་པར་བྱེད་ཅིང༌། གསར་དུ་མི་སྒྲུབ་ལ། མི་བཤད་པ་འཆད་པ་དང༌། འཐབ་མོ་བྱེད་ཅིང་ རྩོད་པ་མང་བར་གྱུར་ཏེ། དེ་དེ་ལྟ་བུའི་ཆོས་ལ་མང་དུ་སྤྱོད་པས་འདོད་རྒྱལ་ཆེན་པོར་ལྷུང་བའི་གནས་སུ་གྱུར་ཀྱང༌། བྱང་ཆུབ་སེམས་དཔའི་སྟོབས་དང་ཤུགས་ཀྱིས་དེ་ད་དུང་དབང་ ཕྱུག་ཐོབ་པར་འགྱུར་ཡང༌། བསྐལ་པ་བརྒྱ་སྟོང་དུ་མར་ཡང་སངས་རྒྱས་སྐྱེ་བ་མཐོང་བར་ཡང་མི་འགྱུར་ན། ཆོས་མཉན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་ང་རྒྱལ་གྱི་ལས་བཅུ་ པའོ།། །།བམ་པོ་བརྒྱད་ཅུ་རྩ་བཞི་པ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་ཀྱི་ལས་བཅུ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། བཅུ་གང་ ཞེ་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས། རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་ནི་ཡེ་ཤེས་ཀྱི་ལས་སོ། །བྱང་ཆུབ་སེམས་མི་གཏོང་བས། རྟག་ཏུ་རྒྱུན་མི་འཆད་པར་ ༄༅། །སངས་རྒྱས་ཡིད་ལ་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བསྟེན་པ་དང༌། རིམ་གྲོ་བྱེད་ཅིང་དེ་ལ་ལྡང་བ་དང༌། བསྙེན་བཀུར་ བ་དང༌། བླ་མར་བྱ་བ་དང༌། ཉན་པར་དགའ་བ་ནི་ཡེ་ཤེས་ཀྱི་ལས་སོ། །ཆོས་ལ་དོན་དུ་གཉེར་ཅིང་ཆོས་འདོད་པ་དང༌། ཆོས་ཚོལ་བ་དང༌། ཐོས་པ་བཙལ་བས་མི་ངོམས་པ་དང༌། ཚུལ་ བཞིན་ཡིད་ལ་བྱ་བས་སྦྱོར་བ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ནི་ཡེ་ཤེས་ཀྱི་ལས་སོ། །སེམས་ཅན་རྣམས་ལ་ང་རྒྱལ་མེད་པ་དང༌། བྱང་ཆུབ་སེམས་ དཔའ་རྣམས་ལ་སྟོན་པ་ཙམ་དུ་གཅེས་པར་སེམས་པ་དང༌། ཆོས་རྣམས་ལ་བདག་ཙམ་དུ་གཅེས་པར་སེམས་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་སྲོག་ཙམ་དུ་གཅེས་པར་ སེམས་པ་དང༌། ནན་ཏན་ཉམས་སུ་བླང་བ་ལ་སངས་རྒྱས་ཙམ་དུ་གཅེས་པར་སེམས་པ་ནི་ཡེ་ཤེས་ཀྱི་ལས་སོ། །ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང༌། འཚོ་བའི་དབང་པོ་སྨད་དུ་མི་རུང་བ་དང༌། འཚོ་བ་མཁས་པས་བསྔགས་པ་དང༌། བྱང་ཆུབ་ཀྱི་ལས་ཀྱི་རྗེས་སུ་རྩོམ་པའི་རྩོལ་བ་ནི་ཡེ་ཤེས་ཀྱི་ལས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། མི་འགལ་པ་དང༌། ལྟ་བའི་ཐིབས་པོ་དང་བྲལ་བ་དང༌། གཏི་མུག་གི་མུན་པ་དང༌། རབ་རིབ་སེལ་པ་དང༌། མ་རིག་པའི་མུན་ནག་མེད་པར་བྱེད་པ་དང༌། ཆོས་ཐམས་ཅད་ ལ་ཤེས་རབ་ཀྱི་སྣང་བ་རབ་ཏུ་ཐོབ་པར་བྱེད་པ་ནི་ཡེ་ཤེས་ཀྱི་ལས་སོ། །ཡོངས་སུ་བསྔོ་བ་བཅུའི་རྗེས་སུ་འབྲང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མར་འདུ་ཤེས་པ་དང༌། ཐབས་མཁས་ པ་ལ་ཕར་འདུ་ཤེས་པ་དང༌། བསམ་པ་བྱང་ཆུབ་ཀྱི་རྣམ་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ལས་སོ། །སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། ལྷག་མཐོང་དང༌། ཞི་གནས་ཡོངས་སུ་ ཚོལ་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་སྐྱོ་བ་ནི་ཡེ་ཤེས་ཀྱི་ལས་སོ། །ལས་གང་སངས་རྒྱས་ཀྱིས་བསྔགས་པ། བདུད་ཀྱི་དཀྲུགས་མ་དང༌། ཉོན་ མོངས་པ་ཐམས་ཅད་དང་བྲལ་བ་བསྒྲིབས་པ་དང༌། གཅོད་པ་དང༌། ཀུན་ནས་འཁོར་བ་ཐམས་ཅད་ཡོངས་སུ་ཆད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། རྣམ་པར་ གདུལ་པའི་ཡེ་ཤེས་དང་མཐུན་པ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་བརྩོན་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མངོན་པར་ཤེས་པ་དང༌། རིག་པའི་ཡེ་ཤེས་ མངོན་སུམ་དུ་གྱུར་ཅིང༌། དེ་ལྟ་བུའི་ལས་བྱེད་པ་འདི་ནི་ཡེ་ཤེས་ཀྱི་ལས་ཡང་དག་ཕུལ་གྱི་ཆོས་དང་ལྡན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ལས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་སྔོན་དུ་འགྲོ་བས། མངོན་པར་བསྒྲུབ་ ༄༅། །པ་ལ་མཁས་པ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་བྱིན་གྱི་རླབས་ ཏེ༑ བཅུ་གང་ཞེ་ན། འདི་ལྟར་སེམས་ཞུམ་པར་གྱུར་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །བསམ་པ་འཁྲུགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ༑ །རྒྱ་ཆུང་དུས་མགུ་བ་ནི་བདུད་ཀྱི་བྱིན་ གྱི་རླབས་སོ། །གཅིག་ལས་མི་བཟོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྨོན་ལམ་ལ་ལྷག་པར་མི་དམིགས་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཉོན་མོངས་པ་རྣམ་པར་བཟློག་པ་དང༌། ཞི་བ་འདོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །འཁོར་བའི་རྒྱུན་མི་གཅོད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སྤྱོད་པ་ལས་ཕྱིར་མི་ལྡོག་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་ ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཆོས་ལ་ཐེ་ཚོམ་ཟ་ཞིང་དམ་པའི་ཆོས་སྤོང་བ་ནི་བདུད་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི་ བདུད་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ཡོངས་སུ་སྤངས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་ བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཐོག་མར་བྱང་ཆུབ་ཏུ་སེམས་སྐྱེ་བ་ནི་སངས་ རྒྱས་ཀྱི་བྱིན་གྱི་རླབས་སོ། །ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མི་ཚོར་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །བདུད་ཀྱི་ལས་ཁོང་དུ་ཆུད་ཅིང་དེ་རྣམ་པར་ཟློག་པ་ནི་སངས་རྒྱས་ཀྱི་བྱིན་གྱི་ རླབས་སོ། །ཕ་རོལ་ཏུ་ཕྱིན་པ་གྲག་ཅིང་ཐོས་པར་འགྱུར་བ་དང༌། ཐོས་ནས་ཀྱང་ནན་ཏན་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །འཁོར་བའི་སྡུག་བསྔལ་རབ་ཏུ་ཤེས་ཤིང་ཡོངས་ སུ་སྐྱོ་བར་མི་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱིས་རླབས་སོ། །ཆོས་ཟབ་མོ་རྟོགས་པར་བྱ་བས་འབྲས་བུ་ཐོབ་པར་བྱེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །སེམས་ཅན་རྣམས་ལ་ཉན་ ཐོས་དང༌། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བས་ཆོས་སྟོན་ཀྱང༌། དེའི་རྣམ་པར་གྲོལ་བ་ལ་མོས་པ་མེད་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཀྱི་རང་བཞིན་ལ་རྟོག་ཅིང་ འདུས་མ་བྱས་ལ་མི་གནས་ལ། འདུས་བྱས་དང༌། འདུས་མ་བྱས་ལ་མི་གཉིས་པར་འདུ་ཤེས་པ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཉིང་གི་མཚམས་སྦྱོར་བ་ལ་གནས་ཀྱང༌། ཉིང་ གི་མཚམས་སྦྱོར་བ་སེལ་བ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་རིགས་ཀྱི་རྒྱུན་མི་གཅོད་པ་ནི་ སངས་རྒྱས་ཀྱི་བྱིན་གྱི་རླབས་སོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། སངས་རྒྱས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་ ༄༅། །པའི་སྟོབས་བཅུའི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ ཀྱི་བྱིན་གྱི་རླབས་ཏེ། བཅུ་གང་ཞེ་ན། འདི་ལྟར་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །འདུས་བྱས་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ཆོས་ཀྱི་ བྱིན་གྱི་རླབས་སོ། །འདུ་བྱེད་ཐམས་ཅད་བདག་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཆོས་རྣམས་ནི་ རྟེན་ཅིང་འབྲེལ་བར་འབྱུང་སྟེ། རྐྱེན་རྣམས་མེད་པར་མི་འབྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཚུལ་བཞིན་མ་ཡིན་པ་ཀུན་ནས་བྱུང་བས་མ་རིག་པ་ཀུན་ནས་འབྱུང་ངོ༌། །མ་རིག་པ་ ཀུན་ནས་བྱུང་བས་རྒ་ཤིའི་བར་དུ་ཀུན་ནས་འབྱུང་ངོ༌། །ཚུལ་བཞིན་མ་ཡིན་པ་འགགས་པས། མ་རིག་པ་འགག་གོ། མ་རིག་པ་འགགས་པས། རྒ་ཤིའི་བར་དུ་འགག་པར་ འགྱུར་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཉན་ཐོས་ཀྱི་ཐེག་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་བྱུང་བ་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཉོན་མོངས་པ་མེད་པའི་ཆོས་ཁོང་དུ་ཆུད་ པས་བྱུང་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞིས་བྱུང་བའི་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །སངས་རྒྱས་ཀྱི་ཡུལ་ཞིང་ ཐམས་ཅད་དང༌། ཆོས་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་དང༌། དུས་ཐམས་ཅད་རབ་ཏུ་མཁྱེན་པའི་ཡེ་ཤེས་མངའ་བ་ནི་ཆོས་ཀྱི་བྱིན་གྱི་རླབས་སོ། །མྱ་ངན་ལས་འདས་པ་ཡིད་ལ་ བྱ་བ་ཐམས་ཅད་ཡོངས་སུ་ཆད་པ་དང༌། འཛིན་པ་ཐམས་ཅད་རྣམ་པར་སྤངས་པ་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་རང་བཞིན་གྱི་རྗེས་སུ་སོང་བར་ཤེས་པ་ནི་ཆོས་ཀྱི་བྱིན་གྱི་རླབས་ སོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་བྱིན་གྱི་རླབས་ཏེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ ཅད་ཀྱི་བྱིན་གྱི་རླབས་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ་། བཅུ་གང་ཞེ་ན། འདི་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ལ་འདོད་པའི་དབེན་པ་བསྟན་པ་དང༌། དབང་ཕྱུག་མི་རྟག་པ་བསྟན་པ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་ པར་འགྱུར་བ་བསྟན་པ་དང༌། དེ་དག་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་དང་པོའོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ལ་བསམ་ གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང༌། རྣམ་པར་ལྡང་བ་སྟོན་ཅིང༌། བསམ་གཏན་དང༌། བསམ་གཏན་གྱི་ཡན་ ༄༅། །ལག་དེ་དག་ལ་མངོན་པར་ཞེན་པ་དང༌། སྲེད་པས་བྱུང་བའི་འཇིག་ཚོགས་སུ་ལྟ་བ་དང༌། གཏི་མུག་གི་ཤས་ཆེ་བའི་ཉོན་མོངས་པ་རྣམས་ཡང་དག་པ་ཇི་ ལྟ་བ་བཞིན་དུ་བསྟན་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཕྱིན་ཅི་ལོག་ལ་ཞུགས་པ་ཐམས་ཅད་ལ་སྡུག་པར་ཡིད་ལ་བྱེད་པ་ཐམས་ཅད་མི་སྡུག་ཅིང་མི་རྟག་པར་ཡོངས་སུ་ བསྟན་ཏེ། བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་ དཔའ་རྣམས་ནི་རྒྱན་བཟང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། ལུས་ལས་འོད་བཀྱེ་ཞིང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ ནས༑ སེམས་ཅན་རྣམས་ལ་དད་པ་ཇི་བཞིན་དུ་ཆོས་སྣ་ཚོགས་ཀྱི་སྒྲ་སྐད་རབ་ཏུ་བརྗོད་དེ། ཆོས་ཀྱི་སྒྲ་སྐད་དེ་དག་ཐོས་ནས། སེམས་དང་བར་གྱུར་ཏེ། དགའ་ལྡན་གྱི་ལྷ་དང་ བརྟུལ་ཞུགས་མཐུན་པར་སྐྱེ་བར་འགྱུར་ཞིང་དེ་ལྟར་སྐྱེས་ནས་ཀྱང༌། བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གསུམ་པའོ། །ཀྱེ་རྒྱལ་བའི་ སྲས༑ དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་མིག་བསྒྲིབས་པ་མེད་པས་ཕྱོགས་བཅུའི་དགའ་ལྡན་གྱི་གནས་རབ་ན་ གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་མཐོང་ངོ༌། །མཐོང་ནས་ཀྱང་ཆོས་ཡང་དག་པར་བགྲོ་[*'GRO?] བ་ཆེན་པོ་ དང༌། ཡང་དག་པའི་ཆོས་ཀྱི་གཏམ་ཆེན་པོ་བྱེད་དོ། །ཡུམ་གྱི་སྐུར་གཤེགས་པ་དང༌། སྐྱེ་བ་དང༌། འབྱུང་བ་དང༌། སྙིང་པོ་བྱང་ཆུབ་ཀྱི་རྒྱུན་རྣམ་པར་དགོད་པ་ཡང་ཡང་དག་པར་ བགྲོའོ་[*'GRO'O?]། །སྔོན་གྱི་སྤྱོད་པ་གང་གིས་ཡེ་ཤེས་ཀྱི་ཆེ་བ་ཉིད་དེ་ཐོབ་པར་གྱུར་བའི་སྔོན་གྱི་སྤྱོད་པ་དེ་དག་ཀྱང་རབ་ཏུ་བརྗོད་དེ། གནས་ནས་མི་གཡོ་ཡང་བྱ་བ་འདི་ལྟ་བུ་དག་སྟོན་པ་འདི་ ནི་དགའ་ལྡན་ན་གནས་པའི་ལས་བཞི་པའོ། །ཀྱེ་རྒྱལ་བའི་སྲས། དགའ་ལྡན་གྱི་གནས་རབ་ན་གནས་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་ལ་བལྟ་བ་ དང༌། ཕྱག་བྱ་བ་དང༌། བསྙེན་བཀུར་བའི་ཕྱིར་ཕྱོགས་བཅུ་ནས་དགའ་ལྡན་གྱི་གནས་རབ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་རྣམས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་ དག་གི་སེམས་དང༌། བསམ་པ་ཡོངས་སུ་ཚིམ་པར་བྱ་བ་དང༌། སྨོན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཡང་དག་པར་བགྲོ་བའི་སྒོ་ཆེན་པོ་ཡང་དག་པར་སྟོན་ཏེ། སོ་སོའི་ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བྱ་བ་དང༌། གང་སྤང་བ་དང༌། གང་བསྒོམ་པ་དང༌། གང་མངོན་དུ་བྱ་བ་དེ་དག་ཀྱང་ཡང་དག་པར་སྟོན་ཏོ། །ཡང་དག་པར་བགྲོ་ ༄༅། །བའི་ཆོས་དེ་དག་ཐོས་ནས་ཀྱང་རབ་ཏུ་དགའ་ཞིང་མགུ་བ་དང༌། རངས་པས་ལེགས་པར་བརྗོད་ཅིང༌། རང་རང་གི་ཞིང་དང༌། རང་རང་གི་གནས་སུ་འདོད་པར་ འགྱུར་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། དགའ་ལྡན་གྱི་གནས་རབ་ན་གནས་པའི་གན་དུ་ནམ་བདུད་སྡིག་ཅན་འདོད་པའི་ཁམས་ཀྱི་དབང་པོ་ འཁོར་མང་པོས་ཡོངས་སུ་བསྐོར་ཞིང་གླགས་བཙལ་བའི་ཕྱིར་འོངས་པར་གྱུར་ན་ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་ཚར་གཅོད་པ་ཞེས་བྱ་བའི་རྡོ་རྗེའི་ཚིག་ ལ་གནས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པས་ཡང་དག་པར་བཟུང་བའི་ཡེ་ཤེས་ཀྱི་སྒོས་མཉམ་ཞིང་མཉེན་པའི་མཐའ་གཉིས་བཟུང་ནས། ཅི་ནས་ ཀྱང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་བྱིན་གྱིས་རློབ་བོ། །དེ་ལྟ་དེ་ལྟར་ཆོས་ཀྱང་སྟོན་ཏེ། བདུད་ཀྱི་འཁོར་ཆེན་པོ་དེས་བྱང་ཆུབ་སེམས་དཔའི་རྣམ་ པར་འཕྲུལ་པ་དེ་ལྟ་བུ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་དྲུག་པའོ། །ཀྱེ་རྒྱལ་ བའི་སྲས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པ་ནི་གང་གི་ཚེ། འདི་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་འདི་རྣམས་ཆོས་མཉན་པ་དང༌། ཡང་དག་ པར་བགྲོ་[*'GRO?] བས་སྐྱོ་བར་གྱུར་ཏོ། །ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ། འདོད་པའི་ཁམས་ཀྱི་གནས་ཐམས་ཅད་དུ་སྒྲ་སྒྲོག་ཅིང་དབྱངས་འབྱིན་ཏེ། གྲོགས་པོ་དག། དེ་རིང་བྱང་ཆུབ་སེམས་ དཔའ་བཙུན་མོའི་འཁོར་ཆེན་པོ་སྟོན་པ་མཛད་ཀྱི། བལྟ་བར་སུ་འདོད་པ་དེ་དག་མྱུར་དུ་ཤོག་ཅིག་ཅེས་ནས། དེར་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ནས་འདུ་པར་འགྱུར་ཏེ། དེ་དག་ དང་བྱང་ཆུབ་སེམས་དཔའ་རྣམས་ཀུན་ནས་འདུས་པར་གྱུར་ནས་ཀྱང༌། ལྷའི་བུ་དེ་དག་གིས་སྔོན་ཆད་མ་མཐོང༌། མ་ཐོས་པའི་བཙུན་མོའི་འཁོར་དེ་ལྟ་བུ་བསྟན་ནས། དེ་དག་ནམ་ དགའ་བས་མོས་པར་གྱུར་པ་དེའི་ཚེ། དེ་དག་གིས་རོལ་མོ་བརྡུང་བ་དང༌། དཀྲོལ་བ་དེ་དག་ལས། ཀྱེ་གྲོགས་པོ་རྣམས། འདུ་བྱེད་ཐམས་ཅད་ནི་མི་རྟག་གོ། འདུ་བྱེད་ཐམས་ཅད་ནི་ སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྒྲ་འབྱུང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་སྒྲ་འབྱུང་བ་ཐོས་པར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་པ་དང་སྐྱོ་བ་སྐྱེ་བར་གྱུར་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་དག་ པར་གཞོལ་བར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བདུན་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་འདུག་པ་ནི། དགའ་ལྡན་ ༄༅། །གྱི་གནས་ནས་ཀྱང་ལུས་མི་སྣང་བར་མ་གྱུར་ལ། ཕྱོགས་བཅུར་ཡང་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང༌། ཕྱག་བྱ་བ་དང༌། བསྙེན་བཀུར་བ་དང༌། ཆོས་མཉན་པའི་ཕྱིར་འགྲོ་སྟེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའི་ས་མངོན་པར་དབང་བསྐུར་བ་ཐོབ་པའི་མཆོག་ཏུ་ཕྱིན་པས། ཐམས་ཅད་མངོན་ པར་ཤེས་པ་ཞེས་བྱ་བ་ཡང་དག་པར་བསྟན་པར་འགྱུར་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡན་ལག་དང༌། ཉེ་བའི་ཡན་ལག་ཐམས་ཅད་དང་ལྡན་ཞིང༌། རྣམ་པའི་མཆོག་ ཐམས་ཅད་དང་ལྡན་པ་ལ་འཇུག་པ་སེམས་ཀྱི་སྐད་ཅིག་གཅིག་གིས་སྦྱོར་བ་ཡང་དག་པར་བསྟན་པར་འགྱུར་བ་འདི་ནི་དགའ་ལྡན་ན་གནས་པའི་ལས་བརྒྱད་པའོ། །ཀྱེ་རྒྱལ་ བའི་སྲས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པའི་མཐུས། ཁྱད་པར་འདོད་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མཆོད་པ་དང༌། རིམ་གྲོ་རྣམ་པ་ ཚད་མེད་པས་རྣམ་པར་དག་པ་མཐའ་ཡས་པའི་རྣམ་པ་ཡོངས་སུ་སྟོན་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ། འཇིག་རྟེན་གྱི་ཁམས་འབྱམས་ ཀླས་པའི་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་དོན་དུ་འབྱུང་སྟེ། འཁོད་པ་དེ་མཐོང་ནས་སེམས་ཅན་གྲངས་མེད་ཚད་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ནི་དགའ་ལྡན་ན་གནས་པའི་ལས་དགུ་པའོ། །ཀྱེ་རྒྱལ་བའི་སྲས། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ན་གནས་པ་མཐའ་དང་ དབུས་མེད་པའི་ཆོས་སྒྱུ་མ་ལ་ཞུགས་པ་ནི། མིག་ཡོར་ལྟ་བུས་ཤིན་ཏུ་བསྒྲུབས་པའི་ཡེ་ཤེས་ཀྱི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་དུ་གཟུགས་སྣ་ཚོགས་དང༌། ཁ་དོག་ སྣ་ཚོགས་དང༌། དབྱིབས་སྣ་ཚོགས་དང༌། སྤྱོད་ལམ་སྣ་ཚོགས་དང༌། བྱ་བ་སྣ་ཚོགས་དང༌། སྦྱོར་བ་སྣ་ཚོགས་དང༌། བསྟན་པ་མངོན་པར་བསྒྲུབ་པ་སྣ་ཚོགས་དང༌། དགོད་པ་རྣམ་ པ་སྣ་ཚོགས་ཀྱིས། སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་སེམས་དང༌། བསམ་པ་མགུ་བར་བྱ་བའི་ཕྱིར། ཆོས་སྟོན་ཅིང་གཟུགས་ཡོངས་སུ་སྟོན་ཏེ། འདི་ནི་དགའ་ལྡན་ན་ གནས་པའི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་ན་གནས་པའི་ལས་ཏེ། དེ་དག་བྱས་ནས་བྱང་ཆུབ་སེམས་ དཔའ་རྣམས་ཕྱིས་མིའི་འཇིག་རྟེན་དུ་འོང་བར་འགྱུར་བ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་ལྡན་གྱི་གནས་ནས་ཤི་འཕོ་ སྟོན་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ལྷའི་རིས་དགའ་ལྡན་ནས་ཤི་འཕོ་བའི་ཚེ། རྐང་པའི་མཐིལ་གྱི་འོག་ནས་བདེ་བའི་རྒྱན་ ༄༅། །ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ཞིང༌། ངན་སོང་ དང་མི་ཁོམ་པའི་རྒྱུད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ལུས་ལ་འབབ་བོ། །དེ་ལྟར་འོད་དེ་ལུས་ལ་བབ་མ་ཐག་ཏུ། དེ་ཉིད་ཀྱི་ཚེ། སེམས་ཅན་དེ་དག་བདེ་བ་ཐམས་ཅད་ ཀྱིས་ཚིམ་ཞིང་སྡུག་བསྔལ་གྱི་ཚོར་བ་རྩེ་ཞིལ་བར་འགྱུར་རོ། །བདེ་བའི་ཉམས་དེ་ཉམས་སུ་ཚོར་མ་ཐག་ཏུ་དེ་དག་གིས་འདི་ལྟར། གྲོགས་པོ་དག། སེམས་ཅན་གཞན་ཞིག་ ནི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་སོ་ཞེས་བྱ་བར་ཤེས་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དང་པོའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་ སེམས་དཔའ་དེའི་སྨིན་མཚམས་ཀྱི་མཛོད་སྤུ་ནས། ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་རྒྱས་པར་བཀང་ཞིང༌། སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་བབ་བོ། །འོད་ཟེར་དེས་དེ་ལྟར་ལུས་ལ་བབ་མ་ཐག་ཏུ་དེ་ཉིད་ ཀྱི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤི་འཕོ་བར་ཁོང་དུ་ཆུད་དེ། དེ་དག་ཐམས་ཅད་འདུས་ནས་བྱང་ཆུབ་ སེམས་དཔའ་ལ་མཆོད་པའི་ལས་མངོན་པར་བསྒྲུབ་པ་འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་གཉིས་པའོ། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་ལག་ པ་གཡས་པའི་མཐིལ་ནས་ཡོངས་སུ་དག་པའི་ཡུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱོང་ཞིང༌། དེ་ན་ ཟག་པ་མེད་པའི་རང་སངས་རྒྱས་འཁོད་པ་དེ་དག་འཇིག་རྟེན་གྱི་ཁམས་གཞན་དུ་སེལ་ཏེ། །མ་ཡིན་ན་ཡང་གང་གིས་ཤེས་པར་གྱུར་པ་དེ་དག་ཚེའི་འདུ་བྱེད་འདོར་རོ། །གཞན་ཡང་ འདུལ་བའི་དབང་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བྱིན་དུ་བརླབས་པའི་སེམས་ཅན་མ་གཏོགས་པར། བདུད་དང་མུ་སྟེགས་ཅན་གཞན་དང༌། ཕས་ཀྱི་རྒོལ་བ་དང༌། ཀུན་ཏུ་རྒྱུ་བ་དང༌། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སེལ་ཏེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་གསུམ་ པའོ༑ ༑ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་པུས་མོ་གཉིས་ཀྱི་ལྷ་ང་གཉིས་ནས་དྲི་མ་མེད་ཅིང་བཟང་ལ་འོད་གསལ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་ འབྱུང་སྟེ། དེ་བྱུང་ནས་ཀྱང་ལྷའི་གནས་ཐ་མ་ཉེ་བར་བཟུང་བ་ཡན་ཆད། འོག་མིན་གྱི་ལྷའི་གནས་མན་ཆད་དུ་སྣང་བར་བྱེད་དེ། དེས་ལྷའི་བུ་དེ་དག་གིས་ཀྱང༌། བྱང་ཆུབ་ ༄༅། །སེམས་དཔའ་དགའ་ལྡན་གྱི་གནས་ནས་ཤིང་འཕོ་བར་ཤེས་ནས། དེ་དག་ཀུན་ཀྱང་སྐྱོ་བའི་ཡིད་ཀྱིས་མེ་ཏོག་དང༌། ཕྲེང་བ་དང༌། སྤོས་དང༌། བྱུག་པ་ དང༌། ཕྱེ་མ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་ཐོགས་ཏེ། རོལ་མོ་བརྡུང་བ་དང༌། དཀྲོལ་བའི་སྒྲ་རབ་ཏུ་ཕྱུང་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་མཆོད་པའི་ལས་ ཀྱི་ཕྱིར་འདོང་སྟེ། ཤི་འཕོ་བ་ཉེ་བར་བཟུང་བ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་གྱི་བར་དུ་བསྙེན་བཀུར་བྱེད་དོ། །ཕྱི་བཞིན་འབྲང་ངོ༌། །འདི་ནི་དགའ་ལྡན་ གྱི་གནས་ནས་ཤི་འཕོ་སྟོན་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་དཔལ་གྱི་བེའུའི་རྒྱན་དང་ལྡན་པ། རྡོ་རྗེའི་ཁམས་ལྟར་སྲ་ཞིང་བརྟན་ པའི་སྙིང་པོ་ཅན་གྱི་སྙིང་ག་ནས། གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་གཏོང་སྟེ། དེ་བཏང་ནས་ཀྱང་ལག་ན་རྡོ་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྣང་ བར་བྱེད་དོ། །དེ་ནས་ལག་ན་རྡོ་རྗེ་ཁྲག་ཁྲིག་ཕྲག་བརྒྱ་འོངས་ཏེ། ཤི་འཕོ་སྟོན་པ་ཉེ་བར་བཟུང་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་བསྟན་གྱི་བར་དུ་བྱང་ཆུབ་ སེམས་དཔའི་ཕྱི་བཞིན་འབྲང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་བ་སྤུའི་བུ་ག་ ཐམས་ཅད་ནས་འགྲོ་བ་ཐམས་ཅད་དུ་རྣམ་པར་ཕྱེ་བ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། བྱང་ཆུབ་སེམས་དཔའི་ལུས་ལ་བབ་བོ། །བྱང་ཆུབ་སེམས་དཔའི་ལུས་ལ་བབ་ནས། ལྷ་དང༌། མིའི་གནས་སུ་འཆར་རོ། །དེས་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བདག་ཅག་གིས་ འདིར་གནས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། དེ་བཞིན་གཤེགས་པ་མཆོད་པ་བྱ་བར་འགྱུར་རོ། །སྙམ་དུ་ཁོང་དུ་ཆུད་པ་འདི་ནི་དགའ་ལྡན་གྱི་གནས་ནས་ཤི་ འཕོ་སྟོན་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་ནས་རྣམ་པར་བསགས་པ་ཤིན་ཏུ་གནས་པ་ཞེས་ བྱའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་ཁྱིམ་གང་དུ་བྱང་ཆུབ་སེམས་དཔའ་སྐྱེ་བར་འགྱུར་བའི་ཁྱིམ་དེར་འཆར་རོ། །འོད་ཟེར་དེ་ལྟར་ཤར་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། བྱང་ཆུབ་ སེམས་དཔའ་དེ་དག་ཁྱིམ་མམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། འཛམ་བུའི་གླིང་དུ་སེམས་ཅན་འདུལ་བ་ཉེ་བར་བཟུང་ཞིང་སྐྱེ་བ་རབ་ཏུ་འཛིན་ཏེ། འདི་ནི་དགའ་ལྡན་གྱི་གནས་ ནས་ཤི་འཕོ་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་དེའི་ཁང་པ་བརྩེགས་པ་ལྷ་ཐམས་ཅད་ཀྱི་གནས་ཀྱི་རྒྱན་ཅེས་བྱ་བ་ལས། གནས་ ༄༅། །ཐམས་ཅད་རྣམ་པར་དག་པའི་རྒྱན་ཅེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་དག་བྱུང་མ་ཐག་ཏུ་ཡུམ་གང་གི་སྐུ་གཡས་པར་སྐྱེ་བར་འགྱུར་བ་དེའི་ལུས་ལ་ འབབ་བོ། །དེ་ལྟར་བབ་མ་ཐག་ཏུ་དེ་ཉིད་ཀྱི་ཚེ། བྱང་ཆུབ་སེམས་དཔའི་ཡུམ་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཏེ། ཡོན་ཏན་དང་སྡོམ་པ་ཐམས་ཅད་ལ་ཡང་གནས་པར་ འགྱུར་རོ། །ཡུམ་གྱི་སྐུ་དེར་ཡང་ཕོ་བྲང་བརྩེགས་པ་ཆེན་པོ་རིན་པོ་ཆེའི་དམ་པས་བརྒྱན་པ། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་དོན་དུ་འབྱུང་སྟེ། འདི་ནི་དགའ་ལྡན་གྱི་གནས་ ནས་ཤི་འཕོ་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའི་རྐང་པའི་མཐིལ་གྱི་འོག་ནས་གནས་པ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་མ་ཐག་ ཏུ་ལྷའི་བུའམ། །ཚངས་པ་གང་ལ་བྱང་ཆུབ་སེམས་དཔའི་མཆོད་པའི་ལས་ཀྱི་དོན་དུ་ཤི་འཕོ་བར་འདོད་པར་གྱུར་ལ། བྱང་ཆུབ་སེམས་དཔས་ཀྱང་ལྷའི་བུ་དེ་དག་དེ་ན་ འཁོད་བཞིན་དུ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་མངོན་པར་སྒྲུབ་པར་ནུས་པར་ཤེས་པ་དེ་དག་གི་ལུས་ལ་བབ་བོ། །དེ་ལྟར་འོད་ཟེར་དེས་བབ་པར་གྱུར་མ་ཐག་ ཏུ་དེ་ཉིད་ཀྱི་ཚེ། ལྷའི་བུ་དེ་དག་ཤི་འཕོའི་ལས་དེ་ལས་རྣམ་པར་ལྡང་སྟེ། དེ་དག་དེ་ན་འཁོད་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཤི་འཕོ་ཉེ་བར་བཟུང་བ་ནས་ཡོངས་སུ་ མྱ་ངན་ལས་འདས་པ་བསྟན་གྱི་བར་དུ་མཆོད་པའི་ལས་བྱེད་དེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའི་དཔེ་ བྱད་བཟང་པོ་རྣམས་ལས་ཉི་མ་སྣ་ཚོགས་ཀྱི་ཚུལ་ཞེས་བྱ་བའི་འོད་ཟེར་འབྱུང་སྟེ། དེ་བྱུང་ནས་ཀྱང་བྱང་ཆུབ་སེམས་དཔའི་ལས་སྣ་ཚོགས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། དེ་ལ་ལྷ་དང་ མི་ལ་ལས་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་རབ་ཉིད་ན་འདུག་པར་མཐོང་ངོ༌། །ལ་ལས་ནི་ཡུམ་གྱི་སྐུར་བཞུད་པར་མཐོང་ངོ༌། །ལ་ལས་ནི་སྐྱེ་བར་མཐོང་ངོ༌། །ལ་ལས་ ནི་འབྱུང་བར་མཐོང་ངོ༌། །ལ་ལས་ནི་རྣམ་པར་འཚང་རྒྱ་བར་མཐོང་ངོ༌། །ལ་ལས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་ངོ༌། །ལ་ལས་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་ མཐོང་སྟེ། འདི་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོ་སྟོན་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་བྱང་ཆུབ་སེམས་དཔའི་འོད་ཟེར་བཅུ་པོ་དེ་དག་ལ་སོགས་པ་འོད་ཟེར་གྲངས་མེད་ པ་བརྒྱ་སྟོང་ཕྲག་བཅུ་བྱང་ཆུབ་སེམས་དཔའི་ལུས་ལས་འབྱུང་སྟེ། དེ་བཞིན་དུ་སྟན་དང༌། གཞལ་མེད་ཁང་དང༌། ཁང་པ་བརྩེགས་པ་དག་ནས་ཀྱང་འབྱུང་སྟེ་དེ་དག་བྱུང་ནས་ཀྱང༌། བྱང་ཆུབ་སེམས་དཔའི་ལས་སྣ་ཚོགས་ཡོངས་སུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ལས་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་རབ་ཏུ་གྲུབ་པའི་ ༄༅། །ཕྱིར་ལྷའི་གནས་དགའ་ལྡན་ནས་ཤི་འཕོ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངལ་ན་གནས་པར་སྟོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སེམས་རྒྱ་ཆུང་བ་དང༌། དམའ་བ་ལ་དགའ་བ་རྣམས་ཡོངས་སུ་སྨོན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་དངོས་པོའི་བསོད་ནམས་ཀྱི་རྩ་བ་ལ་ ཡིད་མི་ཆེས་པར་གྱུར་དུ་འོང་ཞེས་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་པ་འདི་ནི་མངལ་ན་གནས་པར་སྟོན་པ་དང་པོའོ། །ཕ་དང༌། མ་དང༌། གཉེན་བཤེས་ཀྱི་ ཚོགས་དང༌། སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། སེམས་ཅན་གང་གི་དགེ་བའི་རྩ་བ་མངལ་ན་གནས་པས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ གི་དོན་དུ། བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའི་ནི་རྨོངས་ པ་མེད་ཅིང་དྲན་ལ་ཤེས་བཞིན་དུ་མའི་ལྟོར་འགྲོ་སྟེ། མའི་ལྟོ་ན་འདུག་པའི་ཚེ་ཡང་དྲན་པ་ཉམས་པ་མེད་དོ། །འདི་ནི་མངལ་ན་གནས་པར་སྟོན་པ་གསུམ་པའོ། །ཀྱེ་རྒྱལ་ བའི་སྲས། བྱང་ཆུབ་སེམས་དཔའ་ནི་མའི་མངལ་ན་འདུག་ཀྱང་འདི་ལྟ་སྟེ། ཕྱོགས་དང་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་རྣམས་དང་ལྷན་ཅིག་ཏུ་འགྲོགས་ཤིང་ཆོས་བསྒྲག་པ་དང༌། ཡང་དག་པའི་གཏམ་བྱ་བ་རྒྱུན་མི་གཅོད་ཅིང༌། བྱང་ཆུབ་སེམས་དཔའི་སྟོབས་ ཚད་མེད་པ་ཡང་ཡོངས་སུ་སྟོན་ཏེ། ཀྱེ་རྒྱལ་བའི་སྲས། དེ་དག་མངལ་ན་གནས་ཀྱང་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་བདོག་པས། བྱང་ཆུབ་སེམས་དཔའ་དེ་དག་ནི་ཡེ་ཤེས་མུ་ མེད་པ་དང་ལྡན་པ་སྟེ། འདི་ནི་མངལ་ན་གནས་པར་སྟོན་པ་བཞི་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པའི་ཚེ། དེ་ནི་འཁོར་གྱི་དཀྱིལ་འཁོར་ ཀུན་ནས་གནས་པར་འགྱུར་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱིས་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་མངལ་ན་གནས་ པར་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་མིའི་འཇིག་རྟེན་དུ་བྱུང་ནས་ཀྱང༌། མིར་སྐྱེས་པ་རྣམ་པ་མཆོག་ཐམས་ ཅད་དང་ལྡན་པ་སྟོན་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ནི་མའི་ལུས་ན་འདུག་བཞིན་དུ། འདི་ལྟ་སྟེ། དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དྲག་པའི་བཞིན་གྱི་དཀྱིལ་འཁོར་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྣང་སྟེ། དེ་ལ་མོས་པ་ཆེན་པོ་དང་ལྡན་པའི་ ༄༅། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱོ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་ དེ་དག་གིས་ཤེས་པར་གྱུར་ནས། དེ་དག་ཉེ་བར་འོངས་ཤིང་མཆོད་པ་དང༌། རིམ་གྲོ་བྱེད་དེ། འདི་ནི་མངལ་ན་གནས་པར་སྟོན་པ་བདུན་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་ སེམས་དཔའ་མངལ་ན་གནས་པས་འཇིག་རྟེན་གྱི་ཁམས་གཞན་ན་འཁོད་པའི་བྱང་ཆུབ་སེམས་དཔའི་སྲིད་པ་ཐ་མ་པར་གྱུར་པ་རྣམས་དང་ཚོགས་ཏེ། ཆོས་ཀྱི་བརྡའི་སྒོ་ ཆེན་པོ་ཡེ་ཤེས་ཆེན་པོའི་སྙིང་པོ་ཞེས་བྱ་བ་ཡང་དག་པར་བགྲོ་བར་བྱ་བ་ཡོད་དེ། དེ་དག་དང་འདུ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངལ་ན་གནས་པར་སྟོན་ཏེ། འདི་ནི་ མངལ་ན་གནས་པར་སྟོན་པ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་ནི་དྲི་མ་མེད་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཤིང་མའི་མངལ་དུ་འགྲོ་སྟེ། ཏིང་ངེ་འཛིན་དེའི་མཐུས་མ་ལ་ཡང་གནོད་པར་མི་འགྱུར་བར་དགའ་ལྡན་གྱི་གནས་རབ་དགའ་བས་ཀྱང་ལྷག་པའི་རྒྱན་མའི་ཁོང་དུ་ཀུན་ ནས་གནས་པར་འགྱུར་ཏེ། འདི་ནི་མངལ་ན་གནས་པར་སྟོན་པ་དགུ་པའོ། །ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ཆུབ་སེམས་དཔའ་མའི་མངལ་ན་འདུག་པའི་མཐུས་འཇིག་ རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཀྱི་ཕྱིར། བསོད་ནམས་ཆེན་པོའི་མེ་ཏོག་ཀུན་ནས་རྒྱས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ མཆོད་པའི་རིམ་གྲོ་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་མཐའ་དང་དབུས་མེད་པ་ཡང་དག་ པར་སྟོན་ཏེ། ཤེས་པར་བྱ་བ་དེ་ཤེས་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་ཕྲ་བའི་འགྲོ་བ་བཅུ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་སྟེ། བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས། འདི་ལ་བྱང་ཆུབ་སེམས་དཔའ་མའི་མངལ་ན་ཡང་གནས་ལ་ཐོག་མ་སེམས་བསྐྱེད་པ་ཉེ་བར་བཟུང་བ་ ནས་དབང་བསྐུར་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་དགའ་ལྡན་ན་གནས་པ་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་སྐྱེ་བ་ ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་གཞོན་ནུའི་ས་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་བཙུན་མོའི་འཁོར་གྱི་ནང་ན་འདུག་པར་ཡང་ ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་མངོན་པར་འབྱུང་བ་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་དཀའ་བ་སྤྱོད་པར་སྦྱོར་བ་དང༌། སྙིང་པོ་བྱང་ ༄༅། །ཆུབ་ཏུ་འགྲོ་བ་ནས་རྣམ་པར་འཚང་རྒྱ་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡོངས་སུ་སྟོན་ པ་དང༌། མའི་མངལ་ན་ཡང་གནས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་ཡོངས་སུ་སྟོན་པ་དང༌། མའི་མངལ་ན་ཡང་གནས་ལ་ཤིན་ཏུ་ཕྲ་ལ་རྒྱ་ཆེ་བར་འཇུག་པའི་ཚུལ་གྱིས་ མངལ་གྱི་གནས་དེ་ཉིད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བའི་བྱིན་གྱིས་རླབས་ཀྱི་རྣམ་པ་དང༌། སྒོ་ཡང་ཡོངས་སུ་ སྟོན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་ཕྲ་བའི་རྒྱུད་སྟོན་པ་སྟེ། དེ་དག་ལ་གནས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཡེ་ ཤེས་ཆེན་པོ་ཤིན་ཏུ་ཕྲ་བ་བླ་ན་མེད་པ་འཐོབ་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེར་སྐྱེ་བ་སྟེ། བཅུ་གང་ཞེ་ ན༑ ཀྱེ་རྒྱལ་བའི་སྲས། དེ་ལ་བྱང་ཆུབ་སེམས་དཔའ་དྲན་ཞིང་ཤེས་བཞིན་དུ་སྐྱེ་བ་དང༌། འོད་ཟེར་གྱི་དྲ་བ་དང༌། སྣང་བ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་རྒྱས་པར་བཀང་སྟེ། ལུས་སྣང་བ་དང་ལྡན་པར་སྐྱེ་བ་དང༌། ཕྱིར་མི་ལྡོག་ཅིང་སྲིད་པའི་ཐ་མ་པར་གྱུར་པར་སྐྱེ་བ་དང༌། མ་སྐྱེས་ཤིང་འབྱུང་བ་མེད་པར་སྐྱེ་བ་དང༌། ཁམས་གསུམ་པ་སྒྱུ་མའི་རྣམ་པ་ལྟ་བུར་ཁོང་དུ་ཆུད་དེ་སྐྱེ་བ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ལུས་ཡོངས་སུ་སྟོན་ཅིང་སྐྱེ་བ་དང༌། ལུས་དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཁོང་དུ་ཆུད་པར་བྱ་བར་སྐྱེ་བ་དང༌། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ཟེར་བཀྱེ་ནས་ཡང་དག་པར་བསྐུལ་བའི་ལུས་སུ་སྐྱེ་བ་དང༌། ཡེ་ཤེས་ཆེན་པོས་རྣམ་ པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ལུས་སུ་སྐྱེ་བ་དང༌། ཀྱེ་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ་སྐྱེས་ནས་ཀྱང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རབ་ཏུ་ གཡོས་པར་འགྱུར། སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་འགྲོལ་བར་འགྱུར། ངན་སོང་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར། བདུད་ཐམས་ཅད་ཀྱང་རབ་ཏུ་སྤ་འགོད་པར་འགྱུར། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཡང་འོང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེར་སྐྱེ་བ་སྟེ། དེ་དག་ནི་བྱང་ཆུབ་ སེམས་དཔའ་སེམས་ཅན་འདུལ་བའི་དོན་དུ་ཡོངས་སུ་སྟོན་པ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་འགོད་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་འདོད་པའི་འདམ་དུ་ཕྱིང་བ་སྟེ། འདི་ལ་ངེད་མ་གཏོགས་པར་གཞན་འབྱིན་པར་བྱེད་པ་སུ་ཡང་མེད་དོ་སྙམ་ནས། ༄༅། །བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་ཉོན་མོངས་པས་ལྡོངས་པར་བྱས་པའོ། །བདག་ནི་ཤེས་རབ་ དང་ཡེ་ཤེས་ཀྱིས་ཤིན་ཏུ་བརྒྱན་པའོ། །ཞེས་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། ལུས་ཀྱི་གཞི་འདི་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ བླ་ན་མེད་པ་ཆེན་པོ་དུས་གསུམ་རྒྱས་པར་འགེངས་པ་ཐོབ་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། ཀྱེ་རྒྱལ་བའི་སྲས། གཞན་ཡང་བྱང་ ཆུབ་སེམས་དཔའ་རྣམས། བྱང་ཆུབ་སེམས་དཔའི་མིག་བསྒྲིབས་པ་མེད་པས། ཕྱོགས་བཅུར་ཚངས་པའི་ལྷའི་གནས་ཉེ་བར་བཟུང་བ་ནས། དབང་ཕྱུག་ཆེན་པོའི་ གནས་ཀྱི་བར་དུ་རྣམ་པར་ལྟ་ཞིང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ལུས་སུ་འཕེལ་བའོ། །བདག་ནི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའོ་ཞེས་བྱ་བར་མཐོང་ ནས༑ བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། སྔོན་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་རྣམས་ད་དུང་ཕྱིར་མི་ལྡོག་པར་མཐོང་ནས། བྱང་ཆུབ་སེམས་ རྣམས་གད་མོ་ཆེར་དགོད་པ་དང༌། ས་བོན་ཆུང་ངུ་ལས་འབྲས་བུ་ཆེར་འགྱུར་བར་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་བསྟན་པ་དོན་ཡོད་པར་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། སྔོན་ཐེག་པ་ལ་ལྷན་ཅིག་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ ཆགས་པའི་གནས་གཞན་དང་གཞན་ལ་ཆགས་པས། སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་ཉིད་མ་ཐོབ་པ་མཐོང་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། ཀྱེ་རྒྱལ་བའི་ སྲས། གཞན་ཡང་སྔོན་འགྲོགས་པར་གྱུར་པའི་ལྷ་དང་མི་རྣམས་ཆུང་ངུ་ན་བྱིས་པའི་ས་ལས་ཀྱང་མ་འདས་ཤིང་ཡོངས་སུ་སྐྱོ་བའི་དབང་པོ་དང་ལྡན་པར་གྱུར་པ་མཐོང་ནས། བྱང་ཆུབ་སེམས་ དཔའ་རྣམས་གད་མོ་ཆེར་དགོད་པ་དང༌། དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་འོད་ཟེར་དབུགས་ཕྱིན་པ་ཆེན་པོ། རྣམ་པར་འཕེལ་བར་བྱེད་པས་རེག་པར་གྱུར་ནས། བྱང་ཆུབ་སེམས་དཔའ་རྣམས་གད་མོ་ཆེར་དགོད་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གད་མོ་ཆེར་དགོད་པ་སྟེ། དེ་དག་གིས་བྱང་ ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར་དགོད་པར་འགྱུར་བ་དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་གོམ་པས་རྣམ་ པར་གནོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་མཐུ་ཡོངས་སུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང༌། ནོར་བདུན་ ༄༅། །ཡོངས་སུ་གཏོང་བར་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང༌། སའི་ལྷའི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གོམ་པས་རྣམ་པར་གནོན་པ་ དང༌། ཁམས་གསུམ་ལས་འདས་པའི་རྣམ་པར་གནོན་པ་དང༌། འགྲོས་ཡོངས་སུ་བསྟན་པའི་ཕྱིར་གོམ་པས་རྣམ་པར་གནོན་པ་དང༌། གླང་པོའི་འགྲོས་དང༌། ཁྱུ་མཆོག་གི་འགྲོས་ དང༌། སེང་གེའི་འགྲོས་དང༌། འགྲོས་ཐམས་ཅད་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་འགྲོས་ཁྱད་པར་དུ་འཕགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ རྣམས་འགྲོས་ཀྱིས་རྣམ་པར་གནོན་པ་དང༌། ཀྱེ་རྒྱལ་བའི་སྲས། ས་ཆེན་པོ་ཡང་རྡོ་རྗེའི་དབྱིངས་ཀྱིས་ཀུན་ནས་བཟུང་བར་འགྱུར་ཏེ། སའི་ཕྱོགས་གཞན་གྱིས་བྱང་ཆུབ་སེམས་ དཔའི་ལུས་གཟུང་བར་མི་ནུས་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང༌། སེམས་ཅན་གཞན་སྤྲོ་བར་བྱ་བའི་ཕྱིར། བྱང་ཆུབ་ སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པ་དང༌། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་གྱི་ནན་ཏན་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་ པས་རྣམ་པས་གནོན་པ་དང༌། ཆོས་ཉིད་རབ་ཏུ་ཐོབ་པས་གཞན་གྱི་དྲིང་མི་འཇོག་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་ པ་དང༌། བདག་ནི་འཇིག་རྟེན་ན་གཙོ་བོ་ཡིན། བདག་ནི་འཇིག་རྟེན་ན་ཕུལ་དུ་ཕྱིན་པ་ཡིན་ནོ་ཞེས་ཚིག་བརྗོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་གོམ་པས་རྣམ་པར་གནོན་པའོ། ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོམ་པས་རྣམ་པར་གནོན་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དོན་དུ་སྟོན་པ་ དག་གོ །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ནུའི་ས་ཀུན་ཏུ་སྟོན་པའི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡི་གེ་དང༌། གྲངས་དང༌། བརྡའ་ དང༌། རྩིས་ཀྱི་སྦྱོར་བ་ཐམས་ཅད་ལས་རབ་ཏུ་འདས་པའི་བྱ་བ་ཀུན་ཏུ་སྟོན་པའི་ལས་དང༌། རྟ་དང༌། གླང་པོ་དང༌། ཤིང་རྟ་རྒྱུག་པ་ཐམས་ཅད་དང༌། འཕོང་ཀུན་ལས་འཕགས་པ་ཀུན་ ཏུ་སྟོན་པའི་ལས་དང༌། ཆོ་ལོ་དང༌། རྔ་ཐབས་དང༌། གར་དང༌། རྒྱན་པོ་དང༌། རྩེད་མོ་དང༌། འཇིག་རྟེན་གྱི་དགའ་བ་ལ་ཕལ་ལས་འཕགས་པའི་བྱ་བ་ཀུན་ཏུ་སྟོན་པའི་ལས་དང༌། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་སྟོན་པའི་ལས་དང༌། མྱ་ངན་ལས་འདས་པའི་སྒོའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་འཇིག་རྟེན་གྱི་ཁམས་ ཚད་མེད་པ་རྒྱས་པར་དགང་བ་ཀུན་ཏུ་སྟོན་པའི་ལས་དང༌། མི་ཐམས་ཅད་དང༌། ལྷ་ཐམས་ཅད་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་ ༄༅། །དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་ དཔའི་མཐུ་ཀུན་ཏུ་སྟོན་པའི་ལས་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་གྱི་མགོན་པོའི་གཟུགས་དང༌། ཁ་དོག་དང༌། གཟི་བརྗིད་ལས་ཤིན་ཏུ་འདས་པར་བྱང་ཆུབ་སེམས་ དཔའི་གཟུགས་དང༌། ཁ་དོག་དང༌། གཟི་བརྗིད་ཀུན་ཏུ་སྟོན་པའི་ལས་དང༌། འདོད་པ་དང༌། དགའ་བ་དང༌། རྩེ་བས་མྱོས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་དགའ་བར་རབ་ཏུ་ དགའ་བ་ཡང་དག་པར་བསྐྱེད་པ་ཀུན་ཏུ་སྟོན་པའི་ལས་དང༌། ཆོས་ཀྱི་རིམ་གྲོ་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བས། འདོད་པའི་ཁམས་ ཐམས་ཅད་རྒྱས་པར་འགེངས་པ་ཀུན་ཏུ་སྟོན་པའི་ལས་དང༌། ཆོས་ལ་དགའ་བའི་སྣང་བས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡང་དག་པར་བླང་བ་ཀུན་ཏུ་སྟོན་པའི་ལས་ སོ༑ ༑ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞོན་ནུའི་ས་ཀུན་ཏུ་སྟོན་པའི་ལས་ཏེ། དེ་དག་ཡོངས་སུ་བསྟན་ནས། དེའི་འོག་ཏུ་བྱང་ཆུབ་ སེམས་དཔའ་རྣམས་བཙུན་མོའི་འཁོར་གྱི་ནང་དུ་འདོད་པར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཙུན་མོའི་འཁོར་ ཉེ་བར་སྟོན་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་བརྗོད་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། ལོངས་སྤྱོད་དང་སྐྱིད་པ་ལ་ཆགས་པའི་ལྷ་ དང༌། མི་རྣམས་ལ་ལོངས་སྤྱོད་དང་སྐྱིད་པའི་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། རྙོག་པ་ལྔའི་ཞིང་དུ་སེམས་ཅན་རྣམས་ཀྱི་བསམ་པའི་རྗེས་ སུ་འབྲང་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། བཙུན་མོའི་འཁོར་གྱི་ནང་ན་ཏིང་ངེ་འཛིན་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་མཐུ་དང་ཆེ་བ་ཉིད་ཡོངས་སུ་བསྟན་ པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། སྔོན་གྱི་སྨོན་ལམ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བཙུན་མོའི་འཁོར་ཉེ་ པར་སྟོན་པ་དང༌། ཕ་དང༌། མ་དང༌། གཉེན་པའི་ཚོགས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། ཆོས་ཀྱི་དབྱིངས་ཆེན་པོ་དང་ ལྡན་པའི་རོལ་མོ་བརྡུང་བ་དང༌། དཀྲོལ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་ ༄༅། །དང༌། བཙུན་མོའི་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཤིང༌། ཤིན་ཏུ་ཕྲ་བའི་མངོན་པར་རྫོགས་པར་འཚང་རྒྱ་བ་ནས་ཡོངས་སུ་མྱ་ ངན་ལས་འདས་པ་ཆེན་པོའི་བར་དུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ་དང༌། ཆོས་ཀྱི་སྐྱབས་དང་ལྡན་པ་ཡང་དག་པར་བསྟན་པའི་ཕྱིར། བཙུན་མོའི་འཁོར་ཉེ་ བར་སྟོན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཙུན་མོའི་འཁོར་ཉེ་བར་སྟོན་པ་སྟེ། དེ་དག་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ ཡོངས་སུ་བསྟན་ནས། དེའི་འོག་ཏུ་མངོན་པར་འབྱུང་བར་འགྱུར་པ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་ཁྱིམ་གྱི་གནས་སྨད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་དང༌། གནས་ལ་དགའ་བའི་སེམས་ཅན་གྱེན་དུ་བསྐྱེད་པའི་ཕྱིར། བྱང་ ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། འཕགས་པ་དང་མཐུན་པའི་ལམ་གྱིས་ལེགས་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་ པར་འབྱུང་བ་དང༌། རབ་ཏུ་བྱུང་བའི་ཡོན་ཏན་དང་ལེགས་པ་ཡང་དག་པར་བསྔགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། མཐའ་གཉིས་ ཀྱི་ལྟ་བ་དང་བྲལ་བ་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་བདག་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་ སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། ཁམས་གསུམ་པ་ཐམས་ཅད་ལས་འབྱུང་བའི་སྔོན་གྱི་ལྟས་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་ སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། རང་ལ་རག་ལས་པར་སྤྱོད་ཅིང༌། གཞན་གྱི་དྲིང་མི་འཇོག་པ་ལ་བརྟེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་ བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་བསྙེངས་པ་ཐོབ་པ་དང་མཐུན་པར་ཡང་དག་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འབྱུང་བ་དང༌། ཀྱེ་ རྒྱལ་བའི་སྲས། ཆོས་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མ་པ་ནི་གདོན་མི་ཟ་བར་མངོན་པར་འབྱུང་སྟེ། ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་ རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར། །མངོན་པར་འབྱུང་བ་ཡོངས་སུ་སྟོན་པ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀའ་བ་ སྤྱོད་པའི་སྦྱོར་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་དམའ་བ་ལ་མོས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་ ༄༅། །པ་དང༌། ལྟ་བའི་རྣམ་པ་ལ་གནས་པའི་སེམས་ཅན་རྣམས་གྱེན་དུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། ལས་དང་བྱ་ བས་འཁྱམས་པར་གྱུར་པའི་སེམས་ཅན་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་མངོན་སུམ་དུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། ཀུན་ ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པར་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། བདག་གི་ དུབ་པ་ཉེ་བར་ཞི་ཞིང་མཐུ་དང་ལྡན་པ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། མ་ཡིན་ན་ཆོས་ལ་ཆགས་པ་རྣམས་ཀྱི་དོན་དུ་ བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། འདོད་པའི་བདེ་བ་དང་ཕྲད་པར་བརྩོན་ཞིང་རང་གི་བདེ་བ་ལྷུར་ལེན་པའི་སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམས་པའི་ཁྱད་པར་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ དཀའ་བ་སྤྱོད་པ་སྟོན་པ་དང༌། སྐྱེ་བོ་ཕྱི་མ་རྣམས་བརྩོན་འགྲུས་རྩོམ་པ་ལ་ཡང་དག་པར་སྦྱར་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པ་དང༌། མ་ཡིན་ ན་དབང་པོ་ཡོངས་སུ་མ་སྨིན་པའི་ལྷ་དང་མི་རྣམས་ཡོངས་སུ་སྨིན་པར་བྱ་བའི་དུས་བསྡད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པ་སྟོན་པའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ ཆུབ་སེམས་དཔའ་རྣམས་སེམས་ཅན་འདུལ་བའི་དབང་གི་ཕྱིར། དཀའ་བ་སྤྱོད་པའི་སྦྱོར་བ་ཡོངས་སུ་སྟོན་པ་དག་གོ། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་ པོ་བྱང་ཆུབ་ཏུ་འགྲོ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང༌། འཇིག་རྟེན་གྱི་ཁམས་ ཐམས་ཅད་རབ་ཏུ་བསྐྱོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདག་གི་ལུས་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོད་པ་དང༌། སྔོན་ལྷན་ཅིག་ཏུ་སྤྱོད་སྤྱོད་པའི་གྲོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་ པོ་བྱང་ཆུབ་ཏུ་འདོང་བ་དང༌། སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང༌། སེམས་ཅན་ཇི་ལྟར་མོས་པ་ རྣམས་ལ་ལུས་དང༌། སྤྱོད་ལམ་དང༌། བྱང་ཆུབ་ཀྱི་ཤིང་གི་རྒྱན་རྣམ་པར་ཕྱེ་བ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང༌། འཇིག་རྟེན་གྱི་ཁམས་ ༄༅། །ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་བལྟ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང༌། གོམ་པ་དོར་བ་ དང༑ གདེག་པ་ཐམས་ཅད་དུ་ཏིང་ངེ་འཛིན་གྱི་སྒོ་ལ་སྙོམས་པར་འཇུག་ཅིང༌། སྐད་ཅིག་སྐད་ཅིག་ཏུ་རྣམ་པར་འཚང་རྒྱ་བ་ལས་མི་འདའ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ ཆུབ་ཏུ་འདོང་བ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་ གྱི་མགོན་པོ་ཐམས་ཅད་ཀྱི་མཆོད་པ་བླང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་བྱང་ཆུབ་ཏུ་འདོང་བ་དང༌། ཆགས་པ་མེད་པའི་ཡེ་ཤེས་ཆེན་པོས་རྣམ་པར་ཕྱེ་བའི་བྱང་ཆུབ་ སེམས་དཔའི་སྤྱོད་པ་སྤྱད་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བལྟ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱེད་ཅིང༌། ཕྱོགས་ཐམས་ཅད་དུ་རྣམ་པར་ཕྱེ་ བའི་མངོན་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འདོང་བའོ། །ཀྱེ་རྒྱལ་བའི་སྲས། བཅུ་པོ་དེ་དག་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་སེམས་ཅན་འདུལ་བའི་དབང་གི་ཕྱིར་ཡོངས་སུ་བསྟན་པ་དག་གོ། །། Copyright © 2012 by the Asian Classics Input Project. All rights reserved.