Loading

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། སྟོབས་བཅུ་དཔལ་བཤེས་གཉེན།
དབུ་མ།
checked, but not manually proofread
༄༅། །རྒྱ་གར་སྐད་དུ། སཾ་སྐྲྀ་ཏ་ཨ་སཾ་སྐྲྀ་ཏ་བི་ནི་ཥྩ་ཡ་ནཱ་མ། བོད་སྐད་དུ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་རྣམས་སྤྲོས་དང་བཅས་པ་ནི། །དཔལ་ལྡན་རང་ཉིད་ཀུན་མཁྱེན་ནས། །དེ་ལྟར་སེམས་ཅན་ལ་ གསུང་གང༌། །ཐམས་ཅད་རིག་པ་དེ་ལ་འདུད། །ཆོས་ནི་འདུས་བྱས་འདུས་མ་བྱས། །མདོར་བསྡུས་ནས་ནི་ཐུབ་པས་གསུངས། །དེ་དག་རྣམ་པར་ངེས་པ་ནི། །བདག་ཉིད་འབའ་ཞིག་དྲན་ཕྱིར་བཤད། །ཆོས་མདོར་བསྡུས་ན་རྣམ་པ་གཉིས་ཉིད་དེ། འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་སོ། ། དེ་ལ་འདུས་བྱས་ནི་མི་རྟག་པ་ཉིད་དོ། །འདུས་མ་བྱས་ནི་རྟག་པ་ཉིད་དོ། །ཡང་འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདུས་མ་བྱས་ནི་དོན་དམ་པའི་བདེན་པའོ། །ཡང་འདུས་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འདུས་མ་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའོ། །ཡང་འདུས་བྱས་ནི་ བླ་ན་ཡོད་པའོ། །འདུས་མ་བྱས་ནི་བླ་ན་མེད་པའོ། །ཡང་འདུས་བྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འདུས་མ་བྱས་ནི་འཇིག་རྟེན་ལས་འདས་པ་ཁོ་ནའོ། །ཡང་འདུས་བྱས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །འདུས་མ་བྱས་ནི་གཟུགས་ཅན་མ་ཡིན་པ་ཁོ་ནའོ། །ཡང་ འདུས་བྱས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །འདུས་མ་བྱས་ནི་ཟག་པ་མེད་པ་ཁོ་ནའོ། །ཡང་འདུས་བྱས་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །འདུས་མ་བྱས་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་པ་པའོ། ། འདུས་མ་བྱས་ནི་རྣམ་པར་བྱད་པ་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྤང་བྱ་དང་བླང་བྱའོ། །འདུས་མ་བྱས་ནི་བླང་བྱ་ཁོ་ནའོ། །ཡང་འདུས་བྱས་ནི་བརྟེན་པར་བྱ་བ་དང་བརྟེན་པར་བྱ་བ་མ་ཡིན་པའོ། །འདུས་མ་བྱས་ནི་བརྟེན་པར་བྱ་བ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་ བསྟན་པའོ། །འདུས་མ་བྱས་ནི་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ནའོ། །དེ་ལ་དགེ་བ་ནི་གཅིག་སྟེ། འདི་ལྟར་སོ་སོར་བརྟག་པའི་འགོག་པའོ། །ལུང་དུ་མ་བསྟན་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར་ནམ་མཁའ་དང་སོ་སོར་བརྟག་པ་མ་ཡིན་པའོ། །ཡང་འདུས་བྱས་ནི་འདོད་པའི་ཁམས་ཀྱི་རྣམ་གྲངས་ སུ་གཏོགས་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པའོ། །འདུས་མ་བྱས་ནི་ཟག་པ་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་ བདེན་པའོ། །འདུས་མ་བྱས་ནི་འགོག་པའི་བདེན་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྡུག་བསྔལ་གྱིས་ཐོབ་པ་དང་ཀུན་འབྱུང་གིས་ཐོབ་པ་དང་འགོག་པས་ཐོབ་པ་དང་ལམ་གྱིས་ཐོབ་པ་དང་བསྒོམ་པས་སྤང་བར་བྱའོ། །འདུས་མ་བྱས་ནི་སྤང་བྱ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི། གཟུགས་ཀྱི་ ཕུང་པོས་ཀུན་ཏུ་བསྡུས་པ་དང༌། ཚོར་བའི་ཕུང་པོས་ཀུན་དུ་བསྡུས་པ་དང༌། འདུ་ཤེས་ཀྱི་ཕུང་པོས་ཀུན་དུ་བསྡུས་པ་དང༌། འདུ་བྱེད་ཀྱི་ཕུང་པོས་ཀུན་དུ་བསྡུས་པ་དང༌། རྣམ་པར་ཤེས་པའི་ཕུང་པོས་ཀུན་དུ་བསྡུས་པའོ། །འདུས་མ་བྱས་ནི་ཕུང་པོས་བསྡུས་པ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ ནི༑ མིག་གི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། རྣ་བའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། སྣའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། ལྕེའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། ལུས་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། གཟུགས་ཀྱི་ སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། སྒྲའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། དྲིའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། རོའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། རེག་པའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པའོ། །འདུས་མ་བྱས་ནི་ཆོས་ཀྱི་སྐྱེ་མཆེད་ ཀྱིས་ཀུན་དུ་བསྡུས་པ་ཁོ་ནའོ། །ཡང་འདུས་བྱས་ནི། མིག་གི་ཁམས་ཀྱིས་ཀུན་དུ་བསྡུས་པ་ནས། ཡིད་ཀྱི་ཁམས་ཀྱི་བར་དུ་ཀུན་དུ་བསྡུས་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཀུན་དུ་བསྡུས་པ་དང༌། གཟུགས་ཀྱི་ཁམས་ ཀྱིས་བསྡུས་པ་ནས། ཆོས་ཀྱི་ཁམས་ཀྱི་བར་གྱིས་བསྡུས་པའོ། །འདུས་མ་བྱས་ནི་ཆོས་ཀྱི་ཁམས་ཀྱིས་ཀུན་དུ་བསྡུས་པ་ཁོ་ནའོ། །དེ་ལ་གཞུང་དུ་འཆད་པར་འགྱུར་བ་གང་འགོག་པའི་བདེན་པས་ཀུན་དུ་བསྡུས་པའི་ཆོས་རྣམས་དང་ནམ་མཁའ་ནི་འདུས་མ་བྱས་ཀྱི་ཆོས་སོ། །ཆོས་གཞན་ཐམས་ཅད་ ༄༅། །ནི་འདུས་བྱས་སོ། །དེ་སྐད་དུ་ཡང༌། ནམ་མཁའ་དང་ནི་འགོག་པ་གཉིས། །འདི་གསུམ་རྟག་ཅིང་འདུས་མ་བྱས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་ འདུས་མ་བྱས་རྣམ་པར་ངེས་པ་ལས་འདུས་བྱས་དང་འདུས་མ་བྱས་རྣམ་པར་དབྱེ་བ་ངེས་པ་ཞེས་བྱ་བ་ལེའུ་དང་པོའོ།། །།དེ་ལ་འདི་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་འདུས་བྱས་ཏེ། སྐྱེ་བ་དང༌། གནས་པ་དང༌། མི་རྟག་པའོ། །འདི་རྣམས་སུ་རྒས་པ་བསྡུས་པས་བཞི་ནི་འདུས་བྱས་ཀྱི་ མཚན་ཉིད་ཅེས་ཁ་ཅིག་གོ། །འདུས་བྱས་ནི་འདི་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་ནི་དྲུག་སྟེ། བྱེད་པའི་རྒྱུ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དང༌། སྐལ་བ་མཉམ་པའི་རྒྱུ་དང༌། མཚུངས་པར་ལྡན་པའི་རྒྱུ་དང༌། ཐམས་ཅད་དུ་འགྲོ་བའི་རྒྱུ་དང༌། རྣམ་པར་སྨིན་པའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་ཁྱད་པར་མ་ཡིན་པའི་ འབྲས་བུ་ནི་གཅིག་སྟེ། འདི་ལྟ་སྟེ། འདུས་བྱས་ཐམས་ཅད་དོ། །ཁྱད་པར་ནི་འབྲས་བུ་བཞི་སྟེ། འདི་ལྟ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་རྒྱུའི་འོ། །བྱེད་པའི་རྒྱུའི་ནི་བདག་པོའི་འབྲས་བུའོ། །སྐལ་བ་མ་ཉམ་པ་དང་ཐམས་ཅད་དུ་འགྲོ་བའི་རྒྱུ་དག་གི་ནི་རྒྱུ་མཐུན་གྱི་འབྲས་བུའོ།། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །རྐྱེན་བཞིའོ། །འདི་ལྟ་སྟེ། རྒྱུའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་རྣམས་སོ། །དེ་ལ་ཆོས་འདུས་བྱས་ཀྱི་བདག་ཉིད་རང་གི་ངོ་བོ་ལས་གཞན་ཆོས་ ཐམས་ཅད་ནི་བྱེད་པའི་རྒྱུ་སྟེ། སྐྱེ་བ་རྣམས་ལ་གེགས་མེད་པའི་ངོ་བོས་རྣམ་པར་གནས་པས་སོ། །གང་ཆོས་ཕན་ཚུན་འབྲས་བུར་གྱུར་པ་དེ་ནི་ཕན་ཚུན་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་སྟེ། འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞིའོ། །སྔོན་གོམས་པར་བྱས་པ་འདྲ་བའི་ཆོས་ཕྱི་མ་འདྲ་བ་རྒྱས་པའི་རྒྱུ་ མཚན་ཉིད་ཡིན་པར་སྐལ་བ་མཉམ་པའི་རྒྱུའོ། །འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་ལས་དགེ་བ་དང༌། ཉོན་མོངས་པ་ཅན་ལས་ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པ་ལས་ལུང་དུ་མ་བསྟན་པའོ། །གང་ཆོས་ངོ་བོ་ལྷན་ཅིག་ཏུ་དམིགས་པ་ཀུན་དུ་གྲུབ་པ་སྟེ། ཡང་གང་རུང་མ་ཚངས་ བས་ནི་མ་ཡིན་པ་དེ་ནི་མཚུངས་པར་ལྡན་པའི་རྒྱུ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའོ། །རང་གིས་ལ་སྔོན་ཉེ་བར་སྐྱེས་པ་ཉིད་ཀུན་དུ་འགྲོ་བའི་ཆོས་རྣམས་ནི་ཉོན་མོངས་པ་ཅན་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་སྤྱིའི་རྒྱུ་ཉིད་ཡིན་པས་འདི་ནི་སྐལ་ བ་མཉམ་པའི་རྒྱུ་ལས་ཐ་དད་དུ་རྣམ་པར་གཞག་གོ། །འདོད་ཆགས་ལ་སོགས་པ་གང་འགའ་ཞིག་གི་ཉོན་མོངས་པ་གོམས་པས་ཞེ་སྡང་ལ་སོགས་པ་ཐམས་ཅད་ཀྱི་རྒྱུན་རྒྱས་པར་བྱེད་པའོ། །བདག་ཉིད་དངོས་པོ་ཡོངས་སུ་བཟུང་བའི་ཕྱིར་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་ཆོས་གང་དེ་ནི་རྣམ་པར་ སྨིན་པའི་རྒྱུའོ། །ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། ས་བོན་རུལ་བ་བཞིན་དུ་སྟོབས་ཞན་པའོ། །ཟག་པ་མེད་པ་ཡང་མ་ཡིན་ཏེ། སྲེད་པས་མངོན་པར་བརླན་པ་ཉིད་ཡིན་པས་མངོན་པར་བརླན་པ་མེད་པའི་སྙིང་པོ་ས་བོན་བཞིན་དུ་བདག་གི་ངོ་བོ་མངོན་པར་འགྲུབ་པའི་ནུས་པ་མེད་པའོ། ། དེ་ལ་ལུང་དུ་མ་བསྟན་པ་དང་ཟག་པ་དང་བཅས་པའི་དགེ་བ་དང་མི་དགེ་བས་མངོན་པར་གྲུབ་པ་སེམས་ཅན་དུ་བསྟན་པའི་ཆོས་ནི་རྣམ་པར་སྨིན་པའི་འབྲས་བུའོ། །སྔོན་སྐྱེས་པ་ལས་གཞན་འདུས་བྱས་པའི་ཆོས་ནི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་འབྲས་བུའོ། །ཆོས་གང་རང་གི་རྒྱུ་དང་འདྲ་ བ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །སྟོབས་གང་གིས་གང་ཉེ་བར་སྐྱེ་བ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། འདི་ལྟར་ས་འོག་མའི་སྦྱོར་བའི་སེམས་ནི་ས་གོང་མའི་ཏིང་ངེ་འཛིན་དང༌། ཟག་པ་དང་བཅས་པས་ཟག་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ ལྔ་ནི་རྒྱུའི་རྐྱེན་ནོ། །དགྲ་བཅོམ་པའི་ཐ་མའི་སེམས་དང་སེམས་ལས་བྱུང་བ་སྤངས་ཏེ། སེམས་དང་སེམས་ལས་བྱུང་བ་ཉེ་བར་སྐྱེ་བ་ཐམས་ཅད་ནི་དེ་མ་ཐག་པའི་རྐྱེན་ནོ། །མིག་གི་རྣམ་ཤེས་ལ་སོགས་པའི་གཟུགས་ལ་སོགས་པ་དང༌། ཡིད་ཀྱི་རྣམ་ཤེས་ཀྱི་ཆོས་ཐམས་ཅད་ཅེས་པ་ལ་ སོགས་པ་ནི་དམིགས་པའི་རྐྱེན་ནོ། །གང་བྱེད་པའི་རྒྱུ་དེ་ནི་བདག་པོའི་རྐྱེན་ནོ། །དེ་ལ་འགོག་པ་ལ་མངོན་པར་ཕྱོགས་ཏེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་གཉིས་བྱ་བ་བྱེད་དེ། ལྷན་ཅིག་ཉེ་བར་སྐྱེ་བའི་འབྲས་བུ་ལ་དེ་གཉིས་རྩོམ་པ་བྱེད་པས་སོ། །སྐལ་བ་མཉམ་པ་ཐམས་ཅད་དུ་འགྲོ་བ་རྣམ་ ༄༅། །པར་སྨིན་པའི་རྒྱུ་རྣམས་ནི་སྐྱེ་བ་ལ་མངོན་པར་ཕྱོགས་ཏེ་མ་འོངས་པ་ལ་བྱེད་དོ། །དེ་མ་ཐག་པའི་རྐྱེན་ནི་སྐྱེ་བཞིན་པ་ལ་བྱ་བ་བྱེད་དེ་གོ་སྐབས་སྟེར་བས་སོ། །དམིགས་པའི་རྐྱེན་ནི་འགག་བཞིན་པ་ལ་བྱ་བ་བྱེད་དོ། །ད་ལྟར་བའི་སེམས་དང་སེམས་ལས་བྱུང་བ་འཛིན་པས་ སོ༑ །བདག་པོའི་རྐྱེན་ནིའང་གནས་སྐབས་ཐམས་ཅད་དུ་སྒྲིབ་པ་མེད་པའི་ངོ་བོས་རྣམ་པར་གནས་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་རྒྱུ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་གཉིས་པའོ།། །།ཆོས་འདུས་ བྱས་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་རྣམ་པ་མང་དུ་གྱུར་པ་ཡིན་ཡང༌། འདི་ལྟ་སྟེ། ནམ་མཁའི་མཐར་ཐུག་པ་རླུང་གི་དཀྱིལ་འཁོར་རོ། །དེའི་སྟེང་ན་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་ན་དབང་ཆེན་གསེར་གྱི་དཀྱིལ་འཁོར་རོ། ། དེ་སྐད་དུ་ཡང༌། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་དབྱིབས་བཤད་དེ་འོག་དག་ན། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །འབུམ་ཕྲག་དྲུག་ཅུ་གྲངས་མེད་དོ། །ཆུ་རྔམ་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་ སོ༑ །དེ་ལ་ལྷག་མ་ཞེས་བྱ་བ་ནི་དབང་ཆེན་གསེར་གྱི་དཀྱིལ་འཁོར་རྔམས་སུ་དཔག་ཚད་སྟོང་ཕྲག་ཉི་ཤུས་ལྷག་པའི་འབུམ་ཕྲག་གསུམ་གྱི་ཚད་དོ། །རྒྱར་ཡངས་པའི་ཚད་ཀྱང༌། ཆུ་དང་གསེར་གྱི་དཀྱིལ་འཁོར་ལ། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། ། ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་སོ། །དབང་ཆེན་གསེར་གྱི་དཀྱིལ་འཁོར་གྱི་སྟེང་དབུས་ནི་རི་རབ་རིན་པོ་ཆེ་བཞིའི་རང་བཞིན་ནོ། །དེ་ལ་རིན་པོ་ཆེ་བཞི་ནི། འདི་ལྟ་སྟེ། གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་ལོ། །རི་བོ་རྒྱུད་བདུན་ནི་གསེར་རོ། ། འདི་ལྟ་སྟེ། གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། བལྟ་ན་སྡུག་དང༌། རྟ་རྣ་རི་དང༌། རྣམ་པར་འདུད་དང༌། མུ་ཁྱུད་འཛིན་ནོ། །དེ་ལས་ཕྱི་རོལ་ཁོར་ཡུག་རི་ནི་ལྕགས་སོ་དགུ་པའོ། །གསེར་གྱི་ས་གཞིའི་དཀྱིལ་འཁོར་གྱི་སྟེང་ན་ཆུའི་དཀྱིལ་འཁོར་རྔམས་སུ་ དཔག་ཚད་སྟོང་ཕྲག་བརྒྱད་ཅུ་དང་རི་རབ་ལ་སོགས་པ་རི་དགུ་པོ་རྣམས་བྱིང་བའོ། །དེ་སྐད་དུ་ཡང༌། ལྷུན་པོ་རིན་ཆེན་བཞི་རང་བཞིན། །ཆུ་རུ་སྟོང་ཕྲག་བརྒྱད་ཅུ་ནུབ། །ཆུ་ལས་སྟེང་དུ་རི་བོ་ཡང༌། །སྟོང་ཕྲག་དག་ནི་བརྒྱད་ཅུའོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུ་ འཕང་དང་མཉམ། །ཞེས་སོ། །རི་བོ་མཆོག་ལ་སོགས་པ་ནས་མུ་ཁྱུད་འཛིན་གྱི་མཐར་ཐུག་པར་རི་རྣམས་ཀྱི་བར་དང་བར་དུ་བསིལ་བ་ཞེས་པ་རྒྱ་མཚོ་བདུན་ཏེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །དེ་ལ་ཆུའི་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། བསིལ་བ་དང༌། མྱང་བདེ་བ་དང༌། ཡང་བ་དང༌། འཇམ་པ་དང༌། དངས་བ་དང༌། དྲི་ངན་པ་མེད་པ་དང༌། འཐུང་བ་ན་མགྲིན་པ་མི་འགག་པ་དང༌། འཐུངས་ན་ཡང་ལྟོ་བ་ལ་མི་གནོད་པའོ། །ཡང་གསུངས་ཏེ། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ ལ་སུམ་འགྱུར་ཏེ། །རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་དོ། །ཞེས་སོ། །མུ་ཁྱུད་འཛིན་དང་ཁོར་ཡུག་དག་གི་བར་དུ་ནི་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོའོ། །ཡང་གསུངས་ཏེ། ལྷག་མ་ཕྱི་ཡི་མཚོ་ཆེན་ལ། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ་དེ་ལ་ནི། །ཞེས་སོ། །མུ་ཁྱུད་འཛིན་གྱི་ཕྱི་རོལ་ ཕྱོགས་བཞིར་གླིང་བཞིའོ། །འདི་ལྟ་སྟེ། ལྷོ་རུ་འཛམ་བུའི་གླིང་དང༌། ནུབ་ཏུ་བ་ལང་སྤྱོད་དང༌། བྱང་དུ་སྒྲ་མི་སྙན་དང༌། ཤར་དུ་ལུས་འཕགས་པོའོ། །ཡང་གསུངས་ཏེ། དེ་ཡང༌། འཛམ་བུའི་གླིང་ནི་ངོས་གསུམ་ལ། །སྟོང་ཕྲག་གཉིས་ཏེ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་ བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་ནི་ཟླུམ་པོ་ལ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དབུས་ལ་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །ཞེས་སོ། །བར་བར་དུ་ གླིང་བརྒྱད་དེ། འདི་ལྟ་སྟེ། འཛམ་བུའི་གླིང་གི་ལོགས་གཉིས་སུ་རྔ་ཡབ་དང༌། རྔ་ཡབ་གཞན་ནོ། །བ་ལང་སྤྱོད་ཀྱི་ནི། གཡོ་ལྡན་དང༌། ལམ་མཆོག་འགྲོའོ། །སྒྲ་མི་སྙན་གྱི་ནི། སྒྲ་མི་སྙན་དང༌། སྒྲ་མི་སྙན་གྱི་ཟླའོ། །ཤར་གྱི་ལུས་འཕགས་ཀྱི་ནི། ལུས་དང༌། ལུས་འཕགས་ ༄༅། །པའོ། །འདིར་འཛམ་བུའི་གླིང་ལ་འཛམ་བུའི་གླིང་གི་བྱང་དུ་རི་ནག་པོ་གསུམ་སྟེ། དེ་ལས་འདས་པ་ན་ཡང་གསུམ་མོ། །ཡང་གསུམ་སྟེ་དགུའོ། །དེའི་ཕ་རོལ་ན་རི་ཁ་བ་ཅན་ཉིད་དོ། །དེའི་ཕ་རོལ་ན་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་པ་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །དེ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ཉིད་དོ། །འདི་ལྟ་སྟེ། གང་གཱ་དང༌། སིན་དྷུ་དང༌། ཤཱི་ཏ་དང༌། པཀྵུའོ། །མཚོ་འདིའི་འགྲམ་བྱང་ཕྱོགས་ན་འཛམ་བུའི་ཤིང་ཡོད་དེ། མཐོ་བ་དང་རྒྱར་དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པའོ། །གཞི་གང་ ཞིག་གིས་འཛམ་གླིང་ཞེས་གྲགས་པ། །གང་གི་འབྲས་བུ་མངར་དང་རོ་མཆོག་གོ། །དེའི་ཕ་རོལ་ན་རི་སྤོས་ཀྱི་ངད་ལྡང་བའོ། །འཛམ་བུ་གླིང་འདིའི་དབུས། རྡོ་རྗེའི་གདན་གསེར་གྱི་རང་བཞིན་གྱི་ས་གཞི་ལས་མངོན་པར་གྲུབ་པ། མཐོ་རུ་འཛམ་བུའི་གླིང་གི་མཐའ་དང༌། ཞེང་དུ་ཤིང་རྟ་འཁོར་ ལོའི་ཚད་དང་ལྡན་པ། གང་དུ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་གང་ཡིན་པའོ། །འཛམ་བུའི་གླིང་འདི་ཉིད་ཀྱི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བ་ཆེན་པོ་ཡོད་དེ་རྔམས་དང་ཞེང་དག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུའི་ ཚད་དང་ལྡན་པའོ། །དེ་ལྟར་འདི་ནས་མནར་མེད་པ་འདིའི་འོག་གི་ས་གཞི་ནི་དཔག་ཚད་སྟོང་ཕྲག་བཞི་བཅུར་འགྱུར་རོ། །མནར་མེད་པའི་སྟེང༌། གོང་ནས་གོང་དུ་དམྱལ་བ་བདུན་རྣམ་པར་གནས་སོ། །འདི་ལྟ་སྟེ། རབ་ཏུ་ཚ་བ་དང༌། ཚ་བ་དང༌། དུ་འབོད་ཆེན་པོ་དང༌། དུ་འབོད་དང༌། བསྡུས་འཇོམས་དང༌། ཐིག་ནག་དང༌། ཡང་སོས་སོ་ཞེས་མནར་མེད་པའི་ཕྱོགས་བཞི་རུ་ཕྱི་རོལ་འཁོར་ནས་གནས་སོ་ཞེས་གཞན་དག་གོ། །མནར་མེད་ལ་སོགས་པ་དེ་རྣམས་ནི་དམྱལ་བ་ཆེན་པོ་བརྒྱད་དོ། །དམྱལ་བ་ཆེན་པོ་བརྒྱད་པོ་རྣམས་སོ་སོ་ལ་ཉེ་འཁོར་གྱི་དམྱལ་བ་བཅུ་དྲུག་སྟེ། འདི་ ལྟ་སྟེ། ཀུ་ཀཱུ་ལ་དང༌། ཀུ་ཎ་པ་དང༌། སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་དང༌། ཆུ་བོ་རབ་མེད་དོ། །ཕྱོགས་གཅིག་ལའང་ཉེ་བའི་དམྱལ་བ་བཞི་སྟེ། འདི་ལྟར་ཕྱོགས་གཞན་གསུམ་ལ་སོ་སོར་བཞི་ཁོ་ན་ཉིད་དེ་བཅུ་དྲུག་གོ། །གཞན་ཡང་གྲང་བའི་དམྱལ་བ་བརྒྱད་ནི་དམྱལ་ བ་ཆེན་པོ་རྣམས་ཀྱི་ཐད་དུ་གནས་པ་ཉིད་དོ། །འདི་ལྟ་སྟེ། ཆུ་བུར་ཅན་དང༌། ཆུ་བུར་ཆེན་པོ་དང༌། སོ་ཐམས་ཐམས་དང༌། ཧ་ཧ་དང༌། ཧུ་ཧུ་དང༌། ཨུཏྤལ་ལྟ་བུ་དང༌། པདྨ་ལྟ་བུ་དང༌། པདྨ་ཆེན་པོ་ལྟ་བུའོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་གནས་ངེས་པ་མེད་དེ། ཆུ་བོའི་འགྲམ་དང༌། རྒྱ་མཚོའི་འགྲམ་དང་རི་དང་མྱ་ངམ་ཐང་དང་ཡུལ་ངན་ལ་སོགས་པ་རྣམས་སུ་གནས་པའོ། །དུད་འགྲོ་རྣམས་ཀྱི་རྩ་བའི་གནས་ནི་རྒྱ་མཚོ་ཆེ། སྐམ་དང་ཆུ་དང་ནམ་མཁའ་ལའང༌། ཞེས་སོ། །ཡི་དྭགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེའོ། །དེ་ཡང་འདི་ནས་དཔག་ཚད་ལྔ་བརྒྱའི་འོག་གི་ཆ་ལ། དཔག་ཚད་ལྔ་བརྒྱས་མཚམས་ཡོངས་སུ་བཅད་པ་ནི་རྒྱལ་པོའི་གནས་སའོ། །དེ་ལས་གཞན་དུ་རྣམ་པར་བརྟེན་པ་ཉིད་དོ། །ལྷ་མ་ཡིན་ནི་རི་རབ་ལ་སྟེ། བང་རིམ་འོག་མ་ལས་འོག་གི་ནང་ཆེན་པོའི་ཕུག་ན་ཀུན་དུ་གནས་སོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ས་ནི་དྲུག་སྟེ། འདི་ལྟ་སྟེ། རྒྱལ་ པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་གནས་དང༌། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་དང༌། འཐབ་བྲལ་གྱི་གཞལ་ཡས་དང༌། དགའ་ལྡན་གྱི་གཞལ་ཡས་དང༌། འཕྲུལ་དགའི་གནས་དང༌། གཞན་འཕྲུལ་དབང་བྱེད་ཀྱི་གཞལ་ཡས་སོ། །དེ་ལ་རྒྱལ་ཆེན་བཞིའི་གནས་ནི་རྣམ་པ་གསུམ་སྟེ། འདི་ ལྟ་སྟེ། རི་རབ་ཀྱི་བང་རིམ་བཞི་དང༌། རི་བོ་རྒྱུད་བདུན་དང༌། ཉི་མ་དང་ཟླ་བ་དང་སྐར་མའི་གཞལ་ཡས་རྣམས་སོ། །དེ་ལ་འདི་ནས་སྟེང་དུ་བར་སྣང་དཔག་ཚད་སྟོང་ཕྲག་བཞི་བཅུ་ན། རླུང་ནི་ཆུའི་དཀྱིལ་འཁོར་ལྟར། རི་རབ་ལ་ཡོངས་སུ་བསྐོར་ཏེ་ཟླ་བ་དང༌། ཉི་མ་དང་སྐར་མ་རྣམས་ཀྱི་གཞལ་ ཡས་ཁང་རྣམས་རྒྱུ་བར་བྱེད་དོ། །དེ་ལ་ཟླ་བ་དང་ཉི་མ་དག་ལྷུན་པོའི་ཕྱེད་ནས་ཏེ། མུ་ཁྱུད་འཛིན་གྱི་རིའི་རྩེ་མོ་དང་མཉམ་པར་རྒྱུ་བར་བྱེད་དོ། །ཚད་ནི་ཟླ་བའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུའོ། །ཉི་མའི་དཀྱིལ་འཁོར་ལ་དཔག་ཚད་ལྔ་བཅུ་གཅིག་གོ། །དེ་སྐད་དུ་ཡང༌། ལྷུན་པོའི་ཕྱེད་ན་ ཉི་ཟླ་སྟེ། དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཞེས་སོ། །སྐར་མ་རྣམས་ཀྱི་གཞལ་ཡས་ཀྱི་ཚད་ནི། གང་དག་ཆུང་བ་དེ་ནི་རྒྱང་གྲགས་ཙམ་མོ། །ཉི་མའི་གཞལ་ཡས་ཀྱི་འོག་ཕྱི་རོལ་ནི་མེ་ཤེལ་གྱི་རང་བཞིན་ཟླུམ་པོ་སྟེ་འོད་ཟེར་ནི་ཚ་བ་དང་རབ་ཏུ་གསལ་བར་བྱེད་དོ། །ཟླ་བའི་གཞལ་ ༄༅། །ཡས་ཁང་གི་འོག་ཀྱང་ཆུ་ཤེལ་ཟླུམ་པོ་བསིལ་བ་དང་གསལ་བར་སྣང་བར་བྱེད་དོ། །ཟླ་བ་གཅིག་གིས་གླིང་བཞིར་བྱ་བ་བྱེད་དོ། །ཉི་མ་གཅིག་གིས་ཀྱང་ངོ༌། །འདི་ལྟ་སྟེ། གང་གི་ཚེ་བྱང་སྒྲ་མི་སྙན་དུ་མཚན་བྱེད་ཡིན་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་ པའོ། །འཛམ་བུའི་གླིང་དུ་ཉི་མ་ཕྱེད་དོ། །བ་གླང་སྤྱོད་དུ་ཤར་བའོ། །དེ་བཞིན་དུ་གླིང་གཞན་ལ་ཅི་རིགས་སུ་སྦྱར་རོ། །འདིར་ཉི་མའི་འགྲོ་བའི་བྱེ་བྲག་གིས་མཚན་མོ་དང་ཉིན་མོ་དག་འཕེལ་བ་དང་འགྲིབ་པའོ། །འདི་ལྟ་སྟེ། བྷཱ་དྲ་བ་དེའི་ནག་པོའི་ཕྱོགས་ཀྱི་དགུ་ནས་མཚན་མོ་འཕེལ་ལོ། །ཕཱ་ལ་ གུ་ནའི་ནག་པོའི་ཕྱོགས་ཀྱི་དགུ་ནས་མཚན་མོ་འགྲིབ་བོ། །གང་གི་ཚེ་མཚན་མོ་འཕེལ་བ་དེའི་ཚེ་ཉིན་མོ་འགྲིབ་བོ། །གང་གི་ཚེ་ཉིན་མོ་འགྲིབ་པ་དེའི་ཚེ་མཚན་མོ་འཕེལ་ལོ་ཞེས་སོ། །དཀར་པོའི་ཕྱོགས་ཀྱི་དང་པོར་ཟླ་བའི་དཀྱིལ་འཁོར་ཉམས་པར་མཐོང་བ་ཅི་ཡིན་ཞེ་ན། ཉི་མའི་འོད་ཟེར་ གྱིས་ཟླ་བའི་དཀྱིལ་འཁོར་གྱི་ངོས་གཞན་ལ་གྲིབ་མ་བབས་ཏེ་དཀྱིལ་འཁོར་མ་རྫོགས་པར་མཐོང་བ་ཡིན་ནོ་ལོ། །ཡང་ན་རྒྱུ་བའི་འཚོགས་པ་གང་ལས་དེ་དེ་འདྲ་བ་སྟེ། རེས་འགའ་ནི་ཉམས་པ་དང་ཕྱེད་དང་རྫོགས་པར་མཐོང་བ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་རྣམས་གསུངས་སོ། །ཉི་མ་ལ་སོགས་པའི་ གཞལ་ཡས་འདི་རྣམས་ལ་ནི། རྒྱལ་ཆེན་རིས་བཞིའི་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་གནས་སོ། །བང་རིམ་བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་གནས་པ་ཉིད་དོ། །འདི་ལྟ་སྟེ། ཤར་དུ་ཡུལ་འཁོར་སྐྱོང་དང༌། ལྷོ་རུ་འཕགས་སྐྱེས་པོ་དང༌། ནུབ་ཏུ་མིག་མི་བཟང་དང༌། བྱང་དུ་ལུས་ངན་པོའོ། །ཡང་གསུངས་ཏེ། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང༌། །བརྒྱད་དང་བཞི་དང་གཉིས་ཐད་འཕགས། །དེ་ལ་ལག་ན་གཞོང་ཐོགས་དང༌། །ཕྲེང་ཐོགས་དང་ནི་རྟག་མྱོས་དང༌། །རྒྱལ་ཆེན་བཞི་ པའི་ལྷ་རྣམས་གནས། །རི་བོ་བདུན་པོ་རྣམས་ལ་ཡང༌། །དེས་ན་དེ་ཡི་ལྷུན་པོ་ཡི། །ཕྱེད་ཀྱིས་འོག་མ་བསྒྲིབས་བའོ། །རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆུ་དང་ཞེང་དུ་སྟོང་ཕྲག་བརྒྱད་ཅུའོ། །རི་མཆོག་གི་ལོགས་རེ་རེ་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་སྟེ་ཀུན་དུ་ཡོངས་ སུ་འཁོར་བར་བརྒྱད་ཅུའོ་ཞེས་གཞན་དག་གོ། །དེའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་བརྒྱ་བྱིན་ལྷའི་དབང་པོའི་རྒྱལ་བའི་གནས་སོ། །ཡང་གསུངས་ཏེ། དབུས་ན། གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། འོག་གཞི་གསེར་བཞིན་བཀྲ་ཞིང་མཉེན། །ལོགས་ལ་སྟོང་ཕྲག་ཕྱེད་ དང་གསུམ། །འཕང་དུ་དཔག་ཚད་གཅིག་དང་ཕྱེད། །ཅེས་སོ། །གྲོང་ཁྱེར་དེའི་དབུས་ན་རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་ཁང་བཟངས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཡོད་དོ། །ཡང་གསུངས་ཏེ། དེ་ན་རྣམ་པར་རྒྱལ་བྱེད་དེ། །ལོགས་ལ་ཉིས་བརྒྱ་ལྔ་བཅུའོ། །ཞེས་སོ། །གྲོང་ཁྱེར་དེའི་ ཕྱོགས་བཞི་རུ་སྐྱེད་མོས་ཚལ་བཞི་རྣམས་སོ། །འདི་ལྟ་སྟེ། ཤིང་རྟ་སྣ་ཚོགས་དང༌། རྩུབ་འགྱུར་དང༌། འདྲེས་པའི་ནགས་དང༌། དགའ་བའི་ཚལ་ལོ། །སྐྱེད་མོས་ཚལ་བཞི་པོ་དེ་རྣམས་ཀྱི་བར་དུ་ནི་ས་གཞི་བཟང་པོ་དཔག་ཚད་ཉི་ཤུར་ལྷ་རྣམས་ཀྱི་རོལ་མོའི་གནས་ཕན་ཚུན་འགྲན་པ་ལྟར་མཛེས་ པ་འཛིན་པའོ། །གྲོང་ཁྱེར་དེའི་བྱང་ཤར་གྱི་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་པ་ཡོད་དོ། །དེ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་རབ་ཏུ་གྱུར་པའི་རྟེན་ནོ། །དེའི་རྩ་བ་སྦོམས་སུ་ཐང་ཀར་དཔག་ཚད་ལྔ་དང་འཕང་དུ་དཔག་ཚད་གཅིག་གོ། །ཡལ་ག་དང་ལོ་མ་དང་ འདབ་མ་རྒྱས་པར་གནས་པ་ལ་ནི་དཔག་ཚད་ལྔ་བཅུའོ། །དེ་ལ་ཡང་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པ་ན་དྲི་ནི་རྫི་ཕྱོགས་སུ་དཔག་ཚད་བརྒྱ་རུ་དད་ལྡན་ཞིང༌། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུ་དང་ལྡང་ངོ༌། །ཤིང་འདི་དག་གི་རྩ་བ་ན་ཤིན་ཏུ་ཆེས་འཇམ་པ་པཱཎ་རུ་ཀམ་པ་ལ་ཞེས་པའི་ བརྒྱ་བྱིན་ལྷའི་དབང་པོ་བཞུགས་པའི་ཕྱིར་མངོན་པར་གྲུབ་པ་སྲིད་དུ་དཔག་ཚད་དྲུག་ཅུའོ། །ཞེང་དུ་དཔག་ཚད་ལྔ་བཅུའི་ཚད་ཙམ་མོ། །རྔམས་སུ་ཚད་ནི་དཔག་ཚད་བཅོ་ལྔའི། །བལྟ་ན་སྡུག་གི་ལྷོ་ནུབ་ཀྱི་མཚམས་ན་ཆོས་བཟངས་ལྷའི་འདུན་ས་སྟེ། གང་དུ་བསྡད་ནས་སུམ་ཅུ་རྩ་གསུམ་ པའི་ལྷ་རྣམས་བྱ་བ་དང༌། བྱ་བ་མ་ཡིན་པ་བཀའ་བགྲོ་བར་མཛད་པའོ། །རི་རབ་ཀྱི་སྟེང་གྲུ་བཞི་ལ་ཅོག་བཞི་སྟེ། འཕང་དུ་དཔག་ཚད་སྟོང་ཕྲག་བཅུའོ། །ཁ་ཅིག་གྲུའི་ཅོག་ནི་དཔག་ཚད་ལྔ་བརྒྱའི་ཚད་དང་ལྡན་པ་གདན་ལྷ་ཕྱག་ན་རྡོ་རྗེ་གནས་པ་གང་ཡིན་པའོ་ཞེས་སོ། །གཟུགས་ ༄༅། །ཀྱི་ཁམས་ལས་གཞི་དང༌། ཀུན་འཁོར་བཞིའོ། །འདི་ལྟ་སྟེ། བསམ་གཏན་དང་པོའི་ས་དང༌། བསམ་གཏན་གཉིས་པའི་ས་དང༌། བསམ་གཏན་གསུམ་པའི་ས་དང༌། བསམ་གཏན་བཞི་པའི་སའོ། །བསམ་གཏན་དང་པོའི་ཀུན་འཁོར་དང༌། མིང་གཞན་ ནི་མི་ལྕོགས་པ་མེད་པའོ། །བསམ་གཏན་གཉིས་པའི་ཀུན་འཁོར་དང༌། མིང་གཞན་ནི་བསམ་གཏན་ཁྱད་པར་ཅན་ནོ། །བསམ་གཏན་གསུམ་པའི་ཀུན་འཁོར་དང༌། བསམ་གཏན་བཞི་པའི་ཀུན་འཁོར་རོ། །དེ་ལ་བསམ་གཏན་དང་པོའི་ས་ལ་གནས་གསུམ་མོ། །ཚངས་རིས་ཀྱི་ གཞལ་ཡས་ཁང་དང༌། ཚངས་པ་མདུན་ན་འདོན་གྱི་གཞལ་ཡས་ཁང་དང༌། ཚངས་པ་ཆེན་པོའི་གཞལ་ཡས་ཁང་ངོ༌། །བསམ་གཏན་གཉིས་པའི་ས་ལ་གནས་གསུམ་མོ། །འདི་ལྟ་སྟེ། འོད་ཆུང་གི་གཞལ་ཡས་ཁང་དང༌། ཚད་མེད་འོད་ཀྱི་གཞལ་ཡས་ཁང་དང༌། འོད་གསལ་ གྱི་གཞལ་ཡས་ཁང་ངོ༌། །བསམ་གཏན་གསུམ་པའི་གནས་ལ་གསུམ་སྟེ། འདི་ལྟ་སྟེ། དགེ་ཆུང་གི་གཞལ་ཡས་ཁང་དང༌། ཚད་མེད་དགེའི་གཞལ་ཡས་ཁང་དང༌། དགེ་རྒྱས་ཀྱི་གཞལ་ཡས་ཁང་ངོ༌། །བསམ་གཏན་བཞི་པའི་ས་ལ་གནས་བརྒྱད་དེ། འདི་ལྟ་སྟེ། སྤྲིན་མེད་ ཀྱི་གཞལ་ཡས་ཁང་དང༌། བསོད་ནམས་འཕེལ་གྱི་གཞལ་ཡས་ཁང་དང༌། འབྲས་བུ་ཆེ་བའི་གཞལ་ཡས་ཁང་དང༌། མི་ཆེ་བའི་གཞལ་ཡས་ཁང་དང༌། མི་གདུང་བའི་གཞལ་ཡས་ཁང་དང༌། གྱ་ནོམ་སྣང་བའི་གཞལ་ཡས་ཁང་དང༌། ཤིན་ཏུ་མཐོང་གི་གཞལ་ཡས་ཁང་དང༌། འོག་ མིན་གྱི་གཞལ་ཡས་ཁང་ངོ༌། །འཐབ་བྲལ་ལ་སོགས་པ་བཞི་རྣམས་ཀྱི་གཞལ་ཡས་ཁང་གི་ཚད་ནི་ལྷུན་པོའི་སྟེང་དང་མཉམ་མོ་ཞེས་ཁ་ཅིག་གོ། །གོང་མ་ཉིས་འགྱུར་རོ་ཞེས་གཞན་དག་གོ། །བསམ་གཏན་དང་པོའི་གཞལ་ཡས་ཁང་ནི་གླིང་བཞིའི་ཚད་ཙམ་མོ། །བསམ་གཏན་གཉིས་ པའི་གཞལ་ཡས་ཁང་ནི་སྟོང་ཆུང་ངུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་དོ། །བསམ་གཏན་གསུམ་པའི་གཞལ་ཡས་ཁང་ནི་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དོ། །བསམ་གཏན་བཞི་པའི་གཞལ་ཡས་ཁང་གི་ཚད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ་ཞེས་གཞན་དག་ གོ། །བསམ་གཏན་དང་པོ་ལ་སོགས་པ་གཞལ་ཡས་ཁང་གསུམ་གྱི་ཚད་ནི་སྟོང་ཆུང་ངུ་ལ་སོགས་པའི་ཚད་དོ། །བསམ་གཏན་བཞི་པའི་གཞལ་ཡས་ཁང་ནི་དཔག་ཏུ་མེད་པའོ་ཞེས་ཁ་ཅིག་གོ། །དེ་ལ་གནས་འོག་མར་སྐྱེས་པའི་ལྷ་རྣམས་ཀྱིས་གོང་མའི་གཞལ་ཡས་ཁང་མཐོང་བ་ ནི་མ་ཡིན་ནོ། །གནས་གོང་མར་སྐྱེས་པའི་ལྷ་རྣམས་ཀྱིས་འོག་མའི་གཞལ་ཡས་ཁང་མཐོང་བ་ཉིད་དོ། །རྫུ་འཕྲུལ་ལམ། རྫུ་འཕྲུལ་དང་ལྡན་པ་ལ་བརྟེན་ནས་གོང་དུ་འགྲོ་བར་འགྱུར་རོ། །གོང་དུ་སྐྱེས་པ་འོངས་ནས་མཐོང་བར་འགྱུར་ཞིང༌། ཁམས་གོང་མ་ནི་མ་ཡིན་ནོ། །ས་གོང་མ་ པ་ཞེས་པ་ཡང་མཐོང་བ་མ་ཡིན་ནོ་ཞེས་སོ། །གཟུགས་མེད་པའི་ཁམས་ནི་ས་གཞི་དང༌། ཀུན་འཁོར་བཞིའོ། །འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་དང༌། འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་སའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཀུན་འཁོར་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཀུན་འཁོར་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཀུན་འཁོར་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཀུན་འཁོར་རོ། །དེ་ལྟར་གྱུར་པའི་འཇིག་རྟེན་ གྱི་ཁམས་ཀྱི་མཐའ་ནི་ཡོད་པ་མ་ཡིན་ཏེ། ནམ་མཁའི་ཁམས་ཅི་སྙེད་པ་དེ་སྙེད་འཇིག་རྟེན་གྱི་ཁམས་སོ། །རྣམ་པར་གཞག་པ་འདི་རྣམས་ནི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཕྱོགས་བཅུ་དང་སྟེང་དང་འོག་ཏུ་གོ་སྐབས་སམ་བར་ཆོད་ནས་ཡོད་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་རྣམས་ནི་འཇིག་ བཞིན་པ་དང་འཆགས་བཞིན་པ་ཡིན་པ་དང༌། འོག་མིན་ལས་སྟེང་ན་ཡང་འདོད་པའི་ཁམས། འདོད་པའི་ཁམས་ལས་འོག་ཏུ་ཡང་འོག་མིན་ནོ་ཞེས་སོ། །གང་ཞིག་རྒྱལ་ཆེན་བཞིའི་ལྷའི་གནས་ལ་སོགས་པ་ནས་འོག་མིན་གྱི་མཐར་ཐུག་པ་ཉི་ཤུ་ཉེར་གསུམ་གྱི་གནས་རྣམས་ཀྱི་འོག་དང་ སྟེང་དུ་ཚད་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། བང་རིམ་བཞི་པ་ནི་རྒྱལ་པོ་ཆེན་པོ་བཞིའི་རྩ་བའི་གནས་ཏེ། འདི་ནས་དཔག་ཚད་སྟོང་ཕྲག་བཞི་བཅུའོ། །དེ་ནས་འོག་གི་འཛམ་བུའི་གླིང་དུ། ཇི་སྲིད་ཡོད་པ་དེ་སྲིད་ནས་སྟེང་སུམ་ཅུ་རྩ་གསུམ་གྱི་གནས་སོ། །དེ་ལས་ཡང་འོག་ཏུ་འཛམ་ ༄༅། །བུའི་གླིང་དུ་ཇི་སྲིད་པ་དེ་སྲིད་སྟེང་དུ་འཐབ་བྲལ་གྱི་གནས་སོ། །དེ་ལས་ཡང་འོག་འཛམ་བུའི་གླིང་དུ་ཇི་སྲིད་པ་དེ་སྲིད་དུ་དགའ་ལྡན་གྱི་གཞལ་ཡས་ཞེས་སོ། །དེ་བཞིན་དུ་རྒྱས་པར་ཐམས་ཅད་ལ་རྗེས་སུ་གཞལ་ལོ། །ཤིན་ཏུ་མཐོང་ནས་འོག་ཏུ་འཛམ་བུའི་ གླིང་དུ་ཇི་སྲིད་པ་དེ་སྲིད་སྟེང་དུ་འོག་མིན་གྱི་གནས་སོ། །དེ་སྐད་དུ་ཡང༌། འོག་ཏུ་ཇི་སྲིད་གནས་ལས་གནས། །གོང་དུ་དེ་སྲིད་དེ་ལས་དེ། །ཞེས་སོ། །དེ་ལས་སྟེང་དུ་ཡང་གནས་ནི་ཡོད་པ་མ་ཡིན་ནོ། །དེ་ནས་འདི་ནི་ཐུ་བོར་གྱུར་པ་ཉིད་པས་འོག་མིན་ཞེས་བརྗོད་དོ་ཞེས་སོ། །པཎྜི་ཏ་ཆེན་ པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་སྣོད་ཀྱི་འཇིག་རྟེན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་གསུམ་པའོ།། །།སེམས་ཅན་གྱི་འཇིག་རྟེན་ནི་རྣམ་པ་གཉིས་སོ། །འདི་ལྟ་སྟེ། སོ་སོའི་སྐྱེ་བོའི་འཇིག་རྟེན་དང༌། འཕགས་པའི་འཇིག་རྟེན་ནོ། །དེ་ལ་དང་པོ་ནི་རྣམ་པ་གཉིས་སོ། །འདི་ལྟ་སྟེ། ངན་འགྲོའི་སྐྱེ་བ་དང༌། བདེ་འགྲོའི་སྐྱེ་བའོ། །དེ་ལ་ངན་འགྲོའི་སྐྱེ་བ་རྣམ་པ་གསུམ་མོ། །འདི་ལྟ་སྟེ། དམྱལ་བའི་འགྲོ་བ་པ་དང༌། དུད་འགྲོའི་འགྲོ་བ་པ་དང༌། ཡི་དྭགས་ཀྱི་འགྲོ་བ་པའོ། །བདེ་འགྲོའི་ སྐྱེ་བ་ལ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མིའི་འགྲོ་བ་པ་དང༌། ལྷའི་འགྲོ་བ་པའོ། །ཡང་རྣམ་པ་ལྔ་སྟེ། དམྱལ་བའི་འགྲོ་བ་པ་དང༌། དུད་འགྲོའི་འགྲོ་བ་པ་དང༌། ཡི་དྭགས་ཀྱི་འགྲོ་བ་པ་དང༌། མིའི་འགྲོ་བ་པ་དང༌། ལྷའི་འགྲོ་བ་པའོ། །འདི་རྣམས་སུ་ལྷ་མིན་གྱི་འགྲོ་བ་པ་བཅུག་སྟེ། རྣམ་པ་དྲུག་ཏུ་འགྱུར་ རོ༑ །དེ་ལ་དམྱལ་བའི་འགྲོ་བ་ལ་གསུམ་སྟེ། ཚ་བའི་དམྱལ་བ་བརྒྱད་གནས་པ་དང༌། གྲང་བའི་དམྱལ་བ་བརྒྱད་གནས་པ་དང༌། ཉི་ཚེ་བའི་དམྱལ་བ་གནས་པའོ། །ཡི་དྭགས་ཀྱི་འགྲོ་བ་ལ་རྣམ་པ་གཉིས་སོ། །འདི་ལྟ་སྟེ། གཟི་བརྗིད་ཆུང་བ་དང༌། གཟི་བརྗིད་ཆེན་པོའོ། །དུད་ འགྲོའི་འགྲོ་བ་ལ་རྣམ་པ་གསུམ་མོ། །འདི་ལྟ་སྟེ། ཆུ་ལ་སྤྱོད་པ་དང༌། སྐམ་ལ་སྤྱོད་པ་དང༌། མཁའ་ལ་སྤྱོད་པའོ། །མིའི་འགྲོ་བ་ལ་རྣམ་པ་བཞིའོ། །འདི་ལྟ་སྟེ། འཛམ་བུའི་གླིང་དུ་སྐྱེས་པ་དང༌། བ་གླང་སྤྱོད་ཀྱི་གླིང་དུ་སྐྱེས་པ་དང༌། སྒྲ་མི་སྙན་གྱི་གླིང་དུ་སྐྱེས་པ་དང༌། ལུས་འཕགས་པོའི་གླིང་དུ་སྐྱེས་པའོ། །ལྷའི་འགྲོ་བ་པ་ནི་རྣམ་པ་གསུམ་མོ། །འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའོ། །དེ་ལ་འདོད་པ་ན་སྤྱོད་པ་ལ་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། རྒྱལ་ཆེན་གྱི་ལྷ་དང༌། སུམ་ཅུ་རྩ་གསུམ་པའི་ ལྷ་དང༌། འཐབ་བྲལ་གྱི་ལྷ་དང༌། འཕྲུལ་དགའ་བ་རྣམས་ཀྱིའོ། །བལྟས་པས་ནི་འཕྲུལ་དགའི་ལྷ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ། །ལྷ་འདི་རྣམས་ཀྱི་འཁྲིག་པ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། གཉིས་གཉིས་དང༌། འཁྱུད་པ་དང༌། ལག་པས་བཅངས་པ་དང༌། བཞད་པ་དང༌། བལྟ་བའོ། །དེ་ལ་གཉིས་སྤྲོད་ཀྱི་འཁྲིག་པ་ནི་ས་ལ་གནས་པའི་རྒྱལ་པོ་ཆེན་པོ་པ་དང་སུམ་ཅུ་རྩ་གསུམ་པ་རྣམས་ཏེ། དཔེར་ན་མི་རྣམས་བཞིན་ནོ། །དེ་རྣམས་ནི་རླུང་གྲོལ་བ་ལས་ཡོངས་སུ་གདུང་བ་རྣམ་པར་འབྲལ་བའོ། །འཁྱུད་པས་འཁྲིག་པ་ནི་འཐབ་བྲལ་རྣམས་འཁྱུད་པ་ཙམ་ གྱིས་ཡོངས་སུ་གདུང་བ་དང་བྲལ་བའོ། །དེ་ལྟར་ལག་པས་བཅངས་པ་ནི་དགའ་ལྡན་པ་རྣམས་ཀྱིའོ། །བཞད་པས་ནི་དགའ་ལྡན་གྱི་ལྷ་དང་གཞན་འཕྲུལ་དབང་བྱེད་རྣམས་ཀྱིའོ། །འདོད་པའི་ལྷ་དྲུག་པོ་འདི་རྣམས་ནི་གྲགས་བཞིན་དུ་ལོ་ལྔ་པ་ལྟ་བུ་ནས་ཅི་སྲིད་དུ་ལོ་བཅུ་པའི་བྱིས་པ་ལྟ་བུ་སྐྱེ་བའོ། ། དེ་ལ་གཟུགས་ན་སྤྱོད་པ་རྣམས་ནི་ན་བཟའ་དང་བཅས་པ་ཡོངས་སུ་རྫོགས་པ་སྐྱེ་བར་འགྱུར་རོ། །གཟུགས་ན་སྤྱོད་པ་རྣམ་བཞི་སྟེ། འདི་ལྟ་སྟེ། བསམ་གཏན་དང་པོའི་གནས་སུ་སྐྱེས་པ་དང༌། བསམ་གཏན་གཉིས་པའི་ས་རུ་སྐྱེས་པ་དང༌། བསམ་གཏན་གསུམ་པའི་གནས་སུ་སྐྱེས་པ་དང༌། བསམ་གཏན་བཞི་པའི་ས་ལ་སྐྱེས་པའོ། །དེ་ལ་བསམ་གཏན་དང་པོའི་གནས་སུ་སྐྱེས་པ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་དང༌། ཚངས་པ་མདུན་ན་འདོན་གྱི་ལྷ་དང༌། ཚངས་པ་ཆེན་པོའི་ལྷའོ། །བསམ་གཏན་གཉིས་པའི་ས་ལ་སྐྱེས་པ་ལ་རྣམ་པ་གསུམ། འདི་ལྟ་སྟེ། འོད་ཆུང་གི་ལྷ་དང༌། ཚད་མེད་འོད་ཀྱི་ལྷ་དང༌། འོད་གསལ་གྱི་ལྷའོ། །བསམ་གཏན་གསུམ་པའི་ས་ལ་སྐྱེས་པ་ལ་རྣམ་པ་གསུམ། འདི་ལྟ་སྟེ། དགེ་ཆུང་གི་ལྷ་དང༌། ཚད་མེད་དགེའི་ལྷ་དང༌། དགེ་རྒྱས་ཀྱི་ལྷའོ། །བསམ་གཏན་བཞི་པའི་ས་ལ་སྐྱེས་པ་ ༄༅། །ལ་རྣམ་པ་བརྒྱད། འདི་ལྟ་སྟེ། སྤྲིན་མེད་ཀྱི་ལྷ་དང༌། བསོད་ནམས་འཕེལ་གྱི་ལྷ་དང༌། འབྲས་བུ་ཆེ་བའི་ལྷ་དང༌། འདུ་ཤེས་མེད་པའི་སེམས་ཅན་ནི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ཁོ་ནའོ། །བཅུ་གཉིས་པོ་འདི་རྣམས་ནི་ཉེ་བར་སྐྱེ་བའི་གནས་སོ། །གཞན་ ལྔ་ནི་གནས་གཙང་མའི་ལྷ་སྟེ། འོག་ནས་བཤད་པའི་འཕགས་པའི་འཇིག་རྟེན་ཕྱིར་མི་འོང་བའི་ནང་དུ་བསྡུ་བར་བྱའོ། །དེ་ཡང་ཇི་ལྟར། མི་ཆེ་བའི་ལྷ་དང༌། མི་གདུང་བའི་ལྷ་དང༌། གྱ་ནོམ་སྣང་གི་ལྷ་དང༌། ཤིན་ཏུ་མཐོང་གི་ལྷ་དང༌། འོག་མིན་གྱི་ལྷའོ། །གཟུགས་མེད་པ་ ལ་སྤྱོད་པ་ནི་བཞི་སྟེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་བའི་ལྷའོ། ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་དྲུག་དང༌། །གླིང་བཅས་དམྱལ་བའི་དབྱེ་བ་ཡིན། །འདོད་པའི་ཁམས་ལ་ཉི་ཤུའོ། །སྟེང་དུ་གཟུགས་ཁམས་བཅུ་བདུན་ནོ། །གནས་ནི་སོ་སོར་ཐ་དད་དོ། །འདིར་ནི་བསམ་གཏན་ས་གསུམ་པ། །བཞི་པ་ཡང་ནི་ས་བརྒྱད་ པའོ། །གཟུགས་མེད་ཁམས་ལ་གནས་མེད་དེ། །ཉེ་བར་སྐྱེ་བས་རྣམ་བཞིའོ། །ལྷ་རྣམས་ནི་རྣམ་པར་སྨིན་པ་གསུམ་ལས་སྐྱེས་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་སྨིན་པ་དང་ལྡན་པས་འདོད་པ་ན་སྤྱོད་པའི་ལྷ་རྣམས་སོ། །ཏིང་ངེ་འཛིན་རྣམ་པར་སྨིན་པ་དང་ལྡན་པས་ཚངས་ རིས་ལ་སོགས་པ་གཟུགས་ན་སྤྱོད་པའི་ལྷ་བཅུ་གཉིས་སོ། །ཤེས་རབ་རྣམ་པར་སྨིན་པ་དང་ལྡན་པས་གནས་གཙང་མའི་ལྷ་ལྔའོ། །འདོད་པ་ན་སྐྱེ་བ་གསུམ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་སོ་སོར་ཉེ་བར་གནས་པའི་སེམས་ཅན་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་འགའ་ ཞིག་གོ། །དེ་ཡང་ལྷ་གཞན་ནི། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་པ་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་པའོ། །འདོད་པ་རྣམས་སྤྲུལ་པའི་སེམས་ཅན་ཡོད་དེ། འདི་ལྟ་སྟེ། འཕྲུལ་དགའི་ལྷ་རྣམས་སོ། །འདོད་པ་རྣམས་གཞན་གྱི་འཕྲུལ་པའི་ སེམས་ཅན་ཡོད་དེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །བདེ་བས་ཉེ་བར་སྐྱེ་བ་གསུམ་མོ། །འདི་ལྟ་སྟེ། བསམ་གཏན་དང་པོར་ཉེ་བར་སྐྱེ་བ་དང༌། བསམ་གཏན་གཉིས་པར་ཉེ་བར་སྐྱེ་བ་དང༌། །བསམ་གཏན་གསུམ་པར་ཉེ་བར་སྐྱེ་བའོ། །སེམས་ ཅན་གྱི་འཇིག་རྟེན་འདི་སྐྱེ་བའི་གནས་བཞི་སྟེ། འདི་ལྟ་སྟེ། རྫུས་སྐྱེས་ཀྱི་སྐྱེ་གནས་དང༌། མངལ་སྐྱེས་ཀྱི་སྐྱེ་གནས་དང༌། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དང༌། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སོ། །དེ་ལ་མིའི་འགྲོ་བ་ནི། སྐྱེ་གནས་བཞི་ཀ་ཡང་ངོ༌། །དུད་ འགྲོའི་འགྲོ་བ་ལ་སྐྱེ་གནས་བཞིའོ། །ཡི་དྭགས་ཀྱི་འགྲོ་བ་ནི། སྐྱེ་གནས་གཉིས་སོ། །དམྱལ་བའི་འགྲོ་བ་ནི་རྫུས་སྐྱེས་ཀྱི་སྐྱེ་གནས་གཅིག་ཁོ་ནའོ། །ལྷའི་འགྲོ་བ་ནི་རྫུས་སྐྱེས་ཀྱི་སྐྱེ་གནས་གཅིག་ཁོ་ནའོ། །ཡི་དྭགས་ནི་འདི་ལྟ་སྟེ། མངལ་སྐྱེས་ཀྱི་སྐྱེ་གནས་དང༌། རྫུས་སྐྱེས་ཀྱི་སྐྱེ་གནས་སོ། །སྲིད་པ་ནི་བཞི་སྟེ། འདི་ལྟ་སྟེ། འཆི་བའི་སྲིད་པ་དང༌། བར་དོའི་སྲིད་པ་དང༌། སྐྱེ་བའི་སྲིད་པ་དང༌། སྔོན་གྱི་དུས་ཀྱི་སྲིད་པའོ། །ཡང་སྲིད་པ་གཉིས་འདི་ལྟ་སྟེ། མཐོང་བའི་ཆོས་ཀྱི་སྲིད་པ་དང༌། སྐྱེ་བ་གཞན་གྱི་སྲིད་པའོ། །ཡང་སྲིད་པ་གསུམ་སྟེ། འདི་ལྟ་ སྟེ། འདོད་པའི་སྲིད་པ་དང༌། གཟུགས་ཀྱི་སྲིད་པ་དང༌། གཟུགས་མེད་པའི་སྲིད་པའོ། །ཡང་སྲིད་པ་བདུན་ཏེ། འདི་ལྟ་སྟེ། དམྱལ་བའི་སྲིད་པ་དང༌། དུད་འགྲོའི་སྲིད་པ་དང༌། ཡི་དྭགས་ཀྱི་སྲིད་པ་དང༌། མིའི་སྲིད་པ་དང༌། ལྷའི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། བར་མའི་སྲིད་པའོ། ། དེ་ཉིད་ཀྱིས་ན་ཆོས་བཞི་པོ་འདི་ཤེས་པར་ནུས་པ་མ་ཡིན་ཏེ། འདི་ལྟ་སྟེ། སེམས་ཅན་གྱི་ཕུང་པོ་དང༌། ནམ་མཁའི་ཁམས་དང༌། འཇིག་རྟེན་གྱི་ཁམས་དང༌། སངས་རྒྱས་ཀྱི་ཡེ་ཤེས་སོ། །ཚོགས་ནི་གསུམ་སྟེ། འདི་ལྟ་སྟེ། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། ། སྐྱོན་ནི་གསུམ་སྟེ། ལུས་ཀྱི་སྐྱོན་དང༌། ངག་གི་སྐྱོན་དང༌། ཡིད་ཀྱི་སྐྱོན་ནོ། །ཡོན་པོ་གསུམ་སྟེ། ལུས་དང་ངག་དང་ཡིད་དོ། །སྙིགས་མ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱིའོ། །བག་མེད་པའི་གནས་ནི་གསུམ་སྟེ། འདོད་པའི་བདེ་བ་མྱོང་བ་དང༌། བསམ་གཏན་གྱི་བདེ་བ་མྱོང་བ་དང༌། མྱ་ངན་ ༄༅། །ལས་འདས་པའི་བདེ་བ་མྱང་བའོ། །མངལ་རྣམ་པར་གནོན་པ་ནི་བཞི་སྟེ། འདི་ལྟ་སྟེ། བླུན་པོའི་སེམས་ཅན་ཐམས་ཅད་ནི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ནི་མི་ཤེས་སོ། །འཁོར་ལོས་སྒྱུར་བ་ནི་མངལ་དུ་འཇུག་པ་ཡང་དག་པར་ཤེས་པ་ཉིད་དོ། །རང་ རྒྱལ་གྱི་བྱང་ཆུབ་ཀྱི་སྲིད་པ་ཐ་མ་པ་ནི་འཇུག་པ་དང་གནས་པ་ཡང་དག་པར་རབ་ཏུ་ཤེས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ནི་མངལ་དུ་འཇུག་པ་དང་འབྱུང་བ་ཡང་དག་པར་རབ་ཏུ་མཁྱེན་པ་ཉིད་དོ། །མངལ་གྱི་གནས་སྐབས་རྣམ་པ་ལྔ་ སྟེ། འདི་ལྟ་སྟེ། ནུར་ནུར་པོའི་གནས་སྐབས་དང༌། མེར་མེར་པོའི་གནས་སྐབས་དང༌། ནར་ནར་པོའི་གནས་སྐབས་དང༌། གོར་གོར་པོའི་གནས་སྐབས་དང༌། རྐང་ལག་འགྱུས་པའི་གནས་སྐབས་སོ། །ཡང་མངལ་གྱི་གནས་སྐབས་བཅུ་སྟེ། འདི་ལྟ་སྟེ། ཁུ་བའི་ལུས་ཀྱི་གནས་ སྐབས་དང༌། མེར་མེར་པོའི་ལུས་ཀྱི་གནས་སྐབས་དང༌། སླེ་སླེ་པོའི་ལུས་ཀྱི་གནས་སྐབས་དང༌། སྙིང་པོའི་ལུས་ཀྱི་གནས་སྐབས་དང༌། ལུས་དང་རྗེས་སུ་མཐུན་པའི་ཐབས་ཀྱི་གནས་སྐབས་དང༌། རང་བཞིན་དང་རྗེས་སུ་མཐུན་པའི་གནས་སྐབས་དང༌། ལས་དང་བཅས་པའི་ལུས་ཀྱི་ གནས་སྐབས་དང༌། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ཏེ། འདི་ལ་ཕྱེ་བས་དབྱེ་བ་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང༌། རྟགས་ཡོངས་སུ་རྫོགས་པ་དང༌། སྲིད་དུ་དང་ཞིང་དུ་ཡོངས་སུ་རྫོགས་པའོ། །མངལ་དུ་རྣམ་པར་གནོན་པའི་རྒྱུ་གསུམ་སྟེ། འདི་ལྟ་སྟེ། མ་ཉིད་དགེ་བའི་དུས་ཚིགས་དང་ལྡན་པར་གྱུར་པ་དང༌། ཕ་དང་མ་དག་ཆགས་པས་ཚོགས་པར་གྱུར་པ་དང༌། དྲི་ཟ་ཉེ་བར་གནས་པར་གྱུར་པའོ། །སེམས་ཅན་གནས་པའི་ཆེད་དུ་ཟས་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཁམ་གྱི་ཟས་དང༌། རིག་པའི་ཟས་དང༌། སེམས་པའི་ཟས་དང༌། རྣམ་ཤེས་ཀྱི་ཟས་སོ། །སྡུག་བསྔལ་ཉིད་ལ་གསུམ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང༌། ཡོངས་སུ་འགྱུར་བའི་སྡུག་བསྔལ་ལོ། །ཉེ་བར་འཚེ་བ་ནི་བཅུ་སྟེ། འདི་ལྟ་སྟེ། འཆི་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། དབུལ་བ་དང༌། སྤྱོད་ པ་ངན་པ་དང༌། འགྲོ་བ་ངན་པ་དང༌། ཡོངས་སུ་ཚོལ་བའི་ངལ་བ་དང༌། ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་ཀྱི་སྒྲིབ་པ་དང༌། འདོད་པ་ཉམས་པ་དང༌། སྤ་ཞུམ་པ་དང༌། ཐེ་ཚོམ་ཅི་དང་ཅི་ཞེས་པའོ། །འཇིག་རྟེན་གྱི་ཆོས་བརྒྱད་ནི། འདི་ལྟ་སྟེ། རྙེད་པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། སྙན་པ་དང༌། མི་སྙན་པ་དང༌། སྨོད་པ་དང༌། བསྔགས་པའོ། །ཕྱིན་ཅི་ལོག་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་རྟག་པ་ལ་རྟག་པའོ་ཞེས་ཕྱིན་ཅི་ལོག་དང༌། སྡུག་བསྔལ་ལ་བདེ་བ་ཞེས་ཕྱིན་ཅི་ལོག་དང༌། མི་སྡུག་པ་ལ་སྡུག་པ་ཞེས་ཕྱིན་ཅི་ལོག་དང༌། བདག་མེད་པ་ལ་ བདག་ཅེས་ཕྱིན་ཅི་ལོག་གོ། །ཕྱིན་ཅི་ལོག་འདི་རྣམས་ལ་སོ་སོར་འདུ་ཤེས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་རྣམས་སྦྱར་བས་ཕྱིན་ཅི་ལོག་བཅུ་གཉིས་སུ་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ། །འདི་ལྟ་སྟེ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །འཇིགས་པ་ལྔ་ནི་འདི་ལྟ་སྟེ། མྱ་ངན་གྱི་འཇིགས་པ་དང༌། སྨྲེ་སྔགས་འདོན་པའི་འཇིགས་པ་དང༌། སྡུག་བསྔལ་གྱི་འཇིགས་པ་དང༌། ཡིད་མི་བདེ་བའི་འཇིགས་པ་དང༌། འཁྲུག་པའི་འཇིགས་པའོ། །ཡང་འཇིགས་པ་བདུན་ ཏེ། འདི་ལྟ་སྟེ། བདག་རྗེས་སུ་རྩོད་པའི་འཇིགས་པ་དང༌། གཞན་རྗེས་སུ་རྩོད་པའི་འཇིགས་པ་དང༌། ངན་འགྲོའི་འཇིགས་པ་དང༌། འཚེ་བའི་འཇིགས་པ་དང༌། ཆད་པའི་འཇིགས་པ་དང༌། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་དང༌། འཆི་བའི་འཇིགས་པའོ། ། ཡང་འཇིགས་པ་གཅིག་སྟེ། འདི་ལྟ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་ཉེ་བར་གོས་པའི་འཇིགས་པའོ། །ཡང་འཇིགས་པ་ནི་གསུམ་སྟེ། འདི་ལྟ་སྟེ། མི་ཤེས་པའི་འཇིགས་པ་དང༌། ཐེ་ཚོམ་གྱི་འཇིགས་པ་དང༌། ལོག་པའི་ཤེས་པས་འཇིགས་པའོ། །མངོན་པར་ཞེན་ པ་གཉིས་ཏེ། འདི་ལྟ་སྟེ། འདོད་པ་ལ་ལྷག་པར་ཞེན་པ་དང༌། ལྟ་བ་ལ་ལྷག་པར་ཞེན་པའོ། །དོགས་པ་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་དོགས་པ་དང༌། འཇིགས་པའི་དོགས་པ་དང༌། འཇིག་རྟེན་ཆོས་བརྒྱད་ཀྱི་དོགས་པ་དང༌། མི་ཤེས་པའི་དོགས་པའོ། །ཁུར་ནི་བཞི་སྟེ། ༄༅། །འདི་ལྟ་སྟེ། ཕུང་པོའི་ཁུར་དང༌། ཉོན་མོངས་པའི་ཁུར་དང༌། ཁས་བླངས་པའི་ཁུར་དང༌། བརྩོན་པའི་ཁུར་རོ། །ཉེས་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་དང༌། ལོངས་སྤྱོད་ཉམས་པ་དང༌། དགའ་བ་དང་བྲལ་བ་དང༌། བཅིངས་པ་དང༌། སྒྲིབ་ པའོ། །ཕོངས་པ་ནི་ལྔ་སྟེ། འདི་ལྟ་སྟེ། ནད་མེད་པས་ཕོངས་པ་དང༌། ལོངས་སྤྱོད་ཀྱིས་ཕོངས་པ་དང༌། ཉེ་དུས་ཕོངས་པ་དང༌། ཚུལ་ཁྲིམས་ཀྱིས་ཕོངས་པ་དང༌། ལྟ་བས་ཕོངས་པའོ། །སྡུག་བསྔལ་ནི་དྲུག་སྟེ། འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང༌། རྒས་པའི་སྡུག་ བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། དགའ་བ་དང་རྣམ་པར་འབྲལ་བའི་སྡུག་བསྔལ་དང༌། མི་དགའ་བ་དང་ཕྲད་པའི་སྡུག་བསྔལ་དང༌། འདོད་པ་རྣམ་པར་ཉམས་པའི་སྡུག་བསྔལ་ལོ། །ལོག་པ་ནི་བཅུ་སྟེ། འདི་ལྟ་སྟེ། ལོག་པའི་ལྟ་བ་དང༌། ལོག་པའི་རྟོག་པ་དང༌། ལོག་ པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་དང༌། ལོག་པའི་འཚོ་བ་དང༌། ལོག་པའི་རྩོལ་བ་དང༌། ལོག་པའི་དྲན་པ་དང༌། ལོག་པའི་ཏིང་ངེ་འཛིན་དང༌། ལོག་པའི་ཤེས་པ་དང༌། ལོག་པའི་གྲོལ་བའོ། །སྒྲིབ་པ་ནི་གཉིས་ཏེ། འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་ སྒྲིབ་པའོ། །ཡང་སྒྲིབ་པ་གསུམ་སྟེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། སྙོན་མོངས་པར་འཇུག་པའི་སྒྲིབ་པའོ། །ཡང་སྒྲིབ་པ་བཞི་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། རྣམ་པར་སྨིན་པའི་སྒྲིབ་པ་དང༌། གཏོང་བའི་སྒྲིབ་པའོ། ། མཐོང་བའི་གེགས་ནི་གསུམ་སྟེ། མི་ཤེས་པ་དང༌། མུན་པ་དང༌། མིག་གི་རབ་རིབ་པོ། །འདོད་ཚོལ་ནི་གསུམ་སྟེ། འདི་ལྟ་སྟེ། འདོད་པའི་འདོད་ཚོལ་དང༌། སྲིད་པའི་འདོད་ཚོལ་དང༌། ཚངས་པར་སྤྱོད་པའི་འདོད་ཚོལ་ལོ། །འགྲོ་བ་མ་ཡིན་པར་འགྲོ་བ་ནི་བཞི་སྟེ། འདི་ལྟ་ སྟེ། འདུན་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བ་དང༌། ཞེ་སྡང་ལས་འགྲོ་བ་མ་ཡིན་པར་འགྲོ་བ་དང༌། འཇིགས་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བ་དང༌། རྨོངས་པ་ལས་འགྲོ་བ་མ་ཡིན་པར་འགྲོ་བའོ། །སེར་སྣ་ལྔ་ནི་འདི་ལྟ་སྟེ། གནས་ཀྱི་སེར་སྣ་དང༌། རིགས་ཀྱི་སེར་སྣ་དང༌། རྙེད་པའི་སེར་སྣ་དང༌། ཁ་དོག་གི་སེར་སྣ་དང༌། ཆོས་ཀྱི་སེར་སྣའོ། །རྩོད་པའི་རྩ་བ་དྲུག་ནི་འདི་ལྟ་སྟེ། ཁྲོ་བ་དང༌། འཆབ་པ་དང༌། ཕྲག་དོག་དང༌། གཡོ་དང༌། སྡིག་པ་འདོད་པ་དང༌། རང་གི་ལྟ་བ་མཆོག་ཏུ་འཛིན་པའོ། །རྣམ་པར་ཤེས་པའི་གནས་པ་ནི་བདུན་ཏེ། འདི་ལྟ་སྟེ། ལུས་ཐ་དད་ལ་འདུ་ཤེས་ཐ་དད་པའི་སེམས་ཅན་ཡོད་པ་དང༌། ལུས་ཐ་དད་ལ་འདུ་ཤེས་གཅིག་པའི་སེམས་ཅན་ཡོད་པ་དང༌། ལུས་གཅིག་ཉིད་ལ་འདུ་ཤེས་ཐ་དད་པའི་སེམས་ཅན་ཡོད་པ་དང༌། ལུས་གཅིག་ཉིད་ལ་འདུ་ཤེས་གཅིག་ཉིད་ཀྱི་སེམས་ཅན་ཡོད་པ་དང༌། གཟུགས་ མེད་པ་ན་ནམ་མཁའི་འདུ་ཤེས་དང༌། རྣམ་ཤེས་མཐའ་ཡས་ཀྱི་འདུ་ཤེས་དང༌། ཅི་ཡང་མེད་པའི་འདུ་ཤེས་སོ། །སེམས་ཅན་གྱི་གནས་དགུ་ལ་འདི་ལྟ་སྟེ། དེ་ལྟར་རྣམ་ཤེས་ཀྱི་གནས་པ་བདུན་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། འདུ་ཤེས་མེད་པའོ། །ཕུང་པོ་ ནི་གསུམ་ལ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དང༌། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་དང༌། མ་ངེས་པའི་ཕུང་པོའོ། །སྙིགས་མ་ལྔ་ནི་འདི་ལྟ་སྟེ། ཚེའི་སྙིགས་མ་དང༌། བསྐལ་པའི་སྙིགས་མ་དང༌། ཉོན་མོངས་པའི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མའོ། ། རྣམ་པར་རྒུད་པ་བཞི་སྟ། ཚེའི་སྙིགས་མས་འཚོ་བ་རྣམ་པར་རྒུད་པ་དང༌། བསྐལ་པའི་སྙིགས་མས་ཕན་འདོགས་པ་རྒུད་པ་དང༌། ཉོན་མོངས་པའི་སྙིགས་མ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པ་དང༌། སེམས་ཅན་གྱི་སྙིགས་མས་བདག་གི་དངོས་པོ་རྣམ་པར་རྒུད་པའོ། །དེ་ལ་བདག་གི་ དངོས་པོ་རྣམ་པར་རྒུད་པ་ལ་བརྒྱད་དེ་འདི་ལྟ་སྟེ། ཚད་ཉམས་པ་དང༌། གཟུགས་ཉམས་པ་དང༌། ནད་མེད་པ་ཉམས་པ་དང༌། སྟོབས་ཉམས་པ་དང༌། བློ་ཉམས་པ་དང༌། དྲན་པ་ཉམས་པ་དང༌། །བརྩོན་འགྲུས་ཉམས་པ་དང༌། བསྟན་པ་ཉམས་པའོ། །ཡང་ཕོངས་པ་བཞི་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱིས་ཕོངས་པ་དང༌། ལྟ་བས་ཕོངས་པ་དང༌། ཀུན་སྤྱོད་ཀྱིས་ཕོངས་པ་དང༌། འཚོ་བས་ཕོངས་པའོ། །འཕོ་བ་གཉིས་ཏེ། འདི་ལྟ་སྟེ། རྣམ་པར་ཆད་པའི་འཕོ་བ་དང༌། ཡོངས་སུ་འགྱུར་བའི་འཕོ་བའོ། །ཤེས་པའི་མི་མཐུན་པའི་ཕྱོགས་ནི་གསུམ་སྟེ། འདི་ལྟ་སྟེ། མི་ ༄༅། །ཤེས་པ་དང༌། ཐེ་ཚོམ་གྱི་ཤེས་པ་དང༌། ལོག་པའི་ཤེས་པའོ། །སྡུག་བསྔལ་གྱི་རྟགས་ནི་ལྔ་སྟེ། འདི་ལྟ་སྟེ། མྱ་ངན་དང༌། སྨེ་སྔགས་འདོན་པ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། ཉེ་བར་འཁྲུག་པའོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་ བཅུ་སྟེ། འདི་ལྟ་སྟེ། བདག་གི་དོན་མེད་པ་སྤྱོད་ཅིང་སྤྱོད་དོ་སྤྱོད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེད་པར་འགྱུར་རོ། །བདག་གི་དགའ་ཞིང་ཡིད་དུ་འོང་བ་ལ་དོན་མེད་པ་སྤྱད་ཅིང་སྤྱོད་དོ་སྤྱོད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེ་བར་འགྱུར་རོ། །བདག་གི་མི་དགའ་བ་ ཡིད་དུ་མི་འོང་བའི་དོན་ཡོད་པ་སྤྱད་ཅིང་སྤྱོད་དོ་སྤྱོད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེ་བར་འགྱུར་རོ། །གནས་མ་ཡིན་པ་ལ་ཡང་ཀུན་ནས་མནར་སེམས་སྐྱེ་བར་འགྱུར་རོ། །རྨུགས་པ་དང་གཉིད་ཀྱི་རྒྱུ་ནི་ལྔ་སྟེ་འདི་ལྟ་སྟེ། ཁ་ཟས་ཀྱི་ཚོད་མ་རིག་པ་དང༌། སྙོམ་ལས་དང༌། མི་དགའ་ བ་དང༌། སྙང་གླལ་དང༌། སེམས་ཞུམ་པ་ཉིད་དོ། །བག་ཆགས་གསུམ་སྟེ། འདི་ལྟ་སྟེ། ལས་ཀྱི་བག་ཆགས་དང༌། ཉོན་མོངས་པའི་བག་ཆགས་དང༌། སྐྱེ་བའི་བག་ཆགས་སོ། །བག་ཆགས་གསུམ་པོ་འདི་ཉིད་མཚམས་སྦྱོར་བ་གསུམ་དུ་འགྱུར་ཏེ། འདི་ལྟ་སྟེ། ལས་ཀྱི་མཚམས་ སྦྱོར་བ་དང༌། ཉོན་མོངས་པའི་མཚམས་སྦྱོར་བ་དང༌། སྐྱེ་བའི་མཚམས་སྦྱོར་བའོ་ཞེས་པ་ལ་སོགས་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་རྣམ་པར་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་སེམས་ཅན་གྱི་འཇིག་རྟེན་རྣམ་པར་ངེས་པ་ཞེས་ བྱ་བ་ལེའུ་བཞི་པའོ།། །།འདིར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་གཟུགས་འདུས་པ་ཐམས་ཅད་ཀྱི་ཕྲ་བ་ནི་རྡུལ་ཕྲ་རབ་ཅེས་བརྗོད་དོ། །གང་ལས་ཆེས་ཆུང་བ་ཤེས་པར་བྱ་བ་མེད་པ་དེ་ནི་རྡུལ་ཕྲ་རབ་བོ། །འདོད་པའི་ཁམས་སུ་སྒྲ་དང་བྲལ་བ་དང་དབང་པོ་སྤངས་ པའི་རྫས་བརྒྱད་ལྡན་སྐྱེ་བར་འགྱུར་རོ། །དེ་ལ་རྫས་བརྒྱད་ནི་འདི་ལྟ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའོ། །འདི་རྣམས་སུ་སྒྲ་རབ་ཏུ་བཅུག་པས་རྫས་དགུ་ལྡན་འགྱུར་རོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ནི་རྫས་དགུ་ ལྡན་དེ། དེ་ལ་རྫས་དགུ་ནི་འདི་ལྟ་སྟེ། རྫས་བརྒྱད་པོ་དེ་ཉིད་དང་ལུས་ཀྱི་དབང་པོའི་རྫས་སོ། །སྒྲ་དང་བཅས་པ་ན་རྫས་བཅུའོ། །དབང་པོ་གཞན་རྣམས་ཀྱི་རྡུལ་ཕྲ་རབ་ནི་རྫས་བཅུ་ལྡན་ནོ། །དེ་ལ་རྫས་བཅུ་ནི་འདི་ལྟ་སྟེ། རྫས་དགུ་པོ་དེ་ཉིད་དང་དབང་པོ་རང་རང་གི་རྫས་སོ། ། སྒྲ་དང་བཅས་པ་ན་རྫས་བཅུ་གཅིག་ཏུ་འགྱུར་རོ། །གསུངས་ཏེ། འདོད་ན་ཕྲ་རབ་རྫས་བརྒྱད་དེ། །སྒྲ་མེད་པ་མིན་དབང་མེད་མིན། །ལུས་དབང་ལྡན་ལ་རྫས་དགུའོ། །དབང་པོ་གཞན་ལྡན་རྫས་བཅུའོ། །འདིས་ནི་གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་པར་གསུངས་པ་དེས་ན་ དེ་དག་ན་ནི་རྡུལ་ཕྲ་རབ་དག་ནི་རིམ་པ་བཞིན་དུ་རྫས་དྲུག་དང་བདུན་བརྒྱད་དོ་ཞེས་གསུངས་པའི་ཚུལ་ཉིད་ཀྱིས་ན་ཅི་ཡང་བརྗོད་པར་མི་བྱའོ། །དེ་ལྟར་གཟུགས་འདི་ཉིད་ཀྱི་འགྲིབ་བཞིན་པ་ན་མཐར་ཐུག་པ་ནི་རྡུལ་ཕྲ་རབ་པོ། །རྡུལ་ཕྲ་རབ་ལ་སོགས་པའི་སྒྲ་བཅུ་གཅིག་ནི། གོང་མ་ བདུན་འགྱུར་ཏེ། འདི་ལྟ་སྟེ། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ནོ། །རྡུལ་ཕྲན་བདུན་ལ་ལྕགས་སོ། །ལྕགས་བདུན་ལ་རི་བོང་ངོ༌། །རི་བོང་བདུན་ལ་ལུག་གོ། །ལུག་བདུན་ལ་གླང་ངོ༌། །གླང་བདུན་ལ་ཉི་ཟེར་རོ། །ཉི་ཟེར་བདུན་ལ་རྡུལ་ལོ། །རྡུལ་བདུན་ལ་སྲོ་མའོ། །སྲོ་མ་བདུན་ ལ་ཤིག་གོ། །ཤིག་བདུན་ལ་ནས་སོ། །ནས་བདུན་ལ་སོར་མོའི་ཚིགས་སོ། །སོར་མོའི་ཚིགས་གསུམ་ལ་མཛུབ་མོའོ། །ལོགས་ལ་གཞལ་བས། སོར་མོ་ཉི་ཤུ་བཞི་ལ་ཁྲུ་གང་ངོ༌། །ཁྲུ་བཞི་ལ་གཞུ་གང་ངོ༌། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །རྒྱང་གྲགས་བརྒྱ་ལ་དཔག་ཚད་ དོ། །འཕགས་པ་གནས་བརྟན་པའི་སྡེ་པའི་ལུང་ལས་ཀྱང༌། གཞུ་འདོམ་ལྔ་བརྒྱ་རྒྱང་གྲགས་ཏེ། །རྒྱང་གྲགས་བཞི་ལ་བ་ལང་འགྲོས། །བ་ལང་འགྲོས་བཞི་དཔག་ཚད་དོ། །ཞེས་སོ། །དུས་ཀྱི་མཐའ་ནི་སྐད་ཅིག་མ་སྟེ། དེ་ཡང་དུས་ཅི་སྲིད་དུ་རྡུལ་ཕྲ་རབ་ཀྱིས་རྡུལ་ཕྲ་རབ་གཞན་བརྒལ་ བར་གྱུར་པ་དེ་སྲིད་ཀྱི་དུས་ལ་སྐད་ཅིག་ཅེས་བྱའོ། །ཡང་ན་སྟོབས་དང་ལྡན་པའི་སྐྱེས་བུས་སེ་གོ་ལ་གཏོགས་པ་ཙམ་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔའོ། །སུམ་ཅུ་རྩ་བདུན་ཞེས་པ་ཡང་ངོ༌། །སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཅེས་སོ། །དེའི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ། །ཐང་ཅིག་ ༄༅། །སུམ་ཅུ་ལ་ཡུད་ཙམ་མོ། །ན་ལི་ཀ་ཞེས་ཀྱང་བརྗོད་དོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གོ། །ཉིན་ཞག་སུམ་ཅུ་ལ་ཟླ་བའོ། །ཟླ་བ་བཅུ་གཉིས་ལ་ལོ་འཁོར་བའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ ངེས་པ་ལས་གཟུགས་དང་དུས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ལྔ་པའོ།། །།འཛམ་བུའི་གླིང་དུ་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པའོ། །བར་དུ་ཚེ་ལོ་ངེས་པ་མེད་པའོ། །ཐ་མར་ཚེ་ལོ་བཅུ་པའོ། །བ་གླང་སྤྱོད་དུ་མི་རྣམས་ཀྱི་ཚེ་ལོ་ལྔ་བརྒྱའོ། །བྱང་གི་སྒྲ་ མི་སྙན་གྱི་མི་རྣམས་ཀྱི་ཚེ་ལོ་སྟོང་ངོ༌། །ཤར་གྱི་ལུས་འཕགས་གླིང་དུ་མི་རྣམས་ཀྱི་ཚེ་ལོ་ཉིས་བརྒྱ་ལྔ་བཅུའོ། །མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་ནི་རྒྱལ་པོ་ཆེན་པོ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །དེས་ན་ཚེ་ལོ་ལྔ་བཅུའོ། །མི་རྣམས་ཀྱི་རྩིས་ཀྱིས་ལོ་དགུ་བཅུ་ཐམ་པའོ། །མིའི་ལོ་བརྒྱ་ལ་ ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །དེས་ན་ཚེ་ལོ་སྟོང་ངོ༌། །མིའི་རྩིས་ཀྱིས་ལོ་བྱེ་བ་གསུམ་དང་ལོ་འབུམ་ཕྲག་དྲུག་ཅུའོ། །མིའི་ལོ་བརྒྱ་ཕྲག་གཉིས་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་མཚན་ནོ། །དེས་ན་ལོ་སྟོང་ཕྲག་གཉིས་ཀྱི་ཚེའོ། །མི་རྣམས་ཀྱི་གྲངས་རྩིས་ཀྱིས་ ལོ་བྱེ་བ་བཅུ་བཞི་དང་འབུམ་ཕྲག་བཞི་བཅུའོ། །མི་ལོ་བརྒྱ་ཕྲག་བཞི་ལ་དགའ་ལྡན་པའི་ལྷ་རྣམས་ཀྱི་ཉིན་མཚན་ནོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ། །མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ལོ་འབུམ་ཕྲག་དྲུག་ཅུའོ། །མིའི་ལོ་བརྒྱད་བརྒྱ་ལ་འཕྲུལ་དགའི་ལྷ་རྣམས་ཀྱི་ ཉིན་མཚན་གཅིག་གོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་དོ། །མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་ཕྲག་ཉིས་བརྒྱ་དང་ལོ་བྱེ་བ་ཕྲག་སུམ་ཅུ་དང་ལོ་འབུམ་ཕྲག་བཞི་བཅུའོ། །མིའི་ལོ་བརྒྱ་ཕྲག་བཅུ་དྲུག་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། །དེས་ན་ཚེ་ལོ་སྟོང་ ཕྲག་བཅུ་དྲུག་གོ། །མིའི་གྲངས་རྩིས་ཀྱིས་ལོ་བྱེ་བ་བརྒྱ་ཕྲག་དགུ་དང་ལོ་བྱེ་བ་ཕྲག་ཉེར་གཅིག་དང་ལོ་འབུམ་ཕྲག་དྲུག་ཅུའོ། །ལུས་ཀྱི་ཚད་ཀྱང་ནི། འཛམ་བུ་གླིང་པའི་མི་རྣམས་ཀྱི་ནི་ཁྲུ་ཕྱེད་དང་བཅས་པའི་གསུམ་མམ། ཁྲུ་བཞི་པའོ། །ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ནི་ ལུས་ཀྱི་ཚད་ནི་ཁྲུ་བརྒྱད་དོ། །བ་ལང་སྤྱོད་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་གོ། །བྱང་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་སུམ་ཅུ་རྩ་གཉིས་སོ། །རྒྱལ་ཆེན་པའི་ལྷ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆའོ། །སུམ་ཅུ་རྩ་གསུམ་པའི་ཚད་ནི་རྒྱང་གྲགས་ཕྱེད་དོ། །འཐབ་བྲལ་བ་ རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་ཆ་གསུམ་མོ། །དགའ་ལྡན་པའི་ཚད་ནི་རྒྱང་གྲགས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ཚད་ནི་རྐང་པ་དང་བཅས་པའི་རྒྱང་གྲགས་སོ། །གཞན་འཕྲུལ་དབང་བྱེད་ལྷ་རྣམས་ཀྱི་ཕྱེད་དང་བཅས་པའི་རྒྱང་གྲགས་ནི་ལུས་ཀྱི་ཚད་དོ། །ནུབ་ཕྱོགས་པ་བྱེ་བྲག་ཏུ་ སྨྲ་བ་ན་རེ། རྟ་སྟོང་ཕྲག་དང་ལྡན་པའི་ཤིང་རྟ་དང༌། གདུགས་ཀྱི་ཚད་ནི་དཔག་ཚད་ཙམ་ཉིད་དོ། །ལྷ་རྣམས་དབང་པོ་བརྒྱ་བྱིན་གྱི། །ལུས་ཀྱི་ཚད་ནི་རྒྱང་གྲགས་གསུམ། །ཞེས་ཟེར་རོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བར་གྱི་བསྐལ་པ་ཉི་ཤུའོ། །ཚངས་པའི་མདུན་ན་འདོན་རྣམས་ ཀྱི་ཚེ་ནི་བར་གྱི་བསྐལ་པ་བཞི་བཅུའོ། །ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་གཅིག་གོ། །འོད་ཆུང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་གཉིས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཞིའོ། །འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་ བརྒྱད་དོ། །དགེ་ཆུང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བཅུ་དྲུག་གོ། །ཚད་མེད་དགེའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སུམ་ཅུ་རྩ་གཉིས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞིའོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱ་དང་ཉི་ཤུ་ རྩ་ལྔའོ། །བསོད་ནམས་འཕེལ་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱ་ཕྲག་གཉིས་དང་ལྔ་བཅུའོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་ལྔ་བརྒྱའོ། །མི་ཆེ་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ངོ༌། །མི་གདུང་བའི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་གཉིས་ སོ། །གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཞིའོ། །བལྟ་ན་སྡུག་གི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་དོ། །འོག་མིན་གྱི་ལྷ་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་དྲུག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་ ༄༅། །མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་ལ་ཚེ་ནི་གྲངས་བཞིན་དུ་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུ་དང༌། སྟོང་ཕྲག་བཞི་བཅུ་དང༌། སྟོང་ཕྲག་དྲུག་ཅུ་དང༌། སྟོང་ཕྲག་བརྒྱད་ཅུ་རྣམས་སོ། །ལུས་ཀྱི་ཚད་ནི་ཚངས་རིས་ ཀྱི་ལྷ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་དཔག་ཚད་ཕྱེད་དང༌། དཔག་ཚད་གཅིག་དང་ཕྱེད་དང༌། དཔག་ཚད་གཉིས་དང༌། དཔག་ཚད་བཞི་དང༌། དཔག་ཚད་བརྒྱད་དང༌། དཔག་ཚད་བཅུ་དྲུག་དང༌། དཔག་ཚད་སུམ་ཅུ་རྩ་གཉིས་དང༌། དཔག་ཚད་དྲུག་ཅུ་རྩ་བཞི་དང༌། དཔག་ཚད་བརྒྱ་དང་ཉི་ཤུ་ རྩ་ལྔ་དང༌། དཔག་ཚད་བརྒྱ་ཕྲག་གཉིས་དང་ལྔ་བཅུ་དང༌། དཔག་ཚད་བརྒྱ་ཕྲག་ལྔ་དང༌། དཔག་ཚད་སྟོང་དང༌། དཔག་ཚད་སྟོང་ཕྲག་གཉིས་དང༌། དཔག་ཚད་སྟོང་ཕྲག་བཞི་དང༌། དཔག་ཚད་སྟོང་ཕྲག་བརྒྱད་དང༌། དཔག་ཚད་སྟོང་ཕྲག་བཅུ་དྲུག་དང་སྦྱོར་རོ་ཞེས་སོ། །ངན་འགྲོ་རྣམས་ཀྱི་ནི་ རྒྱལ་ཆེན་པའི་ལྷ་རྣམས་ཀྱི་ཚེའི་ཚད་དག་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། །དེས་ན་ཚེ་ནི་ལོ་ལྔ་བརྒྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ཐིག་ནག་གི་ཉིན་ཞག་གོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་གཅིག་གོ། །འཐབ་བྲལ་གྱི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་བསྡུས་ འཇོམས་ཀྱི་ཉིན་མཚན་ནོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་གཉིས་སོ། །དགའ་ལྡན་གྱི་ལྷའི་ཚེའི་ཚད་ནི་ངུ་འབོད་དམྱལ་བ་ཆེན་པོའི་ཉིན་མཚན་ནོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་བཞིའོ། །འཕྲུལ་དགའི་ལྷའི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་མཚན་ནོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་བརྒྱད་དོ། །གཞན་ འཕྲུལ་དབང་བྱེད་ལྷའི་ཚེའི་ཚད་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་མཚན་ནོ། །དེས་ན་ཚེ་ནི་ལོ་སྟོང་ཕྲག་བཅུ་དྲུག་གོ། །དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེ་ནི་བར་གྱི་བསྐལ་པའི་ཕྱེད་དོ། །མནར་མེད་པའི་ཚེ་ནི་བར་གྱི་བསྐལ་པ་གཅིག་གོ། །དུད་འགྲོ་རྣམས་ནི་ངེས་པ་མེད་དེ་ཚེ་མཆོག་ཏུ་རིང་བའི་དུད་ འགྲོ་རྣམས་ནི་བར་གྱི་བསྐལ་པ་སྟེ། དགའ་བོ་དང་ཉེ་དགའ་ལ་སོགས་པ་ལྟ་བུའོ། །མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གོ། །དེས་ན་ཚེ་ནི་ལོ་ལ་བརྒྱའོ། །བཅོམ་ལྡན་འདས་ཀྱིས་གྲང་བའི་དམྱལ་བའི་ཚེ་ཚད་གསུངས་པ་འདི་ལྟ་སྟེ། དགེ་སློང་དག་འདིར་ཏིལ་ཁ་ལ་ཉི་ཤུ་ཤོང་བའི་མ་ ག་དྷཱའི་བྲེ་བོ་ཆེ་རེས་ཀྱིས་རབ་ཏུ་གང་བར་བྱས་ཏེ། སྤྱི་ཕུད་དུ་འགྱུར་བ་ལ། དེ་ལས་སྐྱེས་བུ་འགའ་ཞིག་གིས་ལོ་བརྒྱར་གྱུར་པའི་ཚེ་ཏིལ་རེ་རེ་ཕྱུང་བར་གྱུར་པ་ན། དགེ་སློང་དག་ཏིལ་གྱི་ཕུང་པོ་དེ་དེ་སྲིད་དུ་རིམ་པ་འདིས་མྱུར་དུ་ཟད་ཅིང་མཐར་ཐུག་པར་འགྲོ་བར་གྱུར་པ་ལ། འདིར་ངས་ཆུ་བུར་ཅན་དུ་གྱུར་ པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་མཐར་ཐུག་པ་ནི་སྨྲ་བར་བྱ་བ་མ་ཡིན་པ་ཉིད་དོ། །ཅི་ལྟར་ཡང་དགེ་སློང་དག་ཆུ་བུར་ཅན་གྱི་ཉི་ཤུ་ནི་ཆུ་བུར་རྡོལ་བ་ཅན་གྱི་ཉིན་གཅིག་གོ། །ཆུ་བུར་རྡོལ་བ་ཅན་གྱི་ཉི་ཤུ་ནི་ཨ་ཊ་ཊའོ། །ཨ་ཊ་ཊའི་ཉི་ཤུ་ལ་ཧ་ཧའོ། །ཧ་ཧ་བ་ཉི་ཤུ་ནི་ཧུ་ཧུ་བའོ། །ཧུ་ཧུ་བ་ཉི་ཤུ་ནི་ཨུཏྤལ་ ལྟར་གས་པའོ། །དེ་ཉི་ཤུ་ལ་པདྨ་ལྟར་གས་པའོ། །པདྨ་ཉི་ཤུ་ལ་པདྨ་ཆེན་པོའོ། །སྒྲ་ངན་སྤངས་ཏེ་བར་དུ་འཆི་བ་ནི། ཐམས་ཅད་དུ་ཡོད་ལ་བྱང་ན་ནི་ངེས་པའི་ཚེ་ཚད་ཡོད་དོ་ཞེས་པའི་དོན་ཏོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ ལས་ལུས་དང་ཚེ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་དྲུག་པའོ།། །།རྣམ་པར་མི་སྣང་བའི་འགྲོ་བ་པའི་སེམས་ཅན་ནི། ཆོས་མངོན་པ་མཛོད་ལས་ནི་མ་གསུངས་ཏེ། དེ་ལྟ་ན་མདོ་སྡེ་ལ་སོགས་པ་རྣམས་སུ་མང་དུ་གསུངས་པས་ནི་འདིར་བརྗོད་པར་བྱ་སྟེ། ཅི་ལྟར་བཅོམ་ལྡན་འདས་ ཀྱིས་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་བསྟན་པའི་སྐབས་སུ་གསུངས་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡིན་ཏེ། སྤྱན་གང་གིས་ཕྱོགས་བཅུའི་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱི་མཐའ། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ་ཚད་མེད་གྲངས་མེད་པ་བགྲང་བ་ལས་ཡང་དག་ པར་འདས་པའི་སངས་རྒྱས་ཀྱི་ཞིང་དུ། སྣང་བ་དེ་དག་ཐམས་ཅད་ལ་ཞིང་ཁ་ཅིག་ནི་སྲེག་པར་བྱེད་པ་དང་འཆགས་བཞིན་པ་དང་འཇིག་བཞིན་པར་སྣང་ཞིང་མཐོང་ངོ༌། །གང་སེམས་ཅན་དུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་ཅི་ལྟར་ལས་ཀྱི་ཉེ་བར་འགྲོ་བ་ལས་འཆི་འཕོ་བ་བྱེད་པ་དང༌། སྐྱེ་བར་བྱེད་པ་ དང༌། བདེ་བར་བྱེད་པ་དང༌། ངན་འགྲོར་ཡང་སྣང་ཞིང་མཐོང་ངོ༌། །གང་བྱང་ཆུབ་སེམས་དཔར་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་འཕོ་བར་བྱེད་པ་དང༌། འཆགས་པར་བྱེད་བཞིན་པ་དང༌། ངེས་པར་འབྱུང་བ་རྣམས་སྣང་ཞིང་མཐོང་ངོ༌། །གང་སངས་རྒྱས་སུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ ༄༅། །ཅིག་ནི་མངོན་པར་རྫོགས་པར་བྱང་ཆུབ་བཞིན་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པ་དང༌། ཚེའི་འདུ་བྱེད་འདོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་སྣང་ཞིང་མཐོང་ངོ༌། །གང་ཉན་ཐོས་སུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ངེས་པར་འགྲོལ་བཞིན་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བཞིན་པ་རྣམས་མཁྱེན་ཞིང་མཐོང་ངོ༌། །གང་རང་སངས་རྒྱས་སུ་སྣང་བ་དེ་དག་ཐམས་ཅད་ལ་ཁ་ཅིག་ནི་རྫུ་འཕྲུལ་སྟོན་པ་དང༌། ཡོན་ཏན་རྣམ་པར་དག་པར་བྱེད་པ་རྣམས་མཁྱེན་ཞིང་མཐོང་ངོ༌། །གང་ཡང་མི་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམས་ཕྱི་རོལ་ པའི་མངོན་ཤེས་ལྔ་དང་ལྡན་པ་རྣམས་ཀྱི་མིག་གི་ལམ་དུ་འགྲོ་བ་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱི་མ་ཡིན། རང་སངས་རྒྱས་རྣམས་ཀྱི་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷའི་སྤྱན་གྱིས་སྣང་བར་འོངས་པ་ཡིན་ནོ། །གང་དག་ཡང་དེ་ བཞིན་གཤེགས་པ་རྣམས་ཀྱིས་ཕྱོགས་འགའ་ཞིག་ཏུ་ཤིང་རྟའི་འཁོར་ལོའི་ཚད་ཙམ་དུ། མི་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམས་མཐོང་བར་ཡང་དག་པར་འོངས་པ་དེ་ནི་ཤིན་ཏུ་ཆེས་མང་བ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་བུ་མ་ཡིན་ནོ། ། དེ་ལྟར་རྣམ་པར་མི་སྣང་བའི་སེམས་ཅན་རྣམས་ཀྱི་ཁམས་ནི་ཚད་མེད་པའོ། །འདི་དག་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷའི་སྤྱན་གྱིས་སེམས་ཅན་སངས་རྒྱས་ཀྱི་སྤྱན་གྱིས་གདུལ་བྱར་གྱུར་པ་གང་ཡིན་ཞེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ པར་མཛད་དོ། །ཅི་སྙེད་སངས་རྒྱས་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་དེ་སྙེད་པ་དེ་དག་རྣམས་ཀྱི་མདུན་དུ་དེ་བཞིན་གཤེགས་པ་ཡང་དག་པར་གནས་པ་ཉིད་དོ། །སེམས་ཅན་དེ་རྣམས་ནི་འདུལ་བར་བྱེད་དོ། །དེ་ལས་གཞན་སེམས་ཅན་གྱིས་ཡང་དག་པར་ཤེས་པ་མ་ཡིན་ནོ། ། འཇིག་རྟེན་གྱི་ཁམས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །གླིང་བཞི་དང་ཟླ་བ་ཉི་མའི་རི་རབ་འདོད་པ་ན་སྤྱོད་པའི་ལྷ་དྲུག་བསམ་གཏན་ དང་པོ་ལ་སོགས་རྣམས་སོ་སོར་སྟོང་སྟོང་ཚོགས་པ་རྣམས་ལ། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སོ། །སྟོང་ཆུང་ངུའི་འཇིག་རྟེན་དེ་རྣམས་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གཉིས་པ་དེ་རྣམས་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་སོ། །རིམ་པ་བཞིན་དུ་སྟོང་ཕྲག་གཅིག་དང༌། འབུམ་ཕྲག་བཅུ་དང༌། བྱེ་བ་བརྒྱའི་གླིང་བཞི་པ་ལ་སོགས་པ་རྣམས་ཅིག་ཆར་དུ་འཇིག་པ་དང་འཆགས་པ་ཡིན་ནོ། །གང་གསུངས་ཏེ། གླིང་བཞི་དང་ནི་རི་རབ་དང༌། །ཉི་ཟླ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་ སྟོང་ལ་ནི། །སྟོང་ནི་ཆུང་ངུ་དག་ཏུ་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་ཆགས་པ་ཡིན། །ཞེས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་ དང་འདུས་མ་བྱས་རྣམ་པར་ངེས་པ་ལས་སྣང་བའི་འགྲོ་བ་པའི་སེམས་ཅན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བདུན་པའོ།། །།བསྐལ་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བར་གྱི་བསྐལ་པ་དང༌། འཇིག་པའི་བསྐལ་པ་དང༌། ཆགས་པའི་བསྐལ་པ་དང༌། བསྐལ་པ་ཆེན་ པོའོ། །དེ་ལ་བར་གྱི་བསྐལ་པའི་ཚད་ནི་ལྕགས་ཀྱི་རང་བཞིན་གྱི་ར་བ་གྲུ་བཞི་པ་མཐོ་བ་དང་ལོགས་སོ་སོ་ལ་རྒྱང་གྲགས་རེ་རེ་ཡོད་པའི་ནང་དུ་ཏིལ་ལམ་ཉུངས་ཀར་གྱིས་བཀང་སྟེ་སྤྱི་ཕུང་དུ་བྱས་པའི་ནང་ནས་ལོ་བརྒྱ་ཚང་བ་ལས། རེ་རེ་ཕྱུང་བར་གྱུར་པ་ན་ཅི་སྲིད་དུ་ཐམས་ཅད་ཡོངས་སུ་ཟད་པའི་ དུས་སུ་གྱུར་པ་དེ་སྲིད་ཀྱི་དུས་ལ་བར་གྱི་བསྐལ་པ་ཞེས་བྱའོ། །བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོའོ། །འཇིག་པའི་བསྐལ་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གྱུར་པ་ཡིན་ཏེ། དེ་ལ་འཇིག་པ་ནི་གཉིས་ཏེ། འདི་ལྟ་སྟེ། འགྲོ་བ་འཇིག་པ་དང་ཁམས་འཇིག་པའོ། །ཡང་ འཇིག་པ་ནི་གཉིས་ཏེ། འདི་ལྟ་སྟེ། སེམས་ཅན་འཇིག་པ་དང་སྣོད་འཇིག་པའོ། །ཡང་འཇིག་པ་གསུམ་སྟེ། འདི་ལྟ་སྟེ། མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་འཇིག་པའོ། །འདི་ལྟ་སྟེ། དེའི་དུས་དེ་འབྱུང་བར་འགྱུར་བ་ཡིན་ཏེ། དམྱལ་བ་འདིའི་སེམས་ཅན་ ༄༅། །འཕོ་བར་འགྱུར་ལ་སྐྱེ་བར་མི་འགྱུར་བ་ན། འཇིག་པའི་བསྐལ་པ་དེ་དབུ་བརྩམས་པ་སྟེ། །རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་ཀྱང་ལྷག་མ་མ་ལུས་པར་གྱུར་པར་ངེས་པ་ན་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ནོ། །འདི་ལྟ་སྟེ། དམྱལ་བའི་འགྲོ་བ་འཇིག་པའོ། །དེའི་ཚེ་ དམྱལ་བ་འདི་དག་ངེས་པར་མྱོང་བའི་ལས་འཛིན་པ་གང་དེ་སྟོང་གསུམ་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་དུད་འགྲོའི་འགྲོ་བ་འཇིག་པའོ། །རྒྱ་མཚོ་ཆེན་པོར་གཏོགས་པའི་དུད་འགྲོ་རྣམས་སྔོན་དུ་འཇིག་པར་འགྱུར་བ་ཡིན་ཏེ། མི་དང་ལྷན་ཅིག་སྤྱོད་ཅིང་གནས་པའི་དུད་འགྲོ་ནི་མི་ཉིད་དང་ ལྷན་ཅིག་ཏུ་འཇིག་པ་ཡིན་ནོ། །དེ་བཞིན་དུ་ཡི་དྭགས་ཀྱི་འགྲོ་བ་འཇིག་པའོ། །དུས་དེ་འབྱུང་བར་འགྱུར་བ་འདི་ཡིན་ཏེ། མི་འདི་རྣམས་སུ་སེམས་ཅན་གང་ཡང་རུང་བས་རང་བཞིན་གྱིས་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཡང་དག་པར་སྐྱེའོ། །དེ་བསམ་གཏན་དེ་ལས་ལངས་ ནས་ཚིག་ཏུ་སྨྲ་བར་འགྱུར་ཏེ། ཀྱེ་མ་བདེ་བ་འདི་ནི་དབེན་པ་ལས་སྐྱེས་པ་དགའ་ཞིང་བདེ་བའོ། །ཀྱེ་མ་ཞི་བ་འདི་ནི་དབེན་པ་ལས་སྐྱེས་པ་དགའ་ཞིང་བདེ་བའོ་ཞེས་སོ། །སྒྲ་དེ་ཐོས་ནས་སེམས་ཅན་གཞན་ལ་ཡང་ཀུན་དུ་སྐྱེ་བར་འགྱུར་བའོ། །དུས་བྱས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གང་ གི་ཚེ་འཛམ་བུའི་གླིང་དུ་སེམས་ཅན་གཅིག་ཀྱང་ལུས་པ་མེད་པར་གྱུར་པ་འདི་ཙམ་ཉིད་འདི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། འཛམ་བུའི་གླིང་གི་མི་རྣམས་འཇིག་པའོ། །དེ་བཞིན་དུ་ཤར་གྱི་ལུས་འཕགས་ཀྱི་མི་རྣམས་འཇིག་པའོ། །དེ་བཞིན་དུ་བ་ལང་སྤྱོད་ཀྱི་མི་རྣམས་ འཇིག་པའོ། །དེ་བཞིན་དུ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་འཇིག་པའོ། །བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། དེ་རུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ངེས་པར་འཇིག་རྟེན་འདི་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། མིའི་འགྲོ་བ་འཇིག་པའོ། །དེ་བཞིན་དུ་ རྒྱལ་ཆེན་བཞི་པའི་ལྷ་རྣམས་སུ་ལྷ་རྣམས་ཀྱི་བསམ་གཏན་དང་པོ་བསྐྱེད་དོ། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་དེ་རུ་སེམས་ཅན་གཅིག་ཀྱང་ལྷག་མ་ལུས་པ་མེད་པར་གྱུར་པ་འདི་ཙམ་ནི་འཇིག་རྟེན་འཇིག་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་བཞིའི་ལྷའི་ འཇིག་པའོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ལྷའི་འཇིག་པའོ། །འཐབ་བྲལ་གྱི་ལྷའི་འཇིག་པ་ནི་དེ་བཞིན་ནོ། །དེ་བཞིན་དུ་དགའ་ལྡན་ལྷའི་འཇིག་པའོ། །དེ་བཞིན་དུ་འཕྲུལ་དགའི་ལྷའི་འཇིག་པའོ། །དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འཇིག་པའོ། །གང་ཚེ་འདོད་པ་ན་སྤྱོད་ པའི་ལྷ་རྣམས་གཅིག་ཀྱང་ལུས་པ་མེད་པར་གྱུར་པ་འདི་ཙམ་ནི་འཇིག་རྟེན་འཇིག་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་ལྷའི་འཇིག་པའོ། །ཚངས་པའི་འཇིག་རྟེན་དུ་ཡང་སེམས་ཅན་གང་ཡང་རུང་བས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ཡང་དག་པར་སྐྱེའོ། ། དེ་ནས་བསམ་གཏན་དེ་ལས་ལངས་ཏེ། ཚིག་ཏུ་སྨྲ་བར་འགྱུར་ཏེ། ཀྱེ་མ་བདེ་བ་འདི་ཏིང་ངེ་འཛིན་ལས་སྐྱེས་པ་དགའ་ཞིང་བདེ་བའོ། །ཀྱེ་མ་ཞི་བ་འདི་ནི་ཏིང་ངེ་འཛིན་ལས་སྐྱེས་པ་དགའ་ཞིང་བདེ་བའོ་ཞེས་པའི་སྒྲ་དེ་ཐོས་ནས་སེམས་ཅན་གཞན་ལ་ཡང་བསམ་གཏན་གཉིས་པ་ཡང་དག་པར་སྐྱེ་བར་ འགྱུར་རོ། །དུས་བྱས་ཏེ་འོད་གསལ་གྱི་ལྷ་རུ་སྐྱེ་བར་འགྱུར་རོ། །གང་ཚེ་ཚངས་པའི་འཇིག་རྟེན་དུ་སེམས་ཅན་གཅིག་ཀྱང་ལུས་པ་མེད་པར་གྱུར་པ་འདི་ཙམ་ཉིད་ནི་འཇིག་རྟེན་འཇིག་པར་འགྱུར་བ་སྟེ། འདི་ལྟ་སྟེ། སེམས་ཅན་ཀུན་དུ་འཇིག་པའོ། །དེ་ནས་སྣོད་སེམས་ཅན་གྱིས་སྟོང་པར་ གྱུར་པས། དེའི་ཚེ་འཕེན་བྱེད་ཀྱི་ལས་ཡོངས་སུ་ཟད་པས་ལྷས་ཆར་མི་འབེབས་ཤིང༌། ས་བོན་གྱི་གྲོང་དང༌། སྡོང་བུའི་གྲོང་དང༌། འབབ་ཆུ་ཆུང་ངུ་རྣམས་སྐམས་པར་འགྱུར་རོ། །དེའི་རྗེས་སུ་ཉི་མ་གཉིས་པ་རབ་ཏུ་འབྱུང་བར་འགྱུར་རོ། །འབབ་ཆུ་ཆེན་པོ་ཐམས་ཅད་སྐམས་པར་འགྱུར་ རོ། །དེ་ལ་ཡང་ཆུ་བོ་ཆེན་པོ་བདུན་ནི་འདི་ལྟ་སྟེ། གང་གཱ། ཡ་མུ་ན། སར་བྷུ། སར་བྷུ། ཨ་ཛི་ར་བ་ཏི། མ་ཧཱི། ནི་མ་ན་གའོ། །དེ་ནས་ཉི་མ་གསུམ་པ་འབྱུང་བར་འགྱུར་རོ། །ཆུ་བོ་ཆེན་པོ་བཞི་དང་མ་དྲོས་པ་ལ་སོགས་པ་མཚོ་ཆེན་པོ་རྣམས་སྐམས་པར་འགྱུར་རོ། །དེ་ལ་ཆུ་བོ་ཆེན་ པོ་བཞི་ནི་འདི་ལྟ་སྟེ། གང་གཱ་དང༌། སིན་དྷུ་དང༌། བཀྵུ་དང༌། ཤཱི་ཏའོ། །མཚོའུ་ཆེན་པོ་བདུན་ནི། སིང་ཧ་སྲ་སཱ་ཏཱ། ཧང་ས་སྲ་པཱ་ཏ། ར་ཐ་ཀཱ་ར། ན་ཌ་དན་ཏ། ཀུ་ནཱ་ལ། ཨ་ན་བ་ཏཱ་བ་ཏ། མན་ཏཱ་ཀི་ནཱིའོ། །དེའི་ཕྱི་ནས་ཉི་མ་བཞི་པ་འབྱུང་བར་འགྱུར་རོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ཡང་ ༄༅། །དཔག་ཚད་བརྒྱ་ཅི་སྲིད་དུ་ཆུ་སྐམས་པར་འགྱུར་རོ། །དེ་མ་ཐག་ཏུ་ཉི་མ་ལྔ་བ་འབྱུང་བར་འགྱུར་རོ། །དེའི་ཚེ་དཔག་ཚད་བརྒྱ་ཕྲག་གཉིས་སུ་ཆུ་སྐམས་པར་འགྱུར་རོ། །དེ་ནས་ཉི་མ་དྲུག་པ་འབྱུང་བར་འགྱུར་རོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ལ་ཆུ་ཤིན་ཏུ་ཉུང་བ་ཐིགས་པ་ ཡང་ལུས་པ་མེད་པར་འགྱུར་རོ། །ས་ཆེན་པོ་དང་རི་རབ་ལས་དུ་བ་འབྱུང་བར་འགྱུར་རོ། །དེའི་རྗེས་སུ་ཉི་མ་བདུན་པ་འབྱུང་བར་འགྱུར་རོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བསྲེགས་ཏེ། ཅི་སྲིད་དུ་ཐལ་བ་ཡང་ཤེས་པར་བྱ་བ་མེད་དོ། །བསྲེགས་པ་དང་ཉི་མ་རང་ཉིད་ཀྱང་ མེད་པར་འགྱུར་ཏེ། བུད་ཤིང་མ་ཚང་བའི་མེ་བཞིན་ནོ། །དེས་ན་ཉི་མ་བདུན་གྱི་མེས་འཇིག་པ་སྟེ། བསམ་གཏན་དང་པོའི་བར་དུ་སྲེག་པར་བྱེད་དོ། །དེ་བཞིན་དུ་བ་ཚ་ཅན་གྱི་ཆུའི་ཆར་ཕབ་ནས་བསམ་གཏན་གཉིས་པ་ཉམས་པར་བྱེད་པ་ནི་ཆུས་འཇིག་པའོ། །དེའི་རྗེས་སུ་རྣམ་པར་འཁྲུགས་པའི་ རླུང་ཆེན་པོས་བསམ་གཏན་གསུམ་པ་འཐོར་བར་བྱེད་པ་ནི་རླུང་གིས་འཇིག་པའོ། །བསམ་གཏན་བཞི་པ་ལ་ནི་འཇིག་པ་མེད་དོ། །དེས་ན་འཇིག་པ་ནི་མདོར་བསྡུ་ན་གསུམ་སྟེ། འདི་ལྟ་སྟེ། མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་འཇིག་པའོ། །དེའི་ཕྱིར་ཡང་བསམ་གཏན་དང་ པོ་ན་མེས་འཇིག་པ་ཁོ་ན་སྲིད་པ་སྟེ། དེ་དག་གི་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་བསམ་གཏན་དང་པོ་ན་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དྲི་མ་ཡོད་དེ། དེ་ཡང་ཡོངས་སུ་སྲེག་པར་བྱེད་པའི་ཕྱིར་ན་མེའི་བསྐལ་པའོ། །བསམ་གཏན་གཉིས་པ་ནི་ཆུའི་འཇིག་པ་ཁོ་ན་སྟེ། དེའི་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་བསམ་གཏན་གཉིས་པ་ན་དགའ་བའི་དྲི་མ་ཡོད་དེ། དེ་ཡང་ཤིན་ཏུ་སྦྱོངས་པའི་སྦྱོར་བས་རྟེན་འཇམ་པར་བྱེད་པའི་ཕྱིར་ན་ཆུའི་བསྐལ་པའོ། །བསམ་གཏན་གསུམ་པ་ན་རླུང་གི་འཇིག་པ་ཁོ་ནའོ། །དེ་ཡང་འདི་ལྟར་བསམ་གཏན་གསུམ་པ་ན་ དབུགས་འབྱུང་བ་དང༌། འཇུག་པའི་དྲི་མ་ཡོད་དེ། དེ་ཡང་རླུང་ཉིད་ཁོ་ནའོ། །དེས་ན་གང་ལ་ནང་གི་བདག་ཉིད་ཀྱི་བསམ་གཏན་སྙོམས་འཇུག་ཅི་འདྲ་བའི་དྲི་མ་ཡོད་པ་དེ་ལ་བསམ་གཏན་ལས་སྐྱེས་པའི་ཕྱི་རོལ་ཡང་དེ་འདྲ་བའོ། །དེ་ཉིད་ཀྱིས་ན་བསམ་གཏན་བཞི་པ་ན་རྣམ་པར་རྟོག་པ་ལ་སོགས་ པས་མི་བསྐྱོད་པས་དྲི་མ་དང་བྲལ་བའི་ཕྱིར་ན་འཇིག་པ་ནི་མེད་དོ། །གལ་ཏེ་བསམ་གཏན་བཞི་པ་ལ་འཇིག་པ་མེད་ན། ཅི་བསམ་གཏན་བཞི་པ་རྟག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་རུ་ཡང་ལྷའི་བུ་རྣམས་སྐྱེ་བར་འགྱུར་བ་ན་གཞལ་ཡས་ཁང་དང་བཅས་ནས་སྐྱེ་བར་འགྱུར་བ་དང༌། འགག་པ་ན་ ཡང་གཞལ་ཡས་ཁང་དང་བཅས་ནས་འཇིག་པར་འགྱུར་རོ། །དེས་ན་འཇིག་པའི་རྩེ་མོ་ནི་གསུམ་སྟེ། འདི་ལྟར་མེས་འཇིག་པའི་རྩེ་མོ་ནི་བསམ་གཏན་གྱིས་པའོ། །ཆུས་འཇིག་པའི་རྩེ་མོ་ནི་བསམ་གཏན་གསུམ་པའོ། །རླུང་གིས་འཇིག་པའི་རྩེ་མོ་ནི་བསམ་གཏན་བཞི་པའོ། །འཕགས་ པ་གནས་བརྟན་པའི་སྡེ་པའི་ལུང་གི་ཚུལ་ལས་ཀྱང་འཇིག་པ་ནི་དྲུག་ཅུ་རྩ་བཞི་སྟེ། དེ་ལ་མེས་འཇིག་པ་ལྔ་བཅུ་རྩ་དྲུག་གོ། །ཆུས་འཇིག་པ་ནི་བདུན་ནོ། །རླུང་གིས་འཇིག་པ་ནི་གཅིག་གོ། །འདི་ལྟ་སྟེ། བར་མེད་པར་མེས་འཇིག་པ་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། ། ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །ཆུས་གཅིག་གོ། །དེ་ནས་མེས་བདུན་ནོ། །རླུང་གིས་འཇིག་པ་ནི་ གཅིག་གོ། །དེ་ལྟར་བསྡུས་ཏེ་འཇིག་པ་ནི་དྲུག་ཅུ་བཞིའོ། །ཡང་གསུངས་ཏེ། མེ་ཡིས་ལན་ནི་བདུན་བདུན་ལ། །བརྒྱད་པ་བརྒྱད་པ་ཆུ་ཡིས་སོ། །གང་ཚེ་རླུང་མཆོག་གཅིག་བགྲངས་ན། །དྲུག་ཅུ་བཞི་ནི་རྫོགས་པར་འགྱུར། །ཞེས་སོ། །དེ་ལྟར་དམྱལ་བ་རུ་དང་པོ་སེམས་ཅན་གྱི་འཕོ་བ་ནས་ བཟུང་སྟེ། ཅི་སྲིད་དུ་སྣོད་ཐམས་ཅད་ཡང་དག་པར་ཟད་པར་འགྱུར་བའི་དུས་འདི་ནི་འཇིག་པའི་བསྐལ་པ་སྟེ། བར་གྱི་བསྐལ་པ་ཉི་ཤུའོ། །དེའི་རྗེས་སུ་འཇིག་རྟེན་འདི་ཞིག་ན་སྟོང་པ་ནམ་མཁའ་ཙམ་ཉིད་དུ་བར་གྱི་བསྐལ་པ་ཉི་ཤུ་གནས་པར་འགྱུར་རོ། །དེའི་ཕྱི་ནས་འཆགས་པ་ནི་གཉིས་ ཏེ། འདི་ལྟ་སྟེ། སྣོད་འཆགས་པ་དང༌། སེམས་ཅན་འཆགས་པའོ། །དེ་ལ་སྣོད་འཆགས་པ་ནི་སེམས་ཅན་རྣམས་ཀྱི་ལྷག་པའི་བདག་པོས་ནམ་མཁའ་ལ་རླུང་ཞན་གྱིས་ཆུད་པ་རྒྱུ་བར་འགྱུར་རོ། །དེ་ལས་ཅི་ལྟར་གསུངས་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་སྐྱེ་བར་ ༄༅། །འགྱུར་ཏེ། འདི་ཙམ་ནི་འཇིག་རྟེན་འཆགས་པར་གྱུར་པ་ཡིན་ཏེ། སྣོད་རྣམ་པར་འཆགས་སོ། །དེ་ནས་འོད་གསལ་ནས་སེམས་ཅན་གཞན་གང་རུང་འཕོས་ནས་ཚངས་པའི་གཞལ་ཡས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་དེ་བཞིན་དུ་དེའི་འཁོར་ཡང་ངོ༌། ། དེ་ཉིད་ནས་སེམས་ཅན་གཞན་དག་ཚངས་པའི་མདུན་ན་འདོན་དུ་འཕོ་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་ཚངས་རིས་དང༌། གཞན་འཕྲུལ་དབང་བྱེད་རྣམས་སུ་རིམ་གྱིས་ཅི་སྲིད་དུ། སྒྲ་མི་སྙན་དུ། བ་ལང་སྤྱོད་དུ། ཤར་གྱི་ལུས་འཕགས་པོ་རུ། འཛམ་བུ་གླིང་དུ། ཡི་དྭགས་སུ། དུད་ འགྲོ་རུ། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འཆགས་པའི་ཆོས་ཉིད་ཀྱིས་འདི་ལྟར་འབྱུང་བ་ཡིན་ཏེ། གང་ཕྱིས་འཇིག་པ་དེ་དག་སྔོན་དུ་འཆགས་པ་ཡིན་ནོ། །གང་གི་ཚེ་དམྱལ་བར་སེམས་ཅན་གཅིག་ཡང་བྱུང་བར་གྱུར་པ་དེའི་ཚེ་འཇིག་རྟེན་འདི་ཆགས་པ་ཡིན་ཏེ། སེམས་ཅན་ འཆགས་པའོ། །བར་གྱི་བསྐལ་པ་བཅུ་དགུས་སོ། །དེ་ནས་བཟུང་སྟེ་བར་གྱི་བསྐལ་པ་ཉི་ཤུར་ཆགས་པ་གནས་སོ། །འདིར་བསྐལ་པ་དང་པོ་པའི་མི་རྣམས་འོད་གསལ་ནས་འཕོས་ཏེ་འོངས་པ་ནི་གཟུགས་ན་སྤྱོད་པ་དང་འདྲ་བར་གནས་ཤིང༌། ཡིད་ཀྱི་རང་བཞིན་རང་གི་འོད་དང་ལྡན་པ་མཁའ་ལ་ཀུན་ དུ་འགྲོ་བ་དགའ་བའི་ཟས་ཅན་ནོ། །དེས་སའི་དྲི་བསྣམས་ཤིང་སའི་རོ་མྱངས་པ་དང་ལྡན་པ་དང་ཟོས་པ་ཅན་དུ་འགྱུར་རོ། །དེ་རྣམས་ཀྱི་ལུས་ལ་སྲ་རྩུབ་དང་ལྕི་བས་ཀུན་དུ་ནོན་ཅིང་འོད་སྣང་བ་ཡང་ནུབ་པར་གྱུར་ཏོ། །དེ་ནས་མུན་པའི་རྣམ་པར་གྱུར་པ་ལ། ཉི་མ་ཟླ་བ་དག་བྱུང་ངོ༌། །དང་པོ་སའི་བཅུད་ཞག་ གི་རྣམ་པ་དང༌། དེ་ནས་ས་ཞག་ཁུར་བལྟ་བུ་དང༌། དེའི་རྗེས་སུ་ས་ཞག་གི་ནགས་ཚལ་རྣམས་རིམ་གྱིས་བྱུང་བར་གྱུར་ཏོ། །ཤིན་ཏུ་ཞེན་ཆགས་པས་ནུབ་པར་གྱུར་ཏོ། །དེ་མ་ཐག་ཏུ་མ་རྨོས་མ་བཙུགས་པའི་དྲི་བཟང་བ་མྱང་བདེ་བའི་འབྲས་སྐྱེས་སོ། །དེ་ལ་ཟོས་བས་བཤང་གཅིའི་ལམ་དང་སྐྱེས་བ་དང་ བུད་མེད་ཀྱི་དབང་པོ་དག་དང་ལྡན་པ་འབྱུང་བར་འགྱུར་རོ། །སྐྱེས་པ་དང་བུད་མེད་དག་གི་དབྱིངས་ཐ་དད་པར་འགྱུར་རོ། །དེའི་རྗེས་སུ་སྔོན་གོམས་པའི་དབང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་པ་ལ་ཆགས་པ་ཤིན་ཏུ་རྒྱས་པར་གྱུར་པ་ལས་སྐྱེས་པ་དང་བུད་མེད་དེ་དག་ལ་ཕན་ཚུན་རྗེས་སུ་ཆགས་ པས་སྒྲུབ་པ་མ་ཡིན་པ་སྐྱེས་པ་ཉིད་དོ། །དེའི་ཕྱི་ནས་ལེ་ལོ་ལས་ཉེ་བར་སྡུད་པར་བྱེད་པ་དང་བདག་གིར་བྱེད་པ་བགྱིས་པས་འབྲས་སཱ་ལུ་བརྡས་པ་ནི་ཡང་སྐྱེ་བ་མེད་པར་གྱུར་ཏོ། །དེ་ནས་ཞིང་རྣམས་རྣམ་པར་བགོས་ཏེ། བདག་གིར་འཛིན་པ་བྱས་ཤིང་ཕ་རོལ་གིར་བྱས་སོ། །དེ་ནས་སྐྱེས་བུ་ཁྱད་པར་དུ་ གྱུར་པ་ལ་བསྲུང་བའི་དོན་དུ་ཆ་དྲུག་པ་བྱིན་པར་གྱུར་ཏོ། །དེ་ཞིང་རྣམས་ཀྱི་བདག་པོ་ཡིན་པས་རྗེའུ་རིགས་ཞེས་དོན་དང་མཐུན་པར་མིང་བཏགས་སོ། །སྐྱེ་བོ་མང་པོ་འདུན་པ་མཐུན་པས་མང་པོས་བཀུར་བའོ། །འབད་ས་རྣམས་དགེ་བར་མཛད་པས་རྒྱལ་པོའོ། །ཁྱིམ་ལས་ཕྱི་རོལ་ཡིད་ལ་བྱེད་ པས་བྲམ་ཟེའོ་ཞེས་མིང་རྣམས་བྱུང་ངོ༌། །རྒྱལ་པོས་ཉེ་བར་མནན་པའི་རྐུན་པོ་རྣམས་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་བརྫུན་གྱི་ཚིག་བྱུང་བར་གྱུར་ཏོ། །དེ་ལྟར་འཇིག་རྟེན་ཆགས་བཞིན་པའི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་གྱུར་པ་ལས། མི་དགེ་བའི་ལས་ལམ་རྒྱས་པར་གྱུར་ནས་རིམ་གྱིས་ ཚེ་ཉམས་ཏེ་མཐར་ཚེ་ལོ་བཅུ་པ་རྣམས་ཆོས་མ་ཡིན་པ་ལ་ཆགས་པ་ཡང་བའི་འདོད་པས་ཟིལ་གྱིས་ནོན་པར་གྱུར་པ། ལོག་པའི་ཆོས་ལ་ཡོངས་སུ་ཞེན་པ་རྣམས་ཀྱི་གནོད་སེམས་ཀུན་དུ་འཕེལ་བར་གྱུར་པ་ལ། འཇིག་པའི་བསྐལ་པ་གསུམ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། མཚོན་གྱིས་ འཇིག་པ་དང༌། ནད་ཀྱིས་འཇིག་པ་དང༌། མུ་གེས་འཇིག་པའོ། །དེ་ལ་ལྕུག་མ་ལ་སོགས་པ་རྣམས་མཚོན་ཆར་འགྱུར་རོ། །དེས་སེམས་ཅན་ཕན་ཚུན་གསོད་པར་བྱེད་པ་ནི་མཚོན་གྱིས་འཇིག་པ་སྟེ། མཚོན་གྱིས་སྲོག་གཅོད་པ་ནི་ཉི་མ་བདུན་འབྱུང་བར་འགྱུར་རོ། །ཡང་སྐྱོན་དེ་ཉིད་ཀྱིས་མི་མ་ཡིན་ རྣམས་ཀྱིས་འཚེ་བ་གཏོང་བར་བྱེད་དོ། །གང་ལས་སེམས་ཅན་རྣམས་ནད་ཀྱིས་འཆི་བར་བྱེད་དོ། །འདི་ནི་ནད་ཀྱི་འཇིག་པ་སྟེ། ཟླ་བ་བདུན་དང་ཞག་བདུན་འབྱུང་བར་འགྱུར་རོ། །ཡང་སྐྱོན་དེ་ཉིད་ཀྱིས་ཆར་མི་འབབ་པས་མུ་གེ་འབྱུང་སྟེ། དེ་ཡང་མི་རྣམས་བཀྲེས་པ་དང་སྐོམ་པ་དང་ཉམ་ཆུང་བས་ འཚོགས་ནས་འཆི་བར་འགྱུར་རོ། །གཞན་དག་ནི་རུས་པ་དཀར་པོ་བསྐོལ་ནས་འཐུང་བར་བྱེད་དོ། །གཞན་དག་ནི་ཁྱིམ་གྱི་ཟང་ཟིང་རྣམ་པར་བགོས་ཏེ། ཐུར་མ་ཉེ་བར་སྟོན་པས་དེ་རིང་ནི་ཁྱིམ་བདག་ཕོའི་བཟའ་བ་བྱ་ཞིང་སང་ནི་ཁྱིམ་བདག་མོའི་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ ༄༅། །སོ་བའི་གནས་ཀྱི་མཚམས་བུ་གནས་ཐུར་མས་སོ་བའི་འབྲས་བུ་ཕྱུང་ནས་ཆུ་མང་པོ་བསྐོལ་བ་འཐུང་བར་བྱེད་པ་ནི་མུ་གེས་འཇིག་པ་སྟེ། ལོ་བདུན་དང་ཟླ་བ་བདུན་དང་ཉི་མ་བདུན་འབྱུང་བར་འགྱུར་རོ། །དེ་ལྟར་བར་གྱི་བསྐལ་པ་སོ་སོར་རྫོགས་པ་ན་འཇིག་ན་གསུམ་ཉིད་དོ། །བ་ལང་ སྤྱོད་དང་ཤར་གྱི་ལུས་འཕགས་པོའི་གནས་སུ་ནི། མཚོན་དང་ནད་དང་མུ་གེ་རྣམས་གཟུགས་བརྙན་འབྱུང་བར་འགྱུར་རོ། །མཚོན་ནི་གནོད་སེམས་དྲག་པོ་སྐྱེ་བའོ། །ནད་ནི་མདོག་ངན་པ་དང་ཉམ་ཆུང་བའོ། །མུ་གེ་ནི་བཀྲེས་པ་དང་སྐོམ་པའོ། །དེའི་ཚེ་ཡང་ཁ་དོག་དང་སྟོབས་ཆུང་ བ་དང་བཀྲེས་པ་དང་སྐོམ་པ་ལས་གནོད་སེམས་དྲག་པོ་སྐྱེ་བར་འགྱུར་རོ། །འདིར་ཆགས་པ་རྣམས་ཀྱིས་གནས་པ་ཉིད་ནི་བར་གྱི་བསྐལ་པ་དང་པོའོ། །དེ་རྣམས་ཚེ་ལོ་བཅུ་པ་ལས་ཡར་འཕེལ་དུ་འགྲོ་སྟེ། རིམ་གྱིས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུར་འགྱུར་རོ། །འཕགས་པ་གནས་བརྟན་ པ་ནི་ཡར་འཕེལ་དུ་ཕྱིན་པ་ན་ཚེ་ལོ་དཔག་ཏུ་མེད་པ་ཡིན་ནོ་ཞེས་ཟེར་རོ། །ཡང་མར་འགྲིབ་དུ་ཕྱིན་པ་ན་ཚེ་ལོ་བཅུ་པའོ། །འདི་ནི་བར་གྱི་བསྐལ་པ་གཉིས་པའོ། །དེ་ལྟར་ཅི་སྲིད་དུ་ཡར་འཕེལ་དང་མར་འགྲིབ་བཅོ་བརྒྱད་དོ། །ཉི་ཤུ་པ་ལ་ནི་མར་འགྲིབ་མེད་དེ་ཡར་འཕེལ་ཁོ་ནའོ། །ཚེ་ལོ་བཅུ་པ་ ནས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་པའི་བར་རོ། །བར་གྱི་བསྐལ་པ་འདི་རྣམས་ཀྱི་ཡར་འཕེལ་དང་མར་འགྲིབ་ཉིད་ཀྱི་དུས་ཅི་སྲིད་པ་བར་གྱི་བསྐལ་པ་དང་པོའི་མང་འགྲིབ་ཁོ་ནའི་དུས་ལའང་དེ་སྲིད་དོ། །ཐ་མའི་བར་གྱི་བསྐལ་པ་ཡར་འཕེལ་བའི་དུས་ལ་ཡང་ངོ༌། །དེས་ན་བར་གྱི་བསྐལ་པ་ཐམས་ཅད་ནི་དུས་ མཉམ་པའོ། །དེ་ལ་བར་གྱི་བསྐལ་པ་གཅིག་གིས་སྣོད་ཆགས་པའོ། །བར་གྱི་བསྐལ་པ་བཅུ་དགུར་ནི་གནས་པའོ། །འཇིག་རྟེན་ཆགས་ནས་བར་གྱི་བསྐལ་པ་ཉི་ཤུར་གནས་པའོ། །གཅིག་གིས་སྣོད་རྣམ་པར་ཉམས་པར་འགྱུར་ཏེ། བཅུ་དགུས་སྟོངས་པར་འགྱུར་རོ། །འཇིག་རྟེན་ཞིག་ནས་བར་གྱི་ བསྐལ་པ་ཉི་ཤུར་གནས་པའི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོའོ། །འཕགས་པ་མང་པོས་བཀུར་བའི་སྡེ་པའི་ལུང་ལས་ཀྱང་འདི་ལྟར་རྣམ་པར་གཞག་སྟེ། འདི་ལྟ་སྟེ། འཇིག་རྟེན་ཆགས་བཞིན་པ་ན་དང་པོ་ཉིད་དུ་ཚངས་པའི་གཞལ་ཡས་ནི་འོད་གསལ་ནས་བྱུང་བའོ། །དེའི་རྗེས་སུ་འོད་ གསལ་གྱི་ལྷའི་རིས་ནས་ལྷའི་བུ་གཞན་དག་འཕོས་ནས་རང་གི་ལས་ལས་སྐྱེས་པ་སྐུ་ལུས་དཀར་བ་ཚངས་པ་ཞེས་པ་ཚངས་པའི་གཞལ་ཡས་དེ་ཉིད་དུ་སྐྱེས་སོ། །དེའི་ཚེ་དེ་བར་གྱི་བསྐལ་པ་བཅུར་བསམ་གཏན་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །དེ་ནས་བསྐལ་པ་ཉི་ཤུའི་མཐའ་རུ་ཚངས་པ་དེ་གཅིག་བུ་སྐྱེ་ བར་གྱུར་པས། ཀྱེ་མ་འདི་ཉིད་དུ་སེམས་ཅན་གཞན་དག་ཀྱང་སྐྱེ་བར་འགྱུར་རོ་ཞེས་བསམས་པ་དང༌། དེས་བསམས་པ་ཉིད་ཀྱིས་དེ་མ་ཐག་ཏུ་རང་རང་གི་ལས་ཀྱིས་དེ་དག་ཏུ་ཚངས་པའི་འཁོར་གྱི་ལྷ་རབ་ཏུ་མང་བ་ཀུན་དུ་བྱུང་ངོ༌། །དེ་ཡང་ཚངས་པ་རང་གིས་བསམས་མ་ཐག་ཉིད་དུ་བྱུང་བ་དེ་རྣམས་ མཐོང་ནས། བདག་ནི་འདི་རྣམས་ཀྱི་སྐྱེད་བྱེད་ཞེས་ལོག་པའི་ང་རྒྱལ་སྐྱེས་པར་གྱུར་ཏོ། །དང་པོར་སྐྱེས་པ་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ཚངས་པ་དེ་དག་ཚངས་འཁོར་གྱི་ལྷ་རྣམས་ཀྱིས་མཐོང་ནས་ཀྱང་འདིས་བདག་སྐྱེད་པས་བདག་གི་བྱེད་པ་པོ་ཞེས་ཁས་བླངས་སོ། །ཚངས་འཁོར་གྱི་ལྷ་དེ་ཡང་ བསྐལ་པ་གཅིག་ཏུ་གནས་སོ། །དེའི་འོག་ཏུ་བསྐལ་པ་གཅིག་གིས་ཚངས་རིས་ཀྱི་ལྷ་རྣམས་བྱུང་ངོ༌། །དེ་ནས་བསྐལ་པ་གཅིག་གིས་ཚངས་པ་མདུན་ན་འདོན་གྱི་ལྷའོ། །དེ་ནས་བསྐལ་པ་གཅིག་གིས་འདོད་པའི་གནས་སའི་རྩེ་མོ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ། །དེ་ནས་བསྐལ་པ་གཅིག་གིས་ འཕྲུལ་དགའི་ལྷའོ། །དེ་ནས་བསྐལ་པ་གཅིག་གིས་དགའ་ལྡན་གྱི་ལྷའོ། །དེ་ནས་བསྐལ་པ་གཅིག་གིས་འཐབ་བྲལ་གྱི་ལྷའོ། །འདི་རྣམས་ཐམས་ཅད་ནི་རང་རང་གི་ལས་ཀྱིས་གཞལ་ཡས་ཁང་དང་བཅས་ནས་གྲུབ་པའོ། །དེའི་ཕྱི་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་སྐྱེ་བ་སྔོན་དང་སྔོན་ དུ་བྱུང་བའི་མཐའ་རྣམས་ཡང་དག་པར་དྲན་ནས། སྔོན་དང་སྔོན་དུ་ཉམས་སུ་མྱོང་བར་གྱུར་པའི་རི་རབ་ལ་སོགས་པ་རྣམས་མཐོང་བར་འདོད་པས། རང་གི་གཞལ་ཡས་ནས་འོག་ཏུ་འོངས་ཏེ། ནམ་མཁའི་ཕྱོགས་འདི་ན་ནི་རི་རབ་ཡོད་པར་གྱུར་ལ། རི་རབ་ཀྱི་སྟེང་འདི་ན་ནི་བརྒྱ་བྱིན་ལྷ་ རྣམས་ཀྱི་དབང་པོའི་གྲོང་ཁྱེར་བྱུང་བར་གྱུར་ཏོ། །འདི་རུ་གཉའ་ཤིང་འཛིན་ལ་སོགས་པའི་རི་བོ་རྒྱུད་བདུན་བྱུང་བར་གྱུར་ཏོ། །འདི་རུ་རྒྱ་མཚོ་བྱུང་བའོ། །འདི་རུ་ནི་འཛམ་བུའི་གླིང་གནས་པ་ཡིན་ཞེས་པ་རྣམས་དྲན་པ་སྔོན་དུ་འགྲོ་བས་འདི་ནས་དེ་ནས་འཆགས་པ་ནས་ལུས་ལས་རླུང་བྱུང་ ༄༅། །ནས་སྟེང་འོག་དང་འཁོར་བར་རབ་ཏུ་བརྐྱང་སྟེ་ཤིན་ཏུ་ཆེ་བ་འཕེལ་བར་སོང་བར་གྱུར་ཏོ། །དེའི་ཚེ་སྟེང་ནས་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལས་སྐྱེས་པའི་སྤྲིན་མི་ཟད་པའི་སྒྲ་སྒྲོགས་པ་གློག་གི་ཕྲེང་བ་དང་ལྡན་པ་ལས་ཤིན་ཏུ་ཆེས་མང་བའི་ཆུ་འབབ་པར་གྱུར་ཏོ། ། དེའི་ཚེ་རླུང་དེ་ཟབ་པ་གཏིང་དཔག་དཀའ་བ་དེས་ཀྱང་ཆུའི་ཕུང་པོའི་འོག་དང་སྟེང་དང་ཁོར་ཡུག་ཏུ་བསྐོར་ཏེ་གཞི་རྟེན་བྱས་སོ། །དེ་ནས་རིམ་གྱིས་འབྱུང་བ་ཆེན་པོའི་སྙིང་པོར་གྱུར་པ་ལ་ཆུའི་སྟེང་དུ་འདམ་གྱི་ཡོལ་བ་བྱུང་བར་གྱུར་ཏོ། །འོ་མ་བསྐོལ་བའི་སྤྲིས་མ་བཞིན་ནོ། །དེའི་འོག་ཏུ་རླུང་དེས་ཁུ་བའི་རང་བཞིན་ འདམ་གྱིས་གཡོགས་པར་གྱུར་པའི་འདག་པ་ལས། རི་རབ་དང་རི་བོ་རྒྱུད་བདུན་དང་ཁོར་ཡུག་དང་རོལ་མཚོ་བདུན་དང་ས་དང་རྒྱ་མཚོ་ལ་སོགས་པའི་རང་བཞིན་སྣོད་ཀྱི་འཇིག་རྟེན་བཟོས་པར་གྱུར་ཏོ། །དེ་ནས་ཕྱོགས་བཞིར་ཡོངས་སུ་བརྟགས་པ་ཉིད་དོ། །དེ་ལ་ལྷོ་ཕྱོགས་སུ་འཛམ་བུ་གླིང་དང༌། ནུབ་ཕྱོགས་སུ་ བ་ལང་སྤྱོད་ཀྱི་གླིང་དང༌། བྱང་ཕྱོགས་སུ་བྱང་གི་སྒྲ་མི་སྙན་དང༌། ཤར་ཕྱོགས་སུ་ཤར་གྱི་ལུས་འཕགས་སོ། །དེ་ནས་རིམ་གྱིས་ལས་ལས་སྐྱེས་པའི་རླུང་གིས་སྲ་བ་ཉིད་དུ་བྱས་ཏེ། རི་རབ་ལ་སོགས་པ་རི་བོ་དགུ་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་དུ་སྐྱེས་སོ། །ས་གཞི་ནི་འདག་པའི་རང་བཞིན་ཁོ་ ནའོ། །དེའི་རྗེས་སུ་མཐོ་བ་དང་དམའ་བར་གྱུར་ཏེ་སྣོད་མ་ལུས་པ་རྣམས་ཀྱི་བར་བར་དུ་སྟོང་པར་གྱུར་པས་སོ། །ཡང་ཐུན་མོང་གི་ལས་ལས་སྐྱེས་པའི་སྤྲིན་ལས་བྱུང་བའི་ཆུ་བོའི་རྒྱུན་གྱིས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་རི་རབ་ཀྱི་སྟེང་གྲུ་བཞི་རུ་མཐོན་དུ་ལངས་པའི་ཅོག་བཞི་ཡང་དག་པར་གྲུབ་པོ། ། དེའི་རྗེས་སུ་རྒྱལ་པོ་ཆེན་པོ་བའི་ལྷ་རྣམས་རི་རབ་ཀྱི་སྟེང་ཐོབ་པར་མི་འགྱུར་བ་བསོད་ནམས་ཆུང་བ་རྣམས་འབྱུང་བར་འགྱུར་བ་དག་གནས་པའི་ཕྱིར། རི་རབ་ཀྱི་ལོགས་ལ་བསྐོར་བའི་རྣམ་པས་འཁོར་མོ་བཞིའོ། །མིང་གཞན་བང་རིམ་ཞེས་བརྗོད་དོ། །དེའི་རྗེས་སུ་ཐུན་མོང་བའི་ལས་ལས་རི་རབ་ཀྱི་སྟེང་ དུ་དབང་པོ་དང་བཅས་པའི་ལྷ་རྣམས་ཡང་དག་པར་བྱུང་ངོ༌། །དེའི་རྗེས་སུ་རི་རབ་ཀྱི་སྟེང་དུ་བརྒྱ་བྱིན་ལྷའི་དབང་པོའི་གནས་གྲོང་ཁྱེར་བལྟ་ན་སྡུག་ཅེས་པ་བྱུང་ངོ༌། ཆོས་བཟང་ལྷའི་འདུན་ས་ལ་སོགས་པ་རྣམ་པ་སྣ་ཚོགས་པ་མཐའ་མེད་པ་བྱུང་བར་གྱུར་ཏོ། །གཉའ་ཤིང་འཛིན་ལ་སོགས་པའི་རི་རྣམས་ ལ་ཡང་རྒྱལ་ཆེན་པའི་ལྷ་རྣམས་གནས་པ་དང༌། ཡུལ་འཁོར་སྐྱོང་ལ་སོགས་པ་རྒྱལ་པོ་བཞིས་ནང་དུ་བརྒྱན་པའི་འཁོར་མོ་བཞི་ཀུན་དུ་བྱུང་ངོ༌། །འདི་དག་ཐམས་ཅད་བསྐལ་པ་གཅིག་གིས་ཏེ་བཅོ་བརྒྱད་ཀྱིས་ཆགས་སོ། །དེའི་རྗེས་སུ་རང་རང་གི་ལས་ལས་ཡང་དག་པར་བྱུང་བ་ནམ་མཁའ་ལ་ སྤྱོད་པ་བུད་མེད་སྐྱེས་པ། མ་ནིང་གི་རྣམ་པར་དབྱེ་བ་སྤངས་པ་རང་འོད་དང་ལྡན་པའི་མི་རྣམས་སྐྱེས་སོ། །དེ་ནས་དུས་རིང་བ་ན་རང་འོད་ཅན་གང་ཡང་རུང་བས་ས་གཞི་ཞག་གི་རང་བཞིན་ཁྱད་པར་ཅན་ཡིད་དུ་འོང་བའི་དྲི་དང་ལྡན་པ་མཐོང་སྟེ་ཆགས་པར་གྱུར་པས་ས་ཞག་དེ་རྣམས་ལ་མངོན་ པར་འཚལ་ལོ། །དེ་དང་འདྲ་བར་རང་འོད་ཅན་གཞན་གྱིས་ཀྱང་མངོན་པར་འཚལ་ལོ། །དེ་ནས་ཁ་ཟས་ཀྱི་སྦྱོར་བ་དེ་དང་འདྲ་བར་ལུས་ཀྱི་འོད་ཟད་པར་གྱུར་ཅིང་ལུས་ལྕི་བ་ཉིད་དུ་གྱུར་ཏོ། །ས་ལ་སྤྱོད་པ་ཡང་གྱུར་ཏོ། །དེའི་ཚེ་མུན་པ་ཆེན་པོར་གྱུར་པ་ལ། སེམས་ཅན་རྣམས་ཀྱི་ཐུན་ མོང་གི་ལས་ཀྱིས་དུས་གཅིག་ཏུ་ཤར་གྱི་ལུས་འཕགས་སུ་རྒྱུ་སྐར་སྐག་དང་ལྡན་པར་ཉི་མ་དང༌། བ་ལང་སྤྱོད་དུ་རྒྱུ་སྐར་གྲོ་བཞིན་དང་ལྡན་པར་ཟླ་བ་ཡང་དག་པར་བྱུང་ངོ༌། །འདི་ཙམ་གྱི་བསྐལ་པ་གཉིས་རྫོགས་ཏེ་བསྐལ་པ་ཉི་ཤུས་འཆགས་པའི་གནས་སྐབས་རྫོགས་སོ།། །། འདི་ནས་བཟུང་སྟེ་ཆགས་པའི་གནས་སྐབས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ས་ལ་སྤྱོད་པ་རྣམས་ལ་ཉི་མ་དང་ཟླ་བས་སྣང་བར་བྱེད་དོ། །སའི་བཅུད་ཞག་སྦྲང་རྩི་ལྟ་བུ་མང་དུ་ཟོས་པས་ཁ་དོག་ངན་པར་གྱུར་ཏོ། །ཉུང་དུ་ཟོས་པས་ཁ་དོག་བཟང་དུ་གྱུར་ཏོ། །དེ་ལ་ཁ་དོག་བཟང་བའི་མིས་ ཁ་དོག་ངན་པའི་མི་རྣམས་ལ་བརྙས་པ་བྱས་སོ། །དེའི་ཚེ་ཡང་ཞག་ནུབ་པར་གྱུར་ཅིང༌། སའི་ཞག་ཁུར་བ་ལྟ་བུ་བྱུང་ངོ༌། །སའི་ཞག་ཁུར་བ་ཟ་ཡང་གང་མང་དུ་ཟ་བ་དེ་དམན་པར་གྱུར་ལ། ཉུང་དུ་ཟ་བ་མཆོག་ཏུ་གྱུར་ཏོ། །དེ་ཁོ་ན་བཞིན་དུ་ཡིད་དགའ་བར་གྱུར་པས། ང་རྒྱལ་འཕེལ་ཞིང་གྱ་ནོམ་ པར་གྱུར་ཏོ། །ང་རྒྱལ་སྟོབས་ལྡན་དུ་གྱུར་པས་ས་ཞག་ཁུར་བ་ཡང་ལོག་པར་གྱུར་ཏོ། །དེའི་རྗེས་སུ་ས་གཞི་ལས་སྦྲང་རྩི་ལྟ་བུའི་ཚལ་བྱུང་ངོ༌། །དེ་ཡང་སྐྱེ་བོས་ཟོས་པས་ང་རྒྱལ་འཕེལ་བར་གྱུར་ཏོ། །དེ་ནས་ས་ཞག་ཚལ་ཡང་ལོག་པར་གྱུར་ཏོ། །དེ་རྗེས་སུ་སྤུན་མ་མེད་པ་མ་ཆགས་པ་དྲི་བཟང་བ་ཤིན་ཏུ་འཇམ་ ༄༅། །པ་ཆེས་མྱང་བདེ་བ་སྦྲང་རྩི་ལྟ་བུ་དཀར་བ་མ་རྨོས་པའི་འབྲས་སཱ་ལུ་རྣམས་ས་ལས་སྐྱེས་སོ། །སཱ་ལུ་དེ་ལས་ཟོས་པས་སྐྱེས་པ་དང་བུད་མེད་ཐ་དད་དུ་བྱེད་པའི་རྟགས་ཀྱི་གཞི་བྱུང་བར་གྱུར་ཏོ། །དེའི་ཚེ་བུད་མེད་ཀྱི་རྟགས་བྱུང་བ་མཐོང་བས་སྐྱེ་བོ་གཞན་རྣམས་སྨོད་པར་གྱུར་ཏོ། ། དེའི་ཚེ་ངོ་ཚ་དང་བཅས་པའི་སྐྱེས་པ་དང་བུད་མེད་རྣམས་རྟགས་སྒྲིབ་པའི་ཕྱིར་ཡིད་བཞིན་གྱི་ན་བཟའ་རྣམས་བྱུང་ངོ༌། །དེ་ནས་སྐྱེས་པ་བུད་མེད་རྣམས་ཕན་ཚུན་རྣམས་མཐོང་བས་གཉིས་སྤྲོད་ཀྱི་ཆགས་པ་སྐྱེས་སོ། །གཞན་དེ་རྣམས་ལ་ཤིན་ཏུ་ཆགས་པས་འཁྲིག་པ་བསྟེན་པར་བྱས་སོ། །འཁྲིག་པ་བསྟེན་ པའི་མི་དེ་དག་ལ་གཞན་རྣམས་ཤིན་ཏུ་ཆེས་སྨོད་པར་བྱེད་དོ། །དེ་ནས་འཁྲིག་པའི་ཐ་སྙད་རབ་ཏུ་རྒྱས་པས་འཁྲིག་པའི་དོན་དུ་སྒྲིབ་པའི་ཕྱིར་ཁང་པ་བྱས་སོ། །སྐྱེ་བོ་རྣམས་ཀྱིས་སྔ་བར་བཟའ་བའི་ཕྱིར་སཱ་ལུ་སྔ་བར་ལེན་ནོ། །དགོངས་མོ་བཟའ་བའི་དོན་དུ་དགོངས་མོ་ལེན་ནོ། །དེའི་བསོད་ནམས་དགོངས་ མོ་རྔས་པ་ནང་པར་སྐྱེ་བར་གྱུར་ཏོ། །ནང་བར་རྔས་པ་དགོངས་མོ་སྐྱེ་བར་གྱུར་ཏོ། །དེ་ལྟར་མི་རྣམས་ཁྱིམ་དུ་གནས་པའི་མི་རྣམས་ཁ་ཅིག་གིས་མི་གཞན་རྣམས་ལ་སྨྲས་པ། བཟའ་བའི་དུས་སུ་འཚོགས་ཞེས་སྨྲའོ། །དེའི་ཚེ་ལེ་ལོའི་རིགས་ཅན་མི་འགའ་ཞིག་གིས་ཡང་འབྲས་སཱ་ལུ་མང་དུ་བླངས་ཏེ། ཁྱིམ་གང་བར་བྱས་སོ། །དེ་མཐོང་ནས་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །གཞན་རྣམས་ཀྱིས་ཡང་སྨྲས་པ། གང་གིས་དང་པོ་ཉིད་དུ་སཱ་ལུ་རྣམས་བླངས་ཞེས་སོ། །གཞན་གྱིས་ཡང་སྨྲས་པ། འདིས་སོ་ཞེས་སོ། །དེ་བཞིན་དུ་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་པས་འབྲས་སཱ་ལུ་ཡང་ནུབ་ པར་གྱུར་ཏོ། །དེ་ནས་གྲངས་བཞིན་མི་རྣམས་ཀྱིས། །བསྐལ་པ་གཉིས་གཉིས་བགྲོད་པ་ནི། །ཞག་ཁུར་ཚལ་དང་སཱ་ལུའི་ཟས། །དེས་ན་བསྐལ་པ་བརྒྱད་སོང་ངོ༌། །དེ་ནས་བསྐལ་པ་དགུ་པ་འཇུག་པ་ན། ཤིན་ཏུ་ཆགས་པས་འབྲས་སཱ་ལུ་དཀར་པོ་མེད་ཅིང་སྤུན་མ་དང་བཅས་པ་ཆགས་པ་དང་བཅས་པ་ལུས་ལ་ཡང་ ཤིན་ཏུ་ཕན་པ་མ་ཡིན་པ་བྱུང་བར་གྱུར་ཏོ། །དེའི་ཚེ་སྐྱེ་བོ་རྣམས་ཀྱིས་འབྲས་སཱ་ལུ་དཀར་བ་མ་ཡིན་པ་ལ་སོགས་པ་སྐྱོན་མཐོང་བས་སྨོད་པར་བྱེད་དེ། ངན་པ་འདི་བདག་ཅག་རྣམས་ཀྱི་ཚུལ་མ་ཡིན་པ་ཡིན་ནོ་ཞེས་སོ། །དང་པོ་ཉིད་དུ་སྦྲང་རྩི་ལས་ཆེས་ལྷག་པའི་སའི་བཅུད་ཞག་མེད་པར་གྱུར། དེ་ནས་ སྦྲང་རྩི་ལས་ལྷག་པའི་སའི་བཅུད་ཁུར་བ་མེད་པར་གྱུར། དེ་ནས་སྦྲང་ཆུང་རྩི་ལྟ་བུའི་ཚལ་ཡང་ནུབ་པར་གྱུར། ཤིན་ཏུ་ཆགས་པས་མཆོག་ཏུ་དཀར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འབྲས་སཱ་ལུ་ཡང་རྣམ་པར་ཉམས་སོ། །ཀྱི་ཧུད་བདག་ནི་ཆགས་པས་རྣམ་པར་ཉམས་སོ། །བདག་ད་ནི་ལེགས་ པར་ཆར་བྱས་ཏེ་བགོ་བར་བྱས་ན་ཕུན་སུམ་ཚོགས་པ་བསྟན་པར་འགྱུར་རོ་ཞེས་སོ། །དེ་ནས་དབང་པོའི་དཀྱིལ་དུ་ཁྱིམ་བྱས་ཏེ་ས་རྣམ་པར་བགོ་བར་བྱས་སོ། །དེའི་སའི་བགོ་བ་བྱས་པ་ན། སྐྱེས་བུ་རེ་རེ་དཔག་ཚད་དྲུག་གི་ཚད་ཙམ་ཞིང་བདག་གིར་བཟུང་ངོ༌། །ཡང་ས་ཆེན་པོ་ལ་དཔག་ཚད་བཞི་ བཞི་རེ་རེ་ལ་བྱིན་ཏོ། །དེ་ནས་ཡང་ཆོས་མ་ཡིན་པ་ལ་གཞོལ་བས་ཡིད་བཞིན་གྱི་ན་བཟའ་ནུབ་པར་གྱུར་ཏོ། །དེའི་ཚེ་དེ་རྣམས་ཀྱི་ཐུན་མོང་གི་ལས་ལས་རས་བལ་སྐྱེས་སོ། །དེ་ནས་ཆགས་པའི་རིགས་ཅན་མི་འགའ་ཞིག་གིས་གཞན་གྱི་སཱ་ལུ་རྐུ་བ་བྱས་སོ། །སཱ་ལུ་རྐུ་བར་བྱེད་པ་དེ་ལ། ། མི་འགའ་ཞིག་གིས་ཡང་སྨྲས་པ། ཀྱེ་ཁྱོད་ཀྱིས་སྤྱོད་པ་ངན་པ་དང་འཇུག་ཚུལ་ངན་པ་བྱས་སོ། །སྐྱེ་བོ་ཐམས་ཅད་ནི་ལུགས་ངེས་པས་གནས་ཏེ། ཁྱོད་ལ་ཡང་ཞིང་རྨོས་པ་སཱ་ལུ་ཡོད་དོ། །དེས་ན་ཚུལ་མ་ཡིན་པ་འདི་ལས་ལོག་ཅེས་སོ། །སཱ་ལུ་རྐུ་བྱེད་དེ་ཡང་སཱ་ལུ་རྐུ་བར་མི་བྱའོ་ཞེས་ དམ་བཅས་ཀྱང༌། ཡང་དང་ཡང་དུ་གཞན་རྣམས་ཀྱི་སཱ་ལུ་རྐུ་བར་བྱེད་དོ། །དེས་དེ་བཞིན་དུ་བྱས་པས་སྐྱེས་བུ་དེ་ལ་སྐྱེས་བུ་གཞན་རྣམས་ཀྱིས་ཤིན་ཏུ་རྣམ་པར་བཙོགས་སོ། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་རྐ་ལག་ལ་སོགས་པར་མཚོན་ཆས་བརྒྱབ་པའི་རྐུན་པོའི་ལུས་དེ་མཐོང་བས། སྐྱེ་བོ་ གཞན་རྣམས་ཀྱིས་སྨོད་པར་བྱེད་དོ། །གཞན་གྱི་ནོར་ཕྲོག་པར་བྱེད་པ་ནི་སྡུག་བསྔལ་ལོ། །དེའི་རྒྱུ་མཚན་གྱིས་ཕན་ཚུན་རྩོད་པའོ། །རྒྱུ་དེ་ལས་ཅ་ཅོ་ཆེན་པོ་ཡང་བྱུང་ངོ༌། །དེའི་ཚེ་ཡང་མི་རྣམས་ཐམས་ཅད་ཀྱིས་མི་བདེ་བས་འཚོགས་ཏེ་ཕན་ཚུན་བཀའ་གྲོས་མཛད་དོ། །དེ་ནི་འདི་ལྟར་བྱེད་པར་རིགས་ ཏེ། འདི་ལྟར་མི་གང་ཞིག་དགེ་བའི་ཚུལ་ལུགས་ངེས་པ་དེ་ལས་མི་འདའ་བའི་སྐྱེས་བུ་ཤིན་ཏུ་ཁྱད་པར་ཅན་མི་རྣམས་ཀྱི་བདག་པོར་བྱའོ། །གང་དང་རྗེས་སུ་མཐུན་པའི་ཚར་གཅོད་བྱེད་པ་ནམ་ཡང་རྣམ་པར་མི་འགྱུར་བའོ། །སྐྱེ་བོ་ཐམས་ཅད་ཀྱི་འཐད་པ་ཇི་ལྟ་བ་བཞིན་དུ་ཚར་གཅོད་པ་དང་ ༄༅། །རྗེས་སུ་འཛིན་པ་བྱེད་པ་དེའི་ཚུལ་ལུགས་མ་ཡིན་པས་གོས་པར་མ་གྱུར་པ་ཡོན་ཏན་ཐམས་ཅད་ཀྱིས་ལུས་ཅན་རྣམས་ཀྱི་བླ་མར་གྱུར་པའོ། །ཐམས་ཅད་འདི་དག་གི་རྗེས་སུ་ཡི་རང་ཞིང་རྗེས་སུ་འདུན་པར་གྱུར་ཏོ། །དེ་ནས་སྐྱེས་བུ་དེས་དམ་པ་འགའ་ཞིག་གི་དྲུང་དུ་སྨྲས་པ། གང་ལས་ མི་རྣམས་ད་ལྟར་འཐད་པ་མ་ཡིན་པ་ལ་འཇུག་པའི་སྐྱོན་དང༌། གང་ཡང་ཉིན་རེ་བཞིན་དུ་འབྱོར་པ་ཉམས་པར་གྱུར་པ་ནི་ཁྱོད་ཀྱིས་མཁྱེན་ནོ། །འདི་ལྟ་བུ་མི་རྣམས་ཀྱི་མི་འཐད་པ་བཟློག་པ་ལ་ཁྱོད་མ་གཏོགས་པ་འགའ་ལ་ནུས་པ་མེད་དོ། །སྐྱེ་བོ་འདི་རྣམས་ཀྱི་འབྲས་སཱ་ལུ་དྲུག་ཆ་ཁྱོད་ལ་སྟེར་བར་ འགྱུར་རོ། །ཁྱོད་ཀྱིས་མི་འདི་རྣམས་འཐད་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་སྐྱོངས་ཤིག །ས་འདི་ཡང་སྲུངས་ཤིག །དེའི་ཚེ་སྐྱེས་བུ་ཤིན་ཏུ་ཁྱད་པར་ཅན་དེ། ཚིག་དེ་དག་ཁས་བླངས་ཤིང་སྐྱེ་བོ་དེ་རྣམས་ཀྱི་བསམ་པའི་དོན་ཡོངས་སུ་རྫོགས་པར་བྱའོ། །དེ་མ་ཐག་ཏུ་མི་དེ་རྣམས་ཀྱིས་སྐྱེས་བུ་མཆོག་ དེ་ལ་རྒྱལ་བོར་དབང་བསྐུར་བས་མངོན་བར་བཀུར་རོ། །དེ་སྐྱེ་བོའི་ཚོགས་ཆེན་པོས་ཡང་དག་པར་འདུན་པ་དང༌། དགའ་བར་མཛད་པས་རྒྱལ་པོའོ། །ཚིག་བར་མ་ཕྱིས་ཏེ་མང་པོས་བཀུར་བ་ཆེན་པོ་ཞེས་པའི་རྒྱལ་པོ་བྱུང་བར་གྱུར་ཏོ། །དེའི་མིང་ཞིང་རྣམས་ཀྱི་བདག་པོ་ཡིན་པ་ཉིད་ཀྱིས་ཀྵེ་ཏྲི་ཡ་ཞེས་ པར་གྱུར་ཏོ། །རྒྱལ་པོའི་དཔལ་འབྱོར་ཀུན་དུ་ཐོབ་བོ། །མི་སྲུན་པའི་སྐྱེ་བོ་ཚར་གཅོད་ཅིང་ཞི་ལེགས་སྐྱེ་བོ་རྗེས་སུ་འཛིན་པར་བྱེད་ཅིང༌། ས་རྣམས་ཀྱི་བདག་པོར་གྲགས་ནས་མི་ཕན་པ་སྤོང་ཞིང་ཕན་པ་སྒྲུབ་བོ། །ཚུལ་མ་ཡིན་པ་བཏང་ཞིང་རྣམ་པར་འཛིན་ནོ། །དེ་ནས་སྐྱེ་བོ་གཞན་ཡང་ཚུལ་མ་ ཡིན་པ་བྱེད་ཅིང་གཞན་དག་ཚུལ་བཞིན་བྱེད་དོ། །དེའི་རྗེས་སུ་སྐྱེ་བོ་རྣམས་སྐྱོན་རྣམས་ཀྱི་འབྱུང་གནས་འདོད་ཆགས་སྐྱེས་སོ། །དེའི་རྗེས་སུ་ཁོང་ཁྲོ་སྐྱེས་སོ། །དེའི་རྗེས་སུ་ང་རྒྱལ་ཡང་དག་པར་བྱུང་ངོ༌། །དེའི་རྗེས་སུ་དགེ་བའི་རྗེས་སུ་མཐུན་པ་ཡང་དག་པ་ཇི་ལྟ་རྣམས་སྦེད་པར་བྱེད་པའི་རྨོངས་ པ་བྱུང་ངོ༌། །དེ་རྗེས་སུ་མ་བྱིན་པར་ལེན་པ་བྱུང་ངོ༌། །དེ་ནས་གཞན་གྱི་བུད་མེད་ལ་འགྲོ་བའོ། །དེ་ནས་བརྫུན་སྨྲ་བའོ། །དེ་རྗེས་སུ་དབེན་ནོ། །དེ་ནས་ཚིག་རྩུབ་པའོ། །དེ་ནས་ཚིག་ཀྱལ་པའོ། །དེ་ནས་གཞན་མནར་བའི་མཚན་མ་གནོད་སེམས་སོ། །དེ་ནས་གཞན་གྱི་ནོར་བསླུ་ བའི་མཚན་མ་བརྣབ་སེམས་སོ། །དེ་ནས་ལྟ་བ་ལོག་པ་བྱུང་ངོ༌། །རྣམ་པ་དེ་ལྟ་བུར་འཚེ་བ་ལ་སོགས་པ་སྐྱོན་རྣམས་ཡོངས་སུ་འཛིན་པའི་ཚོགས་པ་ལས་བྱུང་ངོ༌། །དེ་ལྟར་ཁ་ཅིག་ཕྱོགས་ཀྱི་འཕེལ་བ་མཐོང་ནས་སེམས་སྐྱོ་བས་ཡོངས་སུ་འཛིན་པ་སྤངས་ཏེ་ནགས་སུ་གནས་པར་གྱུར་ ཏོ༑ །དེ་ནི་སྡིག་པ་ཀུན་མི་སྐྱེད་པས་བྲ་ཧྨ་ཎ་ཞེས་འཇིག་རྟེན་རྣམས་བརྗོད་དོ། །དེ་རྣམས་ཀྱི་ནང་ནས་གང་ཞིག་བསམ་གཏན་ཡོངས་སུ་སྤངས་ཏེ། རང་ཉིད་ཀྱིས་སྔགས་ཀྱི་ཚིག་སྤྲོས་ནས་འདོན་པ་དེ་ལས་འདོན་བྱེད་ཅེས་པའི་མིང་ཐོབ་པར་གྱུར་ཏོ། །གང་ཞིག་ནགས་སུ་གནས་པར་མི་དགའ་ བ་ལྷག་པར་ཆོས་གནས་ལ་དགའ་བ་ཞིང་གི་ལས་ལ་ཤིན་ཏུ་སྤྱོད་པ་དེ་ལ་དམངས་རིགས་ཞེས་འཇིག་རྟེན་གྱི་མིང་དུ་བཏགས་སོ། །གཞན་དག་ཁྱིམ་ལ་དགའ་ཞིང་བཟོའི་ཆ་སྣ་ཚོགས་ལ་རབ་ཏུ་སྦྱོར་བ་དེ་ལ་གདོལ་རིགས་ཞེས་འཇིག་རྟེན་གྱི་མིང་དུ་བྱས་སོ། །དེ་ལྟར་རིགས་བཞི་རྣམས་ ལ་གང་ཞིག་རྐུ་བ་དེ་ལ་གཅིག་ཏུ་དགའ་བ་དེ་ལ་གཏུམ་པོ་ཞེས་པའི་དེ་རྣམས་ཀྱིས་གནོད་པ་བྱེད་པས་གཏུམ་པོ་ཞེས་འཇིག་རྟེན་གྱི་མིང་དུ་བཏགས་སོ། །དེ་རྗེས་སུ་འབྲས་སཱ་ལུ་རྣམས་བཅུད་ཉམས་པས་སྨད་པར་བྱ་བར་འགྱུར་རོ། །དེ་རྗེས་སུ་སཱ་ལུ་བརྡས་པའི་ས་ཕྱོགས་སུ་རྗེས་སུ་བཟའ་བ་རྣམ་པ་སྣ་ ཚོགས་བྱུང་བར་གྱུར་ཏོ། །འདི་ལྟ་སྟེ། ནས་དང་གྲོ་དང་ཏིལ་དང་རྒྱ་སྲན་དང་མོན་སྲན་རྔེའུ་དང་མོན་སྲན་གྲེའུ་ལ་སོགས་པའོ། །དེ་ལ་ཏིལ་ནི་བཅུད་ཀྱིས་ཤིན་ཏུ་གང་བ་དང་ལྡན་པས་ཆང་བས་བཟང་བས་མར་ནག་གི་རྒྱུན་གསུམ་འཇིག་པར་གྱུར་ཏོ། །ནས་ལ་སོགས་པ་རྣམས་ཀྱང་སེམས་ཅན་དེ་རྣམས་ ཀྱི་བསོད་ནམས་ལས་དེ་དང་རྗེས་སུ་མཐུན་པའི་བཅུད་བྱུང་བར་གྱུར་ཏོ། །དེའི་རྗེས་སུ་པགས་པ་དང་ལོ་མ་ལ་སོགས་པ་དང་བྲལ་བ་གྱ་ནོམ་པ་མངར་བ་རྗེས་སུ་མཐུན་པའི་བཅུད་ཅན་བུ་རམ་ཤིང་མཆོག་གིས་ས་སྟེང་རྣམ་པར་བརྒྱན་པར་གྱུར་ཏོ། །དེ་རྗེས་སུ་རྫུས་སྐྱེས་ཀྱི་བ་མོ་རང་ཉིད་ཀྱིས་འོ་མའི་རྒྱུན་རབ་ཏུ་ འབབ་བ་བྱུང་ངོ༌། །དེའི་ཚེ་འོ་མའི་རྒྱུན་འབབ་པའི་གཡོ་བས་འོ་མ་ལས་མར་སར་བྱུང་བར་གྱུར་ཏོ། །མར་གསར་ལས་མར་གྱི་ཉིང་ཁུ་བྱུང་ངོ༌། །ཞུན་མར་ལས་མར་གྱི་སྙིང་པོ་བྱུང་ངོ༌། །དེ་རྗེས་སུ་རང་དུལ་པ་གླང་པོ་ཆེ་དང་རྟ་ལ་སོགས་པ་ཐེག་པའི་ཁྱད་པར་རྣམས་བྱུང་བར་གྱུར་ཏོ། །དེའི་ཚེ་དཔལ་ ༄༅། །ལྡན་མང་པོས་བཀུར་བའི་མི་བདག་ལ་རིན་པོ་ཆེ་བདུན་བྱུང་བར་གྱུར་ཏོ། །འདི་ལྟ་སྟེ། བུད་མེད་རིན་པོ་ཆེ་དང༌། སྐྱེས་བུ་རིན་པོ་ཆེ་དང༌། རྟ་རིན་པོ་ཆེ་དང༌། གླང་རིན་པོ་ཆེ་དང༌། འཁོར་ལོ་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེའོ། །དེའི་ཚེ་རྒྱལ་ པོ་མང་པོས་བཀུར་བ་ཆེན་པོ་ཕན་འདོགས་པ་མ་ལུས་པ་དང་ལྡན་པས། སྐྱེ་བོ་མ་ལུས་པའི་འདོད་པ་མ་ཡིན་པའི་རྣམ་པ་རྣམས་ནུབ་པར་གྱུར་ཏོ། །དེས་ན་འབངས་རྣམས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་ཤིན་ཏུ་རིང་བ་ཉིད་དུ་བདེ་བར་གྱུར་ཏོ། །སེམས་ཅན་དེ་རྣམས་ཀྱི་ལུས་དབྱིབས་ ལ་ཆ་མཛེས་པ་དགེ་བའི་སྣང་བའི་འོད་ཀྱི་ཚུལ་གྱིས་རྣམ་པར་བརྒྱན་པར་གྱུར་ཏོ། །སེམས་ཅན་དེ་རྣམས་མྱུར་དུ་འཆི་བ་ཡང་བྱུང་ངོ༌། །དེ་ནས་དུས་རིང་དུ་གྱུར་པ་ན་རྒྱལ་པོ་ཆེན་པོ་མང་པོས་བཀུར་བ་ཤི་བར་གྱུར་ཏོ། །དེའི་བུ་དང་ཚ་བོ་ལ་སོགས་པ་རྒྱལ་བུ་མང་དུ་བྱུང་ཞིང་ཤི་བར་གྱུར་ཏོ། ། དེ་ནས་དེའི་འཁོར་རྣམས་ཐམས་ཅད་ཤིའོ། །མི་བདག་ལ་མི་བདག་རྣམས་ཀྱིས་དབང་རྣམས་བསྐུར་ནས་མི་ཡི་བདག་པོའི་རྒྱུད་ནི་དིང་སང་གི་བར་དུ་ཡང་རྗེས་སུ་འཇུག་གོ། །དེ་ལྟར་ས་རྣམས་དག་ཀྱང་རིམ་གྱིས་རྙིངས་པར་གྱུར་ཅིང་རྙིངས་པར་གྱུར་ནས་ཕུན་སུམ་ཚོགས་པ་ཡོངས་སུ་སྤངས་ཤིང་ ཡོངས་སུ་སྤངས་ནས་གསར་པ་འགྲིབ་པར་འགྱུར་བ་དང་འབྲེལ་ལོ། །ཡང་གསུངས་ཏེ། དེ་ལྟར་ཡང༌། བདག་པོ་དང་བྲལ་བུད་མེད་ལྟ་བུ་པ་རྣམས་ནི། །ལྷག་པའི་དཔལ་དང་རྣམ་པར་བྲལ་ཞིང་རྙིངས་པར་གྱུར། །ཞེས་སོ། །དེའི་ཚེ་ལུས་ཅན་ལྷག་མ་རྣམས་ཀྱིས་ཆོས་དང་བྲལ་བར་ཉེ་བར་ འོངས་པ་དང༌། ཡོ་བྱད་ཀྱི་ཚོགས་པ་ཟད་པ་མཐོང་ནས་ཐོང་ལྕགས་དང་བཅས་པའི་གཤོལ་སྟོབས་ཀྱི་གླང་པོ་ལྟ་བུར་བདག་ཉིད་ཀྱིས་ཁུར་ཏེ་བརྩོན་པར་བྱེད་དོ། །དེའི་ཚེ་སྟོབས་ཀྱི་གླང་པོའི་ཚོགས་ཀྱིས་བདག་པོའི་མི་དེ་རྣམས་ལ་འདི་སྐད་སྨྲས་སོ། །གཤོལ་ཐོང་འདི་དག་ནི་སྤོངས་ཤིག་ བདག་ཉིད་ཀྱིས་བསྐུར་བར་བྱའོ། །འབྲས་བུའི་དུས་སུ་འབྲས་བུའི་རྣམ་པའི་ཆ་རྣམས་བྱིན་ཅིག་ཅེས་སོ། །དེ་བཞིན་དུ་ཁས་བླངས་པ་བྱས་ནས་དེ་ནས་དེ་དག་ཞིང་པ་ལྟར་ཞིང་རྨོ་བར་བྱེད་དོ། །མི་རྣམས་ཀྱིས་སྟོབས་ཀྱི་གླང་པོ་ལ་བགོས་པའི་ཆ་སྟེར་རོ། །དེ་བཞིན་དུ་རྟ་དང་གླང་པོ་ཆེ་ལ་ སོགས་པ་རྣམས་ཀྱང་ཅི་དང་ཅི་མཐོང་བ་དེ་དང་དེ་ལྟར་སྨྲས་ཏེ་མི་རྣམས་ཀྱི་ཞོན་པ་ལ་སོགས་པ་རྣམས་སུ་གྱུར་ཏོ། །དེའི་ཚེ་བ་རྣམས་ཀྱི་འོ་མ་རང་ཉིད་ཀྱིས་མི་སྟེར་ཞིང་སྦྱོར་བ་དེ་དང་དེར་འོ་མ་བབས་པར་གྱུར་ཅིང་མི་རྣམས་འཚོགས་ནས་འཇོ་བར་བྱེད་པར་གྱུར་ཏོ། །བུ་རམ་ཤིང་ཡང་ལོ་མས་རང་ གི་ལུས་ལ་བསྒྲིབས་པའི་རྣམ་པར་གྱུར་ཏོ། །ཏིལ་ལ་སོགས་པའི་འབྲུ་རྣམས་ཀྱང་རིམ་གྱིས་བཅུད་ཉམས་པ་ཉིད་དུ་གྱུར་ཏོ། །དེ་ལྟར་བཟའ་སྟོན་རྣམས་ཀྱང་རྣམ་པར་ཉམས་པས་མི་རྣམས་ཀྱི་ཚེ་ལ་སོགས་པ་ཡང་འགྲིབ་པར་གྱུར་ཏོ། །དེའི་རྗེས་སུ་ཤིན་ཏུ་རྒྱས་པས་སྟོབས་ཀྱི་གླང་པོ་ལ་ཞིང་ ཐོག་གི་བགོས་པའི་སྐལ་བ་མི་སྟེར་བར་གྱུར་ཏོ། །དེ་ནས་ལོ་ཐོག་གི་བགོས་པའི་ཆ་མ་ཐོབ་པར་གྱུར་པས་སྟོབས་ཀྱི་གླང་པོ་གཤོལ་ཐོང་ཁུར་བ་ལ་གཡོ་སྒྱུ་རྣམ་པར་འཛིན་པར་གྱུར་ཏོ། །མི་རྣམས་ཀྱིས་སྟོབས་ལྡན་གླང་རྣམས་ཀྱི་གཡོ་སྒྱུ་མཐོང་ནས་དེ་རྣམས་ཀྱི་སྣ་ཕུག་གོ། །དེའི་ཚེ་ སྟོབས་ལྡན་གླང་རྣམས་ཀྱི་སྨྲ་བ་ཡང་ནུབ་པར་གྱུར་ཏོ། །དེའི་སྟོབས་ཀྱིས་ཁྱུ་མཆོག་རྣམས་སྙིང་རྗེ་མེད་པའི་མི་རྣམས་ཀྱི་དབང་དུ་སོང་བར་གྱུར་ཅིང་བསྐུར་དཀའ་བའི་ཐོང་གཤོལ་དང་གཞན་ཡང་ཁུར་ཁྱར་བར་བྱེད་དོ། །དེ་བཞིན་དུ་རྟ་དང་གླང་པོ་ལ་སོགས་པ་ཡང་རང་ཉིད་ཀྱིས་དུལ་བ་མེད་ པར་གྱུར་ཏོ། །ངེས་པ་དང་མ་ངེས་པའི་དབྱུ་གུ་བསྣུན་པས་ཁ་ཕྱིར་ཕྱོགས་པར་གྱུར་ཏེ་བརྟན་པོར་གྱུར་པའི་ཐག་གུས་བཅིངས་སོ། །དེ་ནས་སྔོན་སྟེར་བ་སྔོན་དུ་འགྲོ་བས་བ་གླང་སྐྱོང་གིས་བ་གླང་འཇོ་བར་གྱུར་ཏོ། །བུར་མ་ཤིང་ཡང་ལྕགས་པས་གཡོགས་ཤིང་རབ་ཏུ་བརྩོན་པས་བཅུད་ཁུ་བ་བྱུང་ བར་གྱུར་ཏོ། །ཏི་ལ་ལ་སོགས་པ་ཡང་ཆེས་བཅུད་དང་བྲལ་བར་གྱུར་ཏོ། །དེ་བཞིན་དུ་ཡང་འཇིག་རྟེན་མི་རྣམས་དེ་འདྲ་བར་བཟའ་བ་ལ་སོགས་པ་རོ་དང་ཆེས་བྲལ་བར་གྱུར་ཅིང་མི་རྣམས་ཡང་དང་ཡང་དུ་ཟད་པར་གྱུར་པ་ཐོབ་བོ། །དེའི་རྗེས་སུ་རིམ་གྱིས་སྙིགས་མ་ལྔས་སུམ་བྱུང་བའི་འཇིག་རྟེན་ནི་རབ་ཏུ་ འཇུག་སྟེ། གང་སྐྱེས་བུ་དམ་པར་འདུན་པ་མཐུན་པའི་སྐྱེས་བུ་དེ་ལྟ་བ་ལོག་བས་དྲེགས་པ་ཆོས་མ་ཡིན་པའི་ལམ་མི་རྣམས་ལ་སྟོན་པར་བྱེད་དོ། །མི་དེ་རྣམས་ཀྱང་ཆོས་མ་ཡིན་པ་རྗེས་སུ་འགྲོ་བའི་ཕོངས་པས་གདུངས་པ། འཚོ་བའི་ཡོ་བྱད་དོན་དུ་ཆེས་སྲེད་པ་ཞིང་ལས་དད་ཕྱུགས་སྐྱོང་དང་གཡོག་དང་ཉོ་ ༄༅། །ཚོང་ལ་སོགས་རབ་ཏུ་སྒྲུབ་པར་འགྱུར་རོ། །དེ་རྗེས་སུ་ཡོ་བྱད་ཚོགས་པ་རྣམས་ཆེས་ཤིན་ཏུ་རྣམ་པར་ཉམས་སོ། །ངལ་བ་ཆེན་པོས་བདེ་བའི་ཆ་ཙམ་ཅི་ལྟར་ཡང་སྒྲུབ་པར་མ་གྱུར་ཏོ། །ངལ་བ་ཆེན་པོས་བསྐྱེད་པའི་ཏིལ་དང་བུ་རམ་ཤིང་ལ་སོགས་པ་དང༌། བ་ལང་དང་མ་ཧེ་མི་ལ་ སོགས་པ་ངལ་བ་ཆེན་པོས་བཅུད་རྣམས་ཕྱུང་བར་གྱུར་ཏོ། །ངལ་བ་ཆེན་པོས་བསྐྱེད་པའི་འབྲུ་ལ་སོགས་པ་ཡང་སྲ་བ་ལ་སོགས་པའི་སྐྱོན་དང་ལྡན་པ་ཉིད་དུ་བྱུང་བར་གྱུར་ཏོ། །དེ་ནས་མི་རྣམས་བཟའ་བ་དམའ་བས་བགྲོད་བས་ཚེ་ལ་སོགས་པ་ཤིན་ཏུ་ཆེས་ཡོངས་སུ་ཉམས་པ་རབ་ཏུ་བྱུང་ངོ༌། །དེ་རྗེས་ སུ་ཡུལ་དང་ཡུལ་དུ་ཆེས་རིང་བར་གྲོང་དང་གྲོང་ཁྱེར་དང་གྲོང་རྡ་ལ་སོགས་པ་མི་རྣམས་ཀྱི་གནས་ཀྱི་རྣམ་པར་སྨྲས་སོ། །དེ་ལྟར་དུས་དང་དུས་རྣམས་ཡོངས་སུ་འགྱུར་བར་གྱུར་བ་ཉིད་ན། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་པ་བྱུང་བར་གྱུར་ཏོ། །དེ་ནས་དེ་དག་ཡོངས་སུ་མྱ་ ངན་ལས་འདས་ནས་དུས་ཆེས་རིང་བ་ན་དེ་བཞིན་གཤེགས་པ་གསེར་ཐུབ་བྱུང་ངོ༌། །དེ་ནས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དུས་ཆེས་རིང་བར་གྱུར་པ་ན་ཐུབ་པ་ཆེན་པོ་འོད་སྲུངས་ཞེས་པ་བྱུང་བར་གྱུར་ཏོ། །དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཆེས་རིང་བ་ན་རྩོད་ལྡན་གྱི་དུས་ ཞེས་པ་དུས་ཐ་མ་ལ་བདག་ཅག་གི་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ནི་འགྲོ་བ་རྣམས་ཀྱི་སྡིག་པའི་སྒྲུབ་པ་མཆོག་ཏུ་འཆགས་པའོ། །བཅོམ་ལྡན་འདས་དེ་ཡང་འགྲོ་བ་རྣམས་ཀྱི་འགྲོ་བ་དྲུག་གི་ འཁོར་བའི་སྡུག་བསྔལ་རྣམ་པར་ཉམས་པར་བྱེད་པའི་ཐར་པའི་ལམ་རབ་ཏུ་གསལ་བར་བྱེད་པའོ། །ལམ་དེས་མཐའ་མེད་པའི་དམ་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་རང་བཞིན་ཐར་པའི་གྲོང་སྟོན་པར་བྱེད་པའོ། །དེ་ལྟར་གྱུར་པའི་ལམ་མཆོག་ཏུ་གྱུར་བ་ལྟ་ དང་མི་རྣམས་ལ་ཉེ་བར་བསྟན་ཏོ། །དེ་བཞིན་གཤེགས་པ་སྒྲོན་མ་དེས་དམ་པའི་ཆོས་ཀྱི་སྒྲོན་མ་རྒྱུད་དུ་བཞག་ནས་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཟླ་བ་གཉིས་པ་ཨཱ་པརྷའི་ཟླ་བ་དཀར་པོའི་ཕྱོགས་ཀྱི་བཅུ་གསུམ་ལས་ འདོད་ཆགས་དང་བྲལ་བའི་དགེ་སློང་ལྔ་བརྒྱས་སངས་རྒྱས་ཀྱི་བསྟན་པ་ལོ་མ་བདུན་པའི་ཕུག་ཏུ་ཡང་དག་པར་བསྡུ་བར་མཛད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱར་གྱུར་པ་ན་འདོད་ཆགས་དང་བྲལ་བ་དགེ་སློང་བདུན་བརྒྱས་ཆོས་ཡང་དག་པར་བསྡུ་ པ་མཛད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་དཀའ་ཐུབ་ཀྱི་དགེ་འདུན་ལ་དགེ་འདུན་ཐ་དད་དུ་གྱུར་བས་རང་རང་གི་སྡེ་པར་གནས་པ་ལ་གནས་མ་བུ་པཱ་ར་བཱཚི་པུ་ཏྲས་སྡེ་པ་གཅིག་གི་ཚེ་བསྡུས་སོ། །དེ་ནས་བཟུང་སྟེ་སྡེ་པ་དེ་ལས་ཆོས་སྨྲ་བྱེད་བཱ་ཏྶི་ པུ་ཏྲ་ཞེས་བརྗོད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱན་གནས་བརྟན་ཐུབ་པ་མང་པོས་བཀུར་བས་སྡེ་བ་དེའི་ལུང་ཉིད་བསྡུ་བ་མཛད་དོ། །དེ་ནས་བཟུང་སྟེ་སྡེ་པ་དེ་ལ་མང་པོས་བཀུར་བའི་སྡེ་པ་ཞེས་བརྗོད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་ སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ན་གནས་བརྟན་བྷུ་ཏི་ཀ་དང་སངས་རྒྱས་བཤེས་གཉེན་གྱིས་སྡེ་པ་དེའི་ལུང་རྣམས་བསྡུ་བ་ཉིད་དུ་བྱས་སོ། །འདི་ནི་མང་པོས་བཀུར་བའི་སྡེ་པའི་ཆོས་བསྡུ་བ་ལན་ལྔ་ཞེས་བརྗོད་དོ། །བྷུ་ཏི་ཀ་དང་སངས་རྒྱས་བ་ཤེས་གཉེན་དེ་གཉིས་ཀྱིས། སྦུན་པ་བྱུང་ བ་ནས་བཟུང་སྟེ། འདི་ནི་ཆགས་པའི་བསྐལ་པ་དགུ་པོའི་ཞེས་གསུངས་སོ། །གཙོ་བོའི་དོན་བརྗོད་པར་བྱ་སྟེ། ད་ལྟ་ནི་ད་ནི་ཏིལ་བུར་ཤིང་ཞོ་ལ་སོགས་པ་ལས་རིམ་པ་བཞིན་དུ་མར་ནག་ཁུ་བ་མར་ལ་སོགས་པའི་སྙིང་པོ་རྣམས་ཤིན་ཏུ་ཆེས་ཉུང་བ་སྐྱེ་བར་འགྱུར་རོ། །ཏིལ་ལ་སོགས་པ་ རྣམས་སེམས་ཅན་གྱི་སྐལ་བའི་དབང་ལས་དིང་སང་ཡང་འབྱུང་བར་ཤེས་པར་བྱའོ། །མ་འོངས་པའི་བསྐལ་བའི་མཐའ་རུ་མུ་གེ་ནད་མཚོན་ཞེས་པ་འཇིག་པ་གསུམ་གྱི་མེ་འབྱུང་བར་འགྱུར་བའི་དུ་བ་འཐུལ་བ་ལྟ་བུ་ད་ལྟ་མཚོན་པའོ། །ད་ལྟ་ད་ནི་ཡང་མི་རྣམས་བདག་ཉེ་བར་མནར་བའི་ཕྱིར་ སེར་སྣ་ཉེས་སྤྱོད་ཁྲོ་བ་ལ་སོགས་པའི་བུད་ཤིང་གིས་འཇིག་པའི་མེ་དེ་རྣམས་ཀུན་དུ་འབར་བར་བྱེད་དོ། །གང་ལས་ད་ནི་ཆར་ཆེ་བ་ཆར་མེད་པ་ཕྱོགས་གཅིག་ཏུ་འབབ་པ་དུས་མ་ཡིན་པའི་ཆར་ལ་སོགས་པ་དེ་དག་གིས་མུ་གེ་འཕེལ་བར་བྱེད་དོ། །དེས་ན་མུ་གེའི་འཇིག་པ་ངེས་པར་འབྱུང་ ༄༅། །བར་འགྱུར་རོ། །ནད་དང་མཚོན་གྱི་འཇིག་པ་ནི་འདི་དག་གི་ལྷན་ཅིག་པའི་འཁོར་ཡིན་ནོ། །དེ་ལ་མུ་གེ་ཅན་གྱི་འཇིག་རྟེན་ན་བཟའ་བ་ལ་སོགས་པ་ཆེས་རྙེད་དཀའ་བ་འབྱུང་བར་འགྱུར་རོ། །དེའི་ཚེ་ཡང་གཞན་གྱི་ནོར་ལེན་པ་དང་ལུས་ཅན་རྣམས་པ་སང་ནས་ཤས་འཚོ་ བའི་བསྐལ་པ་འབྱུང་བར་འགྱུར་རོ། །ཡུལ་ལྗོངས་གྲོང་ཁྱེར་གྲོང་རྡལ་ལ་སོགས་པ་ནི་གནས་པའི་འཇིག་རྟེན་ཡང་ཡོ་བྱད་སྒྲུབ་པར་དཀའ་བ་དང་རིམ་གྱིས་ཟད་པར་འགྱུར་རོ། །དེ་ཕྱིས་མི་འཐད་པ་འཇུག་པའི་མི་རྣམས་ཀྱིས་དུས་དྲུག་པོ་སྤང་བར་གྱུར་ཅིང་ཀུན་དུ་སྤྱོད་པས་ཡོ་བྱད་སུན་འབྱིན་པར་འགྱུར་རོ།། དེ་ནས་ཉེ་བར་འཚེ་བ་དང་ལྡན་པའི་སྡིག་པ་ཡོངས་སུ་སྨིན་པ་ཐོབ་པས་ཤ་ཟའི་ཚོགས་རྗེས་སུ་སྤྱོད་པས་ན་ནད་རྣམ་པ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །དེས་ན་གང་གི་ཚེ་ནད་སྣ་ཚོགས་དང་ཤ་ཟ་སྣ་ཚོགས་ཀྱིས་རབ་ཏུ་གཙེས་པའི་མི་རྣམས་དེའི་ཚེ་ནད་ལ་སོགས་པ་ཞི་བའི་དོན་དུ། འཚེ་བའི་བདག་ཉིད་ཀྱིས་སྦྱིན་ སྲེག་བྱས་པས་ཉེ་བར་འཚེ་བ་འཕེལ་བར་འགྱུར་རོ། །འདིར་ཡུལ་འཁོར་གྲོང་ཁྱེར་ལ་སོགས་པ་རྣམས་སུ་ནད་ཀྱིས་མི་རྣམས་ཟད་པར་འགྱུར་རོ། །འདི་ཕྱིས་ཉེ་བར་ལོངས་སྤྱོད་པ་ཚོལ་བའི་མི་རྣམས་ཕན་ཚུན་འཚེ་བའི་སེམས་པས་མཚོ་ཆེན་པོ་ལྡང་བར་འགྱུར་རོ། །འདི་ལྟ་སྟེ། ཤར་དང་ བྱང་ན་ཡོད་པ་དང༌། ནུབ་དང་ལྷོ་ན་ཡོད་པའི་མིའི་བདག་པོ་རྣམས་ཀྱིས། ཕན་ཚུན་ཉེ་བར་ཉེད་པའི་དོན་དུ་མངོན་པར་བགྲོད་པ་འབྱུང་བར་འགྱུར་རོ། །རྒྱལ་པོ་རྣམས་ནི་ཕན་ཚུན་ཀུན་དུ་འཁྲུག་པ་བྱས་ཏེ་རྒྱལ་བ་དང་ཕམ་པ་ཡང་དང་ཡང་དུ་ཉམས་སུ་ལེན་པར་འགྱུར་རོ། །ཆགས་ པའི་བུད་ཤིང་གིས་བསླང་བའི་ཁྲོ་བའི་མེས་རྒྱལ་པོ་རྣམས་ཕན་ཚུན་བསྲེག་ཅིང༌། རང་གི་དགེ་བ་རྣམས་ཡོངས་སུ་ཟད་ཅིང་རྣམ་པར་ཉམས་པར་བྱེད་དོ། །ལྷག་མ་ཡུལ་དང་གྲོང་དང་རྒྱུད་རྣམས་ཕན་ཚུན་རྣམ་པར་ཉམས་པར་བྱེད་དོ། །ལས་ངན་པ་ལས་སྐྱེས་པས་རྩྭ་ལ་སོགས་པ་ལ་རེག་ པས་མཚོན་དུ་འགྱུར་པ་ན་གཉིས་གསུམ་མམ་ལྔ་དྲུག་ཡང་ཕན་ཚུན་སྤུན་པར་འགྱུར་རོ། །ལོ་དང༌། ཟླ་བ་དང་ཉི་མ་རྣམས་རིམ་པ་བཞིན་དུ་བདུན་བདུན་བདུན་མུ་གེ་དང་ནད་དང་མཚོན་གྱི་འཇིག་པ་གསུམ་མོ། །དེ་ནས་འཇིག་པ་གསུམ་གྱི་དེ་མ་ཐག་ཏུ་ལྷག་མ་ལུས་པའི་མི་རྣམས་ གཟུགས་སྲིད་དུ་དང་ཞེང་དུ་དང་སྟོབས་ལ་སོགས་པ་རྣམས་ཉམས་པས་ཚེ་ལོ་བཅུ་པ་ལོ་བདུན་ཅུར་གནས་པར་འགྱུར་རོ། །འདིས་ན་སྡིག་པ་ལ་གཅིག་ཏུ་གཞོལ་བའི་མིའི་འཇིག་རྟེན་རབ་ཏུ་མང་བ་རྣམས་ཆེས་ཆེར་དམན་པའི་ངན་འགྲོར་འགྲོ་བར་འགྱུར་རོ། །འཇིག་པ་གསུམ་པོ་རྣམས་ འདིར་ཉེ་བར་འདས་ནས། མི་རྣམས་ཀྱི་ནང་ན་ཁ་ཅིག་འགའ་ཞིག་ཏུ་གཞན་རྣམ་པར་བྲལ་བར་མཐོང་ནས། མི་རྣམས་བྱམས་པའི་བསམ་པ་སྐྱེ་བར་འགྱུར་རོ། །སྡིག་པ་ཆེན་པོའི་དུས་སུ་ཡང་ལེགས་པའི་ལམ་མ་དོར་བ་འགའ་ཞིག་གིས་ཀྱང་ལྷག་མ་ལུས་པ་མཐོང་ནས་སྐྱེ་བོ་རྒྱུན་ ཆད་པར་གྱུར་ཅིག་ཅེས་བསམ་ཞིང་དེ་རྣམས་བསྲུང་བར་འགྱུར་རོ། །དེའི་ཚེ་མི་དེ་རྣམས་ཁྱམས་པའི་རང་བཞིན་གྱིས་སེམས་བསྐྱེད་པས་བསྐལ་པའི་མཐའ་ཡང་རྒྱས་པར་མི་འགྱུར་རོ། །དེའི་རྗེས་སུ་བསྐལ་པ་བཅུ་པ་མགོ་འཇུག་པར་འགྱུར་རོ། །དེའི་ཚེ་མི་རྣམས་གྲོགས་ལྟར་ཕན་ ཚུན་མཐོང་བས་དགའ་བ་དང་ལྡན་པར་འགྱུར་རོ། །མི་དེ་རྣམས་ཡང་དག་པར་འཛིན་པར་བྱེད་པ་བསྐལ་པ་བཅུ་པར་འབྱུང་བར་འགྱུར་རོ། །དེའི་ཚེ་གདོན་ཡང་དགེ་བའི་ལམ་ལ་བགྲོད་པར་འགྱུར་རོ། །དུས་ཚིགས་ཀྱང་ཉེས་པ་དང་བྲལ་བ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ནང་གི་ བདག་ཉིད་ཀྱི་དངོས་པོ་རྣམས་རང་བཞིན་མཉམ་པར་གྱུར་པ་ན་ཆོས་ཀྱི་དབང་ཕྱུག་འབྱུང་བར་འགྱུར་རོ། །བདེ་བ་ཡང་ཕུན་སུམ་ཚོགས་པར་འགྲོ་བར་འགྱུར་རོ། །དེ་ལས་མི་ལས་མི་སྐྱེ་བར་འགྱུར་རོ། །དེ་ལས་མི་གཞན། དེ་ལས་ཡང་མི་གཞན་ནོ། །དེ་ལས་ཡང་ནི་གཞན་ཏེ་རིམ་གྱིས་མི་རྣམས་ ཚེ་ལོ་སྟོང་ཕྲག་ཉི་ཤུ་འབྱུང་བར་འགྱུར་རོ། །འདི་ནི་ཡང་འཕེལ་ཆུང་ངུའོ། །དེ་ནས་རིམ་གྱིས་སྟོང་ཕྲག་བཞི་བཅུ་བའི་མི་འབྱུང་བར་འགྱུར་རོ། །འདི་ནི་ཡར་འཕེལ་འབྲིང་པོའོ། །ཡང་རིམ་གྱིས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་པའི་མི་རྣམས་འབྱུང་བར་འགྱུར་རོ། །འདི་ནི་ཡར་འཕེལ་ཆེན་པོའོ། །དེ་ལ་ཡར་ འཕེལ་རྩེ་མོར་བྱིན་པའི་མི་རྣམས་ཀྱི་ཁྱིམ་ནི་དཔལ་མོ་བཞིན་དུ་འཕེལ་བ་ཉིད་དོ། །བུ་མོ་ལོ་ལྔ་བརྒྱ་ན་ཁྱོ་ལ་གཏོང་བར་འགྱུར་རོ། །མི་དེ་རྣམས་ཚེ་ལོ་དང་མཐུན་པ་འབྱུང་བའི་གཟུགས་ལ་སོགས་པ་ལེགས་པར་འབྱུང་བར་འགྱུར་རོ། །དེའི་ཚེ་ཁྱིམ་བྱའི་བརྗོད་པའི་ཡུལ་མི་རྣམས་ཀྱི་གནས་ས་གཞི་ ༄༅། །མ་ལུས་པ་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཡོངས་སུ་གང་བར་འབྱུང་བར་འགྱུར་རོ། །ས་ཆེན་པོས་མི་གཙང་བ་འོག་ཏུ་བྱུང་སྟེ་གཙང་སྦྲ་ཅན་འབྱུང་བར་འགྱུར་རོ། །མི་རྣམས་བདེ་བ་དང་ལྷན་ཅིག་པའི་ཕུན་སུམ་ཚོགས་པས་ཡང་དག་པར་ཚིམ་པར་འགྱུར་ཞིང་སྡུག་བསྔལ་དྲན་ པར་མི་འགྱུར་རོ། །བསིལ་དྲོ་ལ་སོགས་པ་བཀྲེས་རྒས་ཡོངས་སུ་ལོངས་སྤྱོད་པ་རྣམས་འདོད་པ་ཙམ་བྱེད་པ་སྟེ། སྡུག་བསྔལ་ཡིན་ཡང་དེའི་ཚེ་སྡུག་བསྔལ་གྱི་ཐ་སྙད་ཙམ་མོ། །འདི་ནི་མི་རྣམས་ཡར་འཕེལ་ཆེན་པོ་ཐོབ་པ་སྟེ། ལོ་སྟོང་དང་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །ཡང་དེ་ནས་ཡར་ འཕེལ་ཆེན་མོ་ནས་མི་རྣམས་ཀྱི་ཚེ་ཉམས་པར་འགྱུར་རོ། །དེ་ནས་མི་རྣམས་ཆོས་མ་ཡིན་པས་ཆེས་ཉམས་པས་ཡང་སྔོན་བཞིན་དུ་ཚེ་ལོ་བཅུ་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་ཡང་བསྐལ་པ་བཅུ་བར་རྒྱབ་ཏུ་གྱུར་པ་འབྱུང་བར་འགྱུར་རོ། །ཅི་ལྟར་བསྐལ་པ་བཅུ་པ་ཐོག་མཐའ་བདེ་སྡུག་ལྡན་པ་དེ་བཞིན་དུ་གཞན་ཡང་ འབྱུང་བར་འགྱུར་བ་བསྐལ་པ་བཅུ་རྣམས་སོ་སོར་ཐོག་མཐའ་བདེ་སྡུག་ལྡན་པ་འབྱུང་བར་འགྱུར་རོ། །དེས་ན་ཉི་མ་ཤར་བ་ནས་བཟུང་སྟེ། བསྐལ་པ་ཉི་ཤུ་ནི་ཆགས་པའི་འཇིག་རྟེན་གནས་པའོ་ཞེས་རྣམ་པར་གཞག་པའོ། །འཆགས་པའི་བསྐལ་པ་ཉི་ཤུའི་ཐ་མ་ལ་བར་གྱི་འཇིག་པ་གསུམ་གྱི་དེ་མ་ཐག་ཏུ་ལྷག་ མ་ལུས་པའི་མི་རྣམས་ཕན་ཚུན་དགའ་བའི་བསམ་པ་འབྱུང་བར་འགྱུར་རོ། །དེའི་ཚེ་བྱམས་པས་ཉེ་བར་བསགས་པའི་ལས་དབང་ལས་ཕྱི་རོལ་གྱི་དངོས་པོ་ཡང་ཆེས་ཉམས་དགའ་བར་འབྱུང་བར་འགྱུར་རོ། །བྱམས་པས་ཀུན་དུ་བསྐྱེད་པའི་ཕུན་སུམ་ཚོགས་པ་མེའི་དུས་ལས་སྔོན་དུ་ཉམས་སུ་མྱོང་བར་འགྱུར་ རོ། །ངན་འགྲོའི་སེམས་ཅན་རྣམས་ཀྱང་ཕན་ཚུན་བྱམས་པ་ཆེན་པོ་བསྐྲུན་ཏེ། ཁ་ཅིག་ལྷ་རྣམས་སུ་ཉེ་བར་སྐྱེ་བར་འགྱུར་རོ། །དེའི་ཚེ་འཆད་པར་བྱེད་པའི་མི་མུ་སྟེགས་ཀྱི་ཚོགས་ཀྱིས་སམ། འོད་གསལ་གྱི་ལྷ་ཡང་སྨྲ་བར་འགྱུར་ཏེ། ཆོས་ཀྱི་རྒྱལ་པོ་སྐྱེས་བུ་བཞིན་ནོ། །དེ་ལས་ཆོས་ཐོས་ཏེ་འདོད་པ་ལ་ རྣམ་པར་སྨད་དེ་དགའ་བ་དང་ལྡན་པའི་བསམ་གཏན་གཉིས་པ་ཡང་དག་པར་བསྐྱེད་དེ། བསམ་གཏན་གཉིས་པའི་ས་ལས་གཞན་ཏིང་ངེ་འཛིན་རྣམ་པར་སྤངས་ཏེ། ལྷའི་རིས་དེ་ཉིད་དུ་འོད་གསལ་དུ་འགྲོ་བར་འགྱུར་རོ། །འདི་ནི་བསྐལ་པ་བཅུས་སྟོང་གི་འཇིག་རྟེན་གྱི་སེམས་ཅན་རྣམས་འཇིག་རྟེན་ པར་འགྱུར་བའོ། །དེའི་རྗེས་སུ་བསྐལ་པ་ཕྱེད་དང་བཅས་པའི་གཅིག་ཏུ་སྣོད་ཀྱི་འཇིག་རྟེན་སྟོང་པར་རོ། །ལྷ་རྣམས་ཆར་འབེབས་པར་མི་འགྱུར་རོ། །དེའི་ཚེ་ཤིང་གེལ་བ་ཉལ་སྟོང་ལ་སོགས་པ་ཡོངས་སུ་སྐམས་པར་འགྱུར་རོ། །དེ་རྗེས་སུ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སུ་ཉི་མ་གཉིས་པ་སྔོན་མའི་ གཉིས་འགྱུར་གྱི་ཚད་ཀུན་དུ་ཤར་ཏེ་འོག་ཏུ་མ་ལུས་པ་སྲེག་པ་ནི་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་སོ། །དེའི་ཚེ་འབབ་ཆུ་ལ་སོགས་པ་ཆུ་བཞི་ཐམས་ཅད་སྐམས་པར་འགྱུར་རོ། །དེ་རྗེས་སུ་འཐབ་བྲལ་ལྷའི་རྩེ་མོ་རུ་ཉི་མ་གསུམ་པ་ཉི་མ་གཉིས་པའི་ཉིས་འགྱུར་གྱི་ཚད་འོག་ཏུ་སྲེག་པ་ནི་ ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་སོ། །དེའི་ཚེ་མཚོ་ཆེན་པོ་མ་དྲོས་པ་ལ་སོགས་པ་ཡོངས་སུ་སྐམས་པར་འགྱུར་རོ། །དེའི་རྗེས་སུ་ཉི་མ་བཞི་པ་ཉི་མ་གསུམ་པའི་ཉིས་འགྱུར་གྱི་ཚད་དགའ་ལྡན་གྱི་རྩེ་མོ་རུ་ཀུན་དུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་འོག་ཏུ་སྲེག་པར་ བྱེད་དོ། །དེའི་ཚེ་ཆུ་བོ་ཆེན་པོ་བདུན་རྣམ་པར་སྐམས་པར་འགྱུར་རོ། །དེའི་རྗེས་སུ་ཉི་མ་ལྔ་པ་ཉི་མ་བཞི་པའི་ཉིས་འགྱུར་གྱི་ཚད་འཕྲུལ་དགའི་རྩེ་མོ་རུ་ཀུན་དུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་འོག་ཏུ་སྲེག་པར་བྱེད་དོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ཐམས་ཅད་ལྷག་མ་དང་བཅས་པ་ རྣམ་པར་སྐམས་པར་འགྱུར་ཏེ། རིམ་གྱིས་གན་རྒྱལ་གྱི་ལུས་སུ་འབྱུང་བར་འགྱུར་རོ། །དེའི་རྗེས་སུ་ཉི་མ་དྲུག་པ་ཉི་མ་ལྔ་པའི་ཉིས་འགྱུར་གྱི་ཚད་གཞན་འཕྲུལ་དབང་བྱེད་ཀྱི་རྩེ་ལ་ཀུན་དུ་ཤར་ཏེ་ཕྱེད་དང་བཅས་པའི་བསྐལ་པ་གཅིག་གིས་འོག་ཏུ་སྲེག་པར་བྱེད་དོ། །དེའི་ཚེ་རི་རབ་ལ་སོགས་པའི་ རི་རྣམས་དང་ས་ཆེན་པོ་རྣམས་ལས་དུ་བ་འཐུལ་བར་འགྱུར་རོ། །དེའི་རྗེས་སུ་ཉི་མ་བདུན་པ་ཉི་མ་དྲུག་པའི་ཉིས་འགྱུར་གྱི་ཚད་བསམ་གཏན་དང་པོའི་རྩེ་མོ་ལ་ཤར་ཏེ། བསྐལ་པ་གཅིག་གིས་འོག་ཏུ་ཐམས་ཅད་ལྷག་མ་དང་བཅས་པ་སྲེག་པར་བྱེད་དོ། །དེའི་ཚེ་བསམ་གཏན་དང་པོའི་བར་དུ་ ཐལ་བའི་ལྷག་མ་ཡང་མ་ལུས་པར་འགྱུར་རོ། །དེ་ལྟར་ཐམས་ཅད་བསྲེགས་ཏེ་རང་ཉིད་ཀྱིས་ཉེ་བར་ཞི་བར་འགྱུར་ཏེ། བུད་ཤིང་མ་ཚང་བའི་མེ་བཞིན་ནོ། །དུས་གཅིག་ཏུ་སྟོང་གི་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་རོ། །མེ་ཆུ་རླུང་གི་འཇིག་པ་གསུམ་ནི་བར་ཆད་མེད་པར་ ༄༅། །རིམ་གྱིས་གསུམ་ཀ་འབྱུང་བའི་ངེས་པ་མེད་དེ། མེའི་འཇིག་པ་འབྱུང་བའི་ཚེ་ཆུ་རླུང་གི་འཇིག་པ་མི་འབྱུང་ལ། ཆུས་འཇིག་པ་ན་མེ་རླུང་གི་འཇིག་པ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་རླུང་ཡང་ངོ༌། །འཇིག་པ་རེ་རེ་ལ་བར་གྱི་བསྐལ་པ་ཉི་ཤུའོ། །དེས་ན་བར་གྱི་བསྐལ་ པ་ཉི་ཤུ་འཇིག་པའི་བསྐལ་པ་ཆེན་པོའོ། །དེ་བཞིན་དུ་གསུངས་ཏེ། ཚངས་པ་གཅིག་པུ་བསྐལ་པ་བཅུ་རུ་གནས། །དེ་ཡི་འཁོར་གནས་བསྐལ་པ་གཅིག་གིས་བཞེངས། །ཚངས་རིས་ནས་ནི་འཐབ་བྲལ་མཐར་ཐུག་པ། །སོ་སོར་བསྐལ་པ་རེ་རེས་འབྱུང་བར་འགྱུར། །ས་གཞི་རི་སོགས་ བསྐལ་པ་གཅིག་གིས་བཞེངས། །རང་ཉིད་འོད་ཟེར་བསྐལ་པ་གཉིས་ཀྱིས་བཞེངས། །ཉི་མ་ཤར་བ་ལ་ནི་རབ་ཏུ་རེག །འདི་ལྟར་འཆགས་བཞིན་པ་སྟེ་ཉི་ཤུའོ། །ས་ཡི་ཞག་དང་ཁུར་བ་ཚལ་དང་ནི། །སཱ་ལུ་འབྲས་ཏེ་འདི་རྣམས་བདེ་གནས་ནི། །བརྒྱད་དེ་གཞན་ཡང་ཐོག་མཐའ་བདེ་སྡུག་ འགྱུར། །སྤུན་མ་བྱུང་བ་ལ་སོགས་བཅུ་གཉིས་ནི། །འདི་རྣམས་ཆགས་ནས་འཇིག་པ་ཉི་ཤུའོ། །དེ་ནས་བསྐལ་པ་བཅུ་ཡིས་སེམས་ཅན་རྣམས། །བདེ་བ་ལྡན་པར་ཀུན་དུ་འཇིག་པར་འགྱུར། །དེ་ནས་ཕྱེད་བཅས་བསྐལ་པར་ཆར་མེད་དོ། །དེ་ནས་གཞན་དུ་ཉི་མ་ལྔ་རྣམས་ལ། །སོ་སོ་ལ་ནི་བསྐལ་ པ་གཅིག་དང་ཕྱེད། །རྩེ་ལ་ཤར་ཏེ་འོག་ཏུ་སྲེག་པར་བྱེད། །བསྐལ་པ་གཅིག་གིས་བསྐལ་པ་བདུན་པ་ཡི། །ཐམས་ཅད་སྲེག་པར་བྱེད་དེ་ཉི་ཤུའོ། །ཀུན་དུ་འཇིག་པར་འགྱུར་ཏེ་འདི་རྣམས་ནི། །དེས་ན་འཇིག་པའི་བསྐལ་པ་ཉི་ཤུ་ཉིད། །དེའི་རྗེས་སུ་དེ་ལྟར་གནས་རྣམས་སྟོང་པ་ནམ་མཁའ་ ཙམ་དུ་བསྐལ་པ་ཉི་ཤུ་ཉིད་དུ་གནས་པར་འགྱུར་རོ། །དེ་ནས་ཡང་སྔོན་བཞིན་དུ་འཆགས་པ་ལ་སོགས་པ་ཐམས་ཅད་དོ། །དེ་རྗེས་སུ་འགའ་ཞིག་གི་ཚེ་བསམ་གཏན་གཉིས་ན་གནས་པའི་སེམས་ཅན་རྣམས་དགའ་བ་དང་བཅས་པ་དོན་གྱི་འདོད་པ་སུན་ཕྱུང་སྟེ། བསམ་གཏན་གསུམ་པ་ཡང་དག་ པར་བསྐྱེད་དེ། དེ་ནས་འཕོས་ཏེ་བསམ་གཏན་གསུམ་པར་ཀུན་དུ་སྐྱེའོ། །དེ་རྗེས་སུ་དེ་རུ་ཟླ་བ་བདུན་འཆར་བར་འགྱུར་རོ། །ཟླ་བ་ཤར་བའི་རྐྱེན་གྱིས་ཆུ་ཀུན་དུ་འཁོར་བར་རབ་ཏུ་འཕེལ་ཏེ། བསམ་གཏན་གཉིས་པ་ཁོར་ཡུག་ཏུ་ཉམས་པར་འགྱུར་རོ། །དེ་རྗེས་སུ་བདེ་བ་དང་བཅས་པའི་ འདོད་པ་ནི་སྐྱོན་མང་བ་སྣང་བ་ཞེས་རིག་སྟེ། བསམ་གཏན་གསུམ་པ་གནས་པའི་སེམས་ཅན་རྣམས་བསམ་གཏན་བཞི་པ་ཡང་དག་པར་བསྐྱེད་དེ། དེའི་རྐྱེན་གྱིས་ཡང་བསམ་གཏན་གསུམ་པ་ནས་འཕོས་ཏེ། བསམ་གཏན་བཞི་པ་འཇིག་པའི་རྩེ་མོ་འབྲས་བུ་ཆེ་བ་ཞེས་པའི་ལྷའི་རིས་སུ་ཀུན་ དུ་ཉེ་བར་སྐྱེའོ། །དེའི་ཚེ་སྣོད་ཀྱི་འཇིག་རྟེན་མ་ལུས་པར་ཞིག་པར་གྱུར་པ་ན། ཤིན་ཏུ་དག་པའི་རླུང་ཀུན་དུ་འཁོར་བར་རབ་ཏུ་རྒྱུའོ། །རླུང་དེས་ཐམས་ཅད་རྣམ་པར་བཤིག་ནས་འཇིག་པ་གསུམ་རྫོགས་པར་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་ འཇིག་པའོ། །འཇིག་པ་གསུམ་པོ་འདིས་ནི་འཇིག་པ་གཉིས་རྫོགས་པར་གྱུར་ཏེ། འདི་ལྟ་སྟེ། སེམས་ཅན་འཇིག་པ་དང༌། སྣོད་འཇིག་པའོ། །དེ་ལྟར་འཇིག་པ་ལྷག་མ་ལ་མི་མཇེད་ཅེས་པའི་འཇིག་རྟེན་གྱི་ཁམས་ལྷག་མ་དང་བཅས་པ་རྣམ་པར་རླག་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་ གཞན་ཡང་དུས་ཅི་ལྟ་བ་བཞིན་དུ་དེ་བཞིན་དུ་འཇིག་པ་དང་འཆགས་པའི་ཆོས་ཅན་ནོ། །ཡང་གསུངས་ཏེ། འཇིག་རྟེན་གསུམ་གྱི་མི་མཇེད་ཅེས་པའི་གནས་དང་སེམས་ཅན་མ་ལུས་པ། །ཀུན་ཀྱང་མེད་པར་འགྱུར་ཞིང་གང་འདི་འཇིག་པ་རྣམ་གསུམ་གཡང་གི་དབང༌། །དེ་ལྟར་གཞན་ཡང་ ཁམས་དང་སེམས་ཅན་མཐའ་མེད་གནས་རྣམས་ཟད་པར་འགྱུར། །དེས་ན་འདུས་བྱས་བརྟན་ཡོད་མིན་ཞེས་ཐུབ་པའི་བསྟན་པ་བདེན་པ་ཉིད་ཅེས་སོ། །བསྐལ་པའི་ཚད་ཀྱང༌། འཕང་དང་ལོགས་ལ་རྒྱང་གྲགས་གཉིས་ཡོངས་སུ་གཞལ་བའི་རྒྱུ་བཞི་པ་བྱས་ཏེ། ཉུངས་ཀར་གྱིས་སྤྱི་ ཕུད་མེད་པར་ཡོངས་སུ་གང་བར་བྱས་ནས། གནས་དེ་ནས་ལོ་བརྒྱ་བརྒྱར་གྱུར་པ་ན། ཉུངས་ཀར་རེ་རེ་བྱུང་བས་ཉུངས་ཀར་ཐམས་ཅད་ཡོངས་སུ་ཟད་པ་ཙམ་གྱིས་འཛད་པར་འགྱུར་བའི་དུས་དེ་བར་གྱི་བསྐལ་པའོ། །བར་གྱི་བསྐལ་པ་དེས་འཇིག་པ་དང་ཆགས་པའི་རྣམ་པར་གཞག་པ་ནི་ བར་གྱི་བསྐལ་པ་བརྒྱད་ཅུར་འགྱུར་བ་ཡིན་ནོ། །བར་གྱི་བསྐལ་པ་བརྒྱད་ཅུ་ནི་བསྐལ་པ་ཆེན་པོའོ། །ཡང་ན་བསྐལ་པ་ཆེན་པོ་ཡོངས་སུ་གཞལ་བ་ནི་འདི་ལྟ་སྟེ། འཕང་དང་འཁོར་བར་དཔག་ཚད་ཀྱིས་ཡོངས་སུ་གཞལ་བའི་གནས་སྤྱི་ཕུད་དུ་ཉུངས་ཀར་གྱིས་ཡོངས་སུ་གང་བར་བྱས་ཏེ། ༄༅། །གནས་དེ་ལས་ལོ་བརྒྱ་བརྒྱ་ན་ཉུངས་ཀར་རེ་རེ་ཕྱུང་བས་ཉུངས་ཀར་མ་ལུས་པར་ཟད་པར་དུས་ཅི་སྲིད་ཀྱིས་འགྱུར་བའི་དུས་དེ་སྲིད་ལ་བསྐལ་པ་ཆེན་པོའོ་ཞེས་སོ། །དེ་བཞིན་དུ་བཟང་པོ་ལ་སོགས་པའི་བསྐལ་པ་ཆེན་པོ་ནི་གྲངས་ཀྱིས་གནས་གཞན་དྲུག་ཅུར་སོན་པ་རྗེས་ སུ་ཐོབ་པ་ནི་གྲངས་མེད་ཅེས་བརྗོད་དོ། །དེ་ལ་གནས་དྲུག་ཅུ་ནི་འདི་ལྟ་སྟེ། གཅིག་གཅིག་བཅུ་ལ་བཅུའོ། །བཅུ་བཅུ་ལ་བརྒྱའོ། །བརྒྱ་བཅུ་ལ་སྟོང་ངོ༌། །སྟོང་བཅུ་ལ་ཁྲིའོ། །ཁྲི་བཅུ་ལ་འབུམ་མོ། །འབུམ་བཅུ་ལ་ས་ཡའོ། །ས་ཡ་བཅུ་ལ་བྱེ་བའོ། །བྱེ་བ་བཅུ་ལ་དུང་ཕྱུར་རོ། ། དུང་ཕྱུང་བཅུ་ལ་ཐེར་འབུམ་མོ། །ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོའོ། །ཐེར་འབུམ་ཆེན་པོ་བཅུ་ལ་ཁྲག་ཁྲིག་གོ། །ཁྲག་ཁྲིག་བཅུ་ལ་ཁྲག་ཁྲིག་ཆེན་པོའོ། །ཁྲག་ཁྲིག་ཆེན་པོ་བཅུ་ལ་ཕྱལ་ཕྱོལ་ལོ། །ཕྱལ་ཕྱོལ་བཅུ་ལ་ཕྱལ་ཕྱོལ་ཆེན་པོའོ། །ཕྱལ་ཕྱོལ་ཆེན་པོ་བཅུ་ལ་རབ་བཀྲམ་མོ། །དེ་ བཅུ་ལ་རབ་བཀྲམ་ཆེན་པོའོ། །དེ་བཅུ་ལ་གཏམས་པའོ། །དེ་བཅུ་ལ་གཏམས་པ་ཆེན་པོའོ། །དེ་བཅུ་ལ་མི་སྤྱོད་པའོ། །དེ་བཅུ་ལ་མི་སྤྱོད་པ་ཆེན་པོའོ། །དེ་བཅུ་ལ་ཁྱད་ཕྱིན་ནོ། །དེ་བཅུ་ལ་ཁྱད་ཕྱིན་ཆེན་པོའོ། །དེ་བཅུ་ལ་ཡང་སྟེངས་སོ། །དེ་བཅུ་ལ་ཡང་སྟེངས་ཆེན་པོའོ། །དེ་བཅུ་ལ་དེང་འདྲེན་ ནོ། །དེ་བཅུ་ལ་དེང་འདྲེན་ཆེན་པོའོ། །དེ་བཅུ་ལ་པད་མའོ། །དེ་བཅུ་ལ་པད་མ་ཆེན་པོའོ། །དེ་བཅུ་ལ་མཐའ་སྣང་ངོ༌། །དེ་བཅུ་ལ་མཐའ་སྣང་ཆེན་པོའོ། །དེ་བཅུ་ལ་རྒྱུ་རིག་གོ། །དེ་བཅུ་ལ་རྒྱུ་རིག་ཆེན་པོའོ། །དེ་བཅུ་ལ་འོད་མཛེས་སོ། །དེ་བཅུ་ལ་འོད་མཛེས་ཆེན་པོའོ། །དེ་བཅུ་ལ་དབང་པོའོ། ། དེ་བཅུ་ལ་དབང་པོ་ཆེན་པོའོ། །དེ་བཅུ་ལ་རྒྱ་མཚོའོ། །དེ་བཅུ་ལ་རྒྱ་མཚོ་ཆེན་པོའོ། །དེ་བཅུ་ལ་ལེགས་བྱིན་ནོ། །དེ་བཅུ་ལ་ལེགས་བྱིན་ཆེན་པོའོ། །དེ་བཅུ་ལ་རྟོགས་འགྲོའོ། །དེ་བཅུ་ལ་རྟོགས་འགྲོ་ཆེན་པོའོ། །དེ་བཅུ་ལ་གཟུགས་སྐྱེས་སོ། །དེ་བཅུ་ལ་གཟུགས་སྐྱེས་ཆེན་པོའོ། །དེ་བཅུ་ ལ་དགྲ་རླབས་སོ། །དེ་བཅུ་ལ་དགྲ་རླབས་ཆེན་པོའོ། །དེ་བཅུ་ལ་རྒྱ་རྟགས་སོ། །དེ་བཅུ་ལ་རྒྱ་རྟགས་ཆེན་པོའོ། །དེ་བཅུ་ལ་སྟོབས་འཁོར་རོ། །དེ་བཅུ་ལ་སྟོབས་འཁོར་ཆེན་པོའོ། །དེ་བཅུ་ལ་བརྡ་ཤེས་སོ། །དེ་བཅུ་ལ་བརྡ་ཤེས་ཆེན་པོའོ། །དེ་བཅུ་ལ་རིན་མཆོག་ གོ། །དེ་བཅུ་ལ་རིན་མཆོག་ཆེན་པོའོ། །དེ་བཅུ་ལ་ཤང་ཀུའོ། །དེ་བཅུ་ལ་ཤང་ཀུ་ཆེན་པོའོ། །དེ་བཅུ་ལ་རྣམ་འབྱུང་ངོ༌། །དེ་བཅུ་ལ་རྣམ་འབྱུང་ཆེན་པོའོ། །དེ་བཅུ་ལ་སྟོབས་མིག་གོ། །དེ་བཅུ་ལ་སྟོབས་མིག་ཆེན་པོའོ། །ཞེས་གནས་དྲུག་ཅུ་པའོ། །ཁ་ཅིག་གྲངས་མེད་ནི་ གནས་བཅོ་བརྒྱད་པ་ལས་འདས་པའོ་ཞེས་ཟེར་རོ། །འཕགས་པ་གནས་བརྟན་པ་ནི་གཅིག་ནས་བཟུང་སྟེ་སྔོན་བཞིན་དུ་ལྔ་བརྒྱ་རྩ་ལྔ་པའི་གྲངས་ཀྱི་གནས་སུ་ཕྱིན་པ་འདི་ནི་བསྐལ་པ་གྲང་མེད་ཆུང་ངུའོ། །དེ་ནས་བསྐལ་པ་གྲངས་མེད་ཆུང་ངུ་དང་པོའི་གནས་གཅིག་ཏུ་བགྲངས་ཏེ། དེ་ཁོ་ན་བཞིན་དུ་ལྔ་བཅུ་རྩ་ ལྔ་པའི་གནས་སུ་སོན་པ་ནི་བསྐལ་པ་གྲངས་མེད་པའོ་ཞེས་ཟེར་རོ། །འཕགས་པ་མང་པོས་བཀུར་བ་ནི། ཤཱཀྱ་ཐུབ་པ་འདིས། གྲངས་མེད་དང་པོ་ལ་སྔོན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ནས་བཟུང་སྟེ། སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་བདུན་དང༌། གྲངས་མེད་གཉིས་པ་ལ་སངས་རྒྱས་སྟོང་ ཕྲག་བདུན་ཅུ་རྩ་དྲུག་དང༌། གྲངས་མེད་གསུམ་པ་ལ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་ལྔ་པ་སངས་རྒྱས་དབང་པོ་རྒྱལ་མཚན་གྱི་མཐར་ཐུག་པ་རྣམས་མཉེས་པར་བྱས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་གསུངས་སོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་པ་ ན་རེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །གང་གི་དྲུང་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས། རྣམ་པ་འདི་ལྟ་བུ་ཁོ་ནར་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་དང་པོ་སྨོན་ལམ་མཛད་དོ། །དེ་ནས་བཟུང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་དང་པོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་གྱི་མཐར་ཐུག་པ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་ལྔ་མཉེས་པར་བྱའོ། །དེ་ནས་བསྐལ་པ་གྲངས་མེད་གཉིས་པ་ལ་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་གྱི་དེ་ མ་ཐག་གི་སངས་རྒྱས་ནས་བཟུང་སྟེ། སངས་རྒྱས་མར་མེ་མཛད་ཀྱི་མཐར་ཐུག་པ་སངས་རྒྱས་སྟོང་ཕྲག་བདུན་ཅུ་རྩ་དྲུག་མཉེས་པར་བྱས་སོ། །དེ་ནས་བསྐལ་པ་གྲངས་མེད་གསུམ་པ་ལ་སངས་རྒྱས་མར་མེ་མཛད་ཀྱི་དེ་མ་ཐག་གི་སངས་རྒྱས་ནས་བཟུང་སྟེ། སངས་རྒྱས་སྟོང་ཕྲག་བདུན་ཅུ་ ༄༅། །རྩ་བདུན་མཉེས་པར་བྱས་སོ། །དེའི་ཚེ་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །དེ་ནས་ཕུ་གཅིག་ཏུ་དེ་བཞིན་གཤེགས་པ་སྐར་རྒྱལ་གཟི་བརྗིད་ཀྱི་དབྱིངས་སུ་མཉམ་པར་ཞུགས་པ་མཐོང་ཞིང་རབ་ཏུ་དང་བ་ཆེན་པོས་བརྩོན་འགྲུས་བརྩམས་ནས་རྐང་པ་གཅིག་ གིས་གནས་ཏེ། ལྷའི་ཡུལ་དང་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཉི་མ་བདུན་དུ་སྡོད་པས། བསྐལ་པ་ཆེན་པོ་དགུ་ཕྱིར་བཟློག་པར་གྱུར་ཏོ། །དེའི་རྗེས་སུ་སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་ནས་འོད་སྲུངས་ཀྱི་མཐར་ཐུག་པར་མཉེས་པར་བྱས་ནས། བསྐལ་པ་ཆེན་པོ་ དགུ་བཅུ་རྩ་གཅིག་ཏུ་མཚན་བཟངས་ཀྱི་ལས་མཛད་དེ། བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་གི་རྩེ་མོ་ལ་དགའ་ལྡན་གྱི་གནས་སུ་གནས་པ་ལ་སོགས་པ་རྣམ་པར་བཟུང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་ཟེར་རོ། །འཕགས་པ་གནས་བརྟན་ན་ རེ༑ ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་པ་ཆེན་པོ་ཉི་ཤུ་དང་བསྐལ་པ་འབུམ་ཕྲག་གཅིག་ལྷག་པས་ཐམས་ཅད་མཁྱེན་པ་རབ་ཏུ་བསྒྲུབས་སོ་ཞེས་ཟེར་རོ། །དེ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་བསྐལ་པ་གྲངས་མེད་བདུན་གྱིས་སངས་རྒྱས་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལྷག་པའི་འབུམ་ཕྲག་གཅིག་མཉེས་ པར་བྱས་ཤིང་བསམ་པ་ཙམ་ཉིད་ཀྱིས་བྱང་ཆུབ་དོན་དུ་སྨོན་ལམ་མཛད་དོ། །བསྐལ་པ་གྲངས་མེད་གཞན་དགུས་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བདུན་པའི་འབུམ་ཕྲག་གསུམ་མཉེས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་ཅིང་སེམས་དང་ངག་གིས་སྨོན་ལམ་མཛད་དོ། །བསྐལ་པ་གྲངས་མེད་ གཞན་བཞིས་སངས་རྒྱས་བཅུ་གཉིས་མཉེས་པར་བྱས་ཤིང་བྱང་ཆུབ་དོན་དུ་སྤྱད་པ་ལ་སྤྱོད་ཅིང་ལུས་དང་ངག་དང་ཡིད་ཀྱིས་བྱང་ཆུབ་དོན་དུ་སྨོན་པ་མཛད་དོ། །བསྐལ་པ་འབུམ་ཕྲག་གཅིག་གིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་སངས་རྒྱས་བཅོ་ལྔ་མཉེས་པར་བྱས་ཏེ། བྱང་ཆུབ་ སེམས་དཔའི་སྤྱད་པ་ལ་སྤྱོད་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཕྲན་ཐམས་ཅད་རྫོགས་པར་བྱས་ཏེ། བསྐལ་པ་འབུམ་ཕྲག་གི་རྩེ་མོ་ལ་སྟོན་པས་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ཏོ། །རབ་ཏུ་སྤྲོས་པ་ནི་དགའ་བ་ཞེས་བྱ་བའི་བསྐལ་པ་གྲངས་མེད་དང་པོ་ལ་བཅོམ་ལྡན་འདས་ལྷག་པའི་ལྷ་ཞེས་ བྱ་བ་འཁོར་ལོས་སྒྱུར་བ་མིའི་བདག་པོར་གྱུར་པས་ཐོག་མ་མེད་པའི་འཁོར་བ་རུ་སྔོན་མ་མཐོང་བ་སངས་རྒྱས་ཚངས་པའི་ལྷ་མཐོང་བས་རྣམ་པ་འདི་ལྟ་བུར་བདག་སངས་རྒྱས་ཉིད་དུ་གྱུར་ཅིག་ཅེས་བསམས་པ་ཙམ་གྱིས་མངོན་པར་འདོད་དོ། །གྲངས་མེད་དགའ་བ་དེ་ལ་སངས་རྒྱས་ཚངས་པའི་ལྷ་ལ་སོགས་ པས་སངས་རྒྱས་ལྔ་སྟོང་མཉེས་པར་བྱས་སོ། །གྲངས་མེད་གཉིས་པ་མཛེས་དགའ་ལ་སངས་རྒྱས་སྟོང་ཕྲག་དགུ་མཉེས་པར་བྱས་སོ། །གྲངས་མེད་གསུམ་པས་གཞིའི་མིང་ཅན་ལ་སངས་རྒྱས་སྟོང་ཕྲག་བཅུ་མཉེས་པར་བྱས་སོ། །གྲངས་མེད་བཞི་པ་སྙིང་པོ་ཞེས་པ་ལ་སངས་རྒྱས་སྟོང་ཕྲག་བཅུ་ གཅིག་མཉེས་པར་བྱས་སོ། །གྲངས་མེད་ལྔ་པ་འཛིན་གཟུགས་ཞེས་པའི་མིང་ཅན་སངས་རྒྱས་སྟོང་ཕྲག་ཉི་ཤུ་མཉེས་པར་བྱས་སོ། །གྲངས་མེད་དྲུག་པ་རྒྱ་མཚོ་ཞེས་པ་ལ་སངས་རྒྱས་སྟོང་ཕྲག་སུམ་ཅུ་མཉེས་པར་བྱས་སོ། །གྲངས་མེད་པདྨ་དཀར་པོ་ལ་སངས་རྒྱས་སྟོང་ཕྲག་བཞི་བཅུ་མཉེས་ པར་བྱས་སོ། །ཐམས་ཅད་བཟང་པོ་ཞེས་གྲངས་མེད་བརྒྱད་པ་ལ་སྔོན་གྱི་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་སྟོང་ཕྲག་ལྔ་བཅུ་མཉེས་པར་བྱས་སོ། །གྲངས་མེད་པདྨ་དཀར་པོའི་དེ་མ་ཐག་ཏུ་ཐམས་ཅད་བཟང་པོའི་དང་པོར་འཁོར་ལོ་རྒྱ་མཚོ་ཞེས་པའི་བྱང་ཆུབ་སེམས་དཔར་གྱུར་པས་སྔོན་གྱི་ སངས་རྒྱས་ཤཱཀྱ་ཐུབ་པ་མཐོང་ནས་རབ་ཏུ་དང་བ་ཆེན་པོས་ཡིད་དང་ངག་གིས་འདི་ལྟ་བུར་གྱུར་པ་བཞིན་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་མཛད་དོ། །དེའི་རྗེས་སུ་ཐམས་ཅད་བཟང་པོ་ཞེས་པའི་གྲངས་མེད་བརྒྱད་པ་ལ་སྔོན་གྱི་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་སྟོང་ཕྲག་ལྔ་བཅུ་ མཉེས་པར་བྱས་སོ། །ཐམས་ཅད་རྒྱས་པ་ཞེས་པའི་གྲངས་མེད་དགུ་པ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་མཉེས་པར་བྱས་སོ། །ཐམས་ཅད་རིན་ཆེན་ཞེས་པའི་གྲངས་མེད་བཅུ་པ་ལ་སངས་རྒྱས་སྟོང་ཕྲག་བདུན་ཅུ་མཉེས་པར་བྱས་སོ། །ཕུང་པོ་གཙོ་བོ་ཞེས་པ་གྲངས་མེད་བཅུ་གཅིག་པ་ལ་སངས་ རྒྱས་སྟོང་ཕྲག་བརྒྱད་ཅུ་མཉེས་པར་བྱས་སོ། །ནོར་བུ་བཟང་པོ་ཞེས་པའི་གྲངས་མེད་བཅུ་གཉིས་པ་ལ་སངས་རྒྱས་སྟོང་ཕྲག་དགུ་བཅུ་མཉེས་པར་བྱས་སོ། །པདྨ་ཞེས་པའི་གྲངས་མེད་བཅུ་གསུམ་པ་ལ་སངས་རྒྱས་སྟོང་ཕྲག་ཉི་ཤུ་མཉེས་པར་བྱས་སོ། །ཁྱུ་མཆོག་ཅེས་པའི་གྲངས་མེད་ ༄༅། །བཅུ་བཞི་པ་ལ་སངས་རྒྱས་སྟོང་ཕྲག་བཅུ་མཉེས་པར་བྱས་སོ། །བཤེས་གཉེན་དམ་པ་ཞེས་པའི་གྲངས་མེད་བཅོ་ལྔ་པ་ལ་སངས་རྒྱས་སྟོང་ཕྲག་ལྔ་མཉེས་པར་བྱས་སོ། །ཐམས་ཅད་སྐྱོང་ཞེས་པའི་གྲངས་མེད་བཅུ་དྲུག་པ་ལ་སངས་རྒྱས་སྟོང་ཕྲག་གཉིས་མཉེས་ པར་བྱས་སོ། །དེའི་རྗེས་སུ་ཐམས་ཅད་སྐྱོབ་ཅེས་པའི་གྲངས་མེད་ཀྱི་མཐའ་མ་རི་བོ་ཞེས་པའི་གྲངས་མེད་ཀྱི་སྔོན་སྙིང་པོ་མཆོག་གི་བསྐལ་པ་སངས་རྒྱས་རྟ་རྣ་ཀར་དང༌། ཡིད་གཞུངས་མཛད་དང༌། སྐྱབས་གཡོགས་མཛད་རྣམས་མཉེས་པར་བྱས་ཤིང༌། བསྐལ་པ་དེ་ཉིད་ལ་བཅོམ་ལྡན་ འདས་དྲང་སོང་ཡིད་གཞུངས་མཆོག་ཏུ་གྱུར་པས་སངས་རྒྱས་མར་མེ་མཛད་མཉེས་པར་མཛད་དེ། སངས་རྒྱས་མར་མེ་མཛད་དེ་ཉིད་ལས་ངེས་པའི་ལུང་བསྟན་པ་སོ་སོར་ཐོབ་བོ། །གྲངས་མེད་བདུན་པ་རི་བོ་ཞེས་པ་ལ་སངས་རྒྱས་མེད་པ་ངན་འགྲོ་ལྟ་བུ་ཞེས་བརྗོད་དོ། །གྲངས་མེད་རི་བོའི་ མཐའ་མ་གྲངས་མེད་སྣང་བའི་སྔོན་དུ་སྙིང་པོ་ཞེས་པའི་བསྐལ་པ་ལ་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་རྒྱལ་བར་གྱུར་པས་སངས་རྒྱས་ཀཽཎྜ་ཉི་མཉེས་པར་མཛད་དོ། །དེའི་རྗེས་སུ་གྲངས་མེད་སྣང་བ་ཡང་སངས་རྒྱས་ཀྱིས་སྟོང་པ་ངན་འགྲོར་འགྱུར་རོ། །གྲངས་མེད་སྣང་བའི་ མཐའ་མ་གྲངས་མེད་རྒྱལ་བའི་ལས་སྔོན་དུ་སྙིང་པོ་མཆོག་གི་བསྐལ་པ་ལ་བྲམ་ཟེ་མཛེས་པར་གྱུར་པས་སངས་རྒྱས་བཀྲ་ཤིས་མཉེས་པར་བྱས་སོ། །ཀླུའི་རྒྱལ་པོ་མཉམ་མེད་དུ་གྱུར་པས་སངས་རྒྱས་ཡིད་རབ་ཅེས་པ་བསྙེན་བཀུར་བ་དང་ལྡན་པར་འགྱུར་རོ། །བྲམ་ཟེ་ལྷག་པའི་ལྷར་གྱུར་པས་སངས་ རྒྱས་རེ་བ་ཏ་མཉེས་པར་བྱས་སོ། །བྲམ་ཟེ་ལྷག་པའི་ལྷར་གྱུར་པས་སངས་རྒྱས་མཛེས་པ་མཉེས་པར་བྱས་སོ། །དེ་རྗེས་སུ་གྲངས་མེད་རྒྱལ་བ་ལ་སངས་རྒྱས་མེད་པ་ངན་འགྲོ་ཞེས་བརྗོད་དོ། །གྲངས་མེད་རྒྱལ་བའི་མཐའ་མ་གྲངས་མེད་མཛེས་པ་ལས་སྔོན་དུ་བསྐལ་པ་མཆོག་ཅེས་པ་ལ་གནོད་སྦྱིན་སྡེ་ དཔོན་དུ་གྱུར་པ་ན་སངས་རྒྱས་ཀུན་སྣང་མཐོང་ཞེས་པ་མཉེས་པར་བྱས་སོ། །སེང་གེར་གྱུར་པས་སངས་རྒྱས་པདྨ་མཉེས་པར་བྱས་སོ། །དྲང་སྲོང་རབ་བྱུང་དུ་གྱུར་པས་སངས་རྒྱས་ནཱར་དམ་མཉེས་པར་བྱས་སོ། །གྲངས་མེད་མཛེས་པ་ལ་སངས་རྒྱས་མེད་པ་ངན་འགྲོ་ཞེས་བརྗོད་དོ། །གྲངས་ མེད་མཛེས་པའི་མཐའ་མ་བསྐལ་པ་སྙིང་པོ་ཞེས་པ་ལ་བཅོམ་ལྡན་འདས་ཡུལ་ལྗོངས་ཐམས་ཅད་པ་ཞེས་པའི་རལ་པ་ཅན་དུ་གྱུར་པ་སངས་རྒྱས་པདྨའི་བླ་མ་མཉེས་པར་བྱས་སོ། །དེ་རྗེས་སུ་བསྐལ་པ་ཆེན་པོ་སྟོང་ཕྲག་སུམ་ཅུར་སངས་རྒྱས་མེད་པའི་ངན་འགྲོར་གྱུར་ཏོ། །དེ་རྗེས་སུ་བསྐལ་པ་ མཎྜ་ཞེས་པ་ལ་ཁྱེའུ་བླ་མར་གྱུར་པས་སངས་རྒྱས་ཡིད་གཞུངས་མཆོག་མཉེས་པར་བྱས་སོ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་ཟླ་བ་བཟང་པོར་གྱུར་པས་སངས་རྒྱས་དོན་མཐོང་ལ་བསྙེན་བཀུར་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པས་སངས་རྒྱས་ཆོས་མཐོང་མཉེས་པར་བྱས་སོ། །དེ་ནས་བར་ མེད་པར་བསྐལ་པ་དགུ་བཅུ་རྩ་བཞིར་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་རོ། །དེ་མ་ཐག་ཏུ་བསྐལ་པ་སྙིང་པོ་ལ་མ་ཀུ་ལ་ཞེས་པའི་དཀའ་ཐུབ་པར་གྱུར་པས་སངས་རྒྱས་དོན་གྲུབ་བསྟེན་པ་དང་ལྡན་ནོ། །དེ་དང་བར་མེད་པར་བསྐལ་པ་དགུ་བཅུ་རྩ་གཉིས་སུ་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་ རོ། །དེ་དང་བར་མེད་པར་སྙིང་པོ་མཆོག་གི་བསྐལ་པ་ལ་རྗེའུ་རིགས་བཟང་པོ་སྐྱེས་སུ་གྱུར་པས་སངས་རྒྱས་སྐར་རྒྱལ་མཉེས་པར་བྱས་སོ། །རྗེའུ་རིགས་རྣམ་པར་རྒྱལ་པར་གྱུར་པས་སངས་རྒྱས་རྒྱལ་མཉེས་པར་བྱས་སོ། །དེ་དང་བར་མེད་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གོ། །དེ་དང་ བར་མེད་པར་བསྐལ་པ་སྙིང་པོ་ཞེས་པ་ལ་ཀླུའི་རྒྱལ་པོ་མཉམ་མེད་དུ་གྱུར་པས་སངས་རྒྱས་རྣམ་པར་གཟིགས་མཉེས་པར་བྱས་སོ། །དེ་དང་བར་མེད་པར་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་སངས་རྒྱས་མེད་པའི་ངན་འགྲོར་འགྱུར་རོ། །དེ་མ་ཐག་ཏུ་སྙིང་པོ་མཆོག་གི་བསྐལ་པ་ལ་རྒྱལ་པོ་དགུ་འདུལ་དུ་གྱུར་པས་ སངས་རྒྱས་གཙུག་ཏོར་ཅན་མཉེས་པར་བྱས་སོ། །རྒྱལ་པོ་བལྟ་ན་སྡུག་ཏུ་གྱུར་པས་སངས་རྒྱས་ཐམས་ཅད་སྐྱོབ་མཉེས་པར་བྱས་སོ། །དེ་མ་ཐག་ཏུ་བསྐལ་པ་བཟང་པོ་ལ་རྒྱལ་པོ་བཟོད་པར་གྱུར་པས་སངས་རྒྱས་འཁོར་བ་འཇིག་མཉེས་པར་བྱས་སོ། །རྒྱལ་པོ་རི་བོ་ཞེས་པར་གྱུར་པས། སངས་ རྒྱས་གསེར་ཐུབ་མཉེས་པར་བྱས་སོ། །སྣང་བ་གསལ་བ་སྐྱོང་དུ་གྱུར་པས་སངས་རྒྱས་འོད་སྲུངས་མཉེས་པར་བྱས་སོ། །དེའི་རྗེས་སུ་དཔལ་གཞོན་ནུ་དོན་ཐམས་ཅད་གྲུབ་པར་གྱུར་པས་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་མཛད་དེ། ཤཱཀྱ་ཐུབ་པ་ཞེས་པའི་མིང་ཅན་སངས་རྒྱས་སུ་ ༄༅། །གྱུར་ཏོ། །ད་ནི་དེ་མ་ཐག་ཏུ་དུས་མི་རིང་བར་བྱང་ཆུབ་སེམས་དཔའ་བྱམས་པ་རྒྱལ་བ་མི་ཕམ་པ་ཞེས་བྱ་བའི་སངས་རྒྱས་འབྱུང་བར་འགྱུར་རོ། །བདག་ཅག་གི་སྟོན་པ་འདིའི་རྣམ་པར་གཞག་པ་ནི་དེ་ལྟ་བུའོ། །གཞན་གྱི་ནི་གཞན་དུ་སྟེ། །ཡང་གཞན་རྣམས་ནི་ གཞན་དུ་རིག་པར་བྱའོ། །འདི་ལྟ་སྟེ། གང་ཟག་ནི་གསུམ་སྟེ། འདི་ལྟ་སྟེ། ལྷག་པའི་དད་པ་ཅན་དང༌། ལྷག་པའི་བརྩོན་འགྲུས་ཅན་དང༌། ལྷག་པའི་ཤེས་རབ་ཅན་ནོ། །དེ་ལ་ལྷག་པའི་དད་པ་ཅན་ནི་གོ་བར་ངེས་པར་འགྱུར་བ་ཡིན་ནོ། །ལྷག་པའི་བརྩོན་འགྲུས་ཅན་ནི་རྣམ་པར་སྤྲོས་པས་གོ་བར་ འགྱུར་རོ། །ལྷག་པའི་ཤེས་རབ་ཅན་ནི་མགོ་སྨོས་པས་གོ་བར་འགྱུར་རོ། །དེ་ལ་ལྷག་པའི་དད་པ་ཅན་ནི་ལུང་བསྟན་པ་ཐོབ་པ་ནས་བཟུང་སྟེ། བསྐལ་པ་སྟོང་ཕྲག་བརྒྱ་ལྷག་པའི་བསྐལ་པ་གྲངས་མེད་བཅུ་དྲུག་གིས་ཐམས་ཅད་མཁྱེན་པ་མངོན་དུ་བྱེད་པའོ། །ལྷག་པའི་བརྩོན་འགྲུས་ཅན་ནི་ལུང་ བསྟན་པ་ཐོབ་པ་ནས་བཟུང་སྟེ། བསྐལ་པ་འབུམ་ཕྲག་གཅིག་ལྷག་པའི་བསྐལ་པ་གྲངས་མེད་བརྒྱད་ཀྱིས་ཐམས་ཅད་མཁྱེན་པ་མངོན་དུ་ཐོབ་པར་འགྱུར་རོ། །ཤེས་རབ་ལྷག་པ་ཅན་ནི་ལུང་བསྟན་ཐོབ་པ་ནས་བཟུང་སྟེ། བསྐལ་པ་སྟོང་ཕྲག་བརྒྱ་ལྷག་པའི་བསྐལ་པ་གྲངས་མེད་བཞིས་ཐམས་ཅད་ མཁྱེན་པ་མངོན་དུ་བྱེད་དོ་ཞེས་རྣམ་པར་གཞག་པའོ། །ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་བསྐལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཉིད་དུ་འབྱུང་བའོ་ཞེས་ཟེར་རོ། །དེ་ལྟར་ཡང་བསྐལ་པ་གྲངས་མེད་དང་བོས་ཚོགས་ཀྱིས་ནས་བརྩམས་ཏེ་ཅི་སྲིད་དུ་ས་དང་པོ་རྫོགས་པར་འགྱུར་རོ། །བསྐལ་ པ་གྲངས་མེད་གཉིས་པས་དྲི་མ་མེད་པ་ལ་སོགས་པས་དྲུག་རྫོགས་པར་འགྱུར་རོ། །བསྐལ་པ་གྲངས་མེད་གསུམ་པས་མི་གཡོ་བའི་ས་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་རྫོགས་པར་འགྱུར་རོ་ཞེས་མདོ་སྡེ་ལ་སོགས་པ་ལས་སོ། །ཁ་ཅིག་ན་རེ་བྱང་ཆུབ་སེམས་དཔའི་ཐེག་པ་ཉིད་ གསུམ་དུ་ཆོས་མཐུན་པ་ལས་བསྐལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཉིད་ཐོབ་སྟེ། ཡང་དོན་དམ་པར་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་ཀུན་དུ་རྫོགས་པ་ནི་བསྐལ་པ་གྲངས་མེད་གཅིག་འདའ་བར་འགྱུར་རོ། །དེ་རྗེས་སུ་མོས་པས་ སྤྱོད་པའི་ས་ཡོངས་སུ་རྫོགས་པར་འགྱུར་བ་ནི་བསྐལ་པ་གྲངས་མེད་གཉིས་འདའོ། །དེའི་རྗེས་སུ་ས་དང་པོ་རབ་ཏུ་དགའ་བ་ནས་བཟུང་སྟེ་ས་བཅུ་པ་ཆོས་ཀྱི་སྤྲིན་གྱིས་ཇི་སྲིད་དུ་སོ་སོར་བསྐལ་པ་གྲངས་མེད་གསུམ་གྱིས་རྫོགས་པར་བྱས་ཏེ། སངས་རྒྱས་ཀྱིས་ཀུན་དུ་བཟང་པོ་སྒྲུབ་པར་བྱེད་ པར་འགྱུར་རོ། །དེ་ལྟར་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པོ་ཞེས་ཟེར་རོ། །སངས་རྒྱས་འབྱུང་བ་ཡང༌། སྐྱེ་བོ་རྣམས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ལས་འགྲིབ་པ་ནས་བརྩམས་ཏེ། ཅི་སྲིད་དུ་མི་རྣམས་ཚེ་ལོ་བརྒྱར་འགྱུར་པ་འདིའི་བར་དུ་འབྱུང་བ་ཡིན་ནོ། །སྔོན་མི་ རྣམས་ཀྱི་ཚེ་ལོ་འཕེལ་བ་ན་མི་འབྱུང་སྟེ་ཀུན་དུ་སྐྱོ་བ་མེད་པའི་ཕྱིར་རོ། །ཕྱིས་སྐྱེ་བོ་རྣམས་ཀྱི་ཚེ་ཐུང་བ་ལ་ཡང་མ་ཡིན་ཏེ། གང་ལས་དེའི་ཚེ་སྙིགས་མ་རྒྱས་པར་འགྱུར་བས་སོ། །འདི་ལྟ་སྟེ། ཚེའི་སྙིགས་མ་དང༌། བསྐལ་པའི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། ཉོན་མོངས་པའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མའོ། །དང་པོས་ནི་འཚོ་བ་རྒུད་པར་བྱེད་དོ། །གཉིས་པས་ནི་ཕན་པའི་ཚོགས་པ་རྒུད་པར་བྱེད་དོ། །གསུམ་པ་དང་བཞི་པས་ནི་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །ལྔ་པས་ནི་བདག་གི་དངོས་པོ་རྒུད་པར་བྱེད་དོ། །ཚད་གཟུགས་ནད་མེད་པ་སྟོབས་བློ་དྲན་པ་བརྟན་པ་རྣམས་ཉམས་ པར་འགྱུར་བས་སོ། །རང་སངས་རྒྱས་ནི་ཡར་འཕེལ་ལ་ཡང་དང་མར་འགྲིབ་ལ་ཡང་འབྱུང་བར་འགྱུར་རོ། །འཁོར་ལོས་སྒྱུར་བ་ནི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་དང་ཅི་སྲིད་དུ་ལོ་སྟོང་ཕྲག་བརྒྱད་ཅུ་པ་ལ་འབྱུང་བར་འགྱུར་རོ། །མངལ་སྐྱེས་སམ། རྫུས་སྐྱེས་སམ། པདྨའི་སྙིང་པོ་ལས་ སྐྱེས་པ་ཡང་འབྱུང་ངོ༌། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བཞི་སྟེ། འདི་ལྟ་སྟེ། གླིང་གཅིག་གི་བདག་པོ་དང༌། གླིང་གཉིས་ཀྱི་མངའ་བདག་དང༌། གླིང་གསུམ་གྱི་མགོན་པོ་དང༌། གླིང་བཞིའི་དབང་ཕྱུག་གོ། །འདི་རྣམས་གྲངས་ཅི་ལྟ་བ་བཞིན་དུ་བར་སྣང་ལས་འོངས་བའི་ ལྕགས་ཀྱི་འཁོར་ལོ་དང༌། ཟངས་ཀྱི་འཁོར་ལོ་དང༌། དངུལ་གྱི་འཁོར་ལོ་དང༌། གསེར་གྱི་འཁོར་ལོའོ། །འཁོར་ལོ་ཅན་འདི་ཐམས་ཅད་ཀྱི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང༌། གླང་པོ་རིན་པོ་ཆེ་མཆེ་བ་དྲུག་ལྡན་གླང་པོའི་རིགས་ལས་འོངས་པ་གླང་པོ་ཆེ་ ༄༅། །ཐམས་ཅད་ཀྱི་གོང་མའོ། །རྟ་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེ་དང༌། བུད་མེད་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་དང༌། བློན་པོ་རིན་པོ་ཆེའོ། །འཕགས་པ་གནས་བརྟན་ན་རེ། འཁོར་ལོ་རིན་པོ་ཆེ་ནི་ཤར་གྱི་རྒྱ་མཚོ་ལས་འོངས་པས་རྩིབས་[?] སྟོང་དང་ལྡན་པ་ལྟེ་ པ་དང་བཅས་པ་མུ་ཁྱུད་དང་བཅས་པའོ། །གླང་པོ་རིན་པོ་ཆེ་ནི་གླང་པོ་ཆེ་གསོ་སྦྱོང་འཕགས་ཀྱི་རིགས་ལས་འོངས་པ་གླང་པོ་ཆེན་པོ་རྣམས་ཀྱི་གཙོ་བོའོ། །རྟ་རིན་པོ་ཆེ་ནི་སྤྲིན་གྱི་ཤུགས་ཅན་གྱི་རྟའི་རིགས་ལས་འོངས་པའོ། །ནོར་བུ་རིན་པོ་ཆེ་ནི་རི་བོ་ཡངས་པ་ལས་འོངས་པའོ། །བུད་མེད་རིན་ པོ་ཆེ་ནི་བྱང་གི་སྒྲ་མི་སྙན་ལས་འོངས་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་འཛམ་བུ་གླིང་གིའོ། །བུ་ཐུ་བོ་ནི་བློན་པོ་རིན་པོ་ཆེའོ་ཞེས་ཟེར་རོ། །དེ་ལ་གླང་པོ་རིན་པོ་ཆེའི་རིགས་བཅུ་ནི་འདི་ལྟ་སྟེ། གླང་པོ་ཆེ་ནག་པོ་དང༌། གླང་པོ་ཆེ་དམར་སེར་དང༌། གླང་པོ་ཆེ་དམར་སྐྱ་དང༌། ཟངས་ཀྱི་གླང་པོ་ཆེ་དང༌། གླང་པོ་ཆེ་སེར་སྐྱའི་རིགས་དང༌། སྤོས་ཀྱི་གླང་པོའི་རིགས་དང༌། གླང་པོ་ཆེ་བཀྲ་ཤིས་ཀྱི་རིགས་དང༌། གླང་པོ་ཆེ་གསེར་གྱི་རིགས་དང༌། གླང་པོ་ཆེ་གསོ་སྦྱོང་འཕགས་ཀྱི་རིགས་དང༌། གླང་པོ་ཆེ་མཆེ་བ་དྲུག་ལྡན་གྱི་རིགས་སོ། །གླང་པོ་ཆེ་རིགས་བཅུ་པོ་འདི་རྣམས་ཐམས་ཅད་ནི་སོ་སོར་ཕྱི་མ་བཅུ་ འགྱུར་གྱི་སྟོབས་སོ། །གླང་པོ་ཆེ་མཆེ་བ་དྲུག་ལྡན་གྱི་རིགས་སྟོང་ཕྲག་དགུའི་སྟོབས་ནི་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་སྟོབས་ཀྱི་གླང་པོ་སྟོང་ཕྲག་དགུའི་སྟོབས་ཞེས་བརྗོད་དོ། །རྟའི་རིགས་ནི་བཞིའོ། །འདི་ལྟ་སྟེ། །བ་ཌའི་རྟའི་རིགས་དང༌། རྣམ་པར་སྨིན་པའི་རྟའི་རིགས་དང༌། ཅད་ ཤེས་ཀྱི་རྟའི་རིགས་དང༌། སྤྲིན་གྱི་ཤུགས་ཅན་གྱི་རྟའི་རིགས་སོ་ཞེས་སོ། །ཁ་ཅིག་ཏུ་གླིང་བཞི་དབང་ཕྱུག་གི་འཁོར་ལོས་སྒྱུར་བ་འགའ་ཞིག་ལྷའི་འཇིག་རྟེན་དུ་འགྲོ་བར་ཡང་འགྱུར་རོ་ཞེས་ཟེར་རོ། །ལྷའི་འཇིག་རྟེན་དུ་འགྲོ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཡང་རྣམ་པ་དྲུག་སྟེ། འདི་ལྟ་ སྟེ། རྒྱལ་ཆེན་བཞི་པའི་ལྷའི་འཇིག་རྟེན་དུ་འགྲོ་བ་དང༌། སུམ་ཅུ་རྩ་གསུམ་པའི་ལྷའི་འཇིག་རྟེན་དུ་འགྲོ་བ་དང༌། འཐབ་བྲལ་གྱི་ལྷའི་འཇིག་རྟེན་དུ་འགྲོ་བ་དང༌། དགའ་ལྡན་གྱི་ལྷའི་འཇིག་རྟེན་དུ་འགྲོ་བ་དང༌། འཕྲུལ་དགའི་ལྷའི་འཇིག་རྟེན་དུ་འགྲོ་བ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ འཇིག་རྟེན་དུ་འགྲོ་བའོ། །གླིང་བཞི་པ་འཇིག་རྟེན་གྱི་ཁམས་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་དུས་གཅིག་ཏུ་འབྱུང་བ་མ་ཡིན་ཏེ། འགྲན་བཟོད་མེད་པའི་ལས་བྱས་པའི་ཕྱིར་རོ། །སངས་རྒྱས་བཞིའོ། །ཞིང་གཅིག་ཏུ་སངས་རྒྱས་གཉིས་འབྱུང་བ་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་འདུས་ནས་གདུལ་བར་བྱ་བའི་ སྐྱེ་བོ་མི་སྲིད་པའི་ཕྱིར་དང༌། མྱུར་བར་གུས་པའི་དོན་གྱི་ཕྱིར་རོ། །སངས་རྒྱས་གཅིག་ལ་ཤིན་ཏུ་ཆེས་གུས་པར་འགྱུར་ཏེ། འདི་འདྲ་བ་རྙེད་དཀའ་བའོ་ཞེས་བསམས་ནས་བསྟན་པ་སྒྲུབ་པ་ལ་ཤིན་ཏུ་ཆེས་གུས་པར་འགྱུར་རོ། །འདི་ནི་གཤེགས་པའི་མ་ཡོངས་སུ་མྱ་ངན་ལས་འདས་པ་ན་བདག་ དོན་མེད་པར་འགྱུར་ཞེས་སོ། །སྟོང་གསུམ་གྱི་འཇིག་རྟེན་ཁམས་གཞན་དུ་འང་སངས་རྒྱས་ཡོད་པ་ཉིད་དེ། གང་ལས་ཚོགས་བསགས་པ་ལ་འཇུག་པ་མང་དུ་མཐོང་བ་དང༌། ཞིང་གཅིག་ཏུ་མང་པོ་རྣམས་ཅིག་ཅར་དུ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །སྟོང་གསུམ་གཞན་དུ་སངས་རྒྱས་འབྱུང་ བ་ཡོད་པ་གེགས་ཡོད་པ་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོ་གཞན་དུ་ཡང་སངས་རྒྱས་འབྱུང་ངོ་ཞེས་པ་ནི་ངེས་པའོ། །བུད་མེད་ཀྱང་འཁོར་ལོས་སྒྱུར་བ་དང་བརྒྱ་བྱིན་ལ་སོགས་པ་ཐོབ་པར་འགྱུར་བ་ཡིན་ཏེ། བུད་མེད་ནི་གཞན་དབང་དུ་གྱུར་པ་དང༌། བུད་མེད་ལ་སོགས་པའི་རིན་ པོ་ཆེ་རྣམས་ཉེ་བར་ལོངས་སྤྱོད་པའི་ནུས་པ་མེད་པས་སོ། །རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་ཏུ་ལྷག་པར་འགྲོ་བ་ཡང་མ་ཡིན་ནོ། །དེ་ཡང་རིམ་པ་བཞིན་དུ་བསེ་རུ་ལྟ་བུར་འགྲོགས་པ་དང༌། འཇིག་རྟེན་གསུམ་གྱི་སྟོན་པ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ཡང་སྐྱེ་བོ་དམུ་རྒོད་ བགྲོད་བྱ་ཡིན་པ་དང་ཤེས་རབ་ཆུང་བ་དང༌། སློབ་དཔོན་མེད་པར་རྫོགས་པར་བྱང་ཆུབ་པ་མི་རུང་བའི་ཕྱིར་དང༌། ཀུན་སྤྱོད་ལ་ཡང་གཞན་དབང་ཡིན་པའི་ཕྱིར་རོ། །དེ་ནས་བསྐུལ་པ་གང་ལ་སངས་རྒྱས་གང་འབྱུང་ཞེ་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་ལྔ་འབྱུང་ངོ་ཞེས་ཁ་ཅིག་ གོ། །ལྔ་བརྒྱ་ཉིད་དོ་ཞེས་གཞན་དག་གོ། སངས་རྒྱས་སྟོང་ངོ་ཞེས་ཡང་གཞན་དག་གོ། །བསྐལ་པ་བཟང་པོའི་མདོ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་གསུངས་ཏེ། བསྐལ་པ་བཟང་པོས་འདི་ལ་ཕྱིས་སངས་རྒྱས་མེད་པའི་བསྐལ་པ་སྟོང་ཕྲག་དྲུག་ཅུ་འབྱུང་བར་ ༄༅། །འགྱུར་རོ། །དེ་ནས་ཕྱིས་བསྐལ་གྲངས་པ་ཆེན་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །བསྐལ་བ་གཅིག་པོ་དེ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་འབྱུང་བར་འགྱུར་རོ། །བསྐལ་པ་སྐར་མ་ལྟ་བུའི་དེ་མ་ཐག་ཏུ་བསྐལ་པ་བརྒྱ་ཕྲག་གསུམ་དུ་སངས་རྒྱས་འབྱུང་བར་མི་འགྱུར་ རོ། །དེ་ནས་ཕྱིས་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འབྱུང་བར་འགྱུར་རོ། །འཕགས་པ་གནས་བརྟན་པ་ན་རེ། སངས་རྒྱས་སྤྱན་གྱི་བསྐལ་པ་ལྔ་ཉིད་དེ། འདི་ལྟ་སྟེ། སྙིང་པོ་ཞེས་པའི་བསྐལ་ པ་དང༌། སྙིང་པོ་མཆོག་ཅེས་པའི་བསྐལ་པ་དང༌། མཆོག་རབ་ཅེས་པའི་བསྐལ་པ་དང༌། སྙིང་པོའི་སྙིང་པོ་ཞེས་པའི་བསྐལ་པ་དང་བསྐལ་པ་བཟང་པོའོ། །དེ་ལ་སྙིང་པོའི་བསྐལ་པ་ལ་སངས་རྒྱས་གཅིག་ཉིད་འབྱུང་བར་འགྱུར་རོ། །སྙིང་པོ་མཆོག་གི་བསྐལ་པ་ལ་སངས་རྒྱས་གཉིས་ཉིད་ འབྱུང་བར་འགྱུར་རོ། །མཆོག་རབ་ཀྱི་བསྐལ་པ་ལ་སངས་རྒྱས་གསུམ་ཉིད་འབྱུང་བར་འགྱུར་རོ། །སྙིང་པོའི་སྙིང་པོ་བསྐལ་པ་ལ་སངས་རྒྱས་བཞིན་ཉིད་འབྱུང་བར་འགྱུར་རོ། །བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་ཉིད་འབྱུང་བར་འགྱུར་རོ། །སངས་རྒྱས་དྲུག་ལ་སོགས་པའི་བསྐལ་པ་ རྣམ་པ་ཐམས་ཅད་དུ་སྲིད་པར་མི་འགྱུར་རོ་ཞེས་ཟེར་རོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བསྐལ་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བརྒྱད་པའོ།། །།སེམས་ཅན་གྱི་འཇིག་རྟེན་འདི་ནི། འགའ་ཞིག་ཏུ་ཕུང་པོའི་སྒོ་ནས་རྣམ་པར་གཞག་པར་བྱེད་ལ། འགའ་ཞིག་ཏུ་སྐྱེ་མཆེད་ཀྱི་སྒོ་ནས་རྣམ་པར་གཞག་པར་བྱེད་ཅིང༌། འགའ་ཞིག་ཏུ་ཁམས་ཀྱི་སྒོ་ནས་སོ། །དེ་ལ་ཕུང་པོ་ནི་ལྔ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་ པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །སྤུངས་བའི་དོན་གྱིས་ན་ཕུང་པོའོ། །དེ་ལ་གཟུགས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དབང་པོའི་གཟུགས་དང༌། ཡུལ་གྱི་གཟུགས་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ལ་དབང་པོའི་ གཟུགས་ནི་རྣམ་པ་ལྔའོ། །འདི་ལྟ་སྟེ། མིག་གི་དབང་པོ་དང༌། ཉན་པའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོའོ། །ཡུལ་གྱི་གཟུགས་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཡུལ་གཟུགས་དང༌། ཡུལ་སྒྲ་དང༌། ཡུལ་དྲི་དང༌། ཡུལ་རོ་ དང༌། ཡུལ་རེག་བྱའོ། །དེ་ལ་ཡུལ་གཟུགས་ལ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཁ་དོག་ལས་དང༌། དབྱིབས་ལས་སོ། །དེ་ལ་ཁ་དོག་ལ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོའོ། །དེ་ལས་ཕྱེ་བས་མང་དུ་འགྱུར་རོ། །དབྱིབས་ ལ་རྣམ་པ་བདུན་ཏེ། འདི་ལྟ་སྟེ། ཐུང་བ་དང༌། རིང་བ་དང༌། རྡོག་པོ་དང༌། ཟླུམ་པོ་དང༌། མཐོ་བ་དང༌། དམའ་བ་དང༌། མི་མཉམ་པའོ། །ཡང་གཟུགས་ནི་རྣམ་པ་ཉི་ཤུ་སྟེ། འདི་ལྟ་སྟེ། ཁ་དོག་བཞི་དང༌། དབྱིབས་བརྒྱད་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་འོད་དང༌། སྣང་བ་དང༌། མུན་པའོ། །ཡང་གཟུགས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་གཟུགས་དང༌། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་སོ། །དེ་ལ་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་གཟུགས་ ནི་གཅིག་གོ། །འདི་ལྟ་སྟེ། མིའི་གཟུང་བྱའི་གཟུགས་སོ། །བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའི་གཟུགས་ནི་དགུ་སྟེ། འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་དང༌། སྒྲ་ལ་སོགས་པའི་ཡུལ་བཞིའོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ནི་གཅིག་སྟེ། འདི་ལྟ་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡང་གཟུགས་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འབྱུང་བ་ཆེན་པོའི་གཟུགས་དང༌། འབྱུང་བ་ཆེན་པོ་ཉེ་བར་བླང་བྱའི་གཟུགས་སོ། །དེ་ལ་འབྱུང་བ་ཆེན་པོ་ནི་བཞི་སྟེ། འདི་ལྟ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་ངོ༌། །དེ་ལ་སའི་ཆོས་བཞི་ལ་འདི་ལྟ་སྟེ། སྲིད་རུང་དང༌། སྲ་བ་དང༌། མཁྲང་བ་དང༌། འཛིན་པའི་ལས་སོ། །ཆུའི་ཆོས་གསུམ་ལ་འདི་ལྟ་སྟེ། གཤེར་བ་དང༌། སྣུམ་པ་དང༌། སྡུད་པའི་ལས་སོ། །མེའི་ཆོས་གཉིས་ལ་འདི་ལྟ་སྟེ། ཚ་བ་དང༌། སྨིན་ཅིང་ ༄༅། །སྐམས་པར་བྱེད་པའི་ལས་སོ། །རླུང་གི་ཆོས་གསུམ་ལ་འདི་ལྟ་སྟེ། ཡང་བ་དང༌། གཡོ་བ་དང༌། འཕེལ་ཞིང་རབ་ཏུ་རྒྱས་པར་བྱེད་པའི་ལས་སོ། །འབྱུང་བ་ཆེན་པོ་ཉེ་བར་བླང་བའི་གཟུགས་ལ་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དབང་པོ་ལྔ་དང༌། ཡུལ་ ལྔའོ། །སྒྲ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སེམས་ཅན་དུ་སྟོན་པ་དང༌། སེམས་ཅན་དུ་སྟོན་པ་མ་ཡིན་ནོ། །མ་ ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སེམས་ཅན་དུ་སྟོན་པ་དང༌། སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །ཡང་བཞི་པོ་འདི་རྣམས་ལ་སོ་སོར་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་དབྱེ་བས་རྣམ་པ་བརྒྱད་དོ། །དྲི་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དྲི་བཟང་ པོ་དང༌། དྲི་ངན་པ་དང༌། དྲི་མཉམ་པའོ། །རོ་ལ་དྲུག་སྟེ་འདི་ལྟ་སྟེ། མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཚ་བ་དང༌། ཁ་བ་དང༌། བསྔལ་བའོ། །རེག་བྱ་རྣམ་པ་བཅུ་གཅིག་ནི་འདི་ལྟ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། འཇམ་པ་དང༌། རྩུབ་པ་དང༌། ལྕི་བ་དང༌། ཡང་བ་དང༌། བསིལ་བ་དང༌། བཀྲེས་པ་དང༌། སྐོམ་པའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྡོམ་པ་དང་རྗེས་སུ་འབྲེལ་པའི་གཟུགས་དང༌། སྡོམ་པ་མ་ཡིན་པ་དང་རྗེས་སུ་འབྲེལ་པའི་གཟུགས་དང༌། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་རྗེས་སུ་འབྲེལ་པའི་གཟུགས་ སོ། །ཚོར་བའི་ཕུང་པོ་ལ་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ལུས་ལས་བྱུང་བའི་ཚོར་བ་དང༌། སེམས་ལས་བྱུང་བའི་ཚོར་བའོ། །དེ་ལ་ལུས་ལས་བྱུང་བའི་ཚོར་བ་ལྔ་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་དང༌། སྣའི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་འོ། །ཡིད་ཀྱི་ནི་གཅིག་སྟེ། འདི་ལྟ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་སྐྱེས་པའི་ཚོར་བའོ། །དེས་ན་ཚོར་བ་དྲུག་ཏུ་འགྱུར་བ་ཡིན་ནོ། ། ཡང་ཚོར་བ་དེ་རྣམས་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དུ་འགྱུར་བ་ཡིན་ནོ། །འདི་ལྟ་སྟེ། བདེ་བ་དང༌། སྡུག་བསྔལ་དང༌། སྡུག་བསྔལ་མ་ཡིན་པ་དང༌། བདེ་བ་མ་ཡིན་པའོ། །ཡང་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་དང༌། ཡིད་བདེ་བའི་དབང་པོ་དང༌། ཡིད་མི་བདེ་བའི་དབང་པོ་དང༌། བཏང་སྙོམས་ཀྱི་དབང་པོའོ། །འདུ་ཤེས་ཀྱི་ཕུང་པོ་ལ་དྲུག་སྟེ། འདི་ལྟ་སྟེ། མིག་གི་རྣམ་ཤེས་དང་མཚུངས་པར་ལྡན་པའི་འདུ་ཤེས་དང༌། རྣ་བའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང༌། སྣའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང༌། ལྕེའི་རྣམ་ཤེས་དང་མཚུངས་ པར་ལྡན་པའི་དང༌། ལུས་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་དང༌། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་འོ། །ཡང་སོ་སོར་རྣམ་པ་གསུམ་དུ་ཕྱེ་བས་འདི་ལྟ་སྟེ། ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པ་སྟེ་ཞེས་བྱ་བ་བཅོ་བརྒྱད་དུ་འགྱུར་པ་ཡིན་ནོ། །འདུ་བྱེད་ ཀྱི་ཕུང་པོ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང༌། སེམས་དང་མི་ལྡན་པའི་འདུ་བྱེད་དོ། །དེ་ལ་སེམས་དང་མཚུངས་པར་ལྡན་པའི་མདོར་བསྡུ་ན་ཆོས་བཞི་བཅུ་སྟེ། འདི་ལྟ་སྟེ། སེམས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང༌། འདུན་ པ་དང༌། མོས་པ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། བག་མེད་པ་དང༌། བག་ཡོད་པ་དང༌། ཡིད་འབྱུང་བ་དང༌། ཡི་རང་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཤིན་ཏུ་སྦྱངས་ པ་མ་ཡིན་པ་དང༌། རྣམ་པར་འཚོ་བ་དང༌། མི་འཚོ་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་གྲོལ་བ་དང༌། དགེ་བའི་རྩ་བ་དང༌། མི་དགེ་བའི་རྩ་བ་དང༌། ལུང་དུ་མ་བསྟན་པའི་རྩ་བ་དང༌། ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཤེས་པ་དང༌། བཟོད་པའོ། །རྒྱས་པར་དུ། སེམས་པ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་ ༄༅། །པའོ། །ཡང་སེམས་པ་དྲུག་སྟེ། འདི་ལྟ་སྟེ། མིག་གི་རྣམ་ཤེས་དང་མཚུངས་པར་ལྡན་པ་ནས་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་བར་དུའོ། །རེག་པ་དྲུག་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུའོ། །དད་པ་ལ་རྣམ་ པ་གསུམ་སྟེ། འདི་ལྟ་སྟེ། བདེན་པ་གཉིས་དང༌། བདེན་པ་བཞི་དང༌། དཀོན་མཆོག་གསུམ་དང་ལས་དང་འབྲས་བུ་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་དད་པ་དང༌། དེ་རྣམས་ཀྱི་ཡོན་ཏན་དང་ལྡན་པ་ལ་རབ་ཏུ་དད་པའི་རྣམ་པ་དང༌། བདག་གིས་དེ་དག་བསྟན་པར་ནུས་ཤིང་ཐོབ་པར་ ནུས་པའོ་ཞེས་མངོན་པར་འདོད་པའི་རྣམ་པའི་དད་པའོ། །ཤིན་ཏུ་སྦྱངས་པ་གཉིས་ནི་འདི་ལྟ་སྟེ། ལུས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་སྦྱངས་པའོ། །ཤིན་ཏུ་མ་སྦྱངས་པ་ལ་གཉིས་ནི་འདི་ལྟ་སྟེ། ལུས་ཤིན་ཏུ་མ་སྦྱངས་པ་དང༌། སེམས་ཤིན་ཏུ་མ་སྦྱངས་པའོ། །བཏང་ སྙོམས་རྣམ་པ་གསུམ་ནི་འདི་ལྟ་སྟེ། དགྲ་བཅོམ་པ་རྣམས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་སོ་སོར་བརྟགས་པའི་བཏང་སྙོམས་དང༌། སོ་སོ་སྐྱེ་བོའི་ཤེས་པའི་རྗེས་སུ་འགྲོ་བ་སོ་སོར་མ་བརྟགས་པའི་བཏང་སྙོམས་སོ། །དགེ་བའི་རྩ་བ་གསུམ་ནི་འདི་ལྟ་སྟེ། མ་ཆགས་པ་དགེ་བའི་ རྩ་བ་དང༌། མི་སྡང་བ་དགེ་བའི་རྩ་བ་དང༌། རྨོངས་པ་མེད་པ་དགེ་བའི་རྩ་བའོ། །མི་དགེ་བའི་རྩ་བ་ལ་གསུམ་ནི་འདི་ལྟ་སྟེ། ཆགས་པ་མི་དགེ་བའི་རྩ་བ་དང༌། ཞེ་སྡང་མི་དགེ་བའི་རྩ་བ་དང༌། རྨོངས་པ་མི་དགེ་བའི་རྩ་བའོ། །ལུང་མ་བསྟན་གྱི་རྩ་བ་ལ་གསུམ་ནི་འདི་ལྟ་སྟེ། སྲིད་ པ་ལུང་མ་བསྟན་གྱི་རྩ་བ་དང༌། ང་རྒྱལ་ལུང་མ་བསྟན་གྱི་རྩ་བ་དང༌། མ་རིག་པ་ལུང་མ་བསྟན་གྱི་རྩ་བའོ། །མི་རྣམས་ལ་མ་རིག་པ་བཞག་སྟེ། ལུང་མ་བསྟན་གྱི་རྩ་བ་གསུམ་ཡིན་ནོ་ཞེས་ཁ་ཅིག་གོ། །ཀུན་དུ་སྦྱོར་བ་ལ་དགུ་ནི་འདི་ལྟ་སྟེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་ བ་དང༌། ཁོང་ཁྲོ་བ་ཀུན་དུ་སྦྱོང་བ་དང༌། ང་རྒྱལ་ཀུན་དུ་སྦྱོར་བ་དང༌། མ་རིག་པ་ཀུན་དུ་སྦྱོར་བ་དང༌། ལྟ་བ་ཀུན་དུ་སྦྱོར་བ་དང༌། མཆོག་ཏུ་འཛིན་པ་ཀུན་དུ་སྦྱོར་བ་དང༌། ཐེ་ཚོམ་ཀུན་དུ་སྦྱོར་བ་དང༌། ཕྲག་དོག་ཀུན་དུ་སྦྱོར་བ་དང༌། སེར་སྣ་ཀུན་དུ་སྦྱོར་བའོ། །དེ་ལ་ལྟ་བ་ཀུན་ དུ་སྦྱོར་བ་ལ་གསུམ་ནི་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བའོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་ལ་གཉིས་ནི་འདི་ལྟ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཡང་ ཀུན་དུ་སྦྱོར་བ་ལ་གཉིས་ནི་འདི་ལྟ་སྟེ། འོག་མའི་ཆ་དང་མཐུན་པ་ཀུན་དུ་སྦྱོར་བ་དང༌། གོང་མའི་ཆ་དང་མཐུན་པ་ཀུན་དུ་སྦྱོར་བའོ། །དེ་ལ་འོག་མའི་ཆ་དང་མཐུན་པར་ཀུན་དུ་སྦྱོར་བ་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། འཇིག་ཚོགས་ལ་ལྟ་ བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལ་ལྔ་ནི་འདི་ལྟ་སྟེ། གཟུགས་ལ་ཆགས་པ་དང༌། གཟུགས་མེད་པ་ལ་ཆགས་པ་དང༌། རྒོད་པ་དང༌། ང་རྒྱལ་དང༌། མ་རིག་པའོ། །དེ་ལ་ཉོན་མོངས་པ་རེ་ རེ་རབ་ཏུ་འཇུག་པ་ན་བྱ་བ་བཅུ་བཅུ་བྱེད་པར་འགྱུར་རོ། །འདི་ལྟ་སྟེ། རྩ་བ་བརྟན་པར་བྱེད་པ་དང༌། རྒྱུད་རྣམ་པར་འཇོག་པར་བྱེད་པ་དང༌། ཞིང་ཀུན་དུ་རྫོགས་པར་བྱེད་པ་དང༌། རྒྱུ་མཐུན་ངེས་པར་བྱེད་པ་དང༌། ལས་སྲིད་པ་མངོན་པར་སྒྲུབ་པར་བྱེད་པ་དང༌། རང་ཉིད་ཁུར་ཡོངས་སུ་འཛིན་ པར་བྱེད་པ་དང༌། དམིགས་པ་ལ་རྨོངས་པར་བྱེད་པ་དང༌། རྣམ་ཤེས་རྒྱུན་རྒྱུ་བར་བྱེད་པ་དང༌། དགེ་བའི་ཕྱོགས་ལས་ཤིན་ཏུ་འདའ་བར་བྱེད་པ་དང༌། ཁམས་ལས་མི་འདའ་བའི་འཆིང་བ་རྒྱས་པར་བྱེད་པའོ། །འཆིང་བ་ལ་གསུམ་སྟེ། འདི་ལྟ་སྟེ། འདོད་ཆགས་འཆིང་ བ་དང༌། ཞེ་སྡང་འཆིང་བ་དང༌། རྨོངས་པ་འཆིང་བའོ། །བག་ལ་ཉལ་ལ་དྲུག་སྟེ། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་བ་དང༌། ཁོང་ཁྲོ་བག་ལ་ཉལ་བ་དང༌། ང་རྒྱལ་ངག་ལ་ཉལ་བ་དང༌། མ་རིག་པ་བག་ལ་ཉལ་བ་དང༌། ལྟ་བ་བག་ལ་ཉལ་བ་དང༌། ཐེ་ཚོམ་བག་ལ་ ཉལ་བའོ། །དེ་ལ་འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་ཞེས་རྣམ་པ་གཉིས་སུ་དབྱེ་བ་བྱས་པས་བག་ལ་ཉལ་དང་བདུན་དུ་གྱུར་པ་ཡིན་ནོ། །ཡང་ལྟ་བའི་བག་ལ་ཉལ་ལ་རྣམ་པ་ལྔར་ཕྱེ་བས་བག་ལ་ཉལ་བཅུར་གྱུར་བ་ཡིན་ནོ། །འདི་ལྟ་སྟེ། འདོད་ཆགས་ ༄༅། །དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་མོ། །དེ་ལ་ང་རྒྱལ་ བག་ལ་ཉལ་རྣམ་པ་བདུན་ཏེ་འདི་ལྟ་སྟེ། ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །མ་རིག་པའི་བག་ལ་ཉལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མི་ཤེས་པ་དང༌། ལོག་པར་ཤེས་པ་དང༌། ཐེ་ཚོམ་ཤེས་པའོ། །ཕྲ་རྒྱས་བཅུ་པོ་འདི་རྣམས་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། ཁམས་ཀྱི་དབྱེ་བས་ཐ་དད་པ་དང༌། རྣམ་པར་དབྱེ་བས་ཐ་དད་པའོ། །དེ་ལ་ཁམས་ཀྱི་དབྱེ་བས་ཐ་དད་པ་ནི་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། འདོད་པས་བསྡུས་པ་བཅུ་དང་ ཁོང་ཁྲོ་བ་སྤངས་པའི་གཟུགས་ཀྱིས་བསྡུས་པ་དགུ་དང༌། དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་དགུ་སྟེ། ཕྲ་རྒྱས་ཉི་ཤུ་བརྒྱད་དུ་འགྱུར་བ་ཡིན་ནོ། །རྣམ་པའི་དབྱེ་བས་ཐ་དད་པ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང༌། ཀུན་འབྱུང་གིས་བསྡུས་པ་ དང༌། འགོག་པས་བསྡུས་པ་དང༌། ལམ་གྱིས་བསྡུས་པ་དང༌། བསྒོམ་པས་སྤང་བར་བྱ་བའོ། །དེ་ལ་འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་ཐོབ་པ་བཅུ་སྟེ། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་ དང༌། ལོག་པར་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །དེ་བཞིན་དུ་ཁོང་ཁྲོ་མ་གཏོགས་པ་གཟུགས་ཁམས་སུ་སྡུག་བསྔལ་གྱིས་ཐོབ་པ་དགུའོ། །དེ་ཁོ་ན་བཞིན་དུ་ གཟུགས་མེད་ཁམས་སུ་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་གྱིས་ཐོབ་པ་དགུའོ། །དེ་ལྟར་ཁམས་གསུམ་ལ་སྡུག་བསྔལ་གྱིས་ཐོབ་པ་ཕྲ་རྒྱས་ཉི་ཤུ་བརྒྱད་དུ་འགྱུར་བ་ཡིན་ནོ། །འདོད་པའི་ཁམས་སུ་ཀུན་འབྱུང་གིས་ཐོབ་པ་བདུན་ནི། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །དེ་བཞིན་དུ་གཟུགས་ཁམས་སུ་ཁོང་ཁྲོ་མ་གཏོགས་པ་དྲུག་དང༌། དེ་བཞིན་དུ་གཟུགས་མེད་ཁམས་སུ་ཁོང་ཁྲོ་མ་གཏོགས་པ་དྲུག་སྟེ། ཁམས་གསུམ་ལ་ཀུན་འབྱུང་གིས་ཐོབ་པ་ཕྲ་རྒྱས་བཅུ་དགུའོ། ། ཀུན་འབྱུང་གིས་བསྡུས་པ་ཇི་བཞིན་དུ་འགོག་པས་བསྡུས་པ་ཡང་དེ་བཞིན་ནོ། །ཁམས་གསུམ་ལ་བདུན་དང་དྲུག་དང་དྲུག་སྟེ་འགོག་པས་བསྡུས་པ་གཅིག་མ་ཚང་བའི་ཉི་ཤུར་འགྱུར་རོ། །འདོད་པའི་ཁམས་སུ་ལམ་གྱིས་བསྡུས་པ་ཕྲ་རྒྱས་བརྒྱད་དེ། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་ དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །དེ་བཞིན་དུ་གཟུགས་ཁམས་སུ་ཞེ་སྡང་སྤངས་པ་བདུན་དང༌། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་བདུན་ཏེ། ཁམས་ གསུམ་ལ་ལམ་གྱིས་བསྡུས་པ་ཕྲ་རྒྱས་ཉི་ཤུ་ཉེར་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་བདེན་པ་བཞི་ལ་མཐོང་བས་སྤང་བར་བྱ་བ་སྤྱིར་བསྡུས་ཏེ་ཕྲ་རྒྱས་བརྒྱད་ཅུ་བརྒྱད་དུ་འགྱུར་རོ། །བསྒོམས་པས་སྤང་བར་བྱ་བ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འདོད་པས་བསྡུས་པ་དང༌། གཟུགས་ཀྱིས་ བསྡུས་པ་དང༌། གཟུགས་མེད་པས་བསྡུས་པ་ཕྲ་རྒྱས་སོ། །དེ་ལ་འདོད་པས་བསྡུས་པ་བཞི་སྟེ། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པའོ། །གཟུགས་ཀྱིས་ཐོབ་པ་ནི་གསུམ་སྟེ། འདི་ལྟ་སྟེ། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པའོ།། དེ་བཞིན་དུ་གཟུགས་མེད་ལ་གསུམ་དང༌། ཁམས་གསུམ་ལ་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་བཅུར་འགྱུར་རོ། །དེས་ན་འདོད་པས་ཐོབ་པའི་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང་བསྒོམ་པས་སྤང་བྱ་རྣམས་ལ་རྣམ་པ་ལྔས་གྲངས་ཅི་བཞིན་དུ་བཅུ་ དང་བདུན་དང་བརྒྱད་དང་བཞི་དང་སྟེ་བག་ལ་ཉལ་སུམ་ཅུ་སོ་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱིས་ཐོབ་པ་དགུ་དང་དྲུག་དང་བདུན་དང་གསུམ་དང་སྟེ་བག་ལ་ཉལ་སུམ་ཅུ་སོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་དགུ་དང་དྲུག་དང་དྲུག་དང་བདུན་དང་ ༄༅། །གསུམ་སྟེ་བག་ལ་ཉལ་སུམ་ཅུ་སོ་གཅིག་ཏུ་འགྱུར་རོ། །དེས་ན་འདི་རྣམས་ཁམས་དང་རྣམ་པའི་དབྱེ་བ་ཐ་དད་པས་སུམ་ཅུ་སོ་དྲུག་དང་སུམ་ཅུ་སོ་གཅིག་དང་སུམ་ཅུ་སོ་གཅིག་དང་སྟེ་བག་ལ་ཉལ་དགུ་བཅུ་རྩ་བརྒྱད་དུ་འགྱུར་བ་ཡིན་ནོ། །དེ་ལ་འཁོར་བའི་ས་དགུའི་ ནང་ནས་འདོད་པའི་ཁམས་སུ་བསྒོམ་པས་སྤང་བྱ་བག་ལ་ཉལ་བཞི་སྟེ། འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པའོ། །བསམ་གཏན་དང་པོའི་ས་ལ་གསུམ་སྟེ། འདི་ལྟ་སྟེ། འདོད་ཆགས་དང༌། ང་རྒྱལ་དང༌། མ་རིག་པའོ། །དེ་བཞིན་ དུ་བསམ་གཏན་གཉིས་པའི་ས་ལ་གསུམ། བསམ་གཏན་བཞི་བའི་ས་ལ་གསུམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ས་ལ་གསུམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ས་ལ་གསུམ། ཅི་ཡང་མེད་པའི་སྐྱེ་མཆེད་ས་ལ་གསུམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ས་ལ་གསུམ། བཞི་དང་གསུམ་སོ་བརྒྱད་དེ་བསྒོམ་པས་སྤང་བར་བྱ་བ་བག་ལ་ཉལ་ཉི་ཤུ་ཉེར་བརྒྱད་དུ་འགྱུར་རོ། །ཡང་འདོད་པའི་ཁམས་སུ་འདོད་པ་ཁོང་ཁྲོ་ང་རྒྱལ་མ་རིག་པ་རྣམས་པ་ཟླུམས་ཏེ། མཆོག་དང་འབྲིང་དང་ཐ་མ་རྣམ་པ་གསུམ་དུ་བྱས་ནས། ཡང་སོ་སོར་ཆེན་པོའི་ཆེན་པོ་དང༌། ཆེན་པོའི་འབྲིང་ དང༌། ཆེན་པོའི་ཐ་མ་དང༌། འབྲིང་གི་ཆེན་པོ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཐ་མ་དང༌། ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆུང་དུ་སྟེ་རྣམ་པ་དགུར་བྱས་སོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་ལ་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་ཞེས་པ་བག་ལ་ཉལ་གསུམ་པོ་ བསྡོམས་ཏེ། སྔོན་བཞིན་དུ་རྣམ་པ་གསུམ་དུ་བྱས་ནས། ཡང་དེ་བཞིན་དུ་སོ་སོར་རྣམ་པ་གསུམ་དུ་བྱས་པས་དབྱེ་བ་དགུར་འགྱུར་རོ། །དེ་བཞིན་དུ་ས་གཞན་བདུན་ལ་དགུ་དགུ་སྟེ། འཁོར་བའི་ས་དགུ་ལ་དགུ་པ་དགུ་སྟེ། བསྒོམ་པས་སྤང་བར་བྱ་བ་བག་ལ་ཉལ་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་ ཏུ་འགྱུར་རོ། །བསྒོམ་པའི་ལམ་ཡང་བཟློག་ནས་ཆུང་ངུ་འབྲིང་ཆེན་པོ་རྣམ་པ་གསུམ་དུ་བྱས་ནས། ཡང་སོ་སོར་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་དང༌། ཆེན་ པོའི་འབྲིང་པོ་དང༌། ཆེན་པོའི་ཆེན་པོ་རྣམས་འཁོར་བའི་ས་དགུ་ལ་དགུ་པ་དགུ་སྟེ། ཉོན་མོངས་པའི་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོའི་རབ་ཏུ་དབྱེ་བ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་བ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་རྣམས་མང་སྟེ། འདི་ལྟ་སྟེ། སྒྱུ་དང༌། རྒྱགས་པ་དང༌། བག་ མེད་པ་དང༌། ཁོན་དུ་འཛིན་པ་དང༌། གཡོ་དང༌། མ་དད་པ་དང༌། བརྗེད་ངས་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། རྣམ་པར་གཡེང་བ་དང༌། རང་བཞིན་རྣམ་པར་གཡེང་བ་དང༌། ཕྱི་རོལ་རྣམ་པར་གཡེང་བ་དང༌། ནང་རྣམ་པར་གཡེང་བ་དང༌། མཚན་མ་རྣམ་པར་གཡེང་བ་དང༌། ཡིད་ལ་བྱེད་ པ་རྣམ་པར་གཡེང་བ་ལ་སོགས་པ་རྣམ་པ་དུ་མ་ཆོས་མངོན་པ་ལས་བཤད་དོ། །ཀུན་ནས་དཀྲིས་པ་བཅུ་ནི་འདི་ལྟ་སྟེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང༌། འཆབ་པའོ། ། ཟག་པ་གསུམ་ནི་འདི་ལྟ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །དེ་ལ་འདོད་པའི་ཟག་པ་རྫས་བཞི་བཅུ་རྩ་གཅིག་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་སུ་སྡུག་བསྔལ་གྱིས་བསྡུས་པ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། འཇིག་ ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་[?] ཏུ་འཛིན་པ་དང༌། ཐེ་ཚོམ་སྟེ་དགུའོ། །ཀུན་འབྱུང་གིས་བསྡུས་པ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ལོག་ པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་སྟེ་དྲུག་གོ། །དེ་བཞིན་དུ་འགོག་པས་བསྡུས་པ་དྲུག་གོ །ལམ་གྱིས་བསྡུས་པ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་སྟེ་བདུན་ནོ། །བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཞེན་པ་དང༌། ཀུན་ནས་དཀྲིས་པ་བཅུ་དང་ནི། འདི་ལྟ་སྟེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ༄༅། །ངོ་ཚ་བ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང༌། འཆབ་པ་ཞེས་པ་སྟེ་འདོད་པའི་ཟག་པ་རྫས་བཞི་བཅུ་རྩ་གཅིག་གོ། །སྲིད་པའི་ཟག་པ་རྫས་ལྔ་བཅུ་རྩ་གཉིས་ནི་འདི་ལྟ་སྟེ། གཟུགས་ཁམས་སུ་སྡུག་བསྔལ་གྱིས་བསྡུས་པ། འདོད་ཆགས་དང༌། ང་རྒྱལ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་སྟེ་བརྒྱད་དོ། །ཀུན་འབྱུང་གིས་ཐོབ་པ། འདོད་ཆགས་དང༌། ང་རྒྱལ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་ པ་དང༌། ཐེ་ཚོམ་སྟེ་ལྔའོ། །དེ་བཞིན་དུ་འགོག་པས་ཐོབ་པ་ལྔ་དང༌། ལམ་གྱིས་བསྡུས་པ། འདོད་ཆགས་དང༌། ང་རྒྱལ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་ཞེས་པ་སྟེ་དྲུག་གོ། །བསྒོམ་པས་སྤང་བར་ བྱ་བ་འདོད་ཆགས་དང༌། ང་རྒྱལ་ཞེས་པ་སྟེ་ཉི་ཤུ་ཉེར་དྲུག་གོ། །དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་ཉི་ཤུ་དྲུག་སྟེ། ཉི་ཤུ་ཉེར་དྲུག་པ་གཉིས་ཏེ། སྲིད་པའི་ཟག་པ་རྫས་ལྔ་བཅུ་རྩ་གཉིས་སོ། །མ་རིག་པའི་ཟག་པ་རྫས་བཅོ་ལྔ་སྟེ། འདི་ལྟ་སྟེ། འདོད་པའི་ཁམས་སུ་སྡུག་བསྔལ་ ཀུན་འབྱུང་འགོག་པ་ལམ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་མ་རིག་པ་ལྔའོ། །དེ་བཞིན་དུ་གཟུགས་ཁམས་སུ་ལྔ། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་ལྔ་སྟེ་མ་རིག་པའི་ཟག་པ་རྫས་བཅོ་ལྔའོ། །ཆུ་བོ་ལ་བཞི་ནི་འདི་ལྟ་སྟེ། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ ཆུ་བོ་དང༌། མ་རིག་པའི་ཆུ་བོའོ། །དེ་ལ་འདོད་པའི་ཆུ་བོ་ནི་རྫས་ཉི་ཤུ་ཉེར་དགུ་སྟེ། འདི་ལྟ་སྟེ། འདོད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འདོད་ཆགས་དང༌། ཁྲོ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་སྟེ་བཞིའོ། །དེ་ཉིད་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི་དང༌། དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་བཞི་དང༌། དེ་བཞིན་དུ་ལ་མ་མཐོང་བས་སྤང་བར་བྱ་བ་བཞི་དང༌། བསྒོམ་པས་སྤང་བྱ་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་ཏེ་གསུམ་མོ། །རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་ དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང༌། འཆབ་པ་སྟེ། འདི་ནི་འདོད་པའི་ཆུ་བོ་ཉི་ཤུ་ཉེར་དགུའོ། །སྲིད་པའི་ཆུ་བོ་རྫས་ཉི་ཤུ་ཉེར་བརྒྱད་ནི་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་འདོད་ཆགས་དང༌། ང་རྒྱལ་དང༌། ཐེ་ཚོམ་སྟེ་འདི་གསུམ་ནི་སྡུག་བསྔལ་གྱིས་བསྡུས་པའོ། ། དེ་བཞིན་དུ་ཀུན་འབྱུང་གིས་བསྡུས་པ་གསུམ་དང༌། དེ་བཞིན་དུ་འགོག་པས་བསྡུས་པ་གསུམ་དང༌། དེ་བཞིན་དུ་ལམ་གྱིས་བསྡུས་པ་གསུམ་དང༌། བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་དང༌། ང་རྒྱལ་སྟེ་འདི་རྣམས་རྫས་བཅུ་བཞིའོ། །དེ་རྣམས་ཉིད་ནི་གཟུགས་མེད་པ་ན་སྤྱོད་པ་རྫས་ བཅུ་བཞི་སྟེ། བཅུ་བཞི་པ་གཉིས་ནི་སྲིད་པའི་ཆུ་བོ་ཉི་ཤུ་ཉེར་བརྒྱད་དོ། །ལྟ་བའི་ཆུ་བོ་རྫས་སུམ་ཅུ་རྩ་དྲུག་སྟེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་སྡུག་བསྔལ་གྱིས་བསྡུས་པ། འཇིག་ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་ དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་ལྔའོ། །དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་ལྔའོ། །དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་ལྔ་སྟེ་འདི་ནི་བཅོ་ལྔའོ། །འདོད་པ་ན་སྤྱོད་པ་གཉིས་ནི་ཀུན་འབྱུང་གིས་བསྡུས་པ་སྟེ། ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་ པའོ། །དེ་དག་བཞིན་དུ་གཉིས་ནི་གཟུགས་ཀྱིས་བསྡུས་པའོ། །དེ་དག་བཞིན་དུ་གཉིས་ནི་གཟུགས་མེད་པས་བསྡུས་པ་སྟེ་འདི་ནི་དྲུག་གོ །འགོག་པས་བསྡུས་པ་ནི་དྲུག་པོ་དེ་ཉིད་དོ། །འདོད་པ་ན་སྤྱོད་པ་ལམ་གྱིས་བསྡུས་པ། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་སྟེ། གསུམ་དང༌། དེ་ཉིད་དུ་གཟུགས་ན་སྤྱོད་པ་གསུམ། དེ་ཉིད་གཟུགས་མེད་པ་ན་སྤྱོད་པ་གསུམ་སྟེ་དགུའོ། །འདི་ནི་ལྟ་བའི་ཆུ་བོ་རྫས་སུམ་ཅུ་རྩ་དྲུག་གོ། །མ་རིག་པའི་ཆུ་བོ་རྫས་བཅོ་ལྔ་སྟེ་འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་སྡུག་བསྔལ་ ཀུན་འབྱུང་འགོག་པ་ལམ་མཐོང་བ་དང་བསྒོམ་པས་སྤང་བྱ་མ་རིག་པ་ལྔ་པོ་དེ་ཉིད་དོ། །དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་ལྔ་དང༌། དེ་ཁོ་ན་བཞིན་དུ་གཟུགས་མེད་པས་བསྡུས་པ་ལྔ་སྟེ་མ་རིག་པའི་ཆུ་བོ་རྫས་བཅོ་ལྔའོ། །སྦྱོར་བ་བཞི་ནི་འདི་ལྟ་སྟེ། འདོད་པའི་སྦྱོར་བ་དང༌། སྲིད་པའི་ ༄༅། །སྦྱོར་བ་དང༌། ལྟ་བའི་སྦྱོར་བ་དང༌། མ་རིག་པའི་སྦྱོར་བའོ། །དེ་ལ་འདོད་པའི་ཆུ་བོ་ཉིད་འདོད་པའི་སྦྱོར་བའོ། །སྲིད་པའི་ཆུ་བོ་ཉིད་སྲིད་པའི་སྦྱོར་བའོ། །ལྟ་བའི་ཆུ་བོ་ཉིད་ལྟ་བའི་སྦྱོར་བའོ། །མ་རིག་པའི་ཆུ་བོ་ཉིད་མ་རིག་པའི་སྦྱོར་བའོ་ཞེས་སོ། །ཉེ་བར་ལེན་ པ་ནི་འདི་ལྟ་སྟེ། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །དེ་ལ་འདོད་པའི་ཆུ་བོ་ཉིད་མ་རིག་པ་ལྔ་དང་བཅས་པས་རྫས་སུམ་ཅུ་རྩ་བཞི་ནི་འདོད་པའི་ཉེ་བར་ལེན་པའོ། །ལྟ་བའི་ཆུ་ བོ་ཉིད་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་དྲུག་སྤངས་པ་རྫས་སུམ་ཅུ་ནི་ལྟ་བའི་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་དྲུག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པའོ། །སྲིད་པའི་ཆུ་བོ་ཉིད་གཟུགས་ཀྱིས་བསྡུས་པ་མ་ རིག་པ་རྣམ་པ་ལྔ། གཟུགས་མེད་པས་བསྡུས་པ་མ་རིག་པ་རྣམ་པ་ལྔ་བཅུག་སྟེ། རྨུགས་པ་དང་གཉིད་དང་བཅས་པས་རྫས་བཞི་བཅུ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །མདུད་པ་བཞི་ནི་འདི་ལྟ་སྟེ། མ་རིག་པའི་ཚོགས་ཀྱི་མདུད་པ་དང༌། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་ དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང༌། འདི་ནི་ཡོད་དེ་ཞེས་མངོན་པར་ཞེན་པའི་ཚོགས་ཀྱི་མདུད་པའོ། །སྒྲིབ་པ་ནི་ལྔ་སྟེ་འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་གཉིད་དང༌། རྒོད་འགྱོད་དང་ཐེ་ཚོམ་མོ། །ཤེས་ པ་ལ་བཅུ་གཉིས་ནི་འདི་ལྟ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། གཞན་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། སྒྲ་ཇི་བཞིན་ པ་ཤེས་པ་དང༌། ལེགས་པར་གོམས་པར་ཤེས་པའོ། །བཟོད་པ་ལ་བརྒྱད་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་ པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་ལ་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སྤང་བྱ་དང༌། བླང་བྱའོ། །དེ་ལ་གཙོ་ བོའི་དངོས་ཀྱི་སྤང་བྱ་ནི་འདུ་བྱེད་ལ་བཅུ་བདུན་ནི་འདི་ལྟ་སྟེ། ཤིན་ཏུ་མ་སྤངས་པ་དང༌། འཚེ་བ་དང༌། བག་མེད་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། མི་དགེ་བའི་རྩ་བ་དང༌། ལུང་མ་བསྟན་གྱི་རྩ་བ་དང༌། ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པའོ། །གཙོ་བོ་མ་ཡིན་པ་ཡང་ཉོན་མོངས་པ་ལ་འབྱུང་བ་དང༌། ཉོན་མོངས་པ་དང་མི་དགེ་བ་དང་ལུང་དུ་མ་བསྟན་དང་སེམས་པ་ལ་སོགས་པ་ཟག་པ་དང་བཅས་པ་དང་ཀུན་རྫོབ་ ཤེས་པ་ནི་སྤང་བྱའོ། །བླང་བྱའི་འདུ་བྱེད་ལ་ཉི་ཤུ་རྩ་བཞི་ནི་འདི་ལྟ་སྟེ། སེམས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང༌། འདུན་པ་དང༌། མོས་པ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་རྟོག་དང༌། སྤྱོད་པ་དང༌། བག་ཡོད་ པ་དང༌། ཡིད་འབྱུང་བ་དང༌། ཡི་རང་བ་དང༌། ཤིན་ཏུ་སྦྱངས་པ་དང༌། མི་འཚོ་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་གྲོལ་བ་དང༌། དགེ་བའི་རྩ་བ་དང༌། ཤེས་པ་དང༌། བཟོད་པའོ། །ཡང་སེམས་ལས་བྱུང་བའི་འདུ་བྱེད་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། ས་ཆེན་པོ་པ་དང༌། དགེ་བའི་ས་ཆེན་པོ་པ་དང༌། ཉོན་མོངས་པའི་ས་ཆེན་པོ་པ་དང༌། མི་དགེ་བའི་ས་ཆེན་པོ་པ་དང༌། ས་ཆུང་ངུ་པའོ། །དེ་ལ་སེམས་གང་ལ་ཐམས་ཅད་འབྱུང་བ་དེ་ནི་ས་ཆེན་པོ་པའོ། །འདི་ལྟ་སྟེ། ཚོར་བ་དང༌། སེམས་པ་དང༌། འདུ་ཤེས་དང༌། འདུན་པ་དང༌། རེག་པ་ དང༌། ཤེས་རབ་དང༌། དྲན་པ་དང༌། ཡིད་ལ་བྱེད་པ་དང༌། མོས་པ་དང༌། ཏིང་ངེ་འཛིན་ནོ། །སེམས་གང་ལ་དུས་ཐམས་ཅད་དུ་དགེ་བ་འབྱུང་བ་དེ་ནི་དགེ་བའི་ས་ཆེན་པོ་པ་སྟེ་བཅུའོ། །འདི་ལྟ་སྟེ། དད་པ་དང༌། བག་ཡོད་པ་དང༌། ཤིན་ཏུ་སྦྱང་པ་དང༌། བཏང་སྙོམས་དང༌། ༄༅། །ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མ་ཆགས་པ་དགེ་བའི་རྩ་བ་དང༌། མི་སྤང་བ་དགེ་བའི་རྩ་བ་དང༌། མི་འཚེ་བ་དང༌། བརྩོན་འགྲུས་སོ། །སེམས་གང་དུས་རྟག་ཏུ་ཉོན་མོངས་པ་ཅན་ཉིད་འབྱུང་བ་དེ་ནི་ཉོན་མོངས་པའི་ས་ཆེན་པོ་པ་སྟེ་དྲུག་གོ། །འདི་ལྟ་སྟེ། རྨོངས་པ་དང༌། བག་མེད་པ་དང༌། ལེ་ལོ་དང༌། མ་དད་པ་དང༌། རྨུགས་པ་དང༌། རྒོད་པའོ། །སེམས་གང་དག་ལ་དུས་རྟག་ཏུ་མི་དགེ་བའི་སེམས་འབྱུང་བ་དེ་དག་ནི་མི་དགེ་བའི་ས་ཆེན་པོ་པ་གཉིས་ནི་འདི་ལྟ་སྟེ། ངོ་ཚ་མེད་པ་དང༌། ཁྲེལ་མེད་པའོ། །གང་ཡིད་ཀྱི་ས་[?] པ་བསྒོམ་པས་སྤང་བར་བྱ་བ་མ་རིག་པ་ཙམ་ཉིད་ཀྱིས་ རབ་ཏུ་ལྡན་པ་དེ་ནི་ས་ཆུང་ངུ་པ་སྟེ་བཅུའོ། །འདི་ལྟ་སྟེ། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། གཡོ་དང༌། ཕྲག་དོག་དང༌། འཚིག་པ་དང༌། འཆབ་པ་དང༌། སེར་སྣ་དང༌། སྒྱུ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བའོ། །གཞན་སེམས་ཅན་ཐམས་ཅད་ལ་ཡང་ངེས་པ་མེད་པར་གྱུར་པའི་སེམས་ ལས་བྱུང་བ་ཡིན་པ་ནི་འདི་ལྟ་སྟེ། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། འགྱོད་པ་དང༌། གཉིད་ལ་སོགས་པའོ། །འདོད་པ་ན་སྤྱོད་པའི་སེམས་ཀྱང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དགེ་བའི་སེམས་དང༌། མི་དགེ་བའི་སེམས་དང༌། ལུང་དུ་མ་བསྟན་པའི་སེམས་སོ། །དེ་ལ་དགེ་ བའི་སེམས་མང་དུ་གྱུར་པས་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དད་པ་མཚུངས་པར་ལྡན་པ་དང༌། བག་ཡོད་པ་མཚུངས་པར་ལྡན་པ་དང༌། ཤིན་ཏུ་སྦྱངས་བ་མཚུངས་པར་ལྡན་པ་དང༌། བཏང་སྙོམས་མཚུངས་ལྡན་དང༌། ངོ་ཚ་ཤེས་པ་མཚུངས་ལྡན་དང༌། ཁྲེལ་ཡོད་པ་མཚུངས་ལྡན་དང༌། མ་ ཆགས་པ་མཚུངས་ལྡན་དང༌། མི་སྡང་བ་མཚུངས་ལྡན་དང༌། མི་འཚེ་བ་མཚུངས་ལྡན་དང༌། བརྩོན་འགྲུས་མཚུངས་ལྡན་ནོ། མི་དགེ་བའི་སེམས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། མ་འདྲེས་པ་དང༌། ཉོན་མོངས་པ་གཞན་གྱིས་མཚུངས་ལྡན་ནོ། །དེ་ལ་མ་འདྲེས་པ་ནི་གང་ལས་མ་རིག་པ་འགའ་ ཞིག་གིས་མཚུངས་ལྡན་ནོ། །ཉོན་མོངས་གཞན་གྱིས་མཚུངས་ལྡན་ནི་རྣམ་པར་དབྱེ་བ་བཅོ་བརྒྱད་དོ། །འདི་ལྟ་སྟེ། ལོག་པར་ལྟ་བས་དང༌། ལྟ་བ་མཆོག་ཏུ་འཛིན་པས་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་དང༌། འདོད་ཆགས་ཀྱིས་དང༌། ཁོང་ཁྲོ་བས་དང༌། ང་རྒྱལ་གྱིས་དང༌། ཐེ་ཚོམ་གྱིས་དང༌། ཁྲོ་བས་དང༌། འཁོན་དུ་འཛིན་པས་དང༌། གཡོས་དང༌། ཕྲག་དོག་གིས་དང༌། འཚིག་པས་དང༌། འཆབ་པས་དང༌། སེར་སྣས་དང༌། སྒྱུས་དང༌། རྒྱགས་པས་དང༌། རྣམ་པར་འཚེ་བས་དང༌། འགྱོད་པས་དང་ངོ༌། །སོ་སོ་ལ་མཚུངས་ལྡན་ཞེས་སྦྱར་བར་ བྱའོ། །ལུང་མ་བསྟན་ལ་རྣམ་པར་དབྱེ་བ་གཉིས་ཏེ། འདི་ལྟ་སྟེ། སྒྲིབ་པ་ལུང་མ་བསྟན་དང༌། སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ཏོ། །དེ་ལ་སྒྲིབ་པ་ལུང་མ་བསྟན་ལ་གཉིས་ནི་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བས་དང༌། མཐར་འཛིན་པར་ལྟ་བས་དང་ངོ༌། །མཚུངས་པར་ལྡན་པས་སོ། །སྒྲིབ་ པའི་ལུང་མ་བསྟན་ལས་གཞན་ལུང་མ་བསྟན་ནི་སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ནོ། །དེ་ལ་འདོད་པ་ན་སྤྱོད་པ་དགེ་བའི་སེམས་ལ་ངེས་པར་སེམས་ལས་བྱུང་བ་ཉི་ཤུ་ཉེར་གཉིས་སུ་འགྱུར་རོ། །འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང༌། དགེ་བའི་ས་ཆེན་པོ་པ་བཅུ་དང༌། རྣམ་པར་རྟོག་པ་དང༌། རྣམ་པར་ དཔྱོད་པའོ། །རེས་འགའ་ཡང་འགྱོད་པ་དང༌། ལྷན་ཅིག་པས་ཉེར་གསུམ་དུ་འགྱུར་རོ། །རེས་འགའི་ཚེ་ཡང་གཉིས་དང་ལྷན་ཅིག་པས་སེམས་ལས་བྱུང་བ་ཉི་ཤུ་ཉེར་གསུམ་དུ་འགྱུར་བ་ཡིན་ནོ། །མི་དགེ་བའི་སེམས་ལ་འདྲེས་པ་ལ་ཡང་སེམས་ལས་བྱུང་བ་ཉི་ཤུ་སྟེ། འདི་ལྟ་སྟེ། ས་ ཆེན་པོ་པ་བཅུ་དང༌། ཉོན་མོངས་པའི་ས་ཆེན་པོ་པ་དྲུག་དང༌། མི་དགེ་བའི་ས་ཆེན་པོ་པ་གཉིས་དང༌། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པའོ། །ལོག་པར་ལྟ་བའི་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉི་ཤུའོ། །རེས་འགའ་ཡང་གཉིས་དང་ལྷན་ཅིག་པས་ཉི་ཤུ་ ཉེར་གཅིག་གོ། །ལྟ་བ་མཆོག་ཏུ་འཛིན་པས་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉི་ཤུ་ཉེར་གཅིག་གོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཚུངས་ལྡན་མི་དགེ་བའི་སེམས་ལ་ཡང་དེ་བཞིན་དུ་ཉེར་གཅིག་གོ། །འདོད་ཆགས་མཚུངས་ལྡན་ སེམས་ལ་དེ་བཞིན་དུ་ཉི་ཤུའོ། །འདོད་ཆགས་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉི་ཤུ་ཉེར་གཉིས་སོ། །ཁོང་ཁྲོ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ཤུའོ། །ཁོང་ཁྲོ་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉེར་གཉིས་སོ། །ང་རྒྱལ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ ༄༅། །ཤུའོ། །ང་རྒྱལ་དང་རེས་འགའ་ཡང་གཉིད་ཅེས་པ་དང་ཉི་ཤུ་ཉེར་གཉིས་སོ། །ཐེ་ཚོམ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཉི་ཤུའོ། །ཐེ་ཚོམ་དང་རེས་འགའ་ཡང་གཉིད་ཅེས་པ་སྟེ་ཉི་ཤུ་ཉེར་གཉིས་སོ། །ཁྲོ་བ་མཚུངས་ལྡན་ལ་དེ་བཞིན་དུ་ཁྲོ་བ་དང་གཉིད་ཅེས་པ་སྟེ་ ཉེར་གཉིས་སོ། །ཁོན་དུ་འཛིན་པ་མཚུངས་ལྡན་སེམས་ལ་དེ་བཞིན་དུ་ཁོན་དུ་འཛིན་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །གཡོ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་གཡོ་དང་གཉིད་ཅེས་པ་སྟེ་ཉི་ཤུ་ཉེར་གཉིས་སོ། །འཚིག་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཚིག་པ་ དང་གཉིད་ཅེས་པ་སྟེ་ཉི་ཤུ་ཉེར་གཉིས་སོ། །འཆབ་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཆབ་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །སེར་སྣ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་སེར་སྣ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །སྒྱུ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་སྒྱུ་དང་ གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །རྒྱགས་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་རྒྱགས་པ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །འཚེ་བ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འཚེ་བ་དང་གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །འགྱོད་པ་མཚུངས་ལྡན་སེམས་ལ་དེ་ཁོ་ན་བཞིན་དུ་འགྱོད་པ་དང་ གཉིད་ཅེས་པ་སྟེ་ཉེར་གཉིས་སོ། །སྒྲིབ་པ་ལུང་མ་བསྟན་སེམས་ལ་སེམས་ལས་བྱུང་བ་བཅོ་བརྒྱད་དུ་འགྱུར་ཏེ། རེས་འགའ་ཡང་གཉིད་དང་ལྷན་ཅིག་པས་བཅུ་དགུའོ། །འདི་ལྟ་སྟེ། ས་ཆེན་པོ་པ་བཅུ་དང༌། ཉོན་མོངས་པའི་ས་ཆེན་པོ་པ་དྲུག་དང༌། རྣམ་རྟོག་དང༌། རྣམ་པར་དཔྱོད་པ་དང༌། གཉིད་དོ། །སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་སེམས་ལས་སེམས་བྱུང་བཅུ་གཉིས་ཏེ་འདི་ལྟ་སྟེ། ས་ཆེན་པོ་བ་བཅུ་དང༌། རྣམ་རྟོག་དང༌། རྣམ་སྤྱོད་དང༌། རེས་འགའ་ཡང་གཉིད་དོ། །ཁ་ཅིག་ལུང་མ་བསྟན་ལ་ཡང༌། །འགྱོད་པ་ཡོད་པས་འགྱོད་པ་དང༌། །ལྷན་ཅིག་སེམས་བྱུང་བཅུ་ བཞིའོ། །ཟེར་རོ། །འདི་ནི་འདོད་ཁམས་ཀྱི་སེམས་དང་སེམས་བྱུང་ངེས་པའོ། །གཟུགས་དང་གཟུགས་མེད་ཁམས་སུ་མི་དགེ་བ་དང༌། སྒྲིབ་པ་ལུང་མ་བསྟན་གྱི་ཁམས་རྣམ་པ་ཐམས་ཅད་དུ་མེད་དོ། །དགེ་བ་དང་སྒྲིབ་པ་མ་ཡིན་པ་ལུང་མ་བསྟན་ནི་ཡོད་པ་ཉིད་དོ། །དེས་ན་བསམ་གཏན་དང་ པོ་ན་འགྱོད་པ་དང་གཉིད་དག་རྣམ་པ་ཐམས་ཅད་དུ་མེད་དོ། །འདི་ལྟ་སྟེ། ཁོང་ཁྲོ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། ཕྲག་དོག་དང༌། འཚིག་པ་དང༌། འཆབ་པ་དང༌། སེར་སྣ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་རྣམས་མེད་དོ། །གཡོ་དང༌། རྒྱགས་པ་ དང༌། སྒྱུ་ནི་ཡོད་དོ། །གཞན་ཐམས་ཅད་འདོད་ཁམས་བཞིན་ནོ། །བསམ་གཏན་ཁྱད་པར་ཅན་ལ་ཡང་རྣམ་པར་རྟོག་པ་ཡང་མེད་དོ། །བསམ་གཏན་དང་པོ་ལས་ཕ་རོལ་ན་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་སུ་གཟུགས་དང་གཟུགས་མེད་པ་རྣམས་སུ་འདི་ལྟར་རྟོག་པ་ཡང་མེད་དོ།། རྣམ་པར་དཔྱོད་པ་ཡང་མེད་དོ། །སྒྱུ་དང་གཡོ་ཡང་མེད་དོ། །ལྷག་མ་ནི་སྔོན་བཞིན་ནོ། །སེམས་དང་མི་ལྡན་པའི་འདུ་བྱེད་ལ་བཅུ་དགུ་ནི་འདི་ལྟ་སྟེ། ཐོབ་པ་དང༌། མ་ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པ་དང༌། འཚོ་བའི་ དབང་པོ་དང༌། སྐལ་བ་མཐུན་པ་དང༌། གནས་སོ་སོར་ཐོབ་པ་དང༌། དངོས་པོ་སོ་སོར་ཐོབ་པ་དང༌། སྐྱེ་མཆེད་སོ་སོར་ཐོབ་པ་དང༌། སྐྱེ་བ་དང༌། རྒས་པ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། མ་འཚོགས་པ་དང༌། འཚོགས་པའོ། །སོ་སོ་སྐྱེ་བོ་དང༌། འཇུག་པ་དང༌། འཇུག་པ་ངེས་པ་དང༌། སྦྱོར་བ་དང༌། བང་མགྱོགས་པ་དང༌། རིམ་པ་དང༌། དུས་དང༌། ཡུལ་དང༌། གྲངས་ཞེས་པ་ཆོས་དགུ་ནི་མི་ལྡན་པའོ་ཞེས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་སོ། །རྣམ་པར་ཤེས་པ་བདུན་ནི་རྣམ་པར་ཤེས་པའི་ ཕུང་པོའོ། །འདི་ལྟ་སྟེ། མིག་གི་རྣམ་ཤེས་དང༌། རྣ་བའི་རྣམ་ཤེས་དང༌། སྣའི་རྣམ་ཤེས་དང༌། ལྕེའི་རྣམ་ཤེས་དང༌། ལུས་ཀྱི་རྣམ་ཤེས་དང༌། ཡིད་ཀྱི་རྣམ་ཤེས་དང༌། ཡིད་ཀྱི་དབང་པོའོ། །འདི་བདུན་རྣམས་སུ་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞི་རྣམ་པར་ཤེས་པ་དག་བསྡུས་ པས་རྣམ་པར་ཤེས་པ་དགུ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་ཆོས་བདུན་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནོ། །འདི་ལྟ་སྟེ། དགེ་བའི་རྩ་བ་རྒྱུན་གཅོད་པ་དང༌། དགེ་བའི་རྩ་བ་ཡང་དག་པར་འཛིན་པ་དང༌། ཁམས་ལ་འདོད་ཆགས་དང་བྲལ་བ་དང༌། ས་ལ་འདོད་ཆགས་དང་བྲལ་ ༄༅། །པ་དང༌། ཡོངས་སུ་ཉམས་པ་དང༌། འཕོ་བ་དང༌། སྐྱེ་བའོ། །ཁམས་ལ་བཅོ་བརྒྱད་དེ་འདི་ལྟ་སྟེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་ དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ་འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྣ་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་ དང༌། རོའི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །དེ་ལ་ཡིད་ཀྱི་སྐྱེ་མཆེད་དངོས་པོ་བདུན་ཏེ། འདི་ལྟ་སྟེ། དབང་པོ་དྲུག་གི་རྣམ་ཤེས་དང་ཡིད་ཀྱི་དབང་པོའོ། །ཀུན་གཞིའི་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཡིད་ཀྱི་རྣམ་ཤེས་དང་གཉིས་ཀྱི་ལྷན་ཅིག་པས་ཡིད་ཀྱི་སྐྱེ་ མཆེད་ནི་དངོས་པོ་དགུའོ། །ཆོས་བདུན་ནི་ཆོས་ཀྱི་སྐྱེ་མཆེད་དོ། །འདི་ལྟ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། རྣམ་པར་རིག་བྱེད་པ་ཡིན་པ་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་རྣམས་ཀུན་དུ་བསྡུ་ བ་ཡང་འདི་བཞིན་ཏེ། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་ནི་གཟུགས་ཀྱི་ཕུང་པོའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་ཤེས་ཀྱི་ཕུང་པོའོ། །ཆོས་ཀྱི་སྐྱེ་མཆེད་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོའོ། །ཁམས་རྣམས་སུ་བསྡུ་བ་ཡང་འདི་བཞིན་ཏེ། གཟུགས་ཅན་སྐྱེ་མཆེད་བཅུ་ནི་ གཟུགས་ཅན་ཁམས་བཅུའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ། །ཆོས་ཀྱི་སྐྱེ་མཆེད་ནི་ཆོས་ཀྱི་ཁམས་སོ། །ཁམས་བཅོ་བརྒྱད་པོ་འདི་རྣམས་ཀྱི་ནང་ན་འདོད་པ་ན་སོ་སོར་ཡང་དག་པར་ལྡན་པ་དུ་ཞེ་ན། ཁམས་ཐམས་ཅད་ཉིད་དོ། །གཟུགས་ན་སོ་ སོར་ཀུན་དུ་ལྡན་པ་དུ་ཞེ་ན། ཁམས་དེ་རྣམས་ལ་དྲི་དང་རོ་དང་སྣའི་རྣམ་ཤེས་དང་ལྕེའི་རྣམ་ཤེས་མ་གཏོགས་པ་གཞན་ཁམས་བཅུ་བཞི་རྣམས་སོ། །གཟུགས་མེད་པ་ན་ཆོས་ཀུན་དུ་ལྡན་པ་དུ་ཞེ་ན། ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཆོས་ཀྱི་ཁམས་དང་ གསུམ་ཆར་ཟག་པ་དང་བཅས་པའོ། །ཁམས་གསུམ་ན་མི་ལྡན་པ་དུ་ཞེ་ན། གང་ལ་ཟག་པ་མེད་པའི་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་སོ། །ཁམས་བཅུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་ ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་དབང་པོ་དང༌། གཟུགས་ཀྱི་ཁམས་དང༌། སྒྲའི་ ཁམས་དང༌། ཆོས་ཀྱི་ཁམས་སོ། །ལུང་དུ་མ་བསྟན་པའི་ཁམས་བརྒྱད་དེ། འདི་ལྟ་སྟེ། མིག་གི་ཁམས་དང༌། རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་སོ། །ཡང་ཁམས་ལ་རྣམ་པ་ གཉིས་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་ལོ། །དེ་ལ་ནང་གི་ནི་ལྷག་དང་བཅས་པའི་བཅུ་གཉིས་སོ། །འདི་ལྟ་སྟེ། དབང་པོ་དྲུག་གི་ཁམས་དང༌། རྣམ་ཤེས་དྲུག་གི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཆ་འགའ་ཞིག་གོ། །ཕྱི་རོལ་གྱི་ཁམས་ལ་ལྷག་དང་བཅས་པའི་ལྔ་ནི་འདི་ལྟ་སྟེ། གཟུགས་སྒྲ་དྲི་རོ་ རེག་བྱའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཆ་འགའོ། །ཡང་ཁམས་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའོ། །དེ་ལ་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་ནོ། །ལྷག་མ་ནི་དམིགས་པ་མེད་པ་སྟེ་བཅུ་གཅིག་གོ། །དེ་ཉིད་ནི་བདེན་ པ་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་ཁམས་ཐམས་ཅད་དོ། །ཀུན་འབྱུང་བདེན་ནི་ཟག་བཅས་ཆོས་ཀྱི་ཁམས་ཀྱི་ཆའོ། །ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་ཀྱི་ ༄༅། །ཁམས་ཀྱི་ཆ་འགའོ། །འགོག་པའི་བདེན་པ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཀྱི་ཆ་འགའ་ཉིད་དོ། །དེ་ཉིད་ནི་རང་བཞིན་གསུམ་སྟེ། འདི་ལྟ་སྟེ། ཀུན་བརྟགས་ཀྱི་རང་བཞིན་དང༌། གཞན་དབང་གི་རང་བཞིན་དང༌། ཡོངས་སུ་གྲུབ་ཀྱི་རང་བཞིན་ནོ། །དེ་ལ་ཁམས་ ཐམས་ཅད་ནི་ཀུན་བརྟགས་དང་གཞན་དབང་ཉིད་དོ། །འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཀྱི་ཆ་འགའ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ནོ། །དེ་ཉིད་ནི་བདེན་པ་གཉིས་ཏེ། འདི་ལྟ་སྟེ། ཀུན་རྫོབ་བདེན་པ་དང༌། དོན་དམ་པའི་བདེན་པའོ། །དེ་ལ་ཁམས་ཀུན་ཉིད་ནི་ཀུན་རྫོབ་བདེན་པའོ།། འདུས་མ་བྱས་ཆོས་ཀྱི་ཁམས་ཀྱི་ཆ་འགའ་ནི་དོན་དམ་པའི་བདེན་པའོ། །འདིར་ཁམས་དྲུག་པོ་འདི་ནི་སྐྱེས་བུ་དང་གང་ཟག་ཅེས་པ་ཁམས་དྲུག་ནི་འདི་ལྟ་སྟེ། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ ཤེས་པའི་ཁམས་སོ། །ཡང་ཆོས་རྣམས་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་ཆོས་གཟུགས་ཅན་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འབྱུང་བ་དང༌། འབྱུང་བ་ལས་བྱུང་བའོ། །ཆོས་གཟུགས་ཅན་མ་ཡིན་པ་ ནི་གཉིས་འདི་ལྟ་སྟེ། འདུས་བྱས་དང༌། འདུས་མ་བྱས་སོ། །དེ་ལ་ཆོས་གཟུགས་ཅན་མ་ཡིན་པ་འདུས་བྱས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སེམས་དང༌། སེམས་ལས་བྱུང་བ་དང༌། སེམས་དང་མི་ལྡན་པའོ། །ཆོས་གཟུགས་ཅན་མ་ཡིན་པ་འདུས་མ་བྱས་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། ཆོས་རྣམས་ཀྱི་ཆོས་ཉིད་དོ། །དེས་ན་འདོད་པའི་ཁམས་ཐམས་ཅད་ཕུང་པོ་ལྔའི་བདག་ཉིད་ཅན་ནོ། །གཟུགས་ཁམས་ཀྱང་འདུ་ཤེས་མེད་པའི་སེམས་ཅན་ སྤངས་པ་ཕུང་པོ་ལྔའི་བདག་ཉིད་ཅན་ནོ། །འདུ་ཤེས་མེད་པའི་སེམས་ཅན་ནི་ཕུང་པོ་གཉིས་ཏེ། གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་ཙམ་ཡིན་པས་སོ། །གཟུགས་མེད་པའི་ཁམས་ནི་ཕུང་པོ་བཞིའི་བདག་ཉིད་ཅན་ཏེ། དེ་ལ་གཟུགས་ཀྱི་ཕུང་པོ་མེད་པའི་ཕྱིར་རོ། །པཎྜི་ཏ་ཆེན་པོ་ སྟོབས་བཅུ་དཔལ་བཤེས་གཉེན་གྱིས་རྣམ་པར་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་ཕུང་པོ་སྐྱེ་མཆེད་ཁམས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་དགུ་པའོ།། །།སྣོད་དང་སེམས་ཅན་གྱི་འཇིག་རྟེན་གཉིས་དག་གིས་སྐྱེད་པར་བྱེད་པ་རྟེན་ཅིང་འབྲེལ་བར་ འབྱུང་བ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་སྐྱེད་པར་བྱེད་པ་ཐུན་མོང་གི་ལས་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །སེམས་ཅན་གྱི་འཇིག་རྟེན་སྐྱེད་པར་བྱེད་པ་ཐུན་མོང་མ་ཡིན་པ་ལས་ནི་ ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཡན་ལག་བཅུ་གཉིས་ཏེ། འདི་ལྟར་མ་རིག་པའི་ཡན་ལག་དང༌། འདུ་བྱེད་ཀྱི་ཡན་ལག་དང༌། རྣམ་པར་ཤེས་པའི་ཡན་ལག་དང༌། མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ ཡན་ལག་དང༌། ཚོར་བའི་ཡན་ལག་དང༌། སྲེད་པའི་ཡན་ལག་དང༌། ཉེ་བར་ལེན་པའི་ཡན་ལག་དང༌། སྲིད་པའི་ཡན་ལག་དང༌། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། །དེ་རྣམས་ནི་ཡན་ལག་བཞི་ཉིད་དུ་འགྱུར་ཏེ། འདི་ལྟ་སྟེ། འཕེན་པར་བྱེད་པའི་ཡན་ལག་དང༌། འཕངས་ པའི་ཡན་ལག་དང༌། མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་དང༌། མངོན་པར་བསྒྲུབ་པར་བྱ་བའི་ཡན་ལག་གོ། །དེ་ལ་འཕེན་པར་བྱེད་པའི་ཡན་ལག་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང༌། འདུ་བྱེད་ཀྱི་ཡན་ལག་གོ། །འཕངས་པའི་ཡན་ལག་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང༌། མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ཡན་ལག་དང༌། ཚོར་བའི་ཡན་ལག་གོ། །མངོན་པར་སྒྲུབ་པར་བྱེད་པའི་ཡན་ལག་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲེད་པའི་ཡན་ལག་དང༌། ཉེ་བར་ལེན་པའི་ཡན་ ལག་དང༌། སྲིད་པའི་ཡན་ལག་གོ། །མངོན་པར་བསྒྲུབ་པར་བྱ་བའི་ཡན་ལག་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་དུམ་བུ་ནི་འདི་ལྟ་སྟེ། སྔོན་གྱི་དུམ་བུ་དང༌། བར་གྱི་དུམ་བུ་དང༌། མཐའ་མའི་དུམ་ ༄༅། །བུའོ། །དེ་ལ་སྔོན་གྱི་དུམ་བུ་ནི་དེ་མ་ཐག་པའི་སྐྱེ་བ་སྔོན་མ་དང་འབྲེལ་པའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང༌། འདུ་བྱེད་ཀྱི་ཡན་ལག་གོ། །བར་གྱི་དུམ་བུའི་སྐྱེ་བ་ལྟ་བ་དང་འབྲེལ་བའི་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། རྣམ་པར་ཤེས་ པའི་ཡན་ལག་དང༌། མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ཡན་ལག་དང༌། ཚོར་བའི་ཡན་ལག་དང༌། སྲེད་པའི་ཡན་ལག་དང༌། ཉེ་བར་ལེན་པའི་ཡན་ལག་དང༌། སྲིད་པའི་ཡན་ལག་གོ། །མཐའ་མའི་དུམ་བུ་ནི་མ་འོངས་པའི་སྐྱེ་བ་དང་ འབྲེལ་བའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཐའ་གཉིས་ནི་འདི་ལྟ་སྟེ། སྔོན་གྱི་མཐའ་ཅན་དང༌། ཕྱི་མའི་མཐའ་ཅན་ནོ། །དེ་ལ་སྔོན་གྱི་མཐའ་ཅན་ལ་གཉིས་ནི་བདག་ཉིད་དེ་འདི་ལྟ་སྟེ། རྒྱུའི་ བདག་ཉིད་དང་འབྲས་བུའི་བདག་ཉིད་དོ། །དེ་ལ་རྒྱུའི་བདག་ཉིད་ནི་སྐྱེ་བ་སྔོན་མ་དང་འབྲེལ་བའི་ཡན་ལག་ལ་གཉིས་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང༌། འདུ་བྱེད་ཀྱི་ཡན་ལག་གོ། །འབྲས་བུའི་བདག་ཉིད་ལ་འཇུག་བཞིན་པའི་སྐྱེ་བ་དང་འབྲེལ་བའི་ཡན་ལག་ལྔ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའོ། །ཕྱི་མའི་མཐའ་ཅན་ཡང་གཉིས་ཀྱི་བདག་ཉིད་དེ། རྒྱུའི་བདག་ཉིད་དང༌། འབྲས་བུའི་བདག་ཉིད་དོ། །དེ་ལ་རྒྱུའི་བདག་ཉིད་ནི། ད་ལྟའི་སྐྱེ་བ་དང་འབྲེལ་པའི་ཡན་ལག་གསུམ་ནི་ འདི་ལྟ་སྟེ། སྲེད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པའོ། །འབྲས་བུའི་བདག་ཉིད་དེ་མ་ཐག་པ་མ་འོངས་པའི་སྐྱེ་བ་དང་འབྲེལ་པའི་ཡན་ལག་གཉིས་ནི་འདི་ལྟ་སྟེ། སྐྱེ་བ་དང༌། རྒ་ཤིའོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ནི་ཕུང་པོ་གསུམ་ནི་འདི་ལྟ་སྟེ། ཉོན་མོངས་པའི་ཕུང་པོ་དང༌། ལས་ཀྱི་ཕུང་པོ་དང༌། སྐྱེ་བའི་ཕུང་པོའོ། །དེ་ལ་ཉོན་མོངས་པའི་ཕུང་པོ་ལ་ཡན་ལག་གསུམ་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང༌། སྲེད་པའི་ཡན་ལག་དང༌། ཉེ་བར་ལེན་པའི་ཡན་ལག་གོ། །ལས་ཀྱི་ཕུང་པོ་ལ་ཡན་ལག་གཉིས་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་ཡན་ལག་དང༌། སྲིད་པའི་ ཡན་ལག་གོ། །སྐྱེ་བའི་ཕུང་པོ་ལ་ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང༌། མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ཡན་ལག་དང༌། ཚོར་བའི་ཡན་ལག་དང༌། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། །ཡང་ ཀུན་ནས་ཉོན་མོངས་པ་གསུམ་གྱི་བདག་ཉིད་དེ། འདི་ལྟ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་དོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཡན་ ལག་གསུམ་ནི་འདི་ལྟ་སྟེ། མ་རིག་པའི་ཡན་ལག་དང༌། སྲེད་པའི་ཡན་ལག་དང༌། ཉེ་བར་ལེན་པའི་ཡན་ལག་གོ། །ལས་ཀྱི་ཉོན་མོངས་པའི་བདག་ཉིད་ལ་ཡན་ལག་གཉིས་ནི་འདི་ལྟ་སྟེ། འདུ་བྱེད་ཀྱི་ཡན་ལག་དང༌། སྲིད་པའི་ཡན་ལག་གོ། །སྐྱེ་བའི་ཉོན་མོངས་པའི་བདག་ཉིད་ལ་ ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང༌། མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ཡན་ལག་དང༌། ཚོར་བའི་ཡན་ལག་དང༌། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། །ཡང་ཀུན་ནས་ཉོན་མོངས་པ་གསུམ་གྱི་ བདག་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཉིས་ཀྱི་བདག་ཉིད་དེ་འདི་ལྟ་སྟེ། རྒྱུའི་བདག་ཉིད་དང༌། འབྲས་བུའི་བདག་ཉིད་དོ། །དེ་ལ་རྒྱུའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་ཀུན་ནས་ཉོན་མོངས་གཉིས་ནི་འདི་ལྟ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ ནས་ཉོན་མོངས་པ་དང༌། འབྲས་བུའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ལ་གཅིག་ནི་འདི་ལྟ་སྟེ། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །ཡང་ལམ་གསུམ་ནི་འདི་ལྟ་སྟེ། ཉོན་མོངས་པའི་ལམ་དང༌། ལས་ཀྱི་ལམ་དང༌། རྣམ་པར་སྨིན་པའི་ལམ་མོ། །དེ་ལ་ཉོན་མོངས་པའི་ལམ་ནི་ཡན་ལག་ གསུམ་སྟེ། འདི་ལྟ་སྟེ། མ་རིག་པ་དང༌། སྲེད་པ་དང༌། ཉེ་བར་ལེན་པའོ། །ལས་ཀྱི་ལམ་ལ་ཡན་ལག་གཉིས་ཏེ་འདི་ཡིན་ཏེ། འདུ་བྱེད་ཀྱི་ཡན་ལག་དང༌། སྲིད་པའི་ཡན་ལག་གོ། །རྣམ་པར་སྨིན་པའི་ལམ་ལ་ཡན་ལག་བདུན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡན་ལག་དང༌། ༄༅། །མིང་དང་གཟུགས་ཀྱི་ཡན་ལག་དང༌། སྐྱེ་མཆེད་དྲུག་གི་ཡན་ལག་དང༌། རེག་པའི་ཡན་ལག་དང༌། ཚོར་བའི་ཡན་ལག་དང༌། སྐྱེ་བའི་ཡན་ལག་དང༌། རྒ་ཤིའི་ཡན་ལག་གོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བཅུ་གཉིས་ཀྱི་བདག་ཉིད་དེ། འདི་ཡིན་ཏེ། གང་ དེ་མ་ཐག་པའི་འདས་པའི་སྐྱེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གནས་སྐབས་ནི་མ་ཡིན་ནོ། །གང་དེ་མ་ཐག་པའི་འདས་པའི་སྐྱེ་བའི་ཡང་སྲིད་ལེན་བྱེད་ཀྱི་ལས་མཐའ་དག་གི་གནས་སྐབས་དེ་ནི་འདུ་བྱེད་ཀྱི་ཡན་ལག་གོ། །མའི་ལྟོ་བར་སྐྱེ་བ་ཉིད་མཚམས་སྦྱོར་བའི་དུས་ཀྱི་ཕུང་པོ་ལྔའི་ གནས་སྐབས་དེ་ནི་རྣམ་པར་ཤེས་པའི་ཡན་ལག་གོ། །ཉིད་མཚམས་སྦྱོར་བའི་དུས་ཕན་ཆད་ནས་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་གནས་སྐབས་དེ་ནི་མིང་དང་གཟུགས་སོ། །དེའི་རྗེས་སུ་སྐྱེ་མཆེད་དྲུག་རྫོགས་ཏེ། ཅི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འཚོགས་ པར་མ་གྱུར་པའི་བར་གྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་གི་ཡན་ལག་གོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕྲད་ནས་འཚོགས་པ་གསུམ་ཡོངས་སུ་གཅོད་པར་མི་ནུས་པའི་གནས་སྐབས་དེ་ནི་རེག་པའོ། །ཚོར་བ་གསུམ་ཡོངས་སུ་བཅད་ནས་ཅི་སྲིད་དུ་འཁྲིག་ པའི་འདོད་ཆགས་མ་གྱུར་པ་དེའི་གནས་སྐབས་ནི་ཚོར་བའི་ཡན་ལག་གོ། །འཁྲིག་པའི་འདོད་ཆགས་ཀུན་དུ་སྤྱོད་པའི་གནས་སྐབས་དེ་ནི་སྲེད་པའི་ཡན་ལག་གོ། །ཡུལ་གང་གི་གནས་སྐབས་ཐོབ་པའི་དོན་དུ་འཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པའི་གནས་སྐབས་དེ་ནི་ཉེ་བར་ ལེན་པའི་ཡན་ལག་གོ། །ཡུལ་གང་ཐོབ་པའི་དོན་ཀུན་དུ་རྒྱུག་པས་ཡང་སྲིད་ལེན་བྱེད་ཀྱི་ལས་ཉེ་བར་སོགས་པའི་གནས་སྐབས་དེ་སྲིད་པའི་ཡན་ལག་གོ། །སྐྱེ་བ་ལ་འདི་ཉིད་ཀྱི་རྣམ་པར་ཤེས་པའི་གནས་སྐབས་གང་ཡིན་པ་དེ་ཉིད་ཀྱི་བར་མེད་པའི་མ་འོངས་པའི་སྐྱེ་བའི་གནས་སྐབས་དེ་ནི་སྐྱེ་ བའི་ཡན་ལག་གོ། །སྐྱེ་བ་འདི་ཉིད་ཀྱི་མིང་དང་གཟུགས་སྐྱེ་མཆེད་དྲུག་ཚོར་བའི་གནས་སྐབས་གང་ཡིན་པ་དེ་ཉིད་ཀྱི་བར་མེད་པའི་མ་འོངས་པའི་སྐྱེ་བ་ནི་རྒ་ཤིའི་ཡན་ལག་གོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཕན་ཚུན་རྒྱུ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་ལས་འདུ་བྱེད་དང༌། འདུ་བྱེད་ ཀྱི་རྐྱེན་ལས་རྣམ་པར་ཤེས་པ་དང༌། རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་དང༌། སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པ་དང༌། རེག་པའི་རྐྱེན་ལས་ཚོར་བ་དང༌། ཚོར་བའི་རྐྱེན་ལས་སྲེད་པ་དང༌། སྲེད་པའི་རྐྱེན་ལས་ཉེ་བར་ལེན་པ་དང༌། ཉེ་ བར་ལེན་པའི་རྐྱེན་ལས་སྲིད་པ་དང༌། སྲིད་པའི་རྐྱེན་ལས་སྐྱེ་བ་དང༌། སྐྱེ་བའི་རྐྱེན་ལས་རྒ་ཤིའོ། །དེས་ན་དེ་བཞིན་དུ་སྐྱེ་བའི་རྐྱེན་ལས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བརྗོད་དེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ འབའ་ཞིག་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་པ་ནི་རྗེས་སུ་མཐུན་པའོ། །འབའ་ཞིག་ཅེས་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བའི་ཞེས་པའོ། །རྗེས་སུ་མི་མཐུན་པ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་ པས་ཉེ་བར་ལེན་པ་འགག །ཉེ་བར་ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་རོ། །དེ་བཞིན་དུ་སྡུག་བསྔལ་ གྱི་ཕུང་པོ་ཆེན་པོ་འབའ་ཞིག་འགག་པར་འགྱུར་རོ། །འབའ་ཞིག་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བའི་ཞེས་པའོ། །ཡང་དེ་ལ་མ་རིག་པ་ནི་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། དམིགས་པ་སེམས་ཅན་རྣམས་ ཀུན་དུ་རྨོངས་པར་བྱེད་དོ། །འདུ་བྱེད་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ། །འདུ་བྱེད་ཀྱང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པར་བྱེད་པ་དང༌། རྣམ་པར་ཤེས་པ་མངོན་པར་ ༄༅། །རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ། །རྣམ་པར་ཤེས་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། སྲིད་པ་ཉིད་མཚམས་སྦྱོར་བ་སྐྱེད་པར་བྱེད་པ་དང༌། མིང་དང་གཟུགས་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྨིན་ པར་བྱེད་མིང་དང་གཟུགས་ཀྱང་འབྲས་བུ་རྣམ་པ་གཉིས་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཕན་ཚུན་ཉེ་བར་བསྟན་པར་ཡང་བྱེད་པ་དང༌། སྐྱེ་མཆེད་དྲུག་མངོན་པར་སྒྲུབ་པའི་དོན་དུ་རྒྱུ་སྟེར་རོ། །སྐྱེ་མཆེད་དྲུག་ཀྱང་འབྲས་བུ་རྣམ་པ་གཉིས་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཡུལ་རྣམ་པར་འབྱེད་པར་བྱེད་པ་དང༌། རེག་པ་མངོན་པར་སྒྲུབ་པའི་དོན་དུ་རྒྱུ་ཡང་སྟེར་རོ། །རེག་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། དམིགས་པ་དང་རེག་པར་བྱེད་པ་དང༌། ཚོར་བ་མངོན་པར་རྫོགས་པའི་ཆེད་དུ་རྒྱུ་ཡང་སྟེར་རོ། །ཚོར་བ་ ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་པ་དང་མི་འདོད་པ་དང་གཉིས་ཀ་བཟློག་པ་ཉམས་སུ་མྱོང་བར་བྱེད་པ་དང༌། སྲེད་པ་མངོན་པར་རྫོགས་པའི་དོན་དུ་རྒྱུ་ཡང་སྦྱིན་པར་བྱེད་དོ། །སྲེད་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་ པར་འགྱུར་ཏེ། འདི་ལྟ་སྟེ། ཀུན་ནས་གོས་པར་བྱ་བའི་དངོས་པོ་ལ་ཀུན་དུ་ཆགས་པར་བྱེད་པ་དང༌། ཉེར་ལེན་མངོན་པར་རྫོགས་པའི་དོན་དུ་རྒྱུ་ཡང་སྦྱིན་པར་བྱེད་དོ། །ཉེ་བར་ལེན་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་སྡོམ་ པར་བྱེད་པ་དང༌། སྲིད་པ་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ། །སྲིད་པ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། སྲིད་པའི་འགྲོ་བ་གཞན་དང་སོ་སོར་ཉེ་བར་གནས་པར་བྱེད་པ་དང༌། སྐྱེ་བ་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་ནོ། །སྐྱེ་བ་ ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་ཕྱེ་བ་བྱེད་པ་དང༌། རྒ་བ་མངོན་པར་རྫོགས་པའི་ཕྱིར་རྒྱུ་ཡང་སྦྱིན་པར་བྱེད་དོ། །རྒ་བ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། དབང་པོ་ཡང་རྣམ་པར་འགྱུར་བར་བྱེད་པ་ དང༌། འཆི་བ་ཀུན་དུ་འཛིན་པ་མངོན་པར་རྫོགས་པའི་དོན་དུ་རྒྱུ་ཡང་སྟེར་བར་བྱེད་དོ། །འཆི་བ་ཡང་འབྲས་བུ་རྣམ་པ་གཉིས་སོ་སོར་ཉེ་བར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་བྱེད་རྣམ་པར་འཇོམས་པར་བྱེད་པ་དང༌། ཡོངས་སུ་མི་ཤེས་པ་ཉེ་བར་འཆད་པར་མི་བྱེད་པའོ། །དེ་ལ་དམིགས་ ལ་སེམས་ཅན་རྣམས་རྨོངས་པར་བྱེད་དོ་ཞེས་པ་ནི་ཡུལ་གཙང་བ་ལ་སོགས་པའི་མཚན་མར་བཟུང་ནས་ཀུན་དུ་ཆགས་པར་བྱེད་པའོ། །མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པར་བྱེད་ཅེས་པ་ནི་འདོད་པ་དང་མི་འདོད་པའི་འབྲས་བུ་རྫོགས་པར་བྱེད་པའོ། །སྲིད་པར་ཉིད་མཚམས་སྦྱོར་བ་ཞེས་ པ་ནི་སྐྱེ་བའི་སྲིད་པ་རྫོགས་པར་བྱེད་དོ། །མིང་ཞེས་པ་ནི། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །དེ་རྣམས་ཕན་ཚུན་ཉེ་བར་བསྟེན་པར་བྱེད་ཅེས་པ་ནི། ཕན་ཚུན་རྗེས་སུ་འགྲོ་བས་མཐུན་པར་འཛིན་པའོ།། ཡུལ་རྣམ་པར་བྱེད་ཅེས་པ་ནི། གཟུགས་ལ་སོགས་པའི་ཡུལ་རྣམ་པར་ཐ་དད་པར་རོ། །དམིགས་པ་རེག་པར་བྱེད་ཅེས་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་ཡང་དག་པར་རེག་པའོ། །འདོད་པ་མི་འདོད་པ་གཉི་ག་བཟློག་པ་ཉམས་སུ་མྱོང་བ་ཞེས་པ་ནི། འདོད་པ་ནི་བདེ་བའོ་ མི་འདོད་པ་ནི་སྡུག་བསྔལ་ལོ། །གཉི་ག་བཟློག་ཅེས་པ་ནི་སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའོ། །དེ་རྣམས་ཀྱི་ཉམས་མྱོང་ནི་ཚོར་བའོ། །ཀུན་ནས་གོས་པར་བྱ་བའི་དངོས་པོ་ལ་ཀུན་དུ་ཆགས་པ་ཞེས་པ་ནི་ཀུན་ནས་ཆགས་པར་བྱ་བའི་ཡུལ་ལ་ཀུན་དུ་ཞེན་པའོ། །ཀུན་ནས་ཉོན་མོངས་པ་དང་སྡོམ་ པར་ཞེས་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་འཆིང་བའོ། །སྲིད་པའི་འགྲོ་བ་གཞན་ཉེ་བར་གནས་པ་ཞེས་པ་ནི། བར་མཚམས་མེད་པར་སྐྱེ་བའི་འདོད་པ་དང་མི་འདོད་པའི་འགྲོ་བ་ཉེ་བར་འཚོགས་པར་བྱེད་པའོ། །ཕུང་པོ་ཕྱེ་བ་བྱེད་པ་ཞེས་པ་ནི་བར་མེད་ པར་སྐྱེ་བའི་སྲིད་པ་ལ་ཕུང་པོ་ཉིང་མཚམས་སྦྱོར་བའོ། །དབང་པོ་རྣམ་པར་འགྱུར་བ་ཞེས་པ་ནི་གནས་པ་གཞན་དུ་གྱུར་པའོ། །འདུ་བྱེད་རྣམ་པར་འཇོམས་པ་ཞེས་པ་ནི་ཕུང་པོ་རྣམ་པར་འཇིག་པའོ། །ཡོངས་སུ་མི་ཤེས་པ་རྒྱུན་མི་གཅོད་པ་ཞེས་པ་ནི་ཀུན་དུ་རྨོངས་པ་མ་ཉམས་ ༄༅། །པའོ། །གཞན་ཐམས་ཅད་ནི་གོ་སླའོ། །དེ་ལ་མ་རིག་པའི་རྐྱེན་ལས་འདུ་བྱེད་ཅེས་པ་ནི་རྐྱེན་མ་རིག་པ་ལས་འདུ་བྱེད་རྣམས་ཀྱི་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པ་ཞེས་པ་ནི་རྐྱེན་འདུ་བྱེད་ལས་རྣམ་པར་ཤེས་པ་ཉེ་བར་ མི་ཆད་པ་དང་ཉེ་བར་བསྟན་པའོ། །རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་ཞེས་པ་ནི་རྐྱེན་རྣམ་པར་ཤེས་པ་ལས་མིང་དང་གཟུགས་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་ཅེས་པ་ནི་རྐྱེན་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་ ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པ་ཞེས་པ་ནི་རྐྱེན་སྐྱེ་མཆེད་དྲུག་ལས་རེག་པ་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །རེག་པའི་རྐྱེན་ལས་ཚོར་བ་ཞེས་པ་ནི། རྐྱེན་རེག་པ་ལས་ཚོར་བ་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །ཚོར་བའི་རྐྱེན་ལས་སྲེད་པ་ ཞེས་པ་ནི་རྐྱེན་ཚོར་བ་ལས་སྲེད་པ་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །སྲེད་པའི་རྐྱེན་ལས་ཉེ་བར་ལེན་པ་ཞེས་པ་ནི་རྐྱེན་སྲེད་པ་ལས་ཉེ་བར་ལེན་པ་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །ཉེ་བར་ལེན་པའི་རྐྱེན་ལས་སྲིད་པ་ཞེས་པ་ནི་རྐྱེན་ཉེ་བར་ལེན་པ་ལས་སྲིད་པའི་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་ པའོ། །སྲིད་པའི་རྐྱེན་ལས་སྐྱེ་བ་ཞེས་པ་ནི་རྐྱེན་སྲིད་པ་ལས་སྐྱེ་བ་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །སྐྱེ་བའི་རྐྱེན་ལས་རྒ་ཤི་ཞེས་པ་ནི་རྐྱེན་སྐྱེ་བ་ལས་རྒ་ཤི་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རྒྱུའི་རྐྱེན་མ་རིག་པ་གང་ཡིན་པ་དེ་ནི་མ་རིག་པའི་རྐྱེན་ནོ། །དེ་ རྣམས་ཀྱི་ངོ་བོ་ནི་མ་རིག་པའི་རྐྱེན་ལས་སོ། །དེ་ཡང་འདུ་བྱེད་རྣམས་ཀྱི་ཉེ་བར་མི་ཆད་པ་ནི་རྒྱུན་རྣམ་པར་མི་ཆད་པ་དང༌། ཉེ་བར་བསྟན་པ་ནི་རྗེས་སུ་མཐུན་པས་འཛིན་པ་ལ་བརྗོད་དོ། །རྣམ་པར་ཤེས་པའི་རྐྱེན་འདུ་བྱེད་གང་ཡིན་པ་དེ་ནི་འདུ་བྱེད་ཀྱི་རྐྱེན་ནོ། །དེའི་ངོ་བོ་ནི་འདུ་བྱེད་ཀྱི་རྐྱེན་ལས་སོ། ། དེ་ཡང་ཉེ་བར་མི་ཆད་པ་དང་ཉེ་བར་བསྟན་པ་ཞེས་པ་ནི་སྔོན་བཞིན་ནོ། །དེ་ལྟར་ཐམས་ཅད་དུ་སྦྱར་བར་བྱའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནི་རྐྱེན་མ་རིག་པ་དངོས་པོ་མེད་པ་ལས་འདུ་བྱེད་རྣམས་ཀྱི་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ། །འདུ་བྱེད་འགགས་པས་ རྣམ་པར་ཤེས་པ་འགག་ཅེས་པ་ནི། རྐྱེན་འདུ་བྱེད་ངོ་བོ་མེད་པ་ལས་རྣམ་པར་ཤེས་པ་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་ཅེས་པ་ནི་རྐྱེན་རྣམ་པར་ཤེས་པ་ངོ་བོ་མེད་པ་ལས་མིང་དང་གཟུགས་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ ཡིན་པའོ། །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་ཅེས་པ་ནི་རྐྱེན་མིང་དང་གཟུགས་དངོས་པོ་མེད་པ་ལས་སྐྱེ་མཆེད་དྲུག་གི་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ། །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་ཅེས་པ་ནི་རྐྱེན་སྐྱེ་མཆེད་དྲུག་དངོས་པོ་མེད་པ་ལས་རེག་པ་ཉེ་ བར་ཞི་བ་དང་ཉེ་བར་མི་བསྟན་པའོ། །རེག་པ་འགགས་པས་ཚོར་བ་འགག་ཅེས་པ་ནི་རྐྱེན་རེག་པ་དངོས་པོ་མེད་པ་ལས་ཚོར་བ་ཉེ་བར་བསྟན་པ་མ་ཡིན་པའོ། །ཚོར་བ་འགགས་པས་སྲེད་པ་འགག་ཅེས་པ་ནི་རྐྱེན་ཚོར་བ་དངོས་པོ་མེད་པ་ལས་སྲེད་པ་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ།། སྲིད་པ་འགགས་པས་ཉེ་བར་ལེན་པ་འགག་ཅེས་པ་ནི་རྐྱེན་སྲེད་པ་དངོས་པོ་མེད་པ་ལས་ཉེ་བར་ལེན་པ་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ། །ཉེ་བར་ལེན་པ་འགགས་པས་སྲིད་པ་འགག་ཅེས་པ་ནི་རྐྱེན་ཉེ་བར་ལེན་པ་དངོས་པོ་མེད་པ་ལས་སྲིད་པ་ཉེ་བར་ཞི་བ་དང་ཉེ་བར་མི་བསྟན་པའོ།། སྲིད་པ་འགགས་པས་སྐྱེ་བ་འགག་ཅེས་པ་ནི་རྐྱེན་སྲིད་པ་དངོས་པོ་མེད་པ་ལས་སྐྱེ་བ་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ། །སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནི་རྐྱེན་སྐྱེ་བ་དངོས་པོ་མེད་པ་ལས་རྒ་ཤི་ཉེ་བར་ཞི་བ་དང་ཉེ་བར་བསྟན་པ་མ་ཡིན་པའོ་ཞེས་སོ། །དེ་ལ་མ་རིག་པ་ ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། མི་ཤེས་པ་དང༌། ལོག་པར་ཤེས་པ་དང༌། ཐེ་ཚོམ་ཞེས་པའོ། །ཡང་ཉོན་མོངས་པ་ཐམས་ཅད་ནི་མ་རིག་པའོ། །མ་རིག་པ་དེ་ཡང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འདོད་པས་བསྡུས་པ་དང༌། གཟུགས་ཀྱིས་བསྡུས་པ་དང༌། གཟུགས་མེད་པས་ བསྡུས་པའོ། །དེ་ལ་འདོད་པས་བསྡུས་པ་ལ་རྣམ་པ་ལྔ་ནི་འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང༌། ཀུན་འབྱུང་གིས་བསྡུས་པ་དང༌། འགོག་པས་བསྡུས་པ་དང༌། ལམ་གྱིས་བསྡུས་པ་དང༌། བསྒོམ་པས་སྤང་བར་བྱ་བའོ། །དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་རྣམ་པ་ལྔ་ ༄༅། །དང༌། དེ་བཞིན་དུ་གཟུགས་མེད་པས་བསྡུས་པ་རྣམ་པ་ལྔ་དང༌། ལྔ་པ་གསུམ་སྟེ་མ་རིག་པ་བཅོ་ལྔར་འགྱུར་རོ། །འདུ་བྱེད་ཀྱི་ཡན་ལག་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་དགེ་བ་དང༌། དགེ་བ་དང༌། ལུང་མ་བསྟན་དང༌། མི་གཡོ་བའོ། །དེ་ལ་མི་དགེ་བའི་ ལས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་བཞིན་གྱི་ཁ་ན་མཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ། །དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་སོ། །དེ་ལ་ལུས་ཀྱི་ལས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྲོག་གཅོད་ པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པའོ། །ངག་གི་ཡང་བཞིན་ནི་འདི་ལྟ་སྟེ། བརྫུན་དུ་སྨྲ་བ་དང༌། དབྱེན་དང༌། རྩུབ་མོ་དང༌། ངག་ཀྱལ་པའོ། །ཡིད་ཀྱི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། ། དེ་རྣམས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་པའོ། །བཅས་པའི་ཁ་ན་མ་ཐོ་བ་རྣམ་པ་མང་སྟེ་འདི་ལྟ་སྟེ། སོ་སོར་ཐར་པའི་བཅས་པའི་བསླབ་པའི་གཞི་ལས་འདས་པ་མཐར་དག་གོ། །ཆང་གི་བཏུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཉིད་དོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་ཁ་ཅིག་གོ། །དགེ་ བའི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། ལུས་ཀྱི་དང༌། ངག་གི་དང༌། ཡིད་ཀྱིའོ། །དེ་ལ་ལུས་ཀྱི་ལས་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལོག་པ་དང༌། མ་བྱིན་པར་ལེན་པ་ལས་ལོག་པ་དང༌། འདོད་པས་ལོག་པར་སྤྱོད་པ་ལས་ལོག་པའོ། །ངག་གི་ལ་རྣམ་པ་བཞི་ནི་འདི་ ལྟ་སྟེ། བརྫུན་སྨྲ་བ་ལས་ལྡོག་པ་དང༌། དབྱེན་སྨྲ་བ་ལས་ལྡོག་པ་དང༌། ཚིག་རྩུབ་ལས་ལྡོག་པ་དང༌། ཚིག་ཀྱལ་པ་ལས་ལྡོག་པའོ། །ཡིད་ཀྱི་དགེ་བའི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་མེད་པའི་མཚན་ཉིད་མ་ཆགས་པ་དང༌། གནོད་སེམས་མེད་པའི་མཚན་ཉིད་ཞེ་སྡང་ མེད་པ་དང༌། ཡང་དགེ་བའི་ལྟ་བའི་མཚན་ཉིད་རྨོངས་པ་མེད་པའོ། །དེ་རྣམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་པའོ། །བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པ་ཡང་དགེ་བ་ཉིད་དོ། །ཡང་ལས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མཐོང་བའི་ཆོས་ལ་མྱོང་བར་བྱ་བ་དང༌། སྐྱེས་ནས་མྱོང་བར་བྱ་བ་ དང༌། ལན་གྲངས་གཞན་ལ་མྱོང་བར་བྱ་བ་ཡིན་པའོ། །དེ་ལ་སྐྱེས་ནས་མྱོང་བར་བྱ་བ་ནི་རྣམ་པ་གཉིས་ཏེ་འདི་ལྟ་སྟེ། མཚམས་མེད་པའི་ལས་དང༌། ཉེ་བའི་མཚམས་མེད་པའི་ལས་སོ། །དེ་ལ་མཚམས་མེད་པའི་ལས་རྣམ་པ་ལྔ་ནི་འདི་ལྟ་སྟེ། མ་གསོད་པ་དང༌། ཕ་གསོད་པ་དང༌། དགྲ་བཅོམ་ པ་གསོད་པ་དང༌། དེ་བཞིན་གཤེགས་པ་ལ་སྡང་བའི་སེམས་ཀྱིས་ཁྲག་ཕྱུང་བ་དང༌། དགེ་འདུན་འབྱེད་པའོ། །དེ་ལ་དགེ་འདུན་འབྱེད་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། འཁོར་ལོ་འབྱེད་པ་དང༌། ལས་འབྱེད་པའོ། །དེ་ལ་འཁོར་ལོ་འབྱེད་པའི་དགེ་འདུན་འབྱེད་པ་པོ་ནི། དགེ་སློང་ཁོ་ན་སྟེ་ལྟ་བ་ ལ་སྤྱོད་པ་ཉིད་ཡིན་གྱི་སྲེད་པ་ལ་སྤྱོད་པ་ནི་མ་ཡིན་ནོ། །ཚུལ་ཁྲིམས་འཆལ་བ་མ་ཡིན་ནོ། །དགེ་སློང་མ་ལ་སོགས་པ་མ་ཡིན་ནོ། །བརྟུལ་ཞུགས་ལ་གནས་པས་ཡིན་གྱི་བརྟུལ་ཞུགས་ཞིག་པས་ནི་མ་ཡིན་ནོ། །དབྱེ་བར་བྱ་བ་དགེ་འདུན་བརྒྱད་དམ་རབ་ཏུ་མང་བ་ཡང་རུང་སོ་སོ་སྐྱེ་བོའི་ དགེ་སློང་རྣམས་ཏེ་འཕགས་པས་མ་ཡིན་ནོ། །འཛམ་བུའི་གླིང་ཉིད་ཡིན་པ། དེ་བཞིན་གཤེགས་པ་འདས་པའི་དུས་མ་ཡིན་པ་ཉིད་དོ། །གང་གི་ཚེ་དགེ་སློང་རྣམས་སངས་རྒྱས་ལས་གཞན་སྟོན་པ་དང༌། སངས་རྒྱས་ཀྱིས་བསྟན་པའི་ལམ་ལས་གཞན་ཡང་ཐར་པའི་ལམ་ཡོད་དོ་ ཞེས་བརྗོད་པ་དེའི་ཚེ། དགེ་འདུན་ཕྱེ་བར་འགྱུར་བའོ། །ཅི་སྲིད་དུ་དགེ་འདུན་ཕྱེ་ནས། གནས་པ་དེ་སྲིད་དུ་མནར་མེད་པ་དང༌། སྲིད་པའི་རྩེ་མོའི་བར་དུ་འཕགས་པ་མ་ཡིན་པའི་སེམས་ཅན་རྣམས་ཀྱི་དགེ་བའི་སེམས་སྐྱེད་པར་མི་འགྱུར་རོ། །དེས་ན་དེ་བཞིན་གཤེགས་ པའི་ཆོས་ཀྱི་འཁོར་ལོ་འབྱེད་པར་འགྱུར་བ་ནི་འཁོར་ལོ་འབྱེད་པ་ཞེས་བརྗོད་དོ། །འཁོར་ལོ་འབྱེད་པ་འདི་ནི་དགེ་འདུན་ཕྱེ་བ་ཞག་ཏུ་མི་གནས་པ་ཉིད་དེ་ངེས་པར་དགེ་འདུན་མཐུན་པར་འགྱུར་རོ། །འཁོར་ལོ་འབྱེད་པ་འདི་དུས་དྲུག་ཏུ་འབྱུང་བར་མི་འགྱུར་རོ། །འདི་ལྟ་སྟེ། དང་པོ་ཆོས་ ཀྱི་འཁོར་ལོ་མ་བསྐོར་བ་ལ་མ་ཡིན། ཐ་མར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་མ་ཡིན། བར་དུ་ཅི་སྲིད་དུ་སངས་རྒྱས་བསྟན་པ་ལ་ཚུལ་ཁྲིམས་ཆུ་བུར་དང་ལྟ་བའི་ཆུ་བུར་མ་བྱུང་བར་མ་ཡིན། ཅི་སྲིད་དུ་མཆོག་ཟུང་ཉན་ཐོས་གཉིས་མ་བྱུང་བར་མ་ཡིན། ༄༅། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མ་ཡིན། ཅི་སྲིད་དུ་མཚམས་མ་བཅད་པ་ལས་མ་ཡིན་ནོ། །ལས་འབྱེད་པ་ཡང་དགེ་སློང་བརྒྱད་དམ་རབ་ཏུ་མང་པོ་རྣམས་གང་གི་ཚེ་མཚམས་ནང་གཅིག་ཏུ་འཚོགས་པ་མེད་པར་ལས་བྱེད་ནའོ། །སྒྲ་མི་སྙན་པ་ སྤངས་ཏེ་གླིང་གསུམ་དུ་འབྱུང་བར་འགྱུར་རོ། །ཉེ་བའི་མཚམས་མེད་པའི་ལས་ལྔ་ནི་འདི་ལྟ་སྟེ། མ་ཡིན་ཅིང་དགྲ་བཅོམ་པ་ཡང་ཡིན་པ་སུན་བྱུང་བ་དང༌། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསད་པ་དང༌། བསླབ་པའི་གང་ཟག་བསད་པ་དང༌། མཆོད་རྟེན་བཤིག་པ་དང༌། དགེ་འདུན་ གྱི་འཚོ་བའི་སྒོ་འཕྲོགས་པའོ། །ཉེ་བའི་མཚམས་མེད་ལས་འདི་ལ་མ་ངེས་པའི་ཞེས་ཁ་ཅིག་གོ། །ཡང་དགེ་བའི་ལས་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བསོད་ནམས་ཀྱི་ཆ་དང་མཐུན་པ་དང༌། ཐར་པའི་ཆ་དང་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །ཡང་ལས་གསུམ་ནི་འདི་ལྟ་ སྟེ། ལས་འགའ་ཞིག་བྱས་ཤིང་མི་འཕེལ་བ་དང༌། ལས་འགའ་ཞིག་མ་བྱས་ཤིང་འཕེལ་བ་དང༌། ལས་འགའ་ཞིག་བྱས་ཤིང་འཕེལ་བའོ། །ཡང་ལས་རྣམ་པ་གསུམ་ནི་འདི་ལྟ་སྟེ། མཐའ་གཅིག་ཏུ་གནག་པའི་ལས་དང༌། མཐའ་གཅིག་ཏུ་དཀར་བའི་ལས་དང༌། རྣམ་པར་འདྲེས་པའི་ལས་སོ། །ཡང་ལས་རྣམ་པ་གསུམ་ ནི་འདི་ལྟ་སྟེ། ལྟུང་བྱ་དང༌། སྤང་བྱ་དང༌། བརྟེན་བྱའོ། །ཡང་ལས་རྣམ་པ་ལྔ་ནི་འདི་ལྟ་སྟེ། བྱས་པའི་ལས་དང༌། བྱེད་དུ་བཅུག་པའི་ལས་དང༌། མངོན་པར་རྗེས་སུ་ཡི་རང་བའི་ལས་དང༌། ཡང་དག་པར་རྗེས་སུ་གནང་བའི་ལས་དང༌། རྗེས་སུ་གནང་བའི་ལས་སོ། །ཡང་ལས་རྣམ་པ་གཉིས་ནི་འདི་ལྟ་སྟེ། རྣམ་ པར་རིག་བྱེད་ཀྱི་རང་བཞིན་གྱི་ལས་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་གྱི་ལས་སོ། །དེ་ལ་རྣམ་པར་རིག་བྱེད་ཀྱི་རང་བཞིན་གྱི་ལས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། དགེ་བ་དང༌། མི་དགེ་བའོ། །དེ་ལ་མི་དགེ་བ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དང༌། ངག་གིའོ། །དེ་ ལ་ལུས་ཀྱི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་བཅོད་[*GCOD] པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པའོ། །ངག་གི་རྣམ་པ་བཞི་ནི་འདི་ལྟ་སྟེ། བརྫུན་སྨྲ་བ་དང༌། དབྱེན་གྱི་ངག་དང༌། རྩུབ་པོའི་ངག་དང༌། ངག་རྐྱལ་པའོ། །དགེ་བ་ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དང་ངག་གིའོ། །དེ་ལ་ལུས་ཀྱི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པའོ། །ངག་གི་ཡང་རྣམ་པ་བཞི་སྟེ། བརྫུན་སྨྲ་བ་ལས་ལྡོག་པ་དང༌། དབྱེན་གྱི་ངག་ལས་ལྡོག་པ་དང༌། རྩུབ་པོའི་ངག་ལས་ལྡོག་པ་དང༌། ངག་ཀྱལ་པ་ལས་ལྡོག་པའོ། །རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། མི་དགེ་བའི་རྗེས་སུ་འགྲོ་བ་དང༌། དགེ་བའི་རྗེས་སུ་འགྲོ་བའོ། །དེ་ལ་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་མི་དགེ་ བའི་རྗེས་སུ་འགྲོ་བ་དང༌། ངག་གི་མི་དགེ་བའི་རྗེས་སུ་འགྲོ་བའོ། །དེ་ལ་ལུས་ཀྱི་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་གསུམ་ནི་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་འཕེན་པར་བྱེད་ཅིང་འཛིན་པར་བྱེད་པའི་འབྱུང་བ་ཆེན་པོ་ཉེ་བར་བླངས་ཏེ་འཇུག་པར་བྱེད་པ་ན་སེམས་རྣམ་ པར་འཁྲུག་པ་ཡིན་ཡང་སྲོག་གཅོད་པ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནི་མི་ལྡོག་པའི་སྔོན་དུ་རྣམ་པར་ཆད་པ་མེད་པར་རྒྱུ་བཞིན་པའི་ལས་སོ། །དེ་ཁོ་ན་བཞིན་དུ་མ་བྱིན་པར་ལེན་པ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང༌། དེ་བཞིན་དུ་འདོད་པས་ ལོག་པར་གཡེམ་པ་ལ་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནོ། །ངག་གི་མི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་བཞི་ནི་འདི་ལྟ་སྟེ། དེ་བཞིན་དུ་བརྫུན་དུ་སྨྲ་བ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང༌། དེ་བཞིན་དུ་དབྱེན་ཚིག་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་ བདག་ཉིད་ཅན་དང༌། དེ་བཞིན་དུ་ཚིག་རྩུབ་མོ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་དང༌། དེ་བཞིན་དུ་ངག་ཀྱལ་པ་ལས་མི་ལྡོག་པའི་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་ནོ། །དགེ་བའི་རྗེས་སུ་འགྲོ་བ་ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལ་སོགས་པ་ལས་སྡོག་པ་ ཡང་དག་པར་བླངས་པ་ཐོབ་པ་དང༌། རྟག་ཏུ་མཆོད་རྟེན་བྱེད་པ་ལ་སོགས་པ་ཡང་དག་པར་བླངས་པ་ཐོབ་པའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཡང་དག་པར་བླངས་པ་ཐོབ་པ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་དགེ་བའི་རྗེས་སུ་འགྲོ་བ་དང༌། ངག་གི་དགེ་བའི་རྗེས་སུ་འགྲོ་བའོ།། ༄༅། །དེ་ལ་ལུས་ཀྱི་དགེ་བའི་རྗེས་སུ་འགྲོ་བ་རྣམས་པ་གསུམ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་བླངས་པའི་དེ་མ་ཐག་ནས་བཟུང་སྟེ། ཅི་སྲིད་དུ་འཕངས་པ་དེ་སྲིད་དུ་རྣམ་པར་ཆད་པ་མེད་པར་སེམས་རྣམ་པར་འཁྲུགས་པ་ཡིན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བ་འཕེན་ པར་བྱེད་པ་དང་འཛིན་པར་བྱེད་པའི་འབྱུང་བ་ཆེན་པོ་ཉེ་བར་བླངས་ཏེ། ལྡོག་པ་མ་ཡིན་པའི་སྔོན་དུ་འཇུག་པར་བྱེད་པ་རྗེས་སུ་འབྲེལ་པའི་བདག་ཉིད་ཅན་གྱི་ལས་དང༌། དེ་བཞིན་དུ་མ་བྱིན་པར་ལེན་པ་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་དང༌། དེ་བཞིན་དུ་འདོད་པས་ལོག་ པར་སྤྱོད་པ་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་ནོ། །དག་གི་དགེ་བའི་རྗེས་སུ་འགྲོ་བ་རྣམ་པ་བཞི་ནི་འདི་ལྟ་སྟེ། དེ་བཞིན་དུ་བརྫུན་དུ་སྨྲ་བ་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་དང༌། དེ་བཞིན་དུ་དབྱེན་གྱི་ཚིག་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་དང༌། དེ་བཞིན་དུ་ཚིག་རྩུབ་མོ་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་དང༌། དེ་བཞིན་དུ་ངག་ཀྱལ་པ་ལས་ལྡོག་པའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་ནོ། །རྟག་ཏུ་མཆོད་རྟེན་བྱེད་པ་ལ་སོགས་པ་ཡང་དག་པར་བླངས་པ་ཐོབ་པ་ནི་རྣམ་པ་མང་སྟེ། འདི་ལྟ་སྟེ། ཅི་སྲིད་འཚོའི་བར་དུ་ཉིན་རེ་ བཞིན་མཆོད་རྟེན་ནམ་དཀྱིལ་འཁོར་དང་སངས་རྒྱས་མཆོད་པ་ལ་སོགས་པ་བྱས་ནས་ཟས་བཟའ་བ་ལ་སོགས་པའི་བྱ་བ་རྣམས་བྱའོ་ཞེས་ཡིད་དམ་བླངས་ནས་སེམས་འཁྲུལ་པ་ཡིན་ཡང་སྔོན་བཞིན་དུ་དགེ་བའི་རྗེས་སུ་འབྲེལ་བའི་བདག་ཉིད་ཅན་ནི། སྡོམ་པ་ཉིད་མ་ཡིན། སྡོམ་པ་མ་ཡིན་པ་མ་ ཡིན་པའི་རང་བཞིན། ཅི་སྲིད་དུ་འཕགས་པ་མི་ལྡོག་པའི་སྔོན་དུ་འཇུག་པར་བྱེད་པའི་ལས་སོ། །དེ་ལ་ལས་རྣམས་ཀྱི་ཀུན་ནས་བསླང་བ་དང་དམིགས་པ་ནི་ཉོན་མོངས་པའོ། །ཉོན་མོངས་པའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་བཞིན་ཉིད་མ་ཡིན་པའི་རྣམ་པར་རྟོག་པའོ། །དེ་ ལ་རྒྱུ་གསུམ་གྱིས་ལས་བྱེད་དེ། འདི་ལྟ་སྟེ། ཡང་དག་མ་ཡིན་པའི་རྟོག་པས་ཕྱི་ནང་ཞེས་རྣམ་པར་རྟོག་པ་ལས་དང༌། བརྟན་པ་བདེ་བ་བདག་གི་བདག་ཅེས་པ་ལ་སོགས་པ་སྒྲོ་འདོགས་པ་ལས་དང༌། བྱ་བའི་ལས་ཀྱི་ཡོན་ཏན་མཐོང་བ་ལས་སོ། །བྱས་པའི་ལས་ཀྱི་མཇུག་རྫོགས་པར་བྱེད་པ་ ནི་རྣམ་པ་མང་ངོ༌། །འདི་ལྟ་སྟེ། ལས་བྱས་པ་ལ་ཡོངས་སུ་མགུ་བ་དང་ཕན་ཡོན་སྒྲོགས་པ་ལ་སོགས་པའོ། །འདིར་ལས་བྱེད་པ་པོ་གང་ཟག་གསུམ་སྟེ། འདི་ལྟ་སྟེ། སྡོམ་ལྡན་མ་ཡིན་པ་དང༌། སྡོམ་ལྡན་དང༌། སྡོམ་ལྡན་ཉིད་མ་ཡིན། སྡོམ་ལྡན་མིན་པ་མ་ཡིན་པའོ། །དེ་ལ་ སྡོམ་ལྡན་མ་ཡིན་པ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་བཞིན་གྱིས་སྡོམ་ལྡན་མ་ཡིན་པ་དང༌། དོན་ལ་སྡོམ་ལྡན་མ་ཡིན་པའོ། །དེ་ལ་རང་བཞིན་གྱིས་སྡོམ་ལྡན་མ་ཡིན་པ་རྣམ་པ་བཅུ་བཞི་ལ་སོགས་པའོ། །འདི་ལྟ་སྟེ། ལུག་འཚོང་པ་དང༌། ཁྱི་རྔོན་པ་དང༌། ཕག་འཚོང་བ་དང༌། བྱ་རྔོན་པ་དང༌། ཤ་འཚོང་པ་དང༌། རི་དྭགས་རྔོན་པ་དང༌། ཉ་པ་དང༌། རྐུན་པོ་དང༌། གཤེད་མ་དང༌། བཙོན་སྲུང་བ་དང༌། གླང་པོ་ཆེ་འཛིན་པ་དང༌། གླང་པོ་ཆེ་འདུལ་བ་དང༌། རང་འཚེད་པ་དང༌། དྲ་བ་ཅན་ལ་སོགས་པའོ། །དོན་ལ་སྡོམ་ལྡན་མ་ཡིན་པ་ནི་རྣམ་པ་གསུམ་ལ་སོགས་པའོ། ། འདི་ལྟ་སྟེ། རྒྱལ་པོ་དང༌། ཆད་པ་ལེན་པ་དང༌། ཉོ་ཚོང་པ་ལ་སོགས་པའོ། །སྡོམ་པ་ཅན་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། བྱ་རོག་སྐྲོད་བྱེད་པ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། བར་སློབ་མ་དང༌། དགེ་སློང་དང༌། དགེ་སློང་མ་དང༌། བསྙེན་གནས་ པའོ། །དེ་ལ་དགེ་བསྙེན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཡན་ལག་གསུམ་རྫོགས་པ་དང༌། བསླབ་པའི་གཞི་ལྔ་དང་ལྡན་པའོ། །དེ་ལ་བསླབ་པའི་གཞི་ལྔ་ཅན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། རང་གི་བུད་མེད་ཀྱིས་ཆོག་པར་འཛིན་པ་དང༌། ཚངས་པར་སྤྱོད་པའོ། །དགེ་བསྙེན་མ་ཡང་རྣམ་ པ་གཉིས་ཏེ། འདི་ལྟ་སྟེ། ཡན་ལག་གསུམ་རྫོགས་པ་དང༌། བསླབ་པའི་གཞི་ལྔ་ཅན་ནོ། །དེ་ལ་བསླབ་པའི་གཞི་ལྔ་འཛིན་པ་མོ་ལ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། རང་གི་བདག་པོས་ཆོག་པར་འཛིན་པ་དང༌། ཚངས་པར་སྤྱོད་པའོ། །དེ་ལ་ཡན་ལག་གསུམ་རྫོགས་པའི་ཡན་ལག་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། ཆོས་ལ་སྐྱབས་སུ་འགྲོ་བ་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བའོ། །ཡན་ལག་ལྔ་རྫོགས་པའི་བསླབ་པའི་གཞི་ལྔ་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པ་ ༄༅། །དང༌། བརྫུན་དུ་སྨྲ་བ་ལས་ལྡོག་པ་དང༌། འབྲུའི་ཆང་དང་བཅོས་པའི་ཆང༌། བག་མེད་པའི་གནས་ལས་ལྡོག་པའོ། །ཚངས་པར་སྤྱོད་པས་ནི་འདོད་པས་ལོག་པར་གཡེམ་པའི་གནས་སུ་མི་ཚངས་པར་སྤྱོད་པ་ལས་ལྡོག་པ་ཞེས་བརྗོད་དོ། །དེ་བཞིན་དུ་དགེ་བསྙེན་མ་རྣམས་ ཀྱིའོ། །དགེ་ཚུལ་རྣམས་ཀྱི་བསླབ་པའི་གཞི་བཅུ་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། མི་ཚངས་པར་སྤྱོད་པ་ལས་ལྡོག་པ་དང༌། བརྫུན་དུ་སྨྲ་བ་ལས་ལྡོག་པ་དང༌། འབྲུའི་ཆང་དང་བཅོས་པའི་ཆང༌། བག་[?] མེད་པའི་གནས་ལས་ལྡོག་ པ་དང༌། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལས་ལྡོག་པ་དང༌། གར་དང་གླུ་དང་རྩེད་འཇོ་ལྟ་བ་ལས་ལྡོག་པ་དང༌། དྲི་དང་ཕྲེང་བ་བྱུག་པ་མདོག་སྒྱུར་བ་འཛིན་པ་ལས་ལྡོག་པ་དང༌། དུས་མ་ཡིན་པའི་ཁ་ཟས་ལས་ལྡོག་པ་དང༌། གསེར་དང་དངུལ་སོ་སོར་འཛིན་པ་ལས་ལྡོག་པའོ། །དགེ་ཚུལ་ མ་རྣམས་ཀྱི་བསླབ་པའི་གཞི་བཅུ་ནི། དེ་རྣམས་ཉིད་བཞིན་ནོ། །བར་སློབ་མ་རྣམས་ཀྱི་ནི་དགེ་ཚུལ་མ་རྣམས་ལས་ལྷག་པའི་ཆོས་གཉིས་ནི་འདི་ལྟ་སྟེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་སོ། །དེ་ལ་ཆོས་ལ་རྣམ་པ་དྲུག་ནི་འདི་ལྟ་སྟེ། གཅིག་པུར་གྲོང་དུ་མི་འགྲོ་བ་དང༌། གཅིག་པུར་ཆུའི་ ཕ་རོལ་དུ་མི་བསྒྲལ་བ་དང༌། སྐྱེས་པ་ལ་མི་རེག་པ་དང༌། སྐྱེས་པ་དང་མཚམས་གཅིག་ཏུ་མི་གནས་པ་དང༌། སྨྱན་བྱེད་པ་མི་བྱ་བ་དང༌། ཁ་ན་མ་ཐོབ་མི་སྦེད་པའོ། །རྗེས་སུ་མཐུན་པའི་ཆོས་ལ་ཡང་རྣམ་པ་དྲུག་ནི་འདི་ལྟ་སྟེ། གསེར་དངུལ་ལ་མི་རེག་པ་དང༌། མགོའི་འོག་ལུས་ ཀྱི་སྤུ་འབྱིད་པར་མི་བྱ་བ་དང༌། ས་རྐོ་བར་མི་བྱ་བ་དང༌། སྔོན་པོ་ཉམས་པར་མི་བྱ་བ་དང༌། བྱིན་ལེན་མ་བྱས་པའི་ཟས་མི་བཟའ་བ་དང༌། མཚན་མ་གཞག་པའི་ཟས་མི་བཟའ་བའོ། །བསྙེན་པར་རྫོགས་པ་ཡང་ནི་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། རང་བྱུང་ཉིད་ཀྱིས་བསྙེན་པར་རྫོགས་ པ་ནི་རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་སོ། །ངེས་པར་བགྲོད་པས་བསྙེན་པར་རྫོགས་པ་ཀུན་ཤེས་ཀཽ་ཎྜི་ནྱ་དང་རྟ་ཐུལ་དང་མཛེས་བཟང་དང་རླངས་པ་དང་མིང་ཆེན་རྣམས་ལྔ་སྟེ། སྟོན་པའི་བྱ་བ་མང་དུ་བྱེད་པའི་དགེ་སློང་རྣམས་སོ། །དགེ་སློང་དག་ཚུར་ཤོག་ཅེས་པས་བསྙེན་པར་ རྫོགས་པ་གྲགས་པ་ལ་སོགས་པ་རིགས་ཀྱི་བུ་དྲུག་ཅུ་རྣམས་སོ། །སྟོན་པ་ཁས་བླངས་པས་བསྙེན་པར་རྫོགས་པ་འོད་སྲུངས་ཆེན་པོ་དང༌། དྲིས་ལན་གྱིས་བསྙེན་པར་རྫོགས་པ་འཆར་ཀ་དང༌། བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ བསྙན་པར་རྫོགས་པ་ཆོས་ཀྱིས་བྱིན་པའི་དགེ་སློང་མའོ། །འདུལ་བ་འཛིན་པ་ལྔས་བསྙེན་པར་རྫོགས་པ་མཐའ་ཁོ་ན་སྐྱེ་བོའི་ཡུལ་དུའོ། །བཅུ་འཚོགས་པས་བསྙེན་པར་རྫོགས་པ་ཡུལ་དབུས་སུའོ། །སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པས་བསྙེན་པར་རྫོགས་པ་བཟང་པོ་ལ་ སོགས་པའི་དྲུག་ཅུའོ། །ཡང་ན་བསྙེན་པར་རྫོགས་པ་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། རང་བྱུང་གིས་བསྙེན་པར་རྫོགས་པ་དང༌། གསུམ་ལ་སྐྱབས་སུ་སོང་བས་བསྙེན་པར་རྫོགས་པ་དང༌། ཕོ་ཉས་བསྙེན་པར་རྫོགས་པ་དང༌། ངེས་པ་རྣམ་པར་བགྲོད་པས་བསྙེན་པར་རྫོགས་པ་དང༌། དགེ་སློང་ ཚུར་ཤོག་གིས་བསྙེན་པར་རྫོགས་པ་དང༌། སྟོན་པ་ཁས་བླངས་པས་བསྙེན་པར་རྫོགས་པ་དང༌། དྲིན་ལན་གྱིས་བསྙེན་པར་རྫོགས་པ་དང༌། གསོལ་བ་དང་བཞི་པའི་ལས་དང་གེགས་མེད་པ་ལྔ་པས་བསྙེན་པར་རྫོགས་པའོ། །རབ་ཏུ་བྱུང་བ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཡང་དག་པར་བླངས་པ་ཐོབ་ པ་དང༌། ལྷག་པར་རྟོགས་པ་ཐོབ་པ་དང༌། ངེས་པར་མཐོང་བ་ཐོབ་པའོ། །བསྙེན་པར་རྫོགས་པའི་རྒྱུ་བཞི་ནི་འདི་ལྟ་སྟེ། དགེ་འདུན་གྱི་ཚོགས་རྣམས་ཀུན་དུ་རྫོགས་པ་དང༌། མཚམས་བཅིངས་པ་དང༌། གསོལ་བ་བྱེད་པ་པོ་ཚུལ་ཁྲིམས་དང་ལྡན་པ་དང༌། བར་ཆད་ཀྱི་ཆོས་རྣམས་མེད་པ་དང༌། ལས་དམ་པའོ། །དགེ་སློང་གི་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཆ་ལུག་ཕུན་སུམ་ཚོགས་པ་དང༌། ལས་ཕུན་སུམ་ཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། གནས་ཕུན་སུམ་ཚོགས་པའོ། །དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པ་ནི་རྣམ་པ་གཉིས་ ཏེ། འདི་ལྟ་སྟེ། གསོལ་བ་དང་བཞིའི་ལས་ལན་གསུམ་བརྗོད་པ་དང༌། བླ་མའི་ཚོས་ཁས་བླངས་པས་སོ། །དེ་ལ་བླ་མའི་ཆོས་བརྒྱད་ནི། འདི་ལྟ་སྟེ། བུད་མེད་རྣམས་ནི་དགེ་སློང་གི་གཞི་ལས་རབ་ཏུ་བྱུང་བར་བྱ་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་ཡང་རེ་བར་ ༄༅། །བྱ་བ་ནི་བླ་མའི་ཆོས་དང་པོའོ། །དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་གཞི་དགེ་སློང་ལས་ཡང་དག་པར་གདམས་པ་དང་རྗེས་སུ་བསྟན་པ་བཙལ་བར་བྱའོ་ཞེས་པ་ནི་གཉིས་པའོ། །དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་མི་བྱའོ་ ཞེས་པ་ནི་གསུམ་པའོ། །དབྱར་གནས་བྱས་པའི་དགེ་སློང་མས་དགེ་འདུན་གཉིས་པ་གནས་གསུམ་གྱི་བར་དུ་འཆགས་པ་བྱས་ཏེ། མཐོང་བས་དང་ཐོས་པས་དང་དོགས་པས་སོ་ཞེས་པ་ནི་བཞི་པའོ། །ཡང་དགེ་སློང་མས་དགེ་སློང་གི་རྒྱུད་སྨྲ་བ་དང་དྲན་པར་མི་བྱ་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་རྒུད་པ་དང༌། ལྟ་བའི་རྒུད་པ་དང༌། ཀུན་དུ་སྤྱོད་པ་རྒུད་པ་དང༌། འཚོ་བ་རྣམ་པར་རྒུད་པའོ་ཞེས་པ་ནི་ལྔ་པའོ། །དགེ་སློང་མས་དགེ་སློང་ཁྲོ་བར་མི་བྱ་སྡང་བར་མི་བྱ་ཞེས་པ་ནི་དྲུག་པའོ། །བླ་མའི་ཆོས་ཀྱི་ལྟུང་བ་བྱུང་བའི་དགེ་སློང་མས་དགེ་འདུན་གཉི་ག་ལ་ཟླ་བ་ཕྱེད་དུ་དགུ་པ་སྤྱད་པར་བྱའོ་ཞེས་པ་ ནི་བདུན་པའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་བའི་དགེ་སློང་མས་བསྙེན་པར་རྫོགས་ནས་ཉིན་གཅིག་པའི་དགེ་སློང་ལ་གུས་པར་སྨྲ་བ་དང༌། བསྙེན་བཀུར་དང་ཐལ་མོ་སྦྱར་བའི་ལས་དང་མཉམ་དུ་ལྡང་བའི་ལས་རྣམས་བྱའོ་ཞེས་པ་ནི་བརྒྱད་པའོ། །དགེ་སློང་རྣམ་པ་གསུམ་ནི་འདི་ལྟ་སྟེ། སློང་བའི་དང་ཚུལ་གྱི་ དགེ་སློང་དང༌། ཉོན་མོངས་བཅོམ་པའི་དགེ་སློང་དང༌། བསྙེན་པར་རྫོགས་པའི་དགེ་སློང་ངོ༌། །བསྙེན་གནས་ཀྱི་བསླབ་པའི་གཞི་བརྒྱད་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང༌། མི་བྱིན་པར་ལེན་པ་ལས་ལྡོག་པ་དང༌། མི་ཚངས་པར་སྤྱོད་པ་ལས་ལྡོག་པ་དང་འབྲུའི་ཆད་དང་བཅོས་པའི་ཆད་མྱོས་པར་འགྱུར་བ་བག་མེད་པའི་ གནས་ལས་ལྡོག་པ་དང༌། བརྫུན་དུ་སྨྲ་བ་ལས་ལྡོག་པ་དང༌། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལས་ལྡོག་པ་དང༌། གླུ་གར་སྒྲ་སྙན་རྩེ་བག་ལ་ལྟ་བ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་མདོག་སྒྱུར་བ་འཛིན་པ་ལས་ལྡོག་པ་དང༌། དུས་མ་ཡིན་པའི་ཟས་ལས་ལྡོག་པའོ། །དེ་བཞིན་དུ་བསླབ་པའི་གཞི་བརྒྱད་ལ་དུས་ མ་ཡིན་པའི་ཟས་ལས་ལྡོག་པ་སྤངས་པ་ཡང་དག་པར་སློང་བ་བླངས་པ་ནི་བྱ་རོག་སྐྲོད་བྱེད་མ་རབ་ཏུ་བྱུང་བའོ། །བསྙེན་གནས་སྡོམ་པ་འདི་ཉིད་ཅི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པ་ནི་གོ་མིའི་སྡོམ་པ་ཞེས་ཁ་ཅིག་གདམས་པར་བྱེད་དོ། །སོ་སོར་ཐར་པའི་སྡོམ་པ་བཅུ་པོ་འདི་ནི་དགེ་བའི་ལས་སོ། །སྡོམ་ པ་འདི་རྣམས་ལས་འདས་པ་ནི་ལྟུང་བ་སྟེ། མི་དགེ་བའི་ལས་སོ། །ལྟུང་བ་སྡེ་རྣམ་པ་བརྒྱད་དེ་འདི་ལྟ་སྟེ། ཕས་ཕམ་པ་ཆོས་བཞི་དང༌། དགེ་འདུན་ལྷག་མ་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཆོས་བཅུ་དང༌། ལྟུང་བྱེད་འགའ་ཞིག་པ་ཆོས་ དགུ་བཅུ་རྩ་གཉིས་དང༌། སོ་སོར་བཤགས་པ་ཆོས་བཞི་དང༌། བསླབ་པའི་ཆོས་ལྔ་བཅུ་ལྷག་དང་བཅས་པ་དང༌། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་ནོ། །དེ་ལ་དགེ་སློང་རྣམས་ཀྱི་ཕས་ཕམ་པའི་ལྟུང་བ་བཞི་སྟེ་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་གསོད་ པ་དང༌། མིའི་ཆོས་བླ་མར་གྱུར་པའོ། །དགེ་སློང་མ་རྣམས་ཀྱི་བཞི་པོ་དེ་ཉིད་དང་གཞན་ཡང་བཞི་སྟེ་འདི་ལྟ་སྟེ། རྣམ་པར་ཆགས་པ་རྣམ་པར་ཆགས་པའི་སྐྱེས་བུ་ལ་མིའི་འོག་ནས་པུས་མོའི་གོང་གི་བར་དུ་ཉུག་པར་བྱེད་པ་ལ་སོགས་པ་ཞེས་པ་དེ་ལྟ་བུར་རང་བཞིན་ནོ། །རྣམ་པར་ཆགས་པ་ རྣམ་པར་ཆགས་པའི་སྐྱེས་བུ་དང་ལྷན་ཅིག་གནས་པ་དང༌། རྩེ་བ་དང་ཀུན་དུ་སྨྲ་བ་དང་རྟགས་དང་མཚན་མ་དང་བརྡ་རྣམས་བྱེད་པ་དང་སྐྱེས་པ་འོངས་པ་ཁས་ལེན་པར་བྱེད་པ་དང༌། དེའི་རང་བཞིན་གྱི་ཡུལ་དུ་དྲ་བ་སྟོན་པ་དང༌། འཛུད་པ་ལས་གཞན་དུ་སྐྱེས་པ་དང་བུད་མེད་ཀྱི་དབང་རྗེས་སུ་ འགྲོ་བར་གྱུར་པའོ་ཞེས་དེ་ལྟ་བུ་རང་བཞིན་ནོ། །སྔོན་ཕས་ཕམ་པ་དང་གནས་མ་བཅས་པར་གྱུར་ཅིང༌། དེ་གང་གི་ཚེ་ཤི་བའམ་རྣམ་པར་འཁྲུལ་པའམ་ཡུལ་གཞན་དུ་བྲོས་པར་གྱུར་པ་ན། དེའི་ཚེ་འདི་བཞིན་སྨྲ་སྟེ། འཕགས་མ་སྔོན་བདག་གིས་མཐོང་བ་ནི་གང་གི་ཚེ་ལྐོག་སྐྱེ་བོས་ དབེན་པ་རུ་དགེ་སློང་མ་འདིས་ཕས་ཕམ་པ་དང་གནས་མ་བཅས་པར་འགྱུར་ཞེས་པ་དེ་ལྟ་བུ་རང་བཞིན་ནོ། །དགེ་སློང་གང་ཞིག་དགེ་འདུན་འཚོགས་ནས་ཕྱི་རོལ་དུ་སྐྲོད་པའི་ལས་བྱས་སོ། །དགེ་སློང་མ་དགེ་འདུན་འཚོགས་ནས་ཕྱག་འཚལ་བར་མི་འོས་ཞེས་བཅའ་བ་བཅས་སོ། །དགེ་འདུན་ ཆེ་བ་ཆུད་པ་ལ་སྒྲ་འབུལ་བར་བྱེད་པ་དང་ངེས་པར་འབྱུང་བ་ལ་འཇུག་པར་བྱེད་པ་དང་འོས་པ་སྟོབས་པ་ཉེ་བར་སྟོན་པ་དང་མཚམས་ཀྱི་ནང་དུ་གནས་ཏེ་རྣམ་པར་འཆགས་པ་ཞུ་བ་ན། དགེ་སློང་མ་གང་ཞིག་ཤེས་བཞིན་མཐོང་བཞིན་དུ་འདི་བཞིན་སྨྲ་སྟེ། འཕགས་པ་ཁྱེད་དགེ་འདུན་ཆེ་ཆུང་རྣམས་ལ་ ༄༅། །སྒྲ་བཏོགས་འབུལ་མ་བྱེད། ངེས་འབྱུང་འཇུག་པ་མ་བྱེད། འོས་པ་སྟོབས་པ་ཉེ་བར་སྟོན་པ་མ་བྱེད། མཚམས་ཀྱི་ནང་དུ་གནས་པའི་རྣམ་པར་འཆགས་པ་ཞུ་བ་མ་བྱེད་ཅིག །བདག་གིས་འཕགས་པའི་ལྷུང་བཟེད་ཀྱིས་དང༌། ལྷུང་བཟེད་དྲ་བ་ཡིས་དང༌། ཆུ་ཚགས་[*CHAGS?] ཀྱིས་དང༌། སྐེ་རགས་ཀྱིས་དང༌། མདོ་སྟོན་པས་དང༌། ཀློག་པས་དང༌། འདོན་པ་དང༌། བསམ་གཏན་གྱིས་དང༌། རྣལ་འབྱོར་གྱིས་དང༌། ཡིད་ལ་བྱེད་པས་དང༌། གང་དང་གང་གིས་བར་དུ་གཅོད་པར་གྱུར་པ་དེ་དང་དེས་པར་དུ་གཅོད་པར་མི་འགྱུར་བར་བྱའོ་ཞེས་སོ། །དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་ལྟར་བརྗོད་ པར་བྱ་སྟེ། དགེ་སློང་གང་ཞིག་ཅེས་པ་ལ་སོགས་པ་སྔོན་བཞིན་དུ་དེས་ངེས་པར་གཅོད་པར་མི་འགྱུར་བར་བྱའོ་ཞེས་པའི་མཐར་ཐུག་པར་ཕྱུང་བ་འཇུག་པ་ལྡོག་པའི་ངག་གི་ལམ་སྤོངས་ཤིག་ཅེས་ལན་གསུམ་དུ་བརྗོད་ཀྱང་མི་སྤོང་ནའོ་ཞེས་པ་འདི་ལྟ་བུ་རང་བཞིན་ནོ་ཞེས་སོ། །དགེ་འདུན་ ལྷག་མ་ལ་སོགས་པ་རྣམས་ཀྱི་རྣམ་པར་བཤད་པ་ལ་སོགས་པ་རྣམས་ནི་མངས་པས་འཇིགས་པས་འདིར་མི་བྲིའོ། །འདུལ་བའི་གཞུང་ལས་རྟོགས་པར་བྱའོ། །དེ་ལྟུང་བ་སྡེ་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། ལྟུང་བར་འགྱུར་བའི་ལྟུང་བའི་སྡེ་དང༌། བཤགས་པར་བྱ་བའི་ལྟུང་བའི་སྡེ་དང༌། བསྡམ་པར་བྱ་བའི་ལྟུང་བའི་སྡེའོ། །དེ་ལ་ལྟུང་བར་གྱུར་བའི་སྡེ་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། མི་ཚངས་པར་སྤྱོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་གསོད་པ་དང༌། མིའི་ཆོས་བླ་མར་གྱུར་བའོ། །བཤགས་བྱའི་ལྟུང་བའི་སྡེ་ཚན་ལ་རྣམ་པ་མང་ངོ༌། །འདི་ལྟ་སྟེ། དགེ་འདུན་ ལྷག་མ་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་དང༌། ལྟུང་བྱེད་རྐྱང་པ་ལ་སོགས་པའོ། །བསྡམ་པར་བྱ་བ་ལ་རྣམ་པ་མང་ངོ༌། །འདི་ལྟ་སྟེ། བསྡམ་བྱའི་ལྟུང་བ་ལ་སོགས་པའོ། །ལྟུང་བ་གསུམ་སྟེ། འདི་ལྟ་སྟེ། མ་ལུས་པ་དང༌། དགེ་འདུན་ལྷག་མ་དང༌། གང་ཟག་གི་ལྷག་མའོ། ། དེ་ལ་ལྷག་མ་མེད་པ་བཞི་ནི་འདི་ལྟ་སྟེ། ཕས་ཕམ་པའི་ཆོས་དང༌། གཉིས་པ་ནི་དགེ་འདུན་ལྷག་མའི་ཆོས་དང༌། གང་ཟག་ལྷག་མ་ནི་ལྟུང་བ་གཞན་ཐམས་ཅད་དོ། །དགེ་སྦྱོང་གི་དྲི་མ་བཅུ་ནི་འདི་ལྟ་སྟེ། བརྣབ་སེམས་དང༌། གནོད་སེམས་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་ པ་དང༌། བརྫུན་དུ་སྨྲ་བ་དང༌། དབྱེན་དང༌། གཡོ་དང༌། སྒྱུ་དང༌། སྡིག་པ་འདོད་པ་དང༌། ལྟ་བ་ལོག་པའོ། །དེ་རྣམས་ཉིད་ནི་དགེ་སྦྱོང་གི་ཡོན་པོ་བཅུའོ། །དེ་བཞིན་དུ་དེ་རྣམས་དགེ་སྦྱོང་གི་རྐྱེན་བཅུའོ། །དེ་བཞིན་དུ་དེ་རྣམས་དགེ་སློང་གི་སྙིགས་མ་བཅུའོ། །དགེ་ སྦྱོང་དུ་བྱེད་པའི་ཆོས་བཅུ་ནི་འདི་ལྟ་སྟེ། ངོ་ཚ་བ་དང༌། ཁྲེལ་ཡོད་པ་དང༌། ལུས་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་དང༌། ངག་གི་ལས་ཀྱི་མཐའ་ཡོངས་སུ་དག་པ་ཉིད་དང༌། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པ་ཉིད་དང༌། འཚོ་བ་ཡོངས་སུ་དག་པ་དང༌། དབང་པོའི་སྒོ་བསྡམས་པ་ དང༌། སྒྲིབ་པ་ཡོངས་སུ་སྤངས་པ་དང༌། བསམ་གཏན་བཞི་དང༌། མངོན་པར་ཤེས་པ་དྲུག་གོ། །དེ་ལ་སྒྲིབ་པ་ལྔ་ནི་འདི་ལྟ་སྟེ། བུ་ལོན་སྒྲིབ་པ་དང༌། བྲན་ཁོ་ན་ཉིད་ཀྱི་སྒྲིབ་པ་དང༌། བཅིངས་པའི་སྒྲིབ་པ་དང༌། ནད་ཀྱི་སྒྲིབ་པ་དང༌། འཇིགས་པའི་སྒྲིབ་པའོ། །དགེ་སློང་རྣམས་རྒྱུ་བར་བྱེད་པའི་རྒྱུ་ བཅོ་ལྔ་ནི་འདི་ལྟ་སྟེ། བྱ་བ་ཡོངས་སུ་རྫོགས་པ་ཉིད་དང༌། རང་ལ་ཕན་པ་ཚོལ་བ་དང༌། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་དང༌། ཉེས་པ་ལྔ་དང་རྣམ་པར་བྲལ་བ་དང་མི་དགའ་བ་དང༌། འདོད་ཆགས་ལ་སོགས་པ་གཞོམ་པ་དང༌། རྙེད་པ་ལ་སོགས་ པ་སྲེད་པ་དང༌། ནུས་པ་དང༌། རྗེས་སུ་བརྩེ་བ་དང༌། བླ་མ་ལ་གུས་པ་དང༌། ངོ་མཚར་བ་བལྟ་བ་དང༌། ཁྱད་པར་གྱི་དོན་དང༌། དཀོན་མཆོག་གསུམ་གྱི་བྱ་བ་དང༌། མཆོད་རྟེན་ལ་སོགས་པ་ལ་ཕྱག་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟུང་བ་སྡེ་གཉིས་ཏེ། འདི་ལྟ་སྟེ། ཕས་ཕམ་པའི་གནས་ སུ་འགྱུར་བ་དང༌། ཉེས་བྱས་ཀྱི་བྱས་པའི་ལྟུང་བས་བསྡུས་པའོ། །དེ་བཞིན་དུ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལྟུང་བར་འགྱུར་བ་དང༌། བཤགས་པར་བྱ་བ་དང༌། བསྡམ་པར་བྱ་བའོ། །དེ་ལ་ལྟུང་བར་འགྱུར་བ་ནི། ཕས་ཕམ་པའི་ལྟུང་བའི་གནས་སུ་འགྱུར་བའོ། །བཤགས་པར་བྱ་བ་ནི་ཉེས་ བྱས་ཀྱི་ལྟུང་བས་བསྡུས་པའོ། །ལྟུང་བ་གཞན་རྣམས་ནི་ཡང་དག་པར་བསྡམ་པར་བྱ་བའོ། །གང་ཟག་འབྲིང་བའི་དབང་དུ་བྱས་ནས་ཕས་ཕམ་པའི་ལྟུང་བ་ལ་ལྔ་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ནོར་འཕྲོག་པའི་ཕས་ཕམ་པའི་ལྟུང་བ་དང༌། དམ་པའི་ཆོས་སྤོང་བ་ཕས་ཕམ་པའི་ལྟུང་བ་ ༄༅། །དང༌། དགེ་སློང་ཚུལ་ཁྲིམས་འཆལ་པ་ཡིན་ཀྱང་སེར་པོ་ཕྲོག་པའམ་བརྡུང་བའམ་བཙོན་ཁང་དུ་འཛུད་པའམ་གསོད་པའམ་རབ་ཏུ་བྱུང་བ་ལྡོག་པ་སྟེ་ཕས་ཕམ་པའི་ལྟུང་བའོ། །མཚམས་མེད་ལྔ་ལ་གང་རུང་བྱེད་པ་ཕས་ཕམ་པའི་ལྟུང་བ་དང༌། ལྟ་བ་ལོག་པར་འཛིན་ པའང་ཕས་ཕམ་པའི་ལྟུང་བའོ། །གང་ཟག་ཐ་མའི་དབང་དུ་བྱས་ཏེ་ཕས་ཕམ་པའི་ལྟུང་བ་བརྒྱད་ནི་འདི་ལྟ་སྟེ། ཡོངས་སུ་མ་སྨིན་པའི་སེམས་ཅན་ལ་སྟོང་པ་ཉིད་སྒྲོགས་པ་ཕས་ཕམ་པའི་ལྟུང་བའམ། སངས་རྒྱས་བྱང་ཆུབ་ལ་རབ་ཏུ་གནས་པ་ལྡོག་པ་ནི་གཉིས་པའོ། །སོ་སོར་ཐར་པ་ ཡོངས་སུ་སྤངས་ཏེ་ཐེག་པ་ཆེན་པོ་ལ་སྦྱོར་བ་ནི་གསུམ་པའོ། །ཉན་ཐོས་ཀྱི་ཐེག་པ་ནི་འདོད་ཆགས་ལ་སོགས་པ་སྤངས་པ་མ་ཡིན་ནོ་ཞེས་རང་ཉིད་འཛིན་པ་ལ་གཞན་རྣམས་འཛིན་དུ་འཇུག་པ་བཞི་པའོ། །རྙེད་པ་དང་བཀུར་སྟིའི་རྒྱུའི་རང་གི་ཡོན་ཏན་སྒྲོགས་པའམ་སྨོན་པ་ནི་ལྔ་པའོ། ། ང་ནི་ཟབ་མོ་ཆོས་ལ་བཟོད་པ་ཅན་ནོ་ཞེས་པ་ལ་སོགས་པ་ཉིད་སྨྲ་བ་ནི་དྲུག་པའོ། །དགེ་སྦྱོང་རྣམས་ལ་ཆད་པ་གཅོད་དུ་འཇུག་པའམ། དགེ་སྦྱོང་རྣམས་སྐྱབས་གསུམ་གཏོང་བར་བྱེད་པའམ་དགེ་སྦྱོང་རྣམས་ལ་སྦྱིན་པ་ལེན་པ་ནི་བདུན་པའོ། །ཞི་གནས་སྤོང་བའམ་འདོན་པ་ལ་ཀུན་ དུ་གཞོལ་བ་ལོངས་སྤྱོད་འབུལ་བའམ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤོང་བའམ། སེར་སྣ་དང་འདོད་པ་དྲག་པོ་དག་གིས་སློང་བ་ལ་མི་སྟེར་བའམ། ཁྲོས་ནས་སེམས་ཅན་ལ་བརྡིག་པའམ། སེམས་ཅན་བརྩོན་པས་རབ་ཏུ་དང་བར་བྱེད་པའི་བཟོད་པ་མི་སུན་པར་བྱེད་པའམ། ཉོན་མོངས་ པའམ་གཞན་གྱི་རྗེས་སུ་འཇུག་པས་ཆོས་ལྟར་སྣང་བ་སྟོན་པ་ནི་བརྒྱད་པའོ། །ཡང་ཕས་ཕམ་པའི་ལྟུང་བ་བཞི་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྡོམ་པ་བླངས་པས་རྙེད་པ་དང་བཀུར་སྟི་ལ་མཆོག་ཏུ་ཞེན་པས་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ནི་ཕས་ཕམ་པའི་ ལྟུང་བར་འགྱུར་བ་དང་པོའོ། །སྦྱིན་པར་བྱ་བའི་དངོས་པོ་ཡོད་པའམ་ཆོས་ངེས་པ་ཡོད་ཀྱང་སེར་སྣ་དྲག་པོས་ཟིལ་གྱིས་གནོན་པས་དོན་དུ་གཉེར་བ་ཡང་དག་པར་ཉེ་བར་གནས་པ་ལ་ནོར་དང་ཆོས་མི་སྟེར་ན་ཕས་ཕམ་པའི་ལྟུང་བར་འགྱུར་བ་གཉིས་པའོ། །ཁྲོ་བ་དྲག་པོས་ཟིལ་གྱིས་ནོན་ པས་གཞན་པས་བརྡེག་པ་ན་ཡང་དག་པར་གསོལ་བ་བྱེད་པ། ཤད་ཀྱིས་སྦྱང་བ་མི་ལེན་ཅིང་བཟོད་པ་མི་བྱེད་ན་ཕས་ཕམ་པའི་ལྟུང་བར་འགྱུར་བ་གསུམ་པའོ། །ལྟ་བས་ཀུན་ནས་དཀྲིས་པ་ནི་མཆོག་གི་ཐེག་པ་ཆེན་པོ་སྐུར་བ་དང་སྤོང་བ་དང༌། ཐེག་པ་ཆེན་པོའི་གཟུགས་བརྙན་ཆོས་གསལ་བར་མི་བྱེད་ པ་ནི་ཕས་ཕམ་པའི་ལྟུང་བར་འགྱུར་རོ་ཞེས་པ་ནི་བཞི་པའོ། །སྡོམ་པ་ནི་འཕངས་པའི་དུས་ལས་ཚུ་རོལ་དུ་གཏོང་བའི་རྒྱུ་བཞི་ནི་འདི་ལྟ་སྟེ། བསླབ་པ་ཕུལ་བ་དང༌། ལྟུང་བར་འགྱུར་བའི་ཆོས་ལ་ལྷག་པར་སྤྱད་པ་དང༌། མཚན་མ་གཉིས་བྱུང་བ་དང༌། རྟེན་རྣམ་པར་འཁྲུགས་ནས་དབང་པོ་མེད་པ་ཉིད་ཐོབ་ པའོ། །བསྙེན་གནས་སྡོམ་པ་ཡང་རྐྱེན་ཆད་པ་དང༌། ཤི་བ་ལས་གཏང་ངོ༌། །སྡོམ་པ་མ་ཡིན་པ་ཡང་དེ་བཞིན་ནོ། །སྡོམ་པ་ཅན་དང་སྡོམ་པ་ཅན་མ་ཡིན་པ་ལས་གཞན་སྡོམ་པ་ཅན་མ་ཡིན་པ་དང་སྡོམ་པ་མ་ཡིན་པ་དེ་དག་གི་དགེ་བའམ་མི་དགེ་བའི་ལས་ནི་སྡོམ་པ་མ་ཡིན་སྡོམ་པ་མ་ཡིན་པ་མ་ཡིན་ནོ། ། ཡང་དགེ་བའམ་མི་དགེ་བའི་ལས་དེ་རྣམས་ནི་རྒྱུ་ལ་ཡིས་འཕེལ་བའམ་འགྲིབ་པར་འགྱུར་རོ་འདི་ལྟ་སྟེ། ཞིང་ལས་དང༌། བསམ་གཏན་ལས་དང༌། བྱ་བ་ངེས་པ་ལས་དང༌། དངོས་པོ་ཡོངས་སུ་འཆང་བ་དང༌། གུས་པས་འཇུག་པ་ལས་སོ། །དེ་ལ་ཞིང་ལས་རྣམ་པ་གསུམ་ནི་འདི་ལྟ་སྟེ། སངས་ རྒྱས་གནས་པའི་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་དང༌། དེ་བཞིན་དུ་ཆོས་གནས་པའི་དང༌། དེ་བཞིན་དུ་དགེ་འདུན་གནས་པའི་འོ། །ཉེ་བར་མ་ཆད་ཀྱི་བར་དུ་ཉེ་བར་སྐྱེ་བ་མི་ཟད་པའོ། །དེ་བཞིན་དུ་རྐུ་བའི་དོན་དུ་གསོད་པ་ལ་སོགས་པ་བྱེད་པ་ལས་བསོད་ནམས་མ་ཡིན་པའི་ཕུང་པོའོ། དེ་བཞིན་དུ་ཉེ་བར་མ་ཚད་ཀྱི་བར་དུའོ། །དེ་བཞིན་དུ་རྫོང་གི་ལྷ་མོའི་ཁང་པ་བྱེད་པ་ལ་སོགས་པ་བསོད་ནམས་མ་ཡིན་པའི་ཕུང་པོའོ། །བསམ་གཏན་གསུམ་ནི་འདི་ལྟ་སྟེ། སངས་རྒྱས་ལ་དགའ་བས་སྐྱབས་སུ་འགྲོ་བ་ལས་བསོད་ནམས་དང༌། མ་ཆད་ཀྱི་བར་དུའོ། །དེ་བཞིན་དུ་ཆོས་ལ་ སྐྱབས་སུ་སོང་བ་ལས་བསོད་ནམས་དང༌། དེ་བཞིན་དུ་དགེ་འདུན་ལ་སྐྱབས་སུ་སོང་བ་ལས་བསོད་ནམས་སོ། །ལྡོག་པ་ལས་བསོད་ནམས་མ་ཡིན་པའོ། །བྱ་བ་ངེས་པ་ལས་ནི་རྣམ་པ་མང་ངོ༌། །འདི་ལྟ་སྟེ། དམ་པའི་ཆོས་མ་སྟོན་པར། དམན་པ་ལ་མ་བྱིན་པར། མཆོད་རྟེན་མ་རྫོགས་པར། ༄༅། །བསྐོར་བ་མ་བྱས་པར། བླ་མ་མཁན་པོ། སློབ་དཔོན། མ་ཕ་ལ་སོགས་པ་ལ་ཕྱག་མ་འཚལ་བར་ཁ་ཟས་མི་བཟའོ་ཞེས་པ་ལ་སོགས་པ་རྣམ་པ་རྣམས་བསོད་ནམས་སོ། །བྱ་བ་རྣམ་པར་ཆད་པ་ལས་ལྡོག་གོ། །སྲོག་ཆགས་གསོད་པ་ལ་སོགས་པ་མ་བྱས་པར་ཟས་མི་ བཟའོ་ཞེས་པ་ལ་སོགས་པ་བྱ་བ་ངེས་པ་ལས་བསོད་ནམས་མ་ཡིན་པའོ། །བྱ་བ་རྣམ་པར་ཆད་པ་ལས་ལྡོག་གོ། །དངོས་པོ་ཡོངས་སུ་ཆད་པ་ལས་ནི་ཡང་རྣམ་པ་མང་ངོ༌། །འདི་ལྟ་སྟེ། མཆོད་པའི་དོན་དུ་མཆོད་རྟེན་ལ་སོགས་པ་འཆང་བ་ཡང་བསོད་ནམས་སོ། །དེ་དག་ཡོངས་སུ་སྤངས་ པ་ན་ལྡོག་པ་ཉིད་དོ། །གཞན་ལ་གནོད་པའི་ཕྱིར་རྒྱ་དང་འཛོལ་ལ་སོགས་པ་འཆང་བ་ལས་བསོད་ནམས་མ་ཡིན་པའོ། །དེ་དག་སྤངས་པ་ན་ལྡོག་པ་ཉིད་དོ། །གུས་པས་འཇུག་པ་ལ་ཡང་རྣམ་པ་མང་ངོ༌། །འདི་ལྟ་སྟེ། རབ་ཏུ་དད་པའི་ཤུགས་ལས་དགེ་བའི་ལས་དང༌། ཉོན་མོངས་ པའི་དགེ་བའི་ལས་གུས་པར་བྱེད་པའོ། །ཅི་སྲིད་དུ་རབ་ཏུ་དད་པའི་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད་ནམས་རྗེས་སུ་འཇུག་གོ། །ཅི་སྲིད་དུ་ཉོན་མོངས་པའི་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད་ནམས་མ་ཡིན་པ་རྗེས་སུ་འཇུག་པ་ཉིད་དོ། །གང་ཅུང་ཟད་ལེགས་པར་སྤྱད་པ་ རྣམས་ནི་རྒྱུ་བཅུ་གསུམ་གྱིས་དགེ་བར་འགྱུར་ཏེ། འདི་ལྟ་སྟེ། རང་བཞིན་ལས་དང༌། འབྲེལ་པ་ལས་དང༌། རྗེས་སུ་འབྲེལ་པ་ལས་དང༌། ཀུན་སློང་བ་ལས་དང༌། སྐྱེ་བ་ཐོབ་པ་ལས་དང༌། དོན་དམ་པའི་བདེན་པ་ལས་དང༌། སྦྱོར་བ་ལས་དང༌། ཡོངས་སུ་ལན་འཛིན་པ་ལས་དང༌། མདུན་དུ་བདར་བ་ལས་དང༌། གཉེན་པོ་ལས་དང༌། ཉེ་བར་ཞི་བ་ལས་དང༌། མཐུན་པ་ལས་སོ། །དེ་ལ་རང་བཞིན་ལས་དགེ་བ་ལ་རྣམ་པ་བཅུ་བཞི་ནི་འདི་ལྟ་སྟེ། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་ པ་དང༌། མ་ཆགས་པ་དང༌། མི་ལྡང་བ་དང༌། མ་རྨོངས་པ་དང༌། བག་ཡོད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། བཏང་སྙོམས་དང༌། རྣམ་པར་འཚེ་བ་མེད་པའོ། །འབྲེལ་པ་ལས་དགེ་བ་ནི་མང་ངོ༌། །འདི་ལྟ་སྟེ། དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་སོ། །རྗེས་སུ་འབྲེལ་པ་ལས་ དགེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་རྣམས་ཀྱི་བག་ཆགས་སོ། །ཀུན་སློང་ལས་དགེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །སྐྱེ་བས་ཐོབ་པ་ལས་དགེ་བ་ནི་འདི་ལྟ་སྟེ། དད་པ་ལ་སོགས་པ་རྣམས་གོམས་པ་ལས་དད་པ་ལ་སོགས་པའི་རང་ བཞིན་ཅན་མངོན་པར་གྲུབ་པའོ། །དོན་དམ་པ་ལས་དགེ་བ་ནི་དེ་ཁོ་ན་ཉིད་དོ། །སྦྱོར་བ་ལས་དགེ་བ་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྐྱེས་བུ་དམ་པ་བསྙེན་པ་ལས་དམ་པའི་ཆོས་ཐོས་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །རྗེས་སུ་འཛིན་པ་ལས་དགེ་བ་ནི་ འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྗེས་སུ་འཛིན་པའི་དགེ་བ་གང་ཡིན་པའོ། །དེ་ལ་བསྡུ་བའི་དངོས་པོ་བཞི་ནི་འདི་ལྟ་སྟེ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པའོ། །ཡོངས་སུ་ལེན་པ་ལས་དགེ་བ་ནི་འདི་ལྟ་སྟེ། སྦྱིན་པའི་རང་བཞིན་བསོད་ནམས་བྱ་ བའི་དངོས་པོ་ལས་ནོར་ཆེ་བ་རིགས་མཐོང་བའི་སྐྱེ་བ་ཡོངས་སུ་ལེན་པ་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་བསོད་ནམས་བྱ་བའི་དངོས་པོ་ལས་བདེ་འགྲོ་སྐྱེ་བ་ཡོངས་སུ་ལེན་པ་དང༌། བསྒོམ་པའི་རང་བཞིན་བསོད་ནམས་བྱ་བའི་དངོས་པོ་ལས་རྣམ་པར་བྱང་བའི་རྗེས་སུ་མཐུན་པ་ཡོངས་སུ་ལེན་པའོ། །མདུན་ དུ་བདར་བ་ལས་དགེ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མདུན་དུ་བྱས་པ་མཆོད་རྟེན་ནམ་པོ་ཏི་ལ་སོགས་པ་མཆོད་པའི་ཆོ་ག་ལས་དང༌། ཆོས་མདུན་དུ་བདར་བ་ཆོས་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་ལ་མཆོད་པའི་ཆོ་ག་ལས་སོ། །གཉེན་པོ་ལས་དགེ་བ་ནི་ རྣམ་པ་ལྔའོ། །འདི་ལྟ་སྟེ། རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། རྣམ་པར་སེལ་བའི་གཉེན་པོ་དང༌། རིང་དུ་གྱུར་པའི་གཉེན་པོ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོ་དང༌། ཉེ་བར་ཞི་བ་ལས་དགེ་བ་ནི་འདི་ལྟ་སྟེ། དེ་དང་དེ་ཡོངས་སུ་བླངས་པས་ འདོད་ཆགས་སྤངས་པའོ། །མཐུན་པའི་རྒྱུ་ལས་དགེ་བ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འདོད་ཆགས་སྤངས་པའི་བདག་པོས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཐུན་མོང་བ་དང༌། དེ་ཉིད་ཐུན་མོང་མ་ཡིན་པ་དང༌། དེ་ཉིད་འཇིག་རྟེན་པ་དང༌། དེ་ཉིད་འཇིག་རྟེན་ལས་འདས་པའོ། ། ༄༅། །དེ་ལ་མི་དགེ་བའི་ལས་བྱས་པ་རྣམས་དག་པར་བྱེད་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སུན་འབྱིན་པ་ཀུན་དུ་སྤྱོད་པས་དང༌། གཉེན་པོ་ཀུན་དུ་སྤྱོད་པས་དང༌། སོར་ཆུད་པའི་སྟོབས་ཀྱིས་དང༌། རྟེན་གྱི་སྟོབས་ཀྱིས་སོ། །དེ་ལ་སྡིག་པ་བྱས་ཏེ། དེ་མ་ཐག་ཏུ་རྗེས་སུ་ གདུང་བའི་ཡིད་ཀྱིས་སྐྱོན་དུ་ལྟ་བ་དང་མི་ལེགས་པ་བྱས་སོ་ཞེས་སུན་འབྱིན་པར་བྱེད་པའོ། །འཇུག་ཉམས་པའི་ཕྱིར་སྡིག་པ་ཉམ་ཆུང་བར་གྱུར་པའོ། །འདི་ནི་སུན་འབྱིན་པ་ཀུན་དུ་སྤྱོད་པའོ། །གཉེན་པོ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས། དགེ་བའི་ལས་ཀྱི་དོན་དུ་ཤིན་ཏུ་མངོན་པར་སྦྱོར་ བའི་མཚན་ཉིད་སྡིག་པ་ཆེས་ཉམ་ཆུང་བར་བྱེད་པའོ། །སོར་ཆུད་པའི་སྟོབས་ནི་སླན་ཆད་མི་བྱེད་པའི་སྡོམ་པ་ཐོབ་པའི་མཚན་ཉིད་ཅན་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པས་སྡིག་པ་ནི་བྱ་བ་ཅུང་ཟད་མི་བྱེད་དོ། །རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ མཚན་ཉིད་དང༌། བྱང་ཆུབ་ཀྱི་སེམས་མི་སྤོང་བའི་མཚན་ཉིད་ནི། སྡིག་པ་དག་མི་འདོད་པའི་འབྲས་བུ་འབྱིན་པའི་ནུས་པ་མེད་པར་བྱེད་དོ། །གང་ཅུང་ཟད་མི་དགེ་བ་རྣམས་སུ་རྒྱུ་བཅུ་གཉིས་ཀྱིས་འགྱུར་ཏེ། རང་བཞིན་ལས་དང༌། འབྲེལ་པ་ལས་དང༌། རྗེས་སུ་འབྲེལ་པ་ལས་དང་ བསླང་བ་ལས་དང༌། དོན་དམ་པ་ལས་དང༌། སྐྱེ་བ་ལས་དང༌། སྦྱོར་བ་ལས་དང༌། མདུན་དུ་བྱས་པ་ལས་དང༌། ཉེ་བར་གནད་འཐབ་པ་ལས་དང༌། ཡོངས་སུ་ལེན་པ་ལས་དང༌། མི་མཐུན་པའི་ཕྱོགས་ལས་དང༌། ལམ་ལོག་པ་ལས་སོ། །དེ་ལ་རང་བཞིན་ལས་མི་དགེ་བ་ནི། ཡིད་ དང་མཚུངས་པར་ལྡན་པའི་གཟུགས་དང༌། གཟུགས་མེད་པ་ནི་སྤྱོད་པའི་ཉོན་མོངས་པ་གཞག་སྟེ། དེ་ལས་གཞན་ཉེས་སྤྱོད་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ། །དེ་ཡང་འདོད་པ་སྤྱོད་པ་རང་བཞིན་དང་རང་བཞིན་མ་ཡིན་པའི་ཉེས་པར་སྤྱོད་པ་དེ་གཉིས་ ཀུན་ནས་སློང་པར་བྱེད་པའི་མི་དགེ་བ་གང་ཡིན་པའོ། །དེ་ལས་གཞན་ནི་སྒྲིབ་པའི་ལུང་མ་བསྟན་དུ་རིག་པར་བྱའོ། །འབྲེལ་པ་ལས་མི་དགེ་བ་ནི་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་དེ་རྣམས་ཉིད་ཀྱི་མཚུངས་པར་ལྡན་པའི་ཆོས་སོ། །རྗེས་སུ་འབྲེལ་བ་ལས་མི་དགེ་བ་ནི་ཉོན་མོངས་ པ་དེ་ཉིད་ཀྱི་བག་ཆགས་སོ། །ཀུན་ནས་སློང་བ་ལས་མི་དགེ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་ཉིད་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །དོན་དམ་པ་ལས་མི་དགེ་བ་ནི་འཁོར་བ་ཐམས་ཅད་དོ། །སྐྱེ་བས་ཐོབ་པའི་མི་དགེ་བ་ནི་མི་དགེ་བ་དེ་གོམས་པ་ལས་དེ་ལས་བྱུང་བའི་རྣམ་པར་སྨིན་པ་མངོན་ པར་རྫོགས་པ་གང་གིས་མི་དགེ་བ་འབའ་ཞིག་འདོན་པ་ཀུན་དུ་གནས་པའོ། །སྦྱོར་བ་ལས་མི་དགེ་བ་ནི། དེ་དག་དམ་པ་མ་ཡིན་པའི་སྐྱེས་བུ་ལ་རྟེན་པར་བྱེད་ན། དམ་པ་མ་ཡིན་པའི་ཆོས་ཉན་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང༌། ཡིད་ཀྱིས་ ཉེས་པར་སྤྱད་པ་སྤྱོད་པའོ། །མདུན་དུ་བྱས་པ་ལས་མི་དགེ་བ་ནི། དེ་དག་གཞན་གང་ཡང་རུང་བའི་ལྷའི་རིས་གང་ཡང་རུང་བརྟེན་དུ་བྱས་ཏེ། འཚེ་བ་སྔོན་དུ་འགྲོ་བའམ་ལྟ་བ་བན་[?] པ་སྔོན་དུ་འགྲོ་བའི་མཆོད་བྱའི་གནས་རབ་ཏུ་འཇོག་པར་བྱེད་པའོ། །དེ་ལ་མཆོད་པའི་ལས་རབ་ཏུ་སྦྱོར་བར་བྱེད་ པའམ། གང་དུ་སྐྱེ་བོའི་ཚོགས་ཆེན་པོ་རྣམས་བསོད་ནམས་མ་ཡིན་པ་ལ་སྦྱོར་བའོ། །དེ་ལ་འཚེ་བ་སྔོན་དུ་འགྲོ་བ་ནི་མཆོད་བྱའི་གནས་གང་དུ་ལུག་དང་མ་ཧེ་ལ་སོགས་པ་གསོད་པའོ། །ལྟ་བ་ངན་པ་སྔོན་དུ་འགྲོ་བ་ནི་གང་དུ་ཁ་ཟས་སྤོང་བ་ལ་སོགས་པས་བསོད་ནམས་དོན་དུ་གཉེར་བ་དང་མཆོག་དོན་དུ་ གཉེར་བ་དག་ཉོན་མོངས་པར་བྱེད་པའོ། །ཉེ་བར་གནད་འཐབ་པ་ལས་མི་དགེ་བ་ནི་སེམས་ཅན་རྣམས་ལ་ལུས་ཀྱིས་དང་ངག་གིས་དང་ཡིད་ཀྱིས་ལོག་པར་སྒྲུབ་པར་བྱེད་པའོ། །ཡོངས་སུ་ལེན་པ་ལས་མི་དགེ་བ་ནི། དེ་དག་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་པ་དང༌། ངག་དང་ཡིད་ཀྱིས་ཉེས་པར་ སྤྱོད་པ་སྤྱད་པས་ངན་འགྲོའམ་བདེ་འགྲོ་དག་ཏུ་འདོད་པའི་འབྲས་བུ་ཡོངས་སུ་ལེན་པ་ཉིད་དེ། འཕེན་པར་བྱེད་པའམ་ཡོངས་སུ་རྫོགས་པར་བྱེད་པའོ། །ངན་འགྲོའི་དབང་དུ་བྱས་ཏེ་འཕེན་བྱེད་དང་རྫོགས་བྱེད་དོ། །བདེ་འགྲོ་དུ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ནི་གང་མི་རུ་སྐྱེས་པ་ན་ དབུལ་པོ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བའོ། །མི་མཐུན་པའི་ཕྱོགས་ལས་མི་དགེ་བ་ནི། གང་གཉེན་པོའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སོ། །ལོག་པའི་ལམ་ལས་མི་དགེ་བ་ནི། གང་དགེ་བའི་བར་ཆད་དུ་གྱུར་པའི་ཆོས་རྣམས་ཏེ། དེ་ཡང་ཚོགས་རྣམས་རྟག་ཏུ་འདུ་བ་ལ་ ༄༅། །སོགས་པའོ། །ལུང་དུ་མ་བསྟན་པ་ནི་རྒྱུ་བཅུ་བཞིས་འགྱུར་ཏེ་འདི་ལྟ་སྟེ། རང་བཞིན་ལས་ལུང་མ་བསྟན་དུ་འགྱུར་བ་དང༌། འབྲེལ་པ་ལས་དང༌། རྗེས་སུ་འབྲེལ་པ་ལས་དང༌། ཀུན་སློང་ལས་དང༌། དོན་དམ་པ་ལས་དང༌། སྐྱེ་བས་ཐོབ་པ་ལས་དང༌། སྦྱོར་བ་ལས་ དང༌། མདུན་དུ་བྱས་པ་ལས་དང༌། རྗེས་སུ་འཛིན་པ་ལས་དང༌། ཉེ་བར་སྤྱོད་པ་ལས་དང༌། ཡོངས་སུ་ལེན་པ་ལས་དང༌། གཉེན་པོ་ལས་དང༌། ཉེ་བར་བཞི་པ་ལས་དང༌། རྒྱུ་མཐུན་པ་ལས་སོ། །དེ་ལ་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ནི་དངོས་པོ་བཅུ་བཞིའོ། །འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཀུན་དུ་སྦྱོར་བ་དང་བཅས་པའི་ཡིད་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། །འབྲེལ་པས་ལུང་མ་བསྟན་ན་སྡང་བ་མ་ཡིན་པ་རབ་ཏུ་དང་བ་མ་ཡིན་ པའི་སེམས་ཀྱི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དེ་ཉིད་ཀྱིས་ཡོངས་སུ་བཟུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྡང་བ་མ་ཡིན་པ་རབ་ཏུ་དང་བ་མ་ཡིན་པའི་སེམས་ཀྱི་ཞེས་པ་ནི་དགེ་བ་དང་མི་དགེ་བ་ལས་བཟློག་པ་སྟོན་པར་བྱེད་པའོ། །དེ་ཉིད་ཀྱིས་ཡོངས་སུ་བཟུང་ བ་ཞེས་པ་ནི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དོན་གྱི་རྣམ་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་རབ་ཏུ་འཇུག་པས་སོ། །རྗེས་སུ་འབྲེལ་པ་ལས་ལུང་མ་བསྟན་ན་མིང་གི་ཚོགས་ལ་སོགས་པ་དེ་ཉིད་ཀྱིས་མངོན་པར་བརྗོད་པའི་བག་ཆགས་སོ། །མིང་གི་ཚོགས་ལ་སོགས་པའི་ སེམས་པའི་སེམས་ཀྱི་བག་ཆགས་ཀྱི་ཕྱིས་སུ་མངོན་པར་བརྗོད་པར་རབ་ཏུ་འཇུག་པར་བྱེད་དོ་ཞེས་སོ། །ཀུན་ནས་སློང་བ་ལས་ལུང་མ་བསྟན་ནི། སེམས་དང་སེམས་ལས་བྱུང་བས་བག་ཆགས་དེ་ཡོངས་སུ་ཟུང་ནས་ཀུན་ནས་སློང་བ་ལུས་དང་ངག་གི་ལས་སོ། །སྡང་བ་མ་ཡིན་པ་རབ་ཏུ་དང་བ་ མ་ཡིན་པའི་སེམས་ཀྱི་མིང་གི་ཚོགས་ལ་སོགས་པ་མངོན་པར་བརྗོད་པའི་རྣམ་པས་སོ། །དོན་དམ་པ་ལས་ལུང་མ་བསྟན་ནི། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པའོ། །སྐྱེས་པས་ཐོབ་པའི་ལུང་མ་བསྟན་ནི། མི་དགེ་བ་དང༌། དགེ་བ་ཟག་པ་དང་བཅས་པའི་ ཆོས་རྣམས་ཀྱི་རྣམ་པར་སྨིན་པའོ། །སྦྱོར་བ་ལས་ལུང་མ་བསྟན་ནི། སེམས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། དགེ་བ་མ་ཡིན་པའི་སྤྱོད་ལམ་མམ། བཟོའི་གནས་སོ། །སེམས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། དགེ་བ་མ་ཡིན་པ་ཞེས་པ་ནི་གང་གི་ཚེ་ཉོན་མོངས་པ་ཅན་མ་ ཡིན་དགེ་བ་ཡང་མ་ཡིན་པར་གྱུར་པ་དེའི་ཚེ་སྤྱོད་ལམ་ལ་སོགས་པ་རྣམས་ལུང་དུ་མ་བསྟན་པར་འགྱུར་ཏེ། གཞན་དུ་ན་དགེ་བའམ་མི་དགེ་བ་ཅི་རིགས་པར་འགྱུར་རོ། །མདུན་དུ་བྱས་པ་ལས་ལུང་དུ་མ་བསྟན་པ་ནི། དེ་དག་ལྷའི་རིགས་གང་ཡང་རུང་བ་ལ་བརྟེན་ཅིང་མདུན་དུ་བྱས་ཏེ། འཚེ་བ་དང་ལྟ་བ་ངན་པ་སྤངས་པ་མཆོད་པའི་གནས་རབ་ཏུ་བཞག་སྟེ། དེ་དག་ལ་མཆོད་པའི་ལས་ལ་སྦྱོར་བའམ། གང་དུ་སྐྱེ་བོའི་ཚོགས་ཆེན་པོ་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་བསྐྱེད་པའོ། །རྗེས་སུ་འཛིན་པ་ལས་ལུང་མ་བསྟན་ནི། དེ་དག་བྲན་དང་གཡོག་ དང་ལས་བྱེད་པའམ། བུ་དང་ཆུང་མ་ལ་སོགས་སྡང་བ་མ་ཡིན་པ་དང་རབ་ཏུ་དང་བ་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་སྟེར་བའོ། །ཉེ་བར་ལོངས་སྤྱོད་པ་ལས་ལུང་མ་བསྟན་པ་ནི། དེ་དག་སོ་སོར་མ་བརྟགས་པ་ཉོན་མོངས་པ་མེད་པའི་སེམས་ཀྱིས་ལོངས་སྤྱོད་ལ་ལོངས་སྤྱོད་པའོ། །ཡོངས་སུ་ འཛིན་པ་ལས་ལུང་མ་བསྟན་ནི། དེ་དག་བཟོའི་གནས་རྣམས་ལ་གོམས་པར་བྱས་པས་ཕྱིས་དེ་དང་མཐུན་པའི་བདག་ཉིད་ཀྱིས་ངོ་བོ་ཡོངས་སུ་ལེན་པར་བྱེད་དོ། །གང་གིས་མྱུར་ཞིང་མགྱོགས་པར་བཟོའི་གནས་དེ་རྣམས་ལ་སློབ་པ་མཐར་ཕྱིན་པར་འགྱུར་རོ། །གཉེན་པོ་ལས་ལུང་མ་བསྟན་ནི། དེ་དག་ནད་མེད་པའི་དོན་དུ་ནད་ཀྱི་གཉེན་པོ་སོ་སོར་མ་བརྟགས་པའི་སྨན་བསྟེན་པར་བྱེད་པའོ། །ཉེ་བར་ཞི་བ་ལས་ལུང་མ་བསྟན་ནི། དེ་དག་གཟུགས་དང་གཟུགས་མེད་པ་ནི་སྤྱོད་པའི་ཉོན་མོངས་པ་དེ་ཞི་བར་གནས་པའི་ཉེ་བར་སྦས་པ་ཐོབ་པའོ། །རྒྱུ་མཐུན་པ་ལས་ཀྱང་མ་བསྟན་ནི། དེ་དག་ལུང་ དུ་མ་བསྟན་པ་ནི་སྤྲུལ་པའི་སེམས་དང་ལྷན་ཅིག་ཏུ་སྐྱེས་བའོ། །རྟོགས་པའི་རྒྱུ་མཐུན་པ་ལས་ལུང་དུ་མ་བསྟན་པའོ། །སྤྲུལ་པའི་སེམས་དང་ལྷན་ཅིག་ཏུ་སྐྱེས་པ་ཞེས་པ་ནི། སེམས་དང་སེམས་ལས་བྱུང་བ་གང་གིས་ཕྱི་རོལ་གྱི་དོན་དུ་སྤྲུལ་པའོ། །སེམས་ཅན་ལ་ཕན་པའི་དོན་དུ་ ༄༅། །འགྱུར་ན་དགེ་བ་ཉིད་དོ། །དགེ་བའི་ལས་བྱས་པ་རྣམས་ཀྱིས་དག་པར་བྱེད་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་དང༌། རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་དང༌། ཡང་དག་པའི་དོན་སོ་སོར་རིག་པའོ། །དེ་ལ་མི་ དགེ་བ་དག་པར་བྱེད་པ་ནི་ཟད་པར་བྱེད་པའོ། །དགེ་བ་དག་པར་བྱེད་པ་ནི་དེ་དག་ཟད་པ་མེད་པའི་དགེ་བ་ཉིད་བསྐྱེད་དེ། བསོད་ནམས་ཀྱི་ཚོགས་མངོན་དུ་བྱེད་པའོ། །སྡིག་པ་ཟད་པའི་རྟགས་དགུ་ནི་འདི་ལྟ་སྟེ། རྨི་ལམ་དུ་མི་གཙང་བ་ལ་སོགས་པ་ཟག་པ་དང༌། རྨི་ལམ་དུ་འོ་མ་ལ་ སོགས་པའི་ཟས་ཟ་བ་དང༌། རྨི་ལམ་དུ་ཞོ་དང་འོ་མ་ལ་སོགས་པ་སྐྱུག་པ་དང༌། ཉི་མ་དང་ཟླ་བ་མཐོང་བ་དང༌། འོངས་པ་དང༌། མེ་འབར་བ་དང༌། དུག་དང་བཅས་པའི་སྐྱེས་བུ་ནག་པོ་ཕམ་པར་བྱས་པ་དང༌། དགེ་སློང་དང༌། དགེ་སློང་མ་མཐོང་བ་དང༌། འོ་མའི་ཤིང་དང་གླང་པོ་ ཆེ་དང་རི་དང་སེང་གེ་དང༌། ཁང་བཟངས་ལ་འཛེག་པ་དང༌། ཆོས་ཉན་པའོ། །ལུང་དུ་མ་བསྟན་པའི་ལས་གཉིས་ནི་འདི་ལྟ་སྟེ། སྒྲིབ་པ་ལུང་མ་བསྟན་གྱི་ལས་དང༌། སྒྲིབ་མིན་ལུང་མ་བསྟན་གྱི་ལས་སོ། །མི་གཡོ་བའི་ལས་ལ་གཉིས་ནི་འདི་ལྟ་སྟེ། བསམ་གཏན་བཞི་པའི་ས་ལས་བྱུང་ བའི་ལས་དང༌། གཟུགས་མེད་པ་ན་སྤྱོད་པའི་ལས་སོ། །ལས་དེ་རྣམས་ལ་གང་ལ་འདོད་པའི་ཁམས་ཀྱི་མི་དགེ་བའི་ལས་ཐམས་ཅད་དང་གང་ཡང་ཁམས་གསུམ་གྱི་ཟག་པ་དང་བཅས་པའི་དགེ་བའི་ལས་ཐམས་ཅད་དག་བསྡོམས་པ་དེ་ནི་ཡང་སྲིད་འབྱུང་བའི་ལས་ཡིན་ཏེ། དེ་ནི་ འདུ་བྱེད་ཀྱི་ཡན་ལག་གོ། །མིའི་ལྟོ་རུ་སྐྱེ་བ་ཉིད་དང་མཚམས་སྦྱོར་བའི་སྐབས་ཀྱི་ཕུང་པོ་ལྔ་ནི་རྣམ་པར་ཤེས་པའི་ཡན་ལག་གོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་མིང་ཡིན་ལ། གཟུགས་ཀྱི་ཕུང་པོ་ནི་གཟུགས། གཉི་ག་ནི་མིང་དང་གཟུགས་ཀྱི་ཡན་ལག་གོ། །མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་པ་སྐྱེ་མཆེད་དྲུག་པོ་འདི་རྣམས་འཚོགས་པ་ནི་སྐྱེ་མཆེད་དྲུག་གི་ཡན་ལག་གོ། །རེག་པ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་ འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའོ། །ཡང་རེག་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཐོགས་པའི་རེག་པ་དང༌། ཚིག་བླ་དགས་ཀྱི་རེག་པའོ། །དེ་ལ་ཐོགས་པའི་རེག་པ་ལྔ་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ནས་ལུས་ཀྱི་འདུས་ཏེ་རེག་པའི་བར་དུའོ། །ཚིག་བླ་དགས་ཀྱི་རེག་ པ་གཅིག་ཉིད་དེ་འདི་ལྟ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའོ། །ཡང་རེག་པ་ལ་གསུམ་ནི་འདི་ལྟ་སྟེ། རིག་པའི་རེག་པ་དང༌། མ་རིག་པའི་རེག་པ་དང༌། རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི་རེག་པའོ། །ཡང་རེག་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་རེག་པ་དང༌། ཉོན་ མོངས་པ་ཅན་གྱི་རེག་པའོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པ་ནི། རིག་པའི་རེག་པའོ། །ཉོན་མོངས་པ་ཅན་ནི་མ་རིག་པའི་རེག་པའོ། །དེ་ལ་མ་རིག་པའི་རེག་པ་ལ་གཉིས་ནི་འདི་ལྟ་སྟེ། གནོད་སེམས་ཀྱི་རེག་པ་དང༌། རྗེས་སུ་ཆགས་པའི་རེག་པའོ། །རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི་རེག་པ་ལ་ གཉིས་ནི་འདི་ལྟ་སྟེ། དགེ་བ་ཟག་བཅས་ཀྱི་རེག་པ་དང༌། སྒྲིབ་མིན་ལུང་མ་བསྟན་གྱི་རེག་པའོ། །ཡང་རེག་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྡུག་བསྔལ་མྱོང་བར་བྱ་བའི་རེག་པ་དང༌། བདེ་བ་མྱོང་བར་བྱ་བའི་རེག་པ་དང༌། སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པ་མྱོང་བར་བྱ་བའི་རེག་པའོ། །རེག་པའི་ ཡན་ལག་གོ། །ཚོར་བ་ལ་དྲུག་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང༌། རྣ་བ་དང་ཕྲད་པ་ལས་སྐྱེས་པའི་ཚོར་བ་དང༌། སྣ་དང་ཕྲད་པ་ལས་སྐྱེས་པའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའོ། །ཡང་སོ་སོར་རྣམ་པ་གསུམ་དུ་ཕྱེ་སྟེ་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ། །འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་མིན་བདེ་བ་མིན་པ་དང་ཞེས་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ ཚོར་བ་བདེ་བ་དང་སྡུག་བསྔལ་དང་བདེ་བ་མིན་སྡུག་བསྔལ་མིན་པའི་ཚོར་བའི་བར་དུའོ། །ཡང་ཚོར་བ་ལ་གཉིས་ནི་འདི་ལྟ་སྟེ། ལུས་ཀྱི་ཚོར་བ་དང༌། སེམས་ལས་བྱུང་བའི་ཚོར་བའོ། །དེ་ལ་ལུས་ཀྱི་ཚོར་བ་ལྔ་ནི་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་ནས་ལུས་ཀྱི་འདུས་ཏེ་རེག་པ་ ༄༅། །ལས་སྐྱེས་པའི་ཚོར་བའི་བར་དུའོ། །ཡིད་ཀྱི་ཚོར་བ་ནི་གཅིག་ཉིད་དེ། འདི་ལྟ་སྟེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའོ། །སེམས་ལས་བྱུང་བའི་ཚོར་བ་དེ་རྣམས་འདི་ལྟར་ཉེ་བར་སྤྱོད་པའི་ཡིད་བཅོ་བརྒྱད་དུ་ཕྱེ་བས་རྣམ་པ་བརྒྱད་དུ་འགྱུར་ རོ། །འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཡུལ་དྲུག་ལ་ཡིད་བདེ་བའི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་དང༌། དེ་བཞིན་དུ་ཡིད་མི་བདེ་བའི་སྤྱོད་པའི་ཚོར་བ་དྲུག་དང༌། དེ་བཞིན་དུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པའི་ཚོར་བ་དྲུག་གོ། །འདི་ནི་དྲུག་ཚན་གསུམ་སྟེ་ཚོར་བ་བཅོ་བརྒྱད་དུ་འགྱུར་ རོ། །ཚོར་བའི་ཡན་ལག་གོ། །སྲེད་པ་ནི་མངོན་པར་འདོད་པ་སྟེ། དེ་ཡང་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཚོར་བ་བདེ་བ་དང་ལྡན་པར་མངོན་པར་འདོད་པ་དང༌། ཚོར་བ་སྡུག་བསྔལ་དང་བྲལ་བར་མངོན་པར་འདོད་པ་དང༌། ཚོར་བ་བདེ་བ་མ་ཡིན་སྡུག་བསྔལ་མ་ཡིན་པ་སྟེ། གཉི་ག་མ་ཡིན་ པ་མངོན་པར་འདོད་པའོ། །སྲེད་པ་དེ་ཡང༌། ཡང་སྲིད་ལ་དགའ་བ་ཅན་གྱིས་འདོད་ཆགས་དང་བཅས་པ་ཡིན་ཏེ། དེ་དང་དེ་རུ་མངོན་པར་དགའ་བ་ཅན་ལ་གསུམ་ནི་འདི་ལྟ་སྟེ། འདོད་པའི་སྲེད་པ། སྲིད་པའི་སྲེད་པ། སྲིད་བྲལ་སྲེད་པའོ། །སྲེད་པའི་ཡན་ལག་གོ། །ཉེ་བར་ལེན་པ་ལ་ བཞི་ནི་འདི་ལྟ་སྟེ། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །འདི་ནི་ཉེ་བར་ལེན་པའི་ཡན་ལག་གོ། །སྐྱེ་བ་ད་ལྟར་བ་ལ་བསགས་པའི་ཡང་སྲིད་འབྱུང་བའི་ལས་ནི་སྲིད་པའོ། །འདི་ནི་སྲིད་པའི་ ཡན་ལག་གོ། །ཅི་ལྟར་སྐྱེ་བ་འདི་ཉིད་དུ་རྣམ་པར་ཤེས་པའི་ཡན་ལག་ནི། དེ་བཞིན་དུ་དེ་མ་ཐག་པའི་སྐྱེ་བའི་སྐྱེ་བའོ། །འདི་ནི་སྐྱེ་བའི་ཡན་ལག་གོ། །གང་སྐྱེ་བ་འདིའི་མིང་དང་གཟུགས་ཀྱི་ཡན་ལག་བཞི་ལ་སོགས་པ་དེ་ཉིད་ནི་བར་མེད་པའི་སྐྱེ་བའི་རྒ་ཤིའི་ཡན་ལག་གོ། །པཎྜི་ཏ་ཆེན་པོ་ སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་ངེས་པ་སྟེ། ལེའུ་བཅུ་པའོ།། །།འཕགས་པའི་འཇིག་རྟེན་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། སློབ་པ་དང༌། མི་སློབ་པའོ། །དེ་ལ་སློབ་ པ་ལ་གསུམ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་བ་དང༌། རང་སངས་རྒྱས་ཀྱི་ཐེག་པ་བ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་བའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་གཉིས་ནི་འདི་ལྟ་སྟེ། སྲོལ་དུ་ཞུགས་པ་དང༌། འབྲས་བུ་ལ་གནས་པའོ། །དེ་ལ་སྲོལ་དུ་ཞུགས་པ་རྣམ་པ་བཞི་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པའོ། །དེ་ལ་རྒྱུན་དུ་ཞུགས་པ་འབྲས་བུའི་ཕྱིར་ཞུགས་པ་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། དད་ པའི་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བའོ། །འབྲས་བུ་ལ་གནས་པ་ལ་གསུམ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའོ། །དེ་ལ་རྒྱུན་དུ་ཞུགས་པ་ལ་ལྷའི་རིགས་ནས་རིགས་སུ་དང་མིའི་རིགས་ནས་རིགས་སོ་ཞེས་གཉིས་སུ་རྣམ་པར་འཇོག་ གོ། །ལན་ཅིག་ཕྱིར་འོང་བ་ནི་ས་བོན་གཅིག་པ་ཞེས་རྣམ་པར་འཇོག་གོ། །ཕྱིར་མི་འོང་བ་ལ་གཉིས་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དང༌། ཁམས་གཉིས་ཀྱི་འདོད་ཆགས་དང་བྲལ་བའོ། །དེ་ལ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་ལྔ་ནི་འདི་ལྟ་སྟེ། བར་དོར་ ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་འཕོ་བའོ། །ཁམས་གཉིས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་ལ་བཞི་ནི་འདི་ལྟ་སྟེ། བར་དོར་ ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །རང་སངས་རྒྱས་ཀྱི་ཐེག་པ་པའི་དབྱེ་བ་རྣམ་པར་མ་བཞག་གོ། །བྱང་ཆུབ་སེམས་ དཔའི་ཐེག་པ་ལ་ལྔ་ནི་འདི་ལྟ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པ་ཅན་དང༌། རྩོལ་བ་དང་བཅས་པ་མཚན་མ་མེད་པ་ལ་གནས་པ་དང༌། རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པ་དང༌། སྤྱོད་པ་ངེས་པ་ལ་ཞུགས་པ་དང༌། ངེས་པར་སྐྱེ་བ་གཅིག་གིས་ཐོགས་པའོ། །ཡང་རྣམ་པ་ཉི་ ༄༅། །ཤུ་ནི་འདི་ལྟ་སྟེ། དད་པའི་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། རྒྱུན་དུ་ཞུགས་པ་དང༌། མིའི་རིགས་ནས་རིགས་དང༌། ལྷའི་རིགས་ནས་རིགས་དང༌། དད་པ་དང་ལྟ་བས་ཐོབ་པ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ཉིད་དང༌། ལན་ཅིག་ཕྱིར་འོང་ བ་དང༌། བར་ཆད་གཅིག་པ་དང༌། དད་པ་ལྟ་བས་ཐོབ་པ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ཉིད་དང༌། བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་ འདའ་བ་དང༌། འཕར་བ་དང༌། ཕྱེད་དུ་འབར་བ་དང༌། གནས་ཐམས་ཅད་དུ་འཕོ་བ་དང༌། མཐོང་བའི་ཆོས་ལ་ཞི་བ་དང༌། ལུས་ཀྱི་མངོན་སུམ་དུ་བྱེད་པ་དང༌། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། བསེ་རུའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་ གྱི་སྐྱེ་མཆེད་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོའི་དབྱེ་བའི་བསྒོམ་པའི་ལམ་ལ་གནས་པའི་བར་དུ་ནི་སློབ་པའི་ཉན་ཐོས་སོ། །སྟན་གཅིག་ལ་གནས་ཏེ་རང་སངས་རྒྱས་ཀྱི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་ མཆེད་ཀྱི་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོའི་དབྱེ་བའི་བསྒོམ་པའི་ལམ་ལ་གནས་པའི་བར་དུ་ནི་སློབ་པའི་རང་བྱང་ཆུབ་ཀྱི་ཐེག་པའོ། །བྱེ་བྲག་པའི་ཚུལ་ལ་ནི། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། སྟན་གཅིག་ལ་གནས་པ་དེ་ཉིད་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ ཉིད་ཡིན་པ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཉོན་མོངས་པའི་དབྱེ་བ་དགུ་པའི་གཉེན་པོ་བསྒོམ་པའི་ལམ་ལ་གནས་པའི་བར་དུ་ནི་སློབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའི་ཚུལ་ལ་མཐོང་བའི་ལམ་ཞེས་པ་རབ་ཏུ་དགའ་བའི་ས་ནས་བཟུང་སྟེ། སྐད་ཅིག་ གཅིག་ལ་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་སེམས་བསྐྱེད་ཉི་ཤུ་པ་བར་ཆད་མེད་པའི་ལམ་གྱི་རང་བཞིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་བར་དུ་ནི་མི་སློབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །མི་སློབ་པ་གསུམ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་རྒྱལ་གྱི་བྱང་ཆུབ་ དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །དེ་ལ་ཉན་ཐོས་ཀྱི་བྱང་ཆུབ་ལ་དྲུག་ནི་འདི་ལྟ་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན་དང༌། སེམས་པ་སྐལ་བ་ཅན་དང༌། རྗེས་སུ་བསྲུང་བའི་སྐལ་པ་ཅན་དང༌། གནས་པ་མི་བསྐྱོད་པ་དང༌། མངོན་དུ་བྱེད་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་ནོ། ། དེ་ལ་མི་བསྐྱོད་པའི་ཆོས་ཅན་ལ་གཉིས་ནི་འདི་ལྟ་སྟེ། བརྩོན་བ་འབར་བས་ཐོབ་པ་དང༌། དང་པོ་ནས་དེའི་རིགས་ཅན་ནོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། གང་འབྲས་བུ་ལ་ཡོངས་སུ་ཉམས་པའི་སྐལ་བ་ཅན་ནོ། །སེམས་པ་སྐལ་པ་ཅན་ནི་གང་དག་ཉིད་འཛིན་པར་བྱ་བ་སྐལ་བ་ཅན་ནོ། །རྗེས་སུ་ བསྲུང་བའི་སྐལ་བ་ཅན་ནི། གང་འབྲས་བུ་རྗེས་སུ་བསྲུང་བའི་སྐལ་བ་ཅན་ནོ། །གནས་པ་མི་བསྐྱོད་པ་ནི། གང་གནས་པའི་སྐལ་བ་ཅན་ཉམས་པར་མི་འགྱུར་བ་མི་གཡོ་བ་སྔོན་དུ་མི་བྱེད་པའོ། །མངོན་དུ་བྱེད་པའི་སྐལ་བ་ཅན་ནི། གང་མི་གཡོ་བ་མངོན་དུ་བྱེད་པའི་སྐལ་བ་ཅན་ནོ། །མི་གཡོ་ བའི་སེམས་པའི་ཆོས་ཅན་ནོ། །གང་གིས་མི་སྐྱེ་བའི་ཡེ་ཤེས་སྐྱེད་པའོ། །མི་གཡོ་བའི་ཆོས་ཅན་དེ་ཡང་གསུམ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་འགའ་ཞིག་དང༌། རང་རྒྱལ་གྱི་བྱང་ཆུབ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གལ་ཏེ་མི་གཡོ་བ་ཅི་ལྟ་བུ་ཞེ་ན། བརྗོད་ པར་བྱ་སྟེ་ཉོན་མོངས་པ་མི་སྐྱེ་བ་ཤེས་པ་ནི་ཉན་ཐོས་རྣམས་ཀྱི་མི་གཡོ་བའོ། །ཀུན་ནས་ཉོན་མོངས་པ་མི་སྐྱེ་བ་ཤེས་པ་ནི་རང་རྒྱལ་བྱང་ཆུབ་ཀྱི་མི་གཡོ་བའོ། །ཀུན་ནས་ཉོན་མོངས་པ་ཐེ་ཚོམ་ཤེས་པ་མི་སྐྱེ་བ་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གཡོ་བའོ། འདི་རྣམས་ལ་ ཡོངས་སུ་ཉམས་པའི་ཆོས་ཅན་ཁོ་ན་འབྲས་བུ་ལས་ཉམས་པར་འགྱུར་ཏེ། དགྲ་བཅོམ་པ་གཞན་ནི་མ་ཡིན་ནོ། །དགྲ་བཅོམ་པ་དེ་ནི་ཁྱད་པར་རྟོགས་པ་ལས་ཉམས་པར་འགྱུར་རོ་ཞེས་པ་ནི། ཏིང་ངེ་འཛིན་གྱི་ཁྱད་པར་ལས་ཞེས་པའི་དོན་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ལས་ཀྱང་ ཡོངས་སུ་མི་ཉམས་ཏེ། ཀུན་ནས་རྨོངས་པ་མ་ཡིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །རང་རྒྱལ་གྱི་བྱང་ཆུབ་གཉིས་ནི་འདི་ལྟ་སྟེ། བསེ་རུ་ལྟར་སྤྱོད་པ་དང༌། ཚོགས་སྤྱོད་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཅིག་ཁོ་ན་སྟེ། གང་ཟག་གཅིག་པུ་གང་ཟག་དོ་མེད་པ། བརྙན་ ༄༅། །མ་མེད་པའི་གང་ཟག་མཉམ་པ་མེད་པའི་གང་ཟག །མི་མཉམ་པ་དང་མཉམ་པའི་གང་ཟག །འགྲན་ཟླ་མཉམ་པ་མེད་པའི་གང་ཟག་ཅེས་པ་ལ་སོགས་པའོ། །སོ་སོ་སྐྱེ་བོ་ཡང་སློབ་པ་ཡང་ཡིན་ཏེ། སློབ་པ་ཞེས་བརྗོད་པར་མི་བྱ་ཞིང་མི་སློབ་པ་ཞེས་ཀྱང་མི་བརྗོད་དོ། ། དཀོན་མཆོག་གསུམ་ནི་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་གོ། །དེ་ལ་སངས་རྒྱས་གཉིས་ནི་འདི་ལྟ་སྟེ། དོན་དམ་པ་པ་དང༌། བརྡར་བཏགས་པའོ། །དེ་ལ་དང་པོ་ནི་གསུམ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྐུའི་བདག་ཉིད་དང་ ལོངས་སྤྱོད་རྫོགས་པའི་བདག་ཉིད་དང༌། སྤྲུལ་པའི་སྐུའི་བདག་ཉིད་དོ། །དེ་ལ་ཆོས་ཀྱི་སྐུའི་བདག་ཉིད་ལ་གཉིས་ནི་འདི་ལྟ་སྟེ། འདུས་མ་བྱས་དང༌། འདུས་བྱས་སོ། །དེ་ལ་གང་འདུས་མ་བྱས་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱི་རང་བཞིན་དེ་ཉིད་དོན་ དམ་པ་རུ་རྟོགས་པར་བྱའོ། །གང་ཡང་འདུས་བྱས་ནི་ཆོས་ཀྱི་བདག་ཉིད་ཀྱི་སྐུ། སྟོབས་བཅུ་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པའི་ཆོས་རང་བཞིན་ཡོངས་སུ་དག་པར་ཤེས་པར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ནི་མཚན་དང་དཔེ་བྱད་ལ་སོགས་ པས་ཡང་དག་པར་བརྒྱན་པ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ་གཟུགས་སྐུའོ། །སྤྲུལ་པའི་བདག་ཉིད་ནི་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་མཚན་དང་དཔེ་བྱད་ལ་སོགས་པས་ཡང་དག་པར་བརྒྱན་པ། གཟུགས་སྐུ་ཉིད་ཡིན་ཏེ། ཤཱཀྱ་ ཐུབ་པ་ལ་སོགས་པ་ལྟ་བུའོ། །བརྡར་བཏགས་པའི་སངས་རྒྱས་ཀྱང་རྣམ་པ་བཞི་ནི་འདི་ལྟ་སྟེ། རིང་བསྲེལ་དང༌། མཆོད་རྟེན་དང༌། སངས་རྒྱས་ཀྱི་གཟུགས་བརྙན་དང༌། ཅི་ཏྱའོ། །བྱང་ཆུབ་སེམས་དཔའི་སྐུ་དང་ལྔ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་པ་སྨྲའོ། །ཆོས་ནི་གཉིས་ ཡིན་ཏེ། འདི་ལྟ་སྟེ། དོན་དམ་པ་པ་དང༌། བརྡར་བཏགས་པ་པའོ། །དེ་ལ་དང་པོ་ནི་གཅིག་ཉིད་དེ་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ། །བརྡར་བཏགས་པ་ལ་གཉིས་ནི་འདི་ལྟ་སྟེ། ཡང་དག་པའི་ལམ་དང༌། སངས་རྒྱས་ཀྱི་གསུང་རབ་པོ། །ཡང་ཆོས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ལུང་གི་ཆོས་དང༌། རྟོགས་པའི་ཆོས་སོ། །དེ་ལ་ལུང་གི་ཆོས་ནི་སངས་རྒྱས་ཀྱི་གསུང་རབ་བོ། །རྟོགས་པའི་ཆོས་ནི་དྲུག་སྟེ། འདི་ལྟ་སྟེ། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་དང༌། མཐོང་ལམ་དང༌། འབྲས་བུ་དང་བཅས་པའི་བསྒོམ་ལམ་མོ། །དགེ་འདུན་ལ་གཉིས་ནི་འདི་ལྟ་སྟེ། དོན་དམ་པ་པ་དང༌། བརྡར་བཏགས་པའོ། །དེ་ལ་དོན་དམ་པ་པ་གཉིས་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཆེན་པོ་གང་ཟག་བརྒྱད་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་སོ། །དེ་ལ་སྐྱེས་བུ་ཆེན་པོ་གང་ཟག་བརྒྱད་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའི་ ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པ་དང༌། ལན་ཅིག་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང་མི་འོང་བའོ། །དགྲ་བཅོམ་པའི་འབྲས་བུའི་སྲོལ་དུ་ཞུགས་པ་དང༌། དགྲ་བཅོམ་པའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་ལྔ་ནི་འདི་ལྟ་སྟེ། ལྷག་པའི་བསམ་པ་དག་པ་ཅན་དང༌། རྩོལ་བ་དང་བཅས་པའི་མཚན་མ་མེད་པ་ལ་གནས་པ་དང༌། རྩོལ་བ་མེད་པའི་མཚན་མ་མེད་པ་ལ་གནས་པ་དང༌། ངེས་པའི་སྤྱོད་པ་ལ་ཞུགས་པ་དང༌། ངེས་པར་སྐྱེ་བ་གཅིག་གིས་ཐོགས་པའོ། །ལྷག་པར་མོས་ པ་ཅན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའོ་ཞེས་སྨྲའོ། །བྱང་ཆུབ་སེམས་དཔའ་ལྔ་པོ་འདི་རྣམས་ལ་སོ་སོར་ཕྱེ་བས་སྔོན་དུ་གསུངས་པ་བཞིན་དུ་དང་བའི་རྗེས་སུ་འབྲང་བ་ལ་སོགས་པ་གང་ཟག་ཉི་ཤུ་ནི་དགེ་འདུན་ནོ། །བརྡར་བཏགས་པའི་དགེ་འདུན་གསུམ་ནི་འདི་ ལྟ་སྟེ། ལྷག་པར་མོས་པ་ཅན་རྫོགས་པའི་བྱང་ཆུབ་ཏུ་མ་ངེས་པ་སོ་སོ་སྐྱེ་བོའི་དགེ་འདུན་དང༌། སོ་སོ་སྐྱེ་བོའི་དགེ་སློང་དང༌། སོ་སོ་སྐྱེ་བོའི་དགེ་སློང་མའི་དགེ་འདུན་ནོ། །དེས་ན་དེ་ཉིད་སྐྱབས་གསུམ་ཡིན་ཏེ་འདི་ལྟ་སྟེ། སྐྱབས་སངས་རྒྱས་དཀོན་མཆོག་དང༌། སྐྱབས་ཆོས་དཀོན་ མཆོག་དང༌། སྐྱབས་དགེ་འདུན་དཀོན་མཆོག་སྟེ། དེ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་འཇིགས་པ་བརྒྱད་ལས་སྐྱོབ་པའི་དོན་དུའོ། །དེ་ལ་འཇིགས་པ་བརྒྱད་ནི་འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་འཇིགས་པ་དང༌། ཉེས་པར་སྤྱོད་པ་ཐམས་ཅད་ཀྱི་འཇིགས་ ༄༅། །པ་དང༌། ཀ་ཤིའི་འཇིགས་པ་དང༌། ཉེ་བར་འཚེ་བ་ཐམས་ཅད་ཀྱི་འཇིགས་པ་དང༌། ངན་འགྲོ་ཐམས་ཅད་ཀྱི་འཇིགས་པ་དང༌། རྗེས་སུ་མཐུན་པའི་ངན་འགྲོ་ཐམས་ཅད་ཀྱི་འཇིགས་པ་དང༌། འཇིག་ཚོགས་ཀྱི་འཇིགས་པ་དང༌། ཐེག་པ་དམན་པའི་ འཇིགས་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་འཕགས་པའི་འཇིག་རྟེན་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་གཅིག་པའོ།། །།འཕགས་པའི་བདེན་པ་བཞི་ནི་འདི་ལྟ་སྟེ། སྡུག་ བསྔལ་འཕགས་པའི་བདེན་པ་དང༌། ཀུན་འབྱུང་འཕགས་པའི་བདེན་པ་དང༌། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །དེ་རྣམས་འབྲས་བུ་དང་རྒྱུའི་རིམ་པས་བསྟན་པར་བྱ་བ་ནི་འདི་ལྟ་སྟེ། སྡུག་བསྔལ་ འབྲས་བུའོ། །སྡུག་བསྔལ་ཀུན་འབྱུང་བ་རྒྱུའོ། །སྡུག་བསྔལ་འགོག་པ་འབྲས་བུའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྒྱུའོ། །ཡང་བདེན་པ་གཉིས་ནི་འདི་ལྟ་སྟེ། ཀུན་རྫོབ་བདེན་པ་དང༌། དོན་དམ་པའི་བདེན་པའོ། །དེ་ལ་འཕགས་པའི་བདེན་པ་གསུམ་ནི་ཀུན་རྫོབ་བདེན་ པའོ། དེ་ཡང་ཅི་ལྟར་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་དང༌། ལམ་གྱི་བདེན་པའོ། །འཕགས་པའི་བདེན་པ་གཅིག་ནི་དོན་དམ་པའི་བདེན་པ་སྟེ། འདི་ལྟ་སྟེ། སྡུག་བསྔལ་འགོག་པའོ། །འཕགས་པའི་བདེན་པ་གཉིས་ནི་འདི་ལྟར་སྤང་བྱ་དང༌། བླང་བྱའོ། །དེ་ལ་བདེན་ པ་གཉིས་ནི་སྤང་བྱའོ། །འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པའོ། །བདེན་པ་གཉིས་ནི་བླང་བྱ་སྟེ། འདི་ལྟར་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། །འཕགས་པའི་བདེན་པ་དེ་རྣམས་ཡོངས་སུ་བཅད་པ་གསུམ་སྟེ། འདི་ལྟར། རང་བཞིན་ཡོངས་ སུ་བཅད་པ་དང༌། བྱ་བ་ཡོངས་སུ་བཅད་པ་དང༌། བྱ་བ་མཐར་ཕྱིན་པ་ཡོངས་སུ་བཅད་པའོ། །དེ་ལ་རང་བཞིན་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ ལམ་མོ། །བྱ་བ་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་བསྒོམ་པར་བྱའོ། །བྱ་བ་མཐར་ཕྱིན་པ་ཡོངས་སུ་བཅད་པ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་ མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཡོངས་སུ་བཅད་པ་གསུམ་པོ་འདི་ཉིད་ལ་ཡོངས་སུ་བཟླས་པ་གསུམ་ཞེས་བརྗོད་དོ། །ཡང་བདེན་པ་སོ་སོ་ལ་རྣམ་པ་གསུམ་མོ། །དེ་ལ་སྡུག་བསྔལ་བདེན་པའི་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྡུག་བསྔལ་རང་བཞིན་དང་ཡོངས་སུ་ཤེས་ པར་བྱ་བ་ཉིད་དང༌། ཡོངས་སུ་ཤེས་པ་ཉིད་དོ། །ཀུན་འབྱུང་གི་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཀུན་འབྱུང་བའི་རང་བཞིན་དང༌། སྤང་བྱ་ཉིད་དང༌། སྤངས་པ་ཉིད་དོ། །འགོག་པའི་རྣམ་པ་གསུམ་ནི་འདི་ལྟ་སྟེ། འགོག་པའི་རང་བཞིན་དང༌། མངོན་དུ་བྱ་བ་ཉིད་དང༌། མངོན་དུ་བྱས་པ་ ཉིད་དོ། །ལམ་གྱི་རྣམ་པ་གསུམ་ནི་འདི་ལྟ་སྟེ། ལམ་གྱི་རང་བཞིན་དང༌། བསྒོམ་བྱ་ཉིད་དང༌། བསྒོམས་པ་ཉིད་དོ། །ཡང་སྡུག་བསྔལ་བདེན་པའི་ཡོངས་སུ་བཟླས་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་པ་ནི་ཡོངས་སུ་བཟླས་པ་གཅིག་གོ ། ། དེ་དག་ཡོངས་སུ་ཤེས་པར་བྱ་བ་ཉིད་དོ་ཞེས་པ་ནི་གཉིས་པའོ། །དེ་དག་ཡོངས་སུ་ཤེས་པ་ཉིད་དོ་ཞེས་པ་ནི་གསུམ་པའོ། །ཡོངས་སུ་བཟླས་པ་སོ་སོ་ལ་མིག་སྐྱེའོ། །ཤེས་པ་སྐྱེའོ། །རིག་པ་སྐྱེའོ། །བློ་སྐྱེའོ། །རྣམ་པ་བཞི་བཞི་སྟེ་རྣམ་པ་བཅུ་གཉིས་སོ། །དེ་ལ་མིག་ཅེས་པ་ནི་སངས་རྒྱས་ ཀྱི་སྤྱན་ནོ། །ཤེས་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རིག་པ་ཞེས་པ་ནི་ཡང་དག་པའི་དོན་ཡིན་པས་མི་སློབ་པའོ། །བློ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ། །ཀུན་འབྱུང་གི་ཡོངས་སུ་བཟླས་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ་ཞེས་པ་ ནི་ཡོངས་སུ་བཟླས་པ་གཅིག་གོ ། །དེ་དག་སྤངས་པར་བྱའོ་ཞེས་པ་ནི་གཉིས་པའོ། །དེ་དག་སྤངས་སོ་ཞེས་པ་ནི་གསུམ་པའོ། །ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ་རྣམ་པ་བཅུ་གཉིས་ཉིད་དོ། །འགོག་པའི་བདེན་པའི་ཡོངས་སུ་ལྡབས་པ་གསུམ་ནི་འདི་ལྟ་སྟེ། འདི་ནི་འགོག་པ་ ༄༅། །འཕགས་པའི་བདེན་པའོ་ཞེས་པ་ནི་ཡོངས་སུ་བཟླས་པ་གཅིག་གོ ། །དེ་དག་མངོན་དུ་བྱའོ་ཞེས་པ་ནི་གཉིས་པའོ། །དེ་དག་མངོན་དུ་བྱས་སོ་ཞེས་པ་ནི་གསུམ་པའོ། །ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ་རྣམ་པ་བཅུ་གཉིས་སོ། །ལམ་གྱིས་ཡོངས་སུ་བཟླས་པ་གསུམ་ནི་ འདི་ལྟ་སྟེ། འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་ཡོངས་སུ་བཟླས་པ་གཅིག་གོ ། །དེ་དག་བསྒོམ་པར་བྱའོ་ཞེས་པ་གཉིས་པའོ། །དེ་དག་བསྒོམས་པ་ཉིད་དོ་ཞེས་པ་གསུམ་པའོ། །ཡོངས་སུ་ལྡབས་པ་སོ་སོ་ལ་དེ་བཞིན་དུ་རྣམ་པ་བཅུ་གཉིས་སོ། །དེས་ན་བདེན་པ་སོ་སོ་ལ་བཟླས་པ་རྣམ་ གསུམ་གྱིས་དང༌། ཡོངས་སུ་བཟླས་པ་རེ་རེ་ལ་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པས་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་གསུངས་པས་ན། ཡོངས་སུ་བཟླས་པ་གསུམ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བརྗོད་དོ། །ཡང་འཕགས་པའི་བདེན་པ་སོ་སོ་ལ་རྣམ་པ་བཞི་ སྟེ་རྣམ་པ་བཅུ་དྲུག་གོ ། །དེ་ལ་སྡུག་བསྔལ་བདེན་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། རྟག་པར་སྒྲོ་འདོགས་པ་དང༌། བདེ་བར་སྒྲོ་འདོགས་པ་དང༌། བདག་ཏུ་སྒྲོ་འདོགས་པ་དང༌། བདག་གི་བར་སྒྲོ་འདོགས་པའོ། །གྲངས་བཞིན་དུ་དེ་དག་གི་གཉེན་པོ་སྡུག་བསྔལ་གྱི་ རྣམ་པ་བཞི་ནི་འདི་ལྟ་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་བའོ། །ཀུན་འབྱུང་གི་བདེན་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རྒྱུ་མེད་པར་སྒྲོ་འདོགས་པ་དང༌། ཆོས་ཐམས་ཅད་སེམས་པ་མེད་པའི་དུས་ལ་སོགས་པ་རྟག་ པའི་རྒྱུ་ཅན་དུ་སྒྲོ་བཏགས་པ་དང༌། ཆོས་ཐམས་ཅད་སྒྲའི་ཚངས་པ་ལ་སོགས་པ་ཡོངས་སུ་འགྱུར་བའི་དངོས་པོའི་རྒྱུ་ཅན་དུ་སྒྲོ་བཏགས་པ་དང༌། ཆོས་ཐམས་ཅད་བློ་དང་ལྡན་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་དུ་སྒྲོ་བཏགས་པའོ། །རིམ་པ་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་ཀུན་ འབྱུང་གི་རྣམ་པ་བཞི་ནི་འདི་ལྟ་སྟེ། རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་ནོ། །འགོག་པའི་བདེན་པའི་མི་མཐུན་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ཐར་པ་མེད་དོ། །ཐར་པ་སྡུག་བསྔལ་ལོ། །བསམ་གཏན་གྱི་བདེ་བ་གྱ་ནོམ་པའོ། །གྲོལ་བ་ཡང་ཡང་འཁོར་བར་ལྟུང་བ་ ཡོད་དོ་ཞེས་སོ། །གྲངས་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་འགོག་པའི་རྣམ་པ་བཞི་ནི་འདི་ལྟ་སྟེ། འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བ་ཉིད་དོ། །ལམ་གྱི་བདེན་པའི་མི་མཐུན་ཕྱོགས་ཀྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ཐར་པར་འགྲོ་བའི་ལམ་མེད་དོ། །ལམ་འདི་ ངན་པའོ། །ལམ་གཞན་ཡོད་དོ། །ཕྱིར་ལྡོག་པའི་ལམ་མོ། །གྲངས་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་ལམ་གྱི་རྣམ་པ་བཞི་ནི་འདི་ལྟ་སྟེ། ལམ་ཉིད་དང་རིག་པ་དང༌། སྒྲུབ་པ་དང༌། ངེས་པར་འབྱིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐེག་པ་པ་རྣམས་ནི་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་ གི་རྗེས་སུ་འབྲངས་ནས་གྲངས་བཞིན་དུ་འཕགས་པའི་བདེན་པ་བཞི་ལ་བཞི་དང་བཅུ་གཅིག་དང་བདུན་དང་བདུན་ཏེ། འཕགས་པའི་བདེན་པ་རྣམ་པ་ཉི་ཤུ་དགུ་ཡིན་ནོ་ཞེས་བཤད་དོ། །དེ་ལ་སྡུག་བསྔལ་བདེན་པའི་རྣམ་པ་ལ་བཞི་སྟེ། འདི་ལྟ་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང་ བདག་མེད་པ་དང༌། སྟོང་བའོ། །ཀུན་འབྱུང་བདེན་པའི་རྣམ་པ་བཅུ་གཅིག་ནི་འདི་ལྟ་སྟེ། ནད་དང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་ཉིད་དང༌། གཞན་ཉིད་དང༌། རབ་ཏུ་ཉམས་པའི་ཆོས་ཉིད་དང༌། གཡོ་བ་དང༌། འཇིག་པ་ཉིད་དང༌། འཇིགས་པ་ཉིད་དང༌། ཉེ་བར་འཚེ་བ་ཉིད་ དང༌། ཉེ་བར་གནོད་པ་ཉིད་དོ། །འགོག་པའི་བདེན་པའི་རྣམ་པ་བདུན་ནི་འདི་ལྟ་སྟེ། བདག་མེད་པ་ཉིད་དང༌། ཞི་བ་ཉིད་དང༌། དབེན་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། མངོན་པར་འདུ་བྱེད་མེད་པ་ཉིད་དོ། །ལམ་གྱི་བདེན་པའི་རྣམ་ པ་ལ་བདུན་ནི་འདི་ལྟ་སྟེ། བདག་མེད་པ་ཉིད་དང༌། ཞི་བ་ཉིད་དང༌། བདེན་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། མངོན་པར་འདུ་བྱེད་པ་མེད་པ་ཉིད་དོ། །བདེན་པ་རྣམས་ཀྱི་རྣམ་པར་སྤྱད་པ་ཡང་ནི། དཔེར་ན་སྨན་པས་ནད་པའི་ནད་མཐོང་ནས་ ནད་ཀྱི་གཞི་ཡོངས་སུ་རྟོག་གོ ། །དེ་ནས་ནད་བྱང་བ་མཚོན་པར་བྱེད་དོ། །དེ་ནས་ནད་སྤྱོད་པའི་ཐབས་སྨན་རྗེས་སུ་སྦྱོར་བའི་གདམས་པ་བྱེད་དོ། །དེ་བཞིན་དུ་བླ་ན་མེད་པའི་སྨན་པ་དེ་བཞིན་གཤེགས་པས་རྣལ་འབྱོར་པའི་སྡུག་བསྔལ་མཐོང་ནས་འདིའི་རྒྱུ་གང་ཡིན་ཞེས་ཀུན་འབྱུང་ལ་ངེས་པར་ ༄༅། །སྤྱོད་དོ། །དེ་ནས་ཀུན་འབྱུང་འགགས་པ་ལས་སྡུག་བསྔལ་ཟད་པའི་མཐར་ཕྱིན་པ་སྐྱེ་བ་མེད་པ་འགོག་པའི་བདེན་པ་དམིགས་ཀྱིས་འཛིན་པར་བྱེད་དོ། །དེ་ནས་སྡུག་བསྔལ་ཟད་པའི་ཐབས་ལམ་གྱི་བདེན་པ་གོམས་པར་བྱེད་པའི་གདམས་པ་བྱེད་དོ། །དེ་ལ་སྐྱེ་བའི་སྡུག་ བསྔལ་དང་རྒ་བའི་སྡུག་བསྔལ་ལ་སོགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དང་སྡུག་བསྔལ་གྱི་སྡུག་བསྔལ་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་དག་གིས་འཁོར་བའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་པར་ཤེས་པ་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྐྱེ་བ་རྒ་ཤི་རྣམས་ཀྱི་ཡན་ ལག་གི་བདག་ཉིད་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་རྒྱུ་ལ་གསུམ་ནི་འདི་ལྟ་སྟེ། རྒྱུན་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་དང༌། མ་རིག་པ་སྲེད་པ་ཉེ་བར་ལེན་པའི་མཚན་ཉིད་ནི་ཉོན་མོངས་པ་དང༌། འདུ་བྱེད་དང་སྲིད་པའི་མཚན་ཉིད་ཀྱི་ལས་ནི་ཀུན་འབྱུང་བདེན་པའོ། །སྡུག་བསྔལ་ འཕགས་པ་ནི་འགོག་པའི་བདེན་པའོ། །འགོག་པ་དེ་ཡང་རྣམ་པ་གཉིས་ནི་འདི་ལྟ་སྟེ། སོ་སོར་རྟོག་པའི་འགོག་པ་དང༌། སོ་སོར་རྟོག་མིན་གྱི་འགོག་པའོ། །ཡང་འགོག་པ་ལ་གཉིས་ནི་འདི་ལྟ་སྟེ། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཞེས་པའོ། །ཡང་འགོག་པ་ལ་གཉིས་ནི་འདི་ལྟ་ སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པར་བཞག་པ་དེ་དག་ཐེག་པ་གསུམ་ལ་ཅི་རིགས་པར་རྣམ་པ་བཅུ་གསུམ་དུ་རིག་པར་བྱའོ། །མཚན་ཉིད་ལས་ དང༌། ཟག་པ་ལས་དང༌། དེའི་ཆ་ཤས་མྱ་ངན་ལས་འདས་པ་དང༌། དོན་དམ་པ་དང༌། ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དང༌། རྒྱན་མེད་པ་དང༌། རྒྱན་དང་བཅས་པ་དང༌། ཁྱད་པར་ཅན་མ་ཡིན་པ་དང༌། ཁྱད་པར་ཅན་དང༌། ལྷག་མ་དང་བཅས་པ་དང༌། ལྷག་མ་ མེད་པ་དང༌། རྣམ་གྲངས་ལས་སོ། །དེ་ལ་མཚན་ཉིད་ཀྱིས་འགོག་པ་ལ་གཉིས་ནི་འདི་ལྟ་སྟེ། ལམ་གང་གིས་འགོག་པར་བྱེད་པ་དེ་ནི་འགོག་པའོ། །གང་དག་འགགས་པ་དེ་འགོག་པའོ། །ཟད་པས་འགོག་པ་རྣམ་པ་བཞི་ནི་འདི་ལྟ་སྟེ། འགོག་པ་དེ་ནི་གཞན་དུ་བརྗོད་དུ་མེད་དོ།། གཞན་མ་ཡིན་པར་བརྗོད་དུ་མེད་དོ། །གཉི་གར་བརྗོད་དུ་མེད་དོ། །གཉི་ག་མ་ཡིན་པར་བརྗོད་པར་མི་བྱའོ། །དེའི་ཆ་ཤས་མྱ་ངན་ལས་འདས་པས་འགོག་པ་ནི་གཅིག་སྟེ། འདི་ལྟ་སྟེ། འཇིག་རྟེན་པའི་ལམ་གྱིས་གང་ཉོན་མོངས་པ་འགོག་པའོ། །དོན་དམ་པའི་འགོག་པ་ནི་གཅིག་ཉིད་དེ་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ས་བོན་དང་བཅས་པའི་ཉོན་མོངས་པ་ཡང་དག་པར་གཅོད་པའི་འགོག་པ་གང་ཡིན་པའོ། །ཡོངས་སུ་མ་རྫོགས་པའི་འགོག་པ་ལ་བཞི་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པའི་འགོག་པ་གང་ཡིན་པ་དང༌། ལན་ཅིག་ཕྱིར་འོང་བའི་ འབྲས་བུས་བསྡུས་པའི་འགོག་པ་མ་ཡིན་པ་དང༌། ཕྱིར་མི་འོང་བའི་འབྲས་བུས་བསྡུས་པའི་འགོག་པ་གང་ཡིན་པ་དང༌། དགྲ་བཅོམ་པའི་འབྲས་བུའི་སྲོལ་དུ་ཞུགས་པས་བསྡུས་པའི་འགོག་པ་གང་ཡིན་པའོ། །ཡོངས་སུ་རྫོགས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་འབྲས་ བུས་ཡོངས་སུ་བསྡུས་པའི་འགོག་པ་གང་ཡིན་པའོ། །རྒྱན་མེད་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། དགྲ་བཅོམ་པ་སེམས་རྣམ་པར་གྲོལ་བ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་དང་བཅས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། དགྲ་བཅོམ་པ་གཉི་གའི་ཆ་ལས་གྲོལ་བ་རྣམས་ ཀྱི་འགོག་པ་གང་ཡིན་པའོ། །དེ་ལ་གཉི་གའི་ཆ་ནི་སྒྲིབ་པ་གཉིས་ཏེ་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་དང༌། སྙོམས་པར་འཇུག་པའི་སྒྲིབ་པའོ། །ཁྱད་དུ་འཕགས་པ་མ་ཡིན་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ཉོན་མོངས་པའི་སྒྲིབ་པ་མཐའ་དག་རྣམ་པར་གྲོལ་བ་ཉན་ཐོས་རྣམས་ ཀྱི་དང༌། ཉོན་མོངས་པའི་སྒྲིབ་པ་མཐའ་དག་དང༌། ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་རྣམ་པར་གྲོལ་བ་རང་སངས་རྒྱས་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཁྱད་པར་དུ་འཕགས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལྷག་མ་དང་བཅས་པ་རྣམ་པར་གྲོལ་བ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ལྷག་མ་དང་བཅས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་འགོག་པ་ལ་གཅིག་ནི་འདི་ལྟ་སྟེ། ༄༅། །ཕུང་པོ་ལྷག་མ་མེད་པའི་དབྱིངས་སོ། །རྣམ་གྲངས་ལས་འགོག་པ་ལ་རྣམ་གྲངས་ཉི་ཤུ་དགུ་ནི་འདི་ལྟ་སྟེ། མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང༌། བྱང་བར་གྱུར་པ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། རྣམ་པར་ཞི་ བ་དང༌། ནུབ་པ་དང༌། འདུས་མ་བྱས་དང༌། བལྟ་དཀའ་བ་དང༌། མི་གཡོ་བ་དང༌། མི་གཞོལ་བ་དང༌། མི་འཆི་བ་དང༌། ཟག་པ་མེད་པ་དང༌། གནས་དང༌། གླིང་དང༌། སྐྱོབ་པ་དང༌། སྐྱབས་དང༌། འདྲེན་པ་དང༌། མི་འཕོ་བ་དང༌། རིམས་མེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། བདེ་བ་དང༌། ཞི་བ་དང༌། དངོས་པོ་མཆོག་ལས་བྱུང་བ་དང༌། བདེ་ལེགས་གྲུབ་པ་དང༌། ནད་མེད་པ་དང༌། མི་སྤྱོད་པ་དང༌། མྱ་ངན་ལས་འདས་པའོ། །དེ་ལ་མ་ལུས་པར་སྤངས་པ་ཞེས་པ་ནི་མདོར་བསྟན་པའོ། །ཀུན་ནས་དཀྲིས་པ་སྤངས་པ་ནི་ངེས་པར་སྤངས་པའོ། །བག་ལ་ཉལ་བྱང་ བར་བྱེད་པས་བྱང་བར་འགྱུར་བའོ། །མཐོང་བའི་ལམ་གྱིས་དེ་ལྟ་བུ་དེ་རྣམས་ཀུན་དུ་སྦྱོར་བ་སྤངས་པའི་དབང་དུ་བྱས་ཏེ་ཟད་པའོ། །བསྒོམ་པའི་ལམ་གྱིས་ཀུན་དུ་སྦྱོར་བ་སྤངས་པའི་དབང་དུ་བྱས་ཏེ་ཆགས་པ་དང་འབྲལ་བའོ། །མཐོང་བ་དང་བསྒོམ་པའི་ལས་དག་གིས་ཀུན་དུ་སྦྱོར་བ་ སྤངས་པས་ཡང་མི་སྐྱེ་བ་སྡུག་བསྔལ་འགགས་པ་འདི་ནི་འགོག་པའོ། །མཐོང་བའི་ཆོས་ལ་ཡིད་མི་བདེ་བ་ཉེ་བར་ཞི་བས་རྣམ་པར་ཞི་བའོ། །ཉེ་བར་འཚེ་བ་མ་ལུས་པར་བྲལ་བས་ནུབ་པའོ། །དེ་རྣམས་ནི་མ་ལུས་པར་སྤངས་པ་རྒྱས་པར་བཤད་པའོ། །འདུས་བྱས་ཀྱི་མཚན་ཉིད་རྣམ་ པ་གསུམ་དང་བྲལ་བས་འདུས་མ་བྱས་སོ། །ཤ་དང་ལྷའི་སྤྱན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བལྟ་དཀའ་བའོ། །འགྲོ་བ་ལྔ་རུ་རྒྱུ་བ་དང་མི་ལྡན་པའི་ཕྱིར་མི་གཡོ་བའོ། །ཁམས་གསུམ་གྱི་སྲེད་པ་གསུམ་མེད་པས་སྲིད་པ་རྣམས་སུ་མི་དམས་པའི་ཕྱིར་མི་གཞོམ་པའོ། །ཕུང་པོའི་བདུད་ དང་མི་ལྡན་པས་མི་འཆི་བའོ། །ཉོན་མོངས་པའི་བདུད་དང་མི་ལྡན་པས་ཟག་པ་མེད་པའོ། །རྣམ་པར་གྲོལ་བའི་དགའ་བ་དང་རྟེན་ཡིན་པའི་ཕྱིར་གནས་སོ། །ཁམས་གསུམ་ཡོངས་སུ་བཅད་པས་གླིང་ངོ༌། །ཉེ་བར་འཚེ་བ་ཐམས་ཅད་བཟློག་པས་སྐྱོབ་པའོ། །རྟེན་གྱི་སྦྱོར་བ་འབྲས་ བུ་ཡོད་པའི་གཞིའི་གནས་ཉིད་ཡིན་པས་སྐྱབས་སོ། །འཕགས་པ་དམ་པ་རྣམས་ཀྱིས་བགྲོད་པའི་གཞིའི་གནས་ཡིན་པས་འདྲེན་པའོ། །མི་སྐྱེ་བ་ཉིད་ཡིན་པས་འཁྲུལ་པ་མི་སྲིད་པའི་ཕྱིར་མི་འཕོ་བའོ། །འདོད་པ་ཐམས་ཅད་ཉམས་པའི་གདུང་བ་མེད་པས་རིམས་མེད་པའོ། །མྱ་ ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལ་སོགས་པའི་ཡོངས་སུ་གདུང་བ་མེད་པས་བསིལ་བར་གྱུར་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །ན་བ་དང༌། རྒ་ཤིའི་འཇིགས་པ་དང་བྲལ་བ་འཕགས་པའི་གནས་པའི་རྟེན་ཡིན་པས་བདེ་བའོ། །དགེ་བའི་ ཆོས་ཐམས་ཅད་ཀྱི་རྟེན་ཡིན་པས་ཞི་བའོ། །འཇིག་རྟེན་ལས་འདས་པ་བདེ་བའི་དངོས་པོ་ཉིད་ཡིན་པས་དངོས་པོ་མཆོག་ལས་བྱུང་བའོ། །སྦྱོར་བ་བདེ་བས་བདེ་བ་ཐོབ་པའི་ཕྱིར་དམིགས་པའི་ངོ་བོ་ཡིན་པས་བདེ་ལེགས་གྲུབ་པའོ། །ཉོན་མོངས་པ་ལ་སོགས་པ་སྒྲིབ་པའི་ ནད་དང་བྲལ་བའི་ཕྱིར་ནད་མེད་པའོ། །སྒྲོས་[?] པའི་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་མི་བསྐྱོད་པའོ། །གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བ་ཞི་བ་དང་བདེ་བར་གནས་པའི་དམིགས་པ་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའོ། །སོ་སོར་བརྟགས་པའི་ འགོག་པ་ལ་རྣམ་པ་མང་སྟེ། དེ་ལྟར་ཡང༌། །ཀུན་དུ་སྦྱོར་བའི་རྫས་ནི་ཅི་སྙེད་པ། །ཀུན་དུ་སྦྱོར་བ་བྲལ་རྫས་དེ་སྙེད་དོ། །ཞེས་པ་ནི་གྲུབ་པའི་མཐའོ། །ཀུན་དུ་སྦྱོར་བའི་གཉེན་པོ་ཅི་སྙེད་པ། །སོ་སོར་བརྟགས་པའི་འགོག་པ་དེ་སྙེད་དོ། །ཡང་གསུངས་ཏེ། སོ་སོར་བརྟགས་པའི་འགོག་པ་ དང༌། །བྲལ་བ་སོ་སོར་ཐ་དད་དོ། །ཞེས་སོ། །ལམ་ལ་གཉིས་ནི་འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་གཉིས་ནི་འདི་ལྟ་སྟེ། གྲོལ་བའི་ཆ་དང་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའོ། །དེ་ལ་གྲོལ་བའི་ཆ་དང་མཐུན་པ་ལ་ རྣམ་པ་གསུམ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པའི་ངོ་བོ་དང༌། ཡང་དག་པར་སྤོང་བའི་ངོ་བོ་དང༌། རྫུ་འཕྲུལ་གྱི་རྐང་པའི་ངོ་བོའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གཉིས་ནི་འདི་ལྟ་སྟེ། དབང་པོ་ལྔའི་རང་བཞིན་དང༌། སྟོབས་ལྔའི་རང་བཞིན་ནོ། །དང་པོ་ལ་གཉིས་ནི་འདི་ལྟ་སྟེ། ༄༅། །དྲོད་ཐོབ་པ་དང༌། རྩེ་མོར་ཕྱིན་པའོ། །གཉིས་པ་ལ་གཉིས་ནི་འདི་ལྟ་སྟེ། བཟོད་པར་རྟོགས་པ་དང༌། ཆོས་མཆོག་ཏུ་རྟོགས་པའོ། །འཇིག་རྟེན་ལས་འདས་པ་ལ་གཉིས་ནི་འདི་ལྟ་སྟེ། བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་མཐོང་ལམ་དང༌། འཕགས་པའི་ལམ་ཡན་ལག་ བརྒྱད་ཀྱི་རང་བཞིན་བསྒོམ་པའི་ལམ་མོ། །དེ་ལ་མཐོང་བའི་ལམ་ལ་གཉིས་ནི་འདི་ལྟ་སྟེ། བར་ཆད་མེད་པའི་ལམ་གྱི་ངོ་བོ་དང༌། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོའོ། །དེ་ལ་བར་ཆད་མེད་པའི་ལམ་གྱི་རང་བཞིན་ལ་རྣམ་པ་བརྒྱད་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །རྣམ་པར་གྲོལ་བའི་ ལམ་གྱི་རང་བཞིན་ལ་ཡང་བརྒྱད་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་ ཤེས་པའོ། །མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང༌། ཀུན་འབྱུང་བ་ཆོས་ཤེས་པའི་བཟོད་པ་ དང༌། ཀུན་འབྱུང་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་ པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའོ། །སྐད་ཅིག་མ་བཅུ་དྲུག་ནི་བདེན་པ་བཞི་ལ་དམིགས་པའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པའི་སྐད་ཅིག་མ་ བརྒྱད་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ། །གཞན་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའི་སྐད་ཅིག་མ་བརྒྱད་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ། །དེ་ལ་བཟོད་པའི་སྐད་ཅིག་མ་ཐམས་ཅད་ནི་རྐུན་པོ་འཐོན་པ་བཞིན་དུ་ཉོན་མོངས་པ་ སྤངས་པས་བར་ཆད་མེད་པའི་ལམ་གྱི་རང་བཞིན་ནོ། །ཉོན་མོངས་པ་ཐོབ་པ་གཅོད་པར་བྱེད་པ་སྟེ། སྡུག་བསྔལ་ལ་སོགས་པ་མཐོང་བ་རྣམས་ཤེས་རབ་ཀྱི་རང་གི་ངོ་བོ་ཉིད་ཡིན་པའོ། །ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་སྐད་ཅིག་མ་རྣམས་ཀྱང་ཉོན་མོངས་པ་སྤངས་པ་ལ་སྒོ་གླེགས་གཅོད་པའི་རིགས་ ལས་རྩོམ་པ་དང་ལྡན་པའོ། །རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནི། ཉོན་མོངས་པ་བྲལ་བ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ་ཞེས་ཁ་ཅིག་གོ། །གཞན་དག་བཅུ་གཉིས་ནི་མངོན་དུ་བྱེད་པ་ཡིན་ལ་རྗེས་སུ་ཤེས་པ་ཉིད་ནི་ངེས་པའི་བདག་ཉིད་དོ་ཞེས་ཟེར་རོ། །འདི་དག་ནི་སྤྱད་པར་བྱ་བ་ཡིན་ནོ། །དེ་རྣམས་ལ་ སྐད་ཅིག་བཅོ་ལྔ་ནི་མཐོང་བའི་ལམ་མོ། །དེ་ལ་གནས་པའི་རྣལ་འབྱོར་པ་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་བརྗོད་དོ། །བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་མོ། །དེ་ལ་གནས་པ་ནི་རྒྱུན་དུ་ཞུགས་པ་ཉིད་དོ། །རྒྱུན་ནི་མྱ་ངན་ལས་འདའ་བའི་རྒྱ་མཚོར་འགྲོ་བའི་ལམ་ སྟེ། དེ་ལ་ཞུགས་པ་ནི་ཐོབ་པ་བྱས་པའོ། །འདིར་མཐོང་བའི་ལམ་ལ་ཤེས་རབ་དགུར་འགྱུར་ཏེ་འདི་ལྟ་སྟེ། འདོད་དུ་སྤང་བྱ་སྡུག་བསྔལ་དང༌། ཀུན་འབྱུང་སྤངས་པ་དང༌། འདོད་དུ་འགོག་པ་མཐོང་བས་སྤང་བྱ་སྤངས་པ་དང༌། འདོད་དུ་ལམ་མཐོང་བས་སྤངས་བྱ་སྤངས་པ་དང༌། དེ་བཞིན་དུ་ གཟུགས་ཁམས་སུ་གསུམ་དང༌། གཟུགས་མེད་པའི་ཁམས་སུ་གསུམ་མོ། །མཐོང་བའི་ལམ་གྱིས་མཐོང་བའི་དོན་ཡང་དང་ཡང་དུ་རྩོལ་བས་བསྒོམ་པ་དེ་ཉིད་རྩོལ་བྱ་དང་རྟེན་བྱ་ཡིན་པས་ལམ་མོ། །འདིས་ན་བསྒོམ་པའི་ལམ་ཞེས་བྱ་སྟེ། དེ་ལ་ཡང་གཉིས་ནི་འདི་ལྟ་སྟེ། བར་ཆད་ མེད་པའི་ལམ་གྱི་རང་བཞིན་དང༌། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །དེ་ལ་བར་ཆད་མེད་པའི་ལམ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དབྱེ་བ་དགུའི་གཉེན་པོ་དབྱེ་བ་དགུ་ནི་འདི་ལྟ་སྟེ། ཆུང་ངུ་དང༌། འབྲིང་པོ་དང༌། མཆོག་གོ། ཡང་རེ་རེ་ལ་གསུམ་དུ་ཕྱེ་སྟེ། ཆུང་ངུའི་ ༄༅། །ཆུང་ངུ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། རབ་ཀྱི་ཆུང་ངུ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་སྟེ་དབྱེ་བ་དགུའོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་ལ་ཉོན་མོངས་པ་དབྱེ་ བ་དགུའི་གཉེན་པོ་དབྱེ་བ་དགུའོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་ས་ལ་ཉོན་མོངས་པ་དབྱེ་བ་དགུའི་གཉེན་པོ་རྣམ་པ་དགུའོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་ས་ལ་ཉོན་མོངས་པ་དགུའི་གཉེན་པོ་དགུའོ། །དེ་བཞིན་དུ་བསམ་གཏན་བཞི་པ་ལ་དགུའོ། །དེ་བཞིན་དུ་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ལ་དགུའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དགུའོ། །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་དགུའོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་དགུ་སྟེ། འཁོར་བའི་ས་དགུ་པ་སོ་སོར་དགུ་དགུ་སྟེ་དགུ་པ་དགུ་ནི་ལམ་ གྱི་དབྱེ་བ་བརྒྱད་ཅུ་རྩ་གཅིག་གོ། །ཀུན་སྦྱོར་རྫས་ནི་ཅི་སྙེད་པ། །ཀུན་སྦྱོར་བྲལ་རྫས་དེ་སྙེད་དོ། །ཞེས་བྱས་སོ། །བར་ཆད་མེད་པའི་ལམ་དེ་རྣམས་ཀྱི་བར་དང་བར་དུ་རྣམ་པར་གྲོལ་བའི་ལམ་ཡང་བརྒྱད་ཅུ་རྩ་གཅིག་ནི་འདི་ལྟ་བུ་ཉིད་དོ། །ཁ་ཅིག་ན་རེ་ལམ་དབྱེ་བ་དགུ་ཡིན་ཏེ་འདི་ལྟ་སྟེ། ས་དགུའི་ ཆེན་པོའི་ཆེན་པོ་ཉོན་མོངས་པའི་གཉེན་པ་ཆུང་ངུའི་ཆུང་ངུ་ལམ་དང༌། ས་དགུའི་ཆེན་པོའི་འབྲིང་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཆུང་ངུའི་འབྲིང་གི་ལམ་དང༌། ས་དགུའི་ཉོན་མོངས་པ་ཆེན་པོའི་ཆུང་ངུའི་གཉེན་པོ་ལམ་ཆུང་ངུའི་ཆེན་པོ་དང༌། ས་དགུའི་ཉོན་མོངས་པ་འབྲིང་གི་ཆེན་པོའི་ གཉེན་པོ་ལམ་འབྲིང་གི་ཆུང་ངུ་དང༌། ས་དགུའི་ཉོན་མོངས་པ་འབྲིང་གི་གཉེན་པོ་ལམ་འབྲིང་གི་འབྲིང་དང༌། ས་དགུའི་ཉོན་མོངས་པ་འབྲིང་གི་ཆུང་ངུ་གཉེན་པོ་ལམ་འབྲིང་གི་ཆེན་པོ་དང༌། ས་དགུའི་ཉོན་མོངས་པ་ཆུང་ངུའི་ཆེན་པོའི་གཉེན་པོ་ལམ་ཆེན་པོའི་ཆུང་ངུ་དང༌། ས་དགུའི་ཉོན་མོངས་ པ་ཆུང་ངུའི་འབྲིང་གི་གཉེན་པོ་ལམ་ཆེན་པོའི་འབྲིང་དང༌། ས་དགུའི་ཉོན་མོངས་པ་ཆུང་ངུའི་གཉེན་པོ་ལམ་ཆེན་པོའི་ཆེན་པོའོ། །དཔེར་ན་སྐྱེས་བུ་དཔའ་བོ་གཅིག་གིས་དགྲ་མང་པོ་ཡང་རབ་ཏེ་འཇོམས་པ་དེ་བཞིན་དུ། ལམ་གཅིག་གིས་ཉོན་མོངས་པ་རབ་ཏུ་མང་བ་རྣམས་རྩ་བ་ནས་འབྱིན་པར་བྱེད་ དོ་ཞེས་ཟེར་རོ། །ཕྱོགས་འདི་ལ་གཞན་དག་ན་རེ། ལམ་གྱི་རྣམ་པ་དགུ་པས་ས་དགུའི་ཉོན་མོངས་པ་དགུ་པ་ཆུང་ངུའི་ཆུང་ངུ་སྤངས་པ་ན། སྤང་བར་བྱ་བའི་ཉོན་མོངས་པ་མེད་པས་དེ་ཉིད་ཀྱི་ཚེ་རྣལ་འབྱོར་པ་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པར་ཐལ་བར་འགྱུར་རོ། །དེ་ལྟ་ ན། འདོད་པར་རྣམ་པ་དྲུག་པ་དང༌། དགུ་པ་ཡང་དག་ཟད་པ་ལས། །ལམ་གཅིག་འོང་དང་མི་འོང་བའི། །གང་ཟག་དག་ཏུ་འགྱུར་བའོ། །ཞེས་པ་ལ་སོགས་པའི་རྣམ་བར་གཞག་པ་ཐམས་ཅད་ཉམས་པར་འགྱུར་བས་གུས་པར་མི་བྱེད་དོ། །སྤོང་བ་ན་ཡང༌། དང་པོར་མཐུ་རྣམས་ཀྱིས་གཞིས་ལྟར་ ཡོན་ཏན་ཐམས་ཅད་ཀྱི་རྟེན་ཚུལ་ཁྲིམས་ཞེས་ཤེས་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་ནས་བརྟུལ་ཞུགས་ལ་གནས་པའི་རྣལ་འབྱོར་པས་བསྒོམ་པར་རྩོམ་པ་ན། སྦྱོར་བའི་དུས་སུ་དམ་པ་མ་ཡིན་པའི་ཚོགས་པ་དང་དམ་པ་མ་ཡིན་པའི་རྣམ་པར་རྟོག་པ་དག་ཡོངས་སུ་སྤང་ བར་བྱའོ། །དེ་ལ་གང་ཟག་རྣམ་པ་གཉིས་ནི་འདི་ལྟ་སྟེ། འདོད་ཆགས་ལ་སྤྱོད་པ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པའོ། །དེ་ལ་འདོད་ཆགས་ལ་སྤྱོད་པས་མི་སྡུག་པ་བསྒོམ་པ་སྔོན་དུ་འགྲོ་བས་ཞི་གནས་བསྐྱེད་པར་བྱའོ། །དེ་ལ་འདོད་ཆགས་ལ་དགུ་སྟེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་ དང༌། སྡུག་པ་ལ་ཆགས་པ་དང༌། ལུས་ཀྱི་དྲི་ཙན་དན་ལ་སོགས་པས་སྐྱེད་པ་ལ་ཆགས་པ་དང༌། ལུས་མཛེས་པ་རྒྱན་ལ་སོགས་པས་བསྐྱེད་པ་ལ་ཆགས་པ་དང༌། ལུས་ཀྱི་མདོག་ལ་ཆགས་པ་དང༌། ཤ་རྒྱས་པ་ལ་ཆགས་པ་དང༌། ལུས་དང་ཡན་ལག་སྒེག་པ་ལ་ཆགས་པ་དང༌། སོ་མཛེས་པ་ཕུན་ སུམ་ཚོགས་པ་ལ་ཆགས་པ་དང༌། མདོག་དང་དབྱིབས་ལ་ཆགས་པའོ། །གྲངས་བཞིན་དུ་དེ་རྣམས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་པའི་དབྱེ་བ་རྣམ་པ་དགུ་ནི་འདི་ལྟ་སྟེ། རྣམ་པར་སྤངས་པ་བཞིན་དུ་རྣམ་པར་བམ་པའི་འདུ་ཤེས་དང༌། ཡན་ལག་ཆ་ཤས་ཐ་དད་དུ་གྱུར་པས་རྣམ་པར་ཞིག་པའི་འདུ་ ཤེས་དང༌། དྲི་ངན་པ་རྣག་གི་རང་བཞིན་ཡིན་པས་རྣམ་པར་རྣགས་པའི་འདུ་ཤེས་དང༌། པགས་པ་བཤུས་པ་བཞིན་རྣམ་པར་དམར་བའི་འདུ་ཤེས་དང༌། རུལ་བའི་རང་བཞིན་ཡིན་པས་རྣམ་པར་བསྔོས་པའི་འདུ་ཤེས་དང༌། མི་གཙང་བ་སྤུངས་པའི་འདུ་ཤེས་དང༌། རྣམ་པར་རིང་དུ་གྱུར་པས་ ༄༅། །རྣམ་པར་འབྱེར་བའི་འདུ་ཤེས་དང༌། རུས་པའི་རང་བཞིན་ཉིད་ཡིན་པས་ཀེང་རུས་ཀྱི་འདུ་ཤེས་དང༌། རྣམ་པར་ཚིག་པའི་འདུ་ཤེས་སོ། །འདི་བསྒོམ་པ་ལས་ཉོན་མོངས་པ་རྣམས་རྣམ་པར་རེངས་པར་བྱེད་ཅིང་ཞི་གནས་རྫོགས་པར་བྱེད་དོ། །རྣམ་པར་རྟོག་པ་ལ་དཔྱོད་ པས་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་བསྒོམ་པ་སྔོན་དུ་འགྲོ་བ་ཞི་གནས་སྐྱེད་པར་བྱེད་དོ། །དེ་ལ་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་ལ་དྲུག་ནི་འདི་ལྟ་སྟེ། བགྲང་བ་དང༌། རྗེས་སུ་བགྲོད་པ་དང༌། གནས་པ་དང༌། མཚོན་པར་བྱེད་པ་དང༌། སྒྱུར་བ་དང༌། ཡོངས་སུ་དག་ པའོ། །དེ་ལ་རྔུབ་པ་ནི་དབུགས་ཏེ་འཇུག་པའི་རླུང་ངོ༌། །འབྱུང་བ་ནི་དབུགས་ཏེ་ཕྱིར་འབྱུང་བའི་རླུང་ངོ༌། །རླུང་དེ་དག་ལ་དམིགས་པར་བྱེད་པའི་ཤེས་རབ་ནི་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པའོ། །དེ་ལ་བགྲང་བ་ཞེས་བྱ་བ་ནི་ལུས་དང་སེམས་ཀྱི་གྲངས་ཏེ་འཇུག་པ་དང་འབྱུང་བ་ཙམ་ལ་སེམས་ བརླན་ནས་བགྲང་བར་འགྱུར་བའོ། །གཅིག་གཉིས་ནས་བཅུའི་བར་དུའོ། །དེ་བཞིན་དུ་ཡང་དང་ཡང་དུའོ། །འདི་ལ་སྐྱོན་གསུམ་སྟེ་འདི་ལྟ་སྟེ། མ་ཚང་བ་བགྲང་བ་ནི་གང་གི་ཚེ། གཉིས་ལ་གཅིག་ཏུ་འཛིན་པ་དང༌། ལྷག་པ་བགྲང་བ་ནི་གང་གི་ཚེ་གཅིག་ལ་གཉིས་སུ་འཛིན་པའོ། ། བསྲེས་པ་ནི་གང་གི་ཚེ་འཇུག་པ་ལ་འབྱུང་བར་འཛིན་པ་དང༌། འབྱུང་བ་ལ་འཇུག་པར་འཛིན་པའོ། །དེ་ལས་གཞན་དུ་བགྲང་བ་ནི་ཡང་དག་པའི་བགྲང་བའོ། །བར་དུ་གཡེང་བར་གྱུར་ན། ཡང་དག་པ་ནས་བགྲང་བར་བྱའོ། །ཅི་སྲིད་དུ་ཏིང་ངེ་འཛིན་རྫོགས་པར་མ་གྱུར་པ་དེ་སྲིད་དུ་བསྒོམ་ པར་བྱའོ། །རྗེས་སུ་བགྲོད་པ་ཞེས་པ་ནི། འཇུག་པའི་རླུང་ནི་མི་རྩོལ་ལ་རིམ་གྱིས་མགྲིན་པ་སྙིང་ག་ལྟེ་བ་རྐེད་པ་བརླ་རྗེ་ངར་ནས་ཞུགས་ཏེ་རྐང་པའི་བར་དུ་ཉེ་བར་བགྲོད་པའོ། །འབྱུང་བའི་རླུང་ནི་མཐོ་གཅིག་གམ་གཉིས་སམ་ཅི་སྲིད་དུ་འདོམ་གྱི་བར་དུའོ། །གནས་པ་ཞེས་པ་སྣའི་རྩེ་ ནས་རྐང་པའི་མཐེབ་ཆེན་གྱི་བར་དུ་གནས་པ་ནོར་བུའི་སྐུད་པ་བཞིན་དུ་བལྟའོ། །ཅི་འདི་དག་རྗེས་སུ་འཛིན་པར་བྱེད་པའམ་ཉེ་བར་གནོད་པ་བྱེད་པའམ་བསིལ་བའམ་དྲོ་བ་ཞེས་པའོ། །མཚོན་པར་བྱེད་པ་ཞེས་པ་ནི། འདི་དག་ནི་རླུང་འབའ་ཞིག་ཁོ་ན་མ་ཡིན་ཏེ། འདི་ནི་འབྱུང་བ་ཆེན་པོ་བཞི་དང་ དེ་ལ་བརྟེན་པ་དང་འབྱུང་བ་ལས་གྱུར་པ་དང་སེམས་དང་སེམས་ལས་བྱུང་བའོ། །ཕུང་པོ་ལྔ་རུ་ཉེ་བར་མཚོན་པར་བྱེད་པའོ། །སྒྱུར་བ་ཞེས་པ་རླུང་ལ་དམིགས་པའི་བློ་བཟློག་སྟེ། དགེ་བའི་རྩ་བ་གོང་མ་ལ་ངེས་པར་སྦྱོར་བ་ཅི་སྲིད་དུ་ཆོས་མཆོག་ལ་སོགས་པའི་སྦྱོར་བ་ལ་སོགས་པའོ། ། ཡོངས་སུ་དག་པ་ཞེས་པ་ཅི་སྲིད་དུ་མཐོང་ལམ་ལ་སོགས་པ་ལ་ངེས་པར་སྦྱོར་བར་བྱེད་པའོ། །དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་འདི་ནི་ཉོན་མོངས་པ་རྣམས་རྣམ་པར་ངེས་པར་བྱེད་ཅིང་ཞི་གནས་རྫོགས་པར་བྱེད་དོ། །དེ་ལ་མི་རྟག་པ་བསྒོམ་པའམ་འབྱུང་འཇུག་རྗེས་སུ་དྲན་པ་བསྒོམས་ པས་ཞི་གནས་རྫོགས་པ་ལ་དྲན་པ་ཉེ་བར་གཞག་པ་བསྒོམ་པར་བྱ་བ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་ཞི་གནས་ངེས་པར་རྫོགས་པར་བྱ་ཞེས་སོ། །དེ་ལ་དང་པོ་མི་གཙང་བ་ལ་གཙང་བའི་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ལུས་དྲན་པ་ཉེ་བར་གཞག་པ་དང༌། དེ་ནས་སྡུག་བསྔལ་ལ་ བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། དེ་ནས་མི་རྟག་པ་ལ་རྟག་པར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་སེམས་དྲན་པ་ཉེ་བར་གཞག་པ་དང༌། དེ་ནས་བདག་མེད་པ་ལ་བདག་ཏུ་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོ་ཆོས་དྲན་པ་ཉེ་བར་གཞག་པའོ། །དད་པ་ལ་ སོགས་པའི་ཆོས་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །བཞི་པོ་དེ་རྣམས་ནི་གཟུགས་པར་བྱ་བའི་མཚན་ཉིད་ཀྱིས་གཟུགས་སོ་ཞེས་པ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དང༌། སྟོང་པའི་བདག་ཉིད་ཀྱི་ངོ་བོ་སྤྱིའི་མཚན་ཉིད་ཀྱིས་ངལ་སོ་བ་མེད་པར་སེམས་ཀྱིས་གཞིགས་ཏེ་བསྒོམ་མོ། །དེའི་རྗེས་སུ་སེམས་ འདིས་ཡང་དག་པར་འཛིན་པར་བྱེད་པས་ཡང་དག་པའི་སྤོང་བ་ཞེས་པ་བསྒོམ་པར་བྱའོ། །བཞི་པོ་དེ་ནི་འདི་ལྟ་སྟེ། མི་དགེ་བ་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་དང༌། མི་དགེ་བ་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་དང༌། དགེ་བ་སྐྱེས་པ་རྣམས་འཕེལ་བའི་ཕྱིར་འདུན་པ་དང༌། མ་སྐྱེས་པའི་ དགེ་བ་རྣམས་སྐྱེད་པའི་ཕྱིར་འདུན་པའོ། །འདུན་པ་ནི་འདིར་བརྩོན་འགྲུས་སོ། །དེའི་རྗེས་སུ་འཇིག་རྟེན་ལས་འདས་པ་རྫུ་འཕྲུལ་གྱི་གོ་འཕང་གི་གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ། །འདི་ལྟ་སྟེ། འདུན་པ་དྲག་པོ་དང་ལྡན་པས་སེམས་རྩ་གཅིག་པའི་མཚན་ཉིད་ཏིང་ངེ་ ༄༅། །འཛིན་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །མི་དགེ་བ་སྤོང་བ་དང་དགེ་བ་བསྐྱེད་པ་ལ་ཡང་དག་པར་སྤོང་བའི་བརྩོན་འགྲུས་ཀྱིས་རབ་ཏུ་ལྡན་པའི་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཞི་གནས་རབ་ཏུ་སློང་བ་བཏང་ སྙོམས་ཀྱི་མཚན་མ་སེམས་ཀྱིས་སྦྱོང་བར་བྱེད་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ངེ་འཛིན་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཅི་བདག་ནི་མི་དགེ་བ་ཕྲ་མོ་ལ་ཀུན་དུ་དཔྱོད་པ། བདག་ནི་རྟོག་པ་ལ་ཡོངས་སུ་དཔྱོད་པའོ་ཞེས་ཡང་དག་པར་དམིགས་པར་བྱེད་པ་སེམས་རྩེ་གཅིག་པའི་མཚན་ཉིད་ཏིང་ ངེ་འཛིན་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །དེ་རྣམས་རྫོགས་པར་སྐྱེས་པ་ན་ཀུན་ནས་དཀྲིས་པ་རྣམས་སྤངས་ཤིང༌། བག་ལ་ཉལ་རྣམས་སྤང་བའི་ཕྱིར་ཡང༌། ཡང་དག་པར་སྤོང་བའི་བརྩོན་པ་རྩོམ་པར་བྱེད་པ་ན། སྤོང་བའི་འདུ་བྱེད་བརྒྱད་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། དུས་ནམ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམ་པར་འཇུག་པ་སྐྱེ་བར་འགྱུར་ཞེས་འདུན་པ་དང༌། མི་དགེ་བ་རྣམས་གཞོམ་པའི་ཕྱིར་བརྩོན་འགྲུས་དང༌། རྟོགས་པ་གང་མ་དད་པ་དང༌། དད་པ་སྔོན་དུ་འགྲོ་བའི་ཤིན་ཏུ་སྦྱངས་པ་དང༌། དེ་ལའང་དྲན་པ་ཤེས་བཞིན་གྱི་ཕྱོགས་དང༌། ལྷག་མཐོང་ གི་ཕྱོགས་ཤེས་བཞིན་དང༌། དེའང་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་སེམས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་བཏང་སྙོམས་སོ། །དེ་རྣམས་ནི་ཚོགས་ཀྱི་ལམ་སྟེ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་བརྗོད་དོ། །དེའི་རྗེས་སུ་དེ་བཞིན་དུ་ཡོངས་སུ་ སྦྱང་བ་བྱས་པས། ཡུལ་བདེན་པ་བཞི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཏུ་བསྒོམ་པའི་རང་བཞིན། བདག་ཏུ་ལྟ་བའི་གཉེན་པོའི་ངོ་བོ། འཇིག་རྟེན་པ་ལ་སྦྱོར་བའི་ལམ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་རྣམ་པ་བཞིན་འགྱུར་བ་ཡིན་ནོ། །འདི་ལྟ་སྟེ། གཙུབ་ཤིང་གི་མེའི་སྔོན་དུ་དྲོ་བའི་ངོ་བོ་བཞིན་དུ། འཇིག་རྟེན་ལས་འདས་པའི་མེའི་སྔོན་དུ་ཡུལ་བདེན་པ་བཞི་རྣམ་པ་བཅུ་དྲུག་གི་ངོ་བོ་དྲོད་དང༌། དེ་ནས་དེ་དང་འདྲ་བ་ཉིད་དུ་གཡོ་བའི་དགེ་བའི་རྩ་བ་རྣམས་ཀྱི་སྤྱི་བོ་ཡིན་པའི་ཕྱིར་རྩེ་མོར་ཕྱིན་པ་དང༌། དེ་ནས་ཐམས་ཅད་བཟོད་པའི་ཕྱིར་ བཟོད་པ་དང༌། དེ་ནས་འཇིག་རྟེན་པ་ཐམས་ཅད་ཀྱི་རྩེ་མོའི་ཕྱིར་ཆོས་མཆོག་གོ། །དེ་ལ་དྲོད་དང་རྩེ་མོའི་རང་བཞིན་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལྔ་ནི། འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པ་ལ་བདག་པོར་གྱུར་པ་ཐོབ་པའི་ཕྱིར་ན་དབང་པོར་གྱུར་པ་ཡིན་ནོ། །རྫུ་འཕྲུལ་ རྐང་པ་ལ་སྦྱོར་བའི་རྟགས་མཐོང་བ་ལས་གོང་མའི་ཆོས་སྐྱེད་པ་མ་ངེས་པ་སྐྱེས་པའི་ཕྱིར་དང་སྟོན་པའི་ལྷག་པར་རྟོགས་པ་ལ་མངོན་པར་ཡིད་ཆེས་པའི་ཕྱིར་དད་པའི་དབང་པོའོ། །དད་པ་ལྷག་པ་ལས་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལྷག་པ་ཅན་ནོ། །དབང་པོ་ལྔ་ཉིད་ སྒོམ་པར་བྱེད་པ་ནི་དེ་ལྟར་འཕེལ་བ་ལས་ཅི་ལྟར་བདུད་ལ་སོགས་རྣམས་ཀྱིས་མི་ཐུབ་པའི་ཕྱིར་དང་རྣམ་པར་ཉེས་པར་བྱ་བ་མ་ཡིན་པའི་ཕྱིར་སྟོབས་ཞེས་པའི་མིང་ཐོབ་བོ། །སྟོབས་དེ་རྣམས་ནི་བཟོད་པ་དང་ཆོས་མཆོག་གི་རང་བཞིན་ནོ། །དེའི་རྗེས་སུ་མཐོང་བའི་ལམ་སྐྱེ་སྟེ། དེའང་ཟག་པ་ མེད་པ་ཡིན་པས་འཕགས་པའི་ལམ་འཇིག་རྟེན་ལས་འདས་པ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྩ་བ་ནས་མེད་པར་བྱེད་པའོ། །འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གེགས་བཅུ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་ པ་ཐེ་ཚོམ་འཇིག་ཚོགས་ལ་ལྟ་བ་ལོག་པར་ལྟ་བ་མཐར་འཛིན་པར་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཐོབ་པ་གཅོད་པར་བྱེད་དོ། །དེ་ནས་སྡུག་བསྔལ་ལ་ཆོས་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །དེའི་རྗེས་ སུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན། དེ་རྣམས་ལ་ཁོང་ཁྲོ་མ་གཏོགས་པ། གཟུགས་ན་སྤྱོད་པ་སྡུག་བསྔལ་བདེན་པའི་གེགས་དགུ་དང༌། གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་གེགས་དགུ་སྟེ། བག་ལ་ཉལ་བཅོ་བརྒྱད་རྣམས་ཀྱིས་ཐོབ་པ་རྣམས་གཅོད་པའོ། །དེ་ ནས་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །དེའི་རྗེས་སུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་རྣམས་ལ་འཇིག་ཚོགས་ལ་ལྟ་བ་མཐར་འཛིན་པར་ལྟ་བ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ། འདོད་ ༄༅། །པ་ན་སྤྱོད་པ་ཀུན་འབྱུང་གི་གེགས་བདུན་རྣམས་ཀྱིས་ཐོབ་པ་གཅོད་པའོ། །དེ་ནས་ཀུན་འབྱུང་ལ་ཆོས་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །དེ་ནས་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་རྣམས་ལ་ཁོང་ཁྲོ་བ་མ་གཏོགས་པ། ཀུན་འབྱུང་གེགས་འདོད་པ་ན་སྤྱོད་པ་དྲུག་དང༌། གཟུགས་མེད་པ་ན་སྤྱོད་པ་དྲུག་སྟེ་བག་ལ་ཉལ་བཅུ་གཉིས་རྣམས་ཀྱིས་ཐོབ་པ་རྣམས་གཅོད་པའོ། །དེ་ནས་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཉོན་མོངས་པ་བྲལ་བ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །དེའི་རྗེས་སུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་ བཞིན་པ་ན། དེ་ཁོ་ན་བཞིན་དུ། འགོག་པའི་གེགས་འདོད་པ་ན་སྤྱོད་པ་ཉོན་མོངས་པ་བདུན་རྣམས་ཀྱིས་ཐོབ་པ་གཅོད་དོ། །དེ་ནས་འགོག་པ་ལ་ཆོས་ཤེས་པ་ཉོན་མོངས་པ་མི་ལྡན་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །དེའི་རྗེས་སུ་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་ རྣམས་ལ་ཁོང་ཁྲོ་མ་གཏོགས་པ་འགོག་པའི་གེགས་གཟུགས་ན་སྤྱོད་པ་དྲུག་དང༌། གཟུགས་མེད་པས་བསྡུས་པ་དྲུག་སྟེ། བག་ལ་ཉལ་བཅུ་གཉིས་ཀྱིས་ཐོབ་པ་གཅོད་པའོ། །དེ་ནས་འགོག་པ་ལ་རྗེས་སུ་ཤེས་པ་ཉོན་མོངས་པ་འགགས་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །ལམ་ལ་ ཆོས་ཤེས་པའི་བཟོད་པ་སྐྱེ་བཞིན་པ་ན། དེ་རྣམས་ལ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་བཅས་པ་འདོད་པ་ན་སྤྱོད་པ་ལམ་གྱིས་བསྡུས་པ་བག་ལ་ཉལ་བརྒྱད་ཀྱིས་ཐོབ་པ་གཅོད་པའོ། །དེ་ནས་ལམ་ལ་ཆོས་ཤེས་པ་ཉོན་མོངས་པ་འགགས་པ་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེའོ། །ལམ་ ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན། དེ་རྣམས་ལ་ཁོང་ཁྲོ་མ་གཏོགས་པ། ལམ་གྱི་གེགས་གཟུགས་ན་སྤྱོད་པ་བདུན་དང་གཟུགས་མེད་པ་ན་སྤྱོད་པ་ལམ་གྱི་གེགས་བདུན་ཏེ། བག་ལ་ཉལ་བཅུ་བཞི་རྣམས་ཀྱིས་ཐོབ་པ་གཅོད་པའོ། །མཐོང་ལམ་སྐད་ཅིག་བཅོ་ལྔ་འདི་རྣམས་ནི་མཐོང་བའི་ ལམ་སྟེ་བརྒྱད་པའི་ས་ཞེས་སོ། །འདི་ལ་གནས་པའི་གང་ཟག་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་རྣམ་པར་བཞག་པར་བྱའོ། །བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་ནི་བསྒོམ་པའི་ལམ་གྱི་རང་བཞིན་ཏེ། འདི་ལ་གནས་པ་ནི་རྒྱུན་དུ་ཞུགས་པ་རྣམ་པར་གཞག་གོ། ། འདི་ལས་ཕ་རོལ་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་ལ། ཡང་མཐོང་བའི་དོན་རྩོལ་བས་སྒོམ་པ་དང༌། འདིས་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པས་ན་བསྒོམ་པའི་ལམ་མོ། །དེ་འང་འདོད་པའི་ཁམས་སུ་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཉོན་མོངས་པ་འཇོམས་པར་ བྱེད་པ་རྣམས་པ་དགུ་སྔོན་དུ་བཤད་དོ། །དེ་ལ་འདོད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་ལྔའི་མཐར་ཐུག་པ་སྤངས་པ་ནི་རྒྱུན་དུ་ཞུགས་པ་ཁོ་ན་སྟེ། མིའི་རིགས་ནས་རིགས་དང་ལྷའི་རིགས་ནས་རིགས་ཀྱི་རང་བཞིན་གྱིས་ལན་ཅིག་ཕྱིར་འོང་པའི་འབྲས་བུའི་ཕྱིར་ཞུགས་པའོ། །དྲུག་པ་ སྤངས་པ་ནི་ལན་ཅིག་ཕྱིར་འོང་བའོ། །ལན་ཅིག་ཕྱིར་འོང་བ་ཉིད་རྣམ་པ་བདུན་དང་བརྒྱད་པ་ཟད་པ་ནི་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ། །འདོད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་དགུ་པ་ཟད་པ་ན་ཕྱིར་མི་འོང་བའོ། །དེའི་རྗེས་སུ་བསམ་གཏན་དང་པོའི་སའི་ཉོན་མོངས་པའི་རྣམ་པ་ དང་པོ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སའི་ཉོན་མོངས་པ་རྣམ་པ་བརྒྱད་པ་ཚུན་ཆད་ཉོན་མོངས་བདུན་ཅུ་གཅིག་ལམ་རྣམས་བདུན་ཅུ་གཅིག་གིས་ཟད་པར་བྱས་པ་ནི་དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པའོ། །ཉོན་མོངས་པ་དགུ་པ་སྤོང་བར་བྱེད་པའི་བསྒོམ་ པའི་ལམ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་རྣམ་པར་གཞག་གོ། །དེ་རྣམས་ལ་བར་བར་དུ་རྣམ་པར་གྲོལ་བའི་ལམ་བརྒྱད་ཅུའོ། །བརྒྱད་ཅུ་རྩ་གཅིག་པའི་རྣམ་པར་གྲོལ་བའི་ལམ་ནི་བཙལ་བར་བྱ་བ་ཡིན་པས་ལམ་སྟེ་ཟད་པ་ཤེས་པའོ། །ཟད་པ་ཤེས་པ་ཡང་ དག་པར་སྐྱེས་པ་ན་གང་ཟག་ཆུང་ངུའི་འབྲིང་མཆོག་ཐམས་ཅད་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་དང༌། ཡོན་གྱི་གནས་སུ་འོས་པའི་དགྲ་བཅོམ་པར་གྱུར་པ་ཉིད་དོ། །དེ་ལ་གང་ཞིག་མི་གཡོ་བའི་ཆོས་ཅན་དེ་ནི་ཟད་པ་ཤེས་པའི་དེ་མ་ཐག་ཏུ་མི་སྐྱེ་བ་ཤེས་པ་སྐྱེད་པར་བྱེད་དོ། ། ཉན་ཐོས་རྣམས་ཀྱིས་ཡང་བཅུ་སྟེ། འདི་ལྟར། ལྷག་མཐོང་འབའ་ཞིག་གི་གནས་སྐབས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་དཀར་པོ་རྣམ་པར་མཐོང་བའི་ས་དང༌། ཆོས་མཆོག་གི་གནས་སྐབས་རིགས་ཀྱི་ས་དང༌། རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་ནི་བརྒྱད་པའི་ས་དང༌། ༄༅། །རྒྱུན་དུ་ཞུགས་པ་ཉིད་ནི་མཐོང་བའི་ས་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པའི་ས་དང༌། ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་ས་དང༌། ཕྱིར་མི་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པའི་ས་དང༌། ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་ས་དང༌། དགྲ་བཅོམ་པའི་འབྲས་བུའི་སྲོལ་དུ་ཞུགས་པའི་ས་དང༌། དགྲ་བཅོམ་པ་ནི་བྱས་པ་སྲུང་བའི་སའོ། །ཡང་ན་ཉན་ཐོས་ཀྱི་ས་ལ་བདུན་ནི་འདི་ལྟ་སྟེ། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་སྲུང་བའི་ས་དང༌། སྲོལ་དུ་ཞུགས་པ་གསུམ་གྱི་སའོ། །འདི་ནི་རིགས་ཀྱི་འཇུག་པའི་རྣམ་པར་གཞག་པའོ། །གཞན་དག་ནི། དང་པོ་འཇིག་རྟེན་པའི་ལམ་གྱི་འདོད་པས་བསྡུས་པའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་ན། དེའི་རྗེས་སུ་ཟག་པ་མེད་པའི་མཐོང་ལམ་སྐད་ཅིག་མ་བཅོ་ལྔས། མཐོང་ བས་སྤང་པར་བྱ་བའི་ཉོན་མོངས་པ་རྣམ་པ་མཐའ་དག་རྩ་བ་ནས་བཅད་དེ། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །རྣམ་པར་གཞག་པ་འདི་ལ། རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུའི་རིགས་དང༌། རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པའི་ཐ་སྙད་མེད་དོ། །ཡང་ན་དང་པོ་འཇིག་རྟེན་པའི་ལམ་གྱི་འདོད་པས་བསྡུས་པའི་སྒོམ་པའི་སྤང་བྱ་རྣམ་པ་དགུ་སྤངས་ནས། དེའི་རྗེས་སུ་ཟག་པ་མེད་པའི་མཐོང་ལམ་སྐད་ཅིག་མ་བཅོ་ལྔས། མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་མཐའ་དག་ རྩ་བ་ནས་བཅད་དེ། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བའོ། །རྣམ་པར་གཞག་པ་འདི་ལ་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་རྒྱུན་དུ་ཞུགས་པ་རིགས་ནས་རིགས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་ པ་ལན་ཅིག་ཕྱིར་འོང་བ་བར་ཆད་གཅིག་པ་ཕྱིར་མི་འོང་བའི་འབྲས་བུའི་སྲོལ་དུ་ཞུགས་པ་རྣམས་ཀྱི་ཐ་སྙད་མེད་དོ། །ཡང་ན་འཇིག་རྟེན་པའི་ལམ་གྱི་ཁམས་གཉིས་ལ་འདོད་ཆགས་དང་བྲལ་བར་གྱུར་ནས། མཐོང་ལམ་གྱི་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་མ་ཐག་ཏུ་བཅུ་དྲུག་ པ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ཁམས་གཉིས་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བར་འགྱུར་བ་ཡིན་ནོ། །དེའི་རྗེས་སུ་འཇིག་རྟེན་ལས་འདས་པ་བསྒོམ་པའི་ལམ་རྣམ་པ་དགུས། གཟུགས་མེད་པས་བསྡུས་པའི་ཉོན་མོངས་པ་རྣམ་པ་དགུ་སྔོན་བཞིན་དུ་སྤངས་ ཏེ་ཟད་པ་ཤེས་པ་སྐྱེད་པར་བྱེད་དོ་ཞེས་པ་ནི་སྔོན་བཞིན་དུ་ཐམས་ཅད་སྦྱར་བར་བྱའོ། །འདི་ཁོ་ན་བཞིན་དུ་དབང་པོ་འབྲིང་པོ་རང་སངས་རྒྱས་ཀྱི་ཐེག་པ་པ་ཡང་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེད་པར་བྱེད་དོ། །དེ་ལའང་རིམ་གྱིས་ནི་མི་སྲིད་དོ། །འདི་ལ་འབྲས་བུ་ལ་གནས་པ་དང་ སྲོལ་དུ་ཞུགས་པ་ལ་སོགས་པའི་ཐ་སྙད་ནི་མེད་དོ། །གང་འདིས་ནི་སྟན་གཅིག་ཉིད་ལ་གནས་ནས་ཐམས་ཅད་རྫོགས་པར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སྙིང་པོར་བྱོན་པ་ཉིད་ན་འཇིག་རྟེན་པའི་ལམ་གྱིས་ འདོད་པའི་ཁམས་ནས་བཟུང་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་འདོད་ཆགས་དང་བྲལ་བར་གྱུར་ན། ངེས་པར་གནོན་པ་འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གིས་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་མཐའ་དག་སྤངས་ཏེ། བསྒོམ་པའི་ལམ་རྣམ་པ་དགུས་ སྲིད་པའི་རྩོ་[*RTZE?] མོའི་ཉོན་མོངས་པ་རྣམ་པ་དགུ་སྤངས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་བོ། །དེས་ན་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དང༌། བར་ཆད་མེད་པའི་ལམ་དགུ་དང༌། འདི་རྣམས་ཀྱི་བར་བར་དུ་འབྱུང་བ་རྣམ་པར་གྲོལ་བའི་ལམ་སྐད་ཅིག་མ་དགུ་སྟེ་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་ བཞིས་བླ་ན་མེད་པ་ཡང་དག་པར་སངས་རྒྱའོ། །ཆོས་མངོན་པ་མཛོད་ལས་ཀྱང་གསུངས་ཏེ། སྐད་ཅིག་སུམ་ཅུ་བཞིས་ཐོབ་ཉིད། །ཅེས་སོ། །འདིའི་བྱེ་བྲག་ཏུ་བཤད་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐད་ཅིག་སུམ་ཅུ་བཞིས་རྗེས་སུ་འཐོབ་པོ་ལོ། །བདེན་པའི་མངོན་པར་རྟོགས་པ་ བཅུ་དྲུག་དང༌། སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་སྟེ་ཉོན་མོངས་སྐྱེ་བ་རྣམ་པ་དགུ་སྤང་བའི་ཕྱིར་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་སྐྱེ་བས་སོ། །དེས་ན་སུམ་ཅུ་རྩ་བཞིར་འགྱུར་རོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་འདོད་ཆག་དང་བྲལ་བ་འདིས་ངེས་པ་རྣམ་པར་ནོན་པ་ན་ ༄༅། །ས་འོག་མ་ནི་སྤང་བྱར་འགྱུར་བ་མ་ཡིན་ནོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་འཕགས་པའི་བདེན་པ་བཞི་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་གཉིས་པའོ།། །།འཕགས་པ་ གནས་བརྟན་པའི་སྡེ་བའི་ལུང་ལས་འདི་ལྟར་རྣམ་པར་བཞག་སྟེ། དེ་ལ་ལས་དང་པོ་པའི་རྣལ་འབྱོར་པས་རྒ་ཤི་ལས་གྲོལ་བར་འདོད་པ་དང༌། འཁོར་བའི་རྒྱུ་ཡང་དག་པར་གཅོད་པ་དོན་དུ་གཉེར་བ་དང༌། མ་རིག་པའི་མུན་པ་རྣམ་པར་སེལ་བའི་དོན་དུ་གཉེར་བ་དང༌། འཕགས་པའི་ཤེས་རབ་ ཐོབ་པ་དོན་དུ་གཉེར་པ་རྣམས་ཀྱིས་གནས་ལྔ་ལ་མཁས་པར་བསྐྱེད་པར་བྱའོ། །འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། འཕགས་པའི་བདེན་པ་ལ་མཁས་པའོ། །དེ་ལ་ཕུང་པོ་ ལྔ་ནི་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་གཉིས་ཏེ་འདི་ལྟར། འབྱུང་བ་ཆེན་པོ་དང༌། འབྱུང་བ་ཆེན་པོ་ལས་བྱུང་བའི་གཟུགས་སོ། །དེ་ལ་འབྱུང་བ་ ཆེན་པོ་ལ་བཞི་ནི་འདི་ལྟར། ས་དང༌། ཆུ་དང༌། མེ་དང༌། རླུང་ངོ༌། །འབྱུང་བ་ཆེན་པོ་ལས་བྱུང་བའི་གཟུགས་ནི་ཉི་ཤུ་ཉེར་དྲུག་སྟེ། འདི་ལྟར། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་པ་དང༌། བུད་མེད་ཀྱི་དབང་པོ་དང༌། སྐྱེས་ པའི་དབང་པོ་དང༌། སྲོག་གི་དབང་པོ་དང༌། ལུས་ཀྱི་རིག་བྱེད་དང༌། ངག་གི་རིག་བྱེད་དང༌། ནམ་མཁའི་ཁམས་དང༌། གཟུགས་ཀྱི་སྤང་བ་ཉིད་དང༌། གཟུགས་ཀྱི་འཇམ་པ་ཉིད་དང༌། གཟུགས་ཀྱི་ལས་སུ་རུང་བ་ཉིད་དང༌། གཟུགས་ཀྱི་འཕེལ་བ་དང༌། གཟུགས་ཀྱི་རྒྱུད་དང༌། གཟུགས་ཀྱི་སྐྱེ་བ་ དང༑ གཟུགས་ཀྱི་རྒ་བ་དང༌། གཟུགས་ཀྱི་མི་རྟག་པ་དང༌། ཁམས་ཀྱི་ཟས་དང༌། དངོས་པོའི་ངོ་བོ་དང༌། གཉིད་དོ། །དེའི་ཕྱིར་འབྱུང་བ་ཆེན་པོ་བཞི་དང་ཉེ་བར་བསླང་བའི་གཟུགས་ཉི་ཤུ་ཉེར་དྲུག་སྟེ། གཟུགས་སུམ་ཅུར་འགྱུར་རོ། །གཟུགས་སུམ་ཅུ་རྣམས་རྒྱུ་ལྔ་ལས་བྱེ་བྲག་ཏུ་གྱུར་པ་ཤེས་པར་བྱའོ། ། འདི་ལྟ་སྟེ། ཀུན་སློང་དང༌། ཚོགས་པ་དང༌། སྐྱེ་བ་དང༌། སྣ་ཚོགས་པ་ཉིད་དང༌། གཅིག་ཉིད་དོ། །དེ་ལ་ཀུན་སློང་ནི་བཞི་སྟེ་འདི་ལྟར། ལས་ཀྱིས་ཀུན་དུ་བསླང་བ་དང༌། སེམས་ཀྱིས་ཀུན་དུ་བསླང་བ་དང༌། དུས་ཀྱིས་ཀུན་དུ་བསླང་བ་དང༌། ཁ་ཟས་ཀྱིས་ཀུན་དུ་བསླང་བའོ། །དེ་ལ་གཟུགས་དགུ་ནི་ལས་ ཀྱིས་ཀུན་དུ་བསླང་བ་སྟེ་འདི་ལྟར། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། བུད་མེད་ཀྱི་དབང་པོ་དང༌། སྐྱེས་པའི་དབང་པོ་དང༌། སྲོག་གི་དབང་པོ་དང༌། དབང་པོའི་ངོ་བོའོ། །གཟུགས་གཉིས་ནི་སེམས་ཀྱིས་ཀུན་དུ་བསླང་བ་སྟེ། འདི་ལྟར། ལུས་ཀྱི་རིག་བྱེད་དང༌། ངག་གི་རིག་བྱེད་དེ། ། གཅིག་ནི་དུས་དང་སེམས་ཀྱིས་ཀུན་དུ་བསླང་བ་སྟེ་སྒྲའོ། །དུས་དང་སེམས་དང་ཟས་ཀྱིས་ཀུན་དུ་བསླང་བ་ནི་བཞི་སྟེ། འདི་ལྟར་གཟུགས་ཀྱི་ཡང་བ་དང༌། གཟུགས་ཀྱི་འཇམ་པ་དང༌། གཟུགས་ཀྱི་ལས་སུ་རུང་བ་དང༌། གཉིད་དོ། །དུས་དང་ལས་དང་སེམས་དང་ཟས་རྣམས་ཀྱིས་ཀུན་དུ་བསླང་བ་ ལ་བཅུ་གཉིས་ནི་འདི་ལྟ་སྟེ། གཟུགས་ཀྱི་སྐྱེ་མཆེད་དང༌། དྲི་དང༌། རོ་དང༌། ནམ་མཁའི་ཁམས་དང༌། གཟུགས་ཀྱི་འཕེལ་བ་དང༌། གཟུགས་ཀྱི་རྒྱུད་དང༌། གཟུགས་ཀྱི་སྐྱེ་བ་དང༌། ཁམ་གྱི་ཟས་དང༌། སའི་ཁམས་དང༌། ཆུ་དང་མེ་དང་རླུང་ངོ༌། །གཟུགས་གཉིས་ནི་གང་གིས་ཀྱང་བསླང་བ་མ་ ཡིན་ཏེ། འདི་ལྟ་སྟེ། གཟུགས་ཀྱི་རྙིངས་པ་དང༌། གཟུགས་ཀྱི་མི་རྟག་པའོ། །འོན་ཀྱང་སྐྱེ་བའི་རྐྱེན་ལས་རྒ་བ་དང༌། རྒས་པའི་རྐྱེན་ལས་མི་རྟག་པའོ། །ཚོགས་པ་ནི་ལས་ཀྱིས་ཀུན་ནས་བསླང་བ་དགུ་ཚོགས་པའོ། །འདི་ལྟར། མིག་བཅུ་དང༌། རྣ་བ་བཅུ་དང༌། སྣ་བཅུ་དང༌། ལྕེ་བཅུ་དང༌། ལུས་ བཅུ་དང༌། བུད་མེད་དབང་པོ་བཅུ་དང༌། དངོས་པོ་བཅུ་དང༌། སྐྱེས་པའི་དབང་པོ་བཅུ་དང༌། དངོས་པོ་བཅུ་དང༌། སྲོག་གི་དབང་པོ་བཅུའོ། །དེ་ལ་མིག་བཅུ་ཞེས་པ་ནི། རབ་ཏུ་དང་བའི་མིག་གི་དངོས་པོར་གྱུར་པའི་འབྱུང་བ་ཆེན་པོ་བཞི་དང༌། ཁ་དོག་དང༌། དྲི་དང༌། རོ་དང༌། གཟི་བརྗིད་དང༌། སྲོག་གི་དབང་ པོ་དང༌། མིག་གི་རབ་ཏུ་དང་བའོ། །ཆོས་བཅུ་པོ་འདི་རྣམས་གནས་རྣམ་པ་ཐ་དད་མེད་པའི་གོང་བུ་ཡིན་པས། མིག་བཅུ་ཞེས་བརྗོད་དོ། །མིག་བཅུ་ནི་འབྱུང་བ་ལ་ནི་སྐྱེ་བ་ཞེས་བརྗོད་དོ། །རྙིངས་པ་ལ་ནི་རྒ་བ་ཞེས་བརྗོད་དོ། །འཇིག་པ་ལ་ནི་མི་རྟག་པ་ཞེས་བརྗོད་དོ། །ཡོངས་སུ་ཆད་པ་ནི་ནམ་མཁའི་ ༄༅། །ཁམས་ཞེས་བརྗོད་དོ། །ཆོས་བཞི་པོ་འདི་རྣམས་ནི། ཚོགས་པ་དེའི་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །ཡང་མིག་བཅུ་དེ་ཉིད་ཀྱི་རྒ་བའི་དུས་སུ། མིག་བཅུ་དེ་ལ་བརྟེན་ནས་མིག་བཅུ་གཉིས་པ་སྐྱེའོ། །མིག་བཅུ་དེ་གཉིས་ཀྱི་འདུས་པ་དེ་ནི་འཕེལ་པ་ཞེས་བརྗོད་དོ། ། གང་དེ་རྣམས་ཀྱི་རྗེས་སུ་འབྲེལ་པ་དེ་ནི་རྒྱུད་ཅེས་བརྗོད་དོ། །སྔར་གྱི་སྐྱེ་བ་ལ་སོགས་པ་བཞི་དང༌། གཉིས་པོ་འདི་དག་སྟེ། ཆོས་དྲུག་པོ་འདི་དག་ནི་དེ་རྣམས་ཀྱི་རྗེས་སུ་འཇུག་བྱེད་ཡིན་ནོ། །ཡང་མིག་བཅུ་གཉིས་པའི་རྒ་བའི་དུས་སུ། མིག་བཅུ་གཉིས་པ་དེ་ལ་བརྟེན་ནས་མིག་བཅུ་ལྡན་གསུམ་ པ་སྐྱེའོ། །གང་གཉིས་པའམ་གསུམ་པ་འདུས་པ་དེ་ནི་འཕེལ་བ་ཞེས་བརྗོད་དོ། །གང་དེ་ཉིད་ཀྱི་རྗེས་སུ་འབྲེལ་པ་དེ་ནི་རྒྱུད་ཅེས་བརྗོད་དོ། །བཅུ་ལྡན་སྔོན་མའི་འཇིག་པ་དང༌། གཉིས་པའི་རྒ་བ་དང༌། གསུམ་པའི་སྐྱེ་བ་རྣམས་དུས་གཅིག་དུ་འཇུག་པའོ། །དེ་ལྟར་འཇུག་པའི་མིག་བཅུ་ལྡན་ རྣམས་ལ་ནི་བར་གཅོད་དམ་གོ་སྐབས་མི་ཤེས་ཏེ། སྐད་ཅིག་ནི་མྱུར་བ་ཉིད་ཀྱི་ཕྱིར་རོ། །སྒྲོན་མེའི་འོད་བཞིན་དུ་མཐོང་བའོ། །འདི་ནི་མིག་བཅུ་ལྡན་ཞེས་བརྗོད་དོ། །དེ་བཞིན་དུ་རྣ་བ་བཅུ་ལྡན་དང༌། སྣ་བཅུ་ལྡན་དང༌། ལྕེ་བཅུ་ལྡན་དང༌། ལུས་བཅུ་ལྡན་དང༌། བུད་མེད་ཀྱི་དབང་པོ་བཅུ་ལྡན་དང༌། སྐྱེས་པའི་དབང་པོ་བཅུ་ལྡན་དང༌། དངོས་པོ་བཅུ་ལྡན་དང༌། སྲོག་གི་དབང་པོ་བཅུ་ལྡན་རྣམས་རྒྱས་པར་ཤེས་པར་བྱའོ། །དེ་བཞིན་གཟུགས་གཞན་རྣམས་ཀྱི་ཡང་ཅི་ལྟར་རིགས་པར་རྒྱས་པར་ཤེས་པར་བྱའོ། །འདིར་མངས་པར་འགྱུར་བས་འཇིགས་པས་བདག་གིས་མ་བརྗོད་དོ། །སྐྱེ་བ་ནི་ འདི་ལྟར། མངལ་གྱི་སྐྱེ་བའི་སྐད་ཅིག་ལ་གཟུགས་སུམ་ཅུ་འབྱུང་བར་འགྱུར་རོ། །དངོས་པོ་བཅུ་ལྡན་དང༌། ལུས་བཅུ་ལྡན་དང༌། གང་གི་ཚེ་བུད་མེད་ནི་བུད་མེད་ཀྱི་དབང་པོ་བཅུ་ལྡན་དང༌། ཡང་ན་སྐྱེ་བར་འགྱུར་ན་དེའི་ཚེ་སྐྱེས་པའི་དབང་པོ་བཅུ་ལྡན་དང༌། མ་ནིང་རྣམས་ཀྱི་ནི་གཟུགས་ཉི་ཤུ་འབྱུང་ བར་འགྱུར་ཏེ། འདི་ལྟ་སྟེ། དངོས་པོ་བཅུ་ལྡན་དང༌། ལུས་བཅུ་ལྡན་ནོ། །འདོད་པ་ན་སྤྱོད་པའི་རྫུས་སྐྱེས་སྐྱེ་མཆེད་ཡོངས་སུ་རྫོགས་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱི་སྐྱེ་བའི་དུས་སུ། གཟུགས་བདུན་ཅུ་འབྱུང་བར་འགྱུར། འདི་ལྟར། དངོས་པོ་བཅུ་ལྡན་དང༌། ལུས་བཅུ་ལྡན་དང༌། མིག་བཅུ་ ལྡན་དང༌། རྣ་བ་བཅུ་ལྡན་དང༌། སྣ་བཅུ་ལྡན་དང༌། ལྕེ་བཅུ་ལྡན་དང༌། གང་ཚེ་བུད་མེད་ཡིན་པ་ན་བུད་མེད་ཀྱི་དབང་པོ་བཅུ་ལྡན་དང༌། གང་ཚེ་སྐྱེས་པ་ན་སྐྱེས་པའི་དབང་པོ་བཅུ་ལྡན་ནོ། །ངན་སོང་རྣམས་ཀྱི་རྫུས་སྐྱེས་དམུས་ལོང་བུད་མེད་ངམ། སྐྱེས་པ་རྣམས་སྐྱེ་བའི་དུས་སུ་གཟུགས་དྲུག་ཅུ་འབྱུང་ བར་འགྱུར་ཏེ། མིག་བཅུ་ལྡན་མེད་པས་སོ། །དེ་བཞིན་དུ་སྐྱེ་བའི་འོན་པ་རྣམས་ཀྱི་ནི་གཟུགས་དྲུག་ཅུ་སྟེ། རྣ་བ་བཅུ་ལྡན་མེད་པས་སོ། །དམུས་ལོང་མ་ནིང་རྣམས་ཀྱི་ནི་གཟུགས་ལྔ་བཅུ་སྟེ། མིག་བཅུ་ལྡན་དང༌། རྣ་བ་བཅུ་ལྡན་མེད་པས་སོ། །ངན་འགྲོ་རྫུས་སྐྱེས་སྐྱེ་མཆེད་རྫོགས་པ་རྣམས་དང་ བསྐལ་པ་དང་པོ་པའི་མི་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་དྲུག་ཅུ་འབྱུང་སྟེ་འདོད་པ་བཅུ་ལྡན་མེད་པས་སོ། །དམུས་ལོང་མ་ནིང་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་ལྔ་བཅུ་འབྱུང་བར་འགྱུར་ཏེ། མིག་བཅུ་ལྡན་དང་འདོད་པ་བཅུ་ལྡན་མེད་པས་སོ། །དམུས་ལོང་མ་ནིང་རྣམས་ཀྱི་སྐྱེ་བའི་དུས་སུ་ཡང་ ལྔ་བཅུ་སྟེ། རྣ་བ་བཅུ་ལྡན་དང་འདོད་པ་བཅུ་ལྡན་མེད་པས་སོ། །མ་ནིང་དམུས་ལོང་འོན་པའི་གཟུགས་བཞི་བཅུ་སྟེ། འདི་ལྟར། དངོས་པོ་བཅུ་ལྡན་དང༌། ལུས་བཅུ་ལྡན་དང༌། སྣ་བཅུ་ལྡན་དང༌། ལྕེ་བཅུ་ལྡན་ནོ། །ཚངས་པ་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་སུམ་ཅུ་དགུ་ནི་འདི་ལྟ་སྟེ། དངོས་པོ་ བཅུ་ལྡན་དང༌། མིག་བཅུ་ལྡན་དང༌། རྣ་བ་བཅུ་ལྡན་དང༌། སྲོག་གི་དབང་པོ་དགུ་ལྡན་ནོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་དུས་སུ་གཟུགས་དགུ་འབྱུང་བར་འགྱུར་ཏེ་འདི་ལྟར་སྲོག་གི་དབང་པོ་དགུའོ། །སྣ་ཚོགས་པ་ཉིད་ནི་འདི་ལྟར་རེ་ཞིག་དེ་སྲིད་དུ། གཟུགས་ལ་གཉིས་ནི་འདི་ལྟར་ ཐོགས་པ་དང་བཅས་པའི་དོན་གྱིས་རགས་པ་དང༌། ཐོགས་པ་མེད་པའི་དོན་གྱིས་ཕྲ་མོའོ། །དེ་ལ་གཟུགས་རགས་པ་ལ་བཅུ་གཉིས་ནི་འདི་ལྟར། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། སའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། ། གཟུགས་ཕྲ་མོ་ལ་བཅོ་བརྒྱད་ནི་འདི་ལྟ་སྟེ། གཞན་སྲོག་གི་དབང་པོ་ལ་སོགས་པ་གཉིས་ཀྱི་མཐར་ཐུག་པའོ། །གཞན་ཡང་རྣམ་པ་གཉིས་ནི་འདི་ལྟར། ནང་དང་ཕྱི་རོལ་ལོ། །དེ་ལ་ཡུལ་དང་བཅས་པའི་དོན་གྱིས་ནང་གི་ལ་རྣམ་པ་ལྔ་ནི་འདི་ལྟར། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་སོ། །ཡུལ་ ༄༅། །དང་མི་ལྡན་པས་ན་ཕྱི་རོལ་ནི་རྣམ་པ་ཉི་ཤུ་ལྔ་སྟེ། འདི་ལྟར། གཟུགས་ལྷག་མ་རྣམས་སོ། །གཞན་ཡང་གཟུགས་ལ་རྣམ་པ་གཉིས་ནི། འདི་ལྟར། དབང་པོའི་གཟུགས་དང༌། དབང་པོ་མིན་པའི་གཟུགས་སོ། །དེ་ལ་བདག་པོའི་དོན་གྱིས་དབང་པོའི་གཟུགས་ ལ་བརྒྱད་ནི་འདི་ལྟར། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། བུད་མེད་ཀྱི་དབང་པོ་དང༌། སྐྱེས་པའི་དབང་པོ་དང༌། སྲོག་གི་དབང་པོའོ། །དབང་པོ་དང་མི་ལྡན་པའི་དོན་གྱིས་དབང་པོ་མིན་པའི་གཟུགས་ལ་ཉི་ཤུ་ཉེར་གཉིས་ཏེ་འདི་ལྟར། གཟུགས་ལྷག་མ་རྣམས་སོ། །ཡང་ གཟུགས་ཐམས་ཅད་ནི་རྣམ་པ་གསུམ་སྟེ་འདི་ལྟར། ཟིན་པའི་གཟུགས་དང༌། མ་ཟིན་པའི་གཟུགས་དང༌། རྣམ་པར་ཕྱེ་བའི་གཟུགས་སོ། །དེ་ལ་ལས་ལས་སྐྱེས་པས་ཟིན་པའི་གཟུགས་ལ་དགུ་སྟེ་འདི་ལྟར། དབང་པོའི་གཟུགས་བརྒྱད་དང༌། དངོས་པོའི་ངོ་བོའོ། །ལས་ལས་མ་སྐྱེས་པའི་དོན་ གྱིས་མ་ཟིན་པའི་གཟུགས་ལ་དགུ་ནི་འདི་ལྟར། སྒྲ་དང༌། ལུས་ཀྱི་རྣམ་པར་རིག་བྱེད་དང༌། ངག་གི་རྣམ་པར་རིག་བྱེད་དང༌། གཟུགས་ཀྱི་ཡང་བ་ཉིད་དང༌། གཟུགས་ཀྱི་འཇམ་པ་ཉིད་དང༌། ལས་སུ་རུང་བ་དང༌། རྒ་བ་དང༌། མི་རྟག་པ་དང༌། གཉིད་དོ། །གཉི་ག་ཡིན་པའི་དོན་གྱིས་རྣམ་པར་ཕྱེ་བའི་ གཟུགས་ལ་བཅུ་གཉིས་ནི་འདི་ལྟར། ལྷག་མ་གཟུགས་བཅུ་གཉིས་སོ། །གཞན་ཡང་རྣམ་པ་གསུམ་སྟེ། འདི་ལྟར། བསྟན་དུ་ཡོད་པའི་གཟུགས་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་པའི་གཟུགས་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་པའི་གཟུགས་ཐོགས་པ་མེད་པའོ། །དེ་ ལ་གེགས་བྱེད་པའི་དོན་གྱིས་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པ་སྟེ་གཅིག་གོ། །འདི་ལྟར། གཟུགས་ཀྱི་སྐྱེ་མཆེད་དོ། །མཐོང་དུ་མེད་པའི་དོན་གྱིས་དང་གེགས་ཀྱི་དོན་གྱིས་བསྟན་དུ་མེད་པའི་གཟུགས་ཐོགས་པ་དང་བཅས་པ་ལ་བཅུ་གཅིག་ནི་འདི་ལྟར། གང་གཟུགས་རགས་པས་ གསུངས་པ་ལ་གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པའོ། །མཐོང་དུ་མེད་པ་དང་གེགས་མེད་པའི་དོན་གྱིས་བསྟན་དུ་མེད་པའི་གཟུགས་ཐོགས་པ་མེད་པ་ལ་བཅོ་བརྒྱད་དེ་འདི་ལྟར། གང་ཕྲ་མོའི་གཟུགས་སུ་གསུངས་པ་གང་ཡིན་པ་དེའོ། །ཡང་གཟུགས་ཐམས་ཅད་ལ་རྣམ་པ་ལྔ་ནི་འདི་ལྟར་རང་ བཞིན་གྱི་གཟུགས་དང༌། རྣམ་པར་འགྱུར་བའི་གཟུགས་དང༌། མཚན་ཉིད་ཀྱི་གཟུགས་དང༌། ཡོངས་སུ་ཆད་པའི་གཟུགས་སོ། །དེ་ལ་ཡོངས་སུ་རྫོགས་པའི་དོན་གྱིས་རང་བཞིན་གྱི་གཟུགས་ལ་དབྱེ་བ་དགུ་བཅུ་སྟེ། འདི་ལྟར། གང་རགས་པའི་གཟུགས་སུ་གསུངས་པའི་བཅུ་གཉིས་པོ་དེ་ དང༑ བུད་མེད་ཀྱི་དབང་པོ་དང༌། སྐྱེས་པའི་དབང་པོ་དང༌། སྲོག་གི་དབང་པོ་དང༌། ཆུའི་ཁམས་དང༌། ཁམ་གྱི་ཟས་དང༌། དངོས་པོའི་ངོ་བོ་དང༌། གཉིད་དོ། །རང་བཞིན་གྱི་གཟུགས་རྣམ་པར་འགྱུར་བའི་དོན་གྱིས་རྣམ་པར་འགྱུར་བའི་གཟུགས་ལ་བདུན་ནི་འདི་ལྟར། ལུས་ཀྱི་རྣམ་པར་རིག་བྱེད་ དང༌། ངག་གི་རྣམ་པར་རིག་བྱེད་དང༌། གཟུགས་ཀྱི་ཡང་བ་ཉིད་དང༌། གཟུགས་ཀྱི་འཇམ་པ་ཉིད་དང༌། ལས་སུ་རུང་བ་ཉིད་དང༌། གཟུགས་ཀྱི་འཕེལ་བ་དང༌། གཟུགས་ཀྱི་རྒྱུད་དོ། །འདུས་བྱས་ཀྱི་དོན་གྱིས་མཚན་ཉིད་ཀྱི་གཟུགས་ལ་གསུམ་ནི་འདི་ལྟར། གཟུགས་ཀྱི་སྐྱེ་བ་དང༌། གཟུགས་ཀྱི་རྒ་བ་དང༌། གཟུགས་ཀྱི་མི་རྟག་པའོ། །ཚོགས་པ་ཡོངས་སུ་ཆད་པའི་དོན་གྱིས་ཡོངས་སུ་ཆད་པའི་གཟུགས་གཅིག་ནི་འདི་ལྟ་སྟེ། ནམ་མཁའི་ཁམས་སོ། །འདིར་རང་བཞིན་གྱི་གཟུགས་གང་ཡིན་པ་དེའི་ཡོངས་སུ་ཆད་པ་ཡིན་གྱི་ལྷག་མ་ནི་ཡོངས་སུ་མ་ཆད་པའོ། །གཅིག་ པ་ཉིད་ཀྱི་གཟུགས་ལ་མིང་མང་དུ་འགྱུར་ཏེ། འདི་ལྟར། རྒྱུ་མེད་པ་མ་ཡིན་པ་དང༌། རྒྱུ་ཅན་དང༌། མི་ལྡན་པ་དང༌། རྐྱེན་ཅན་དང༌། འདུས་བྱས་དང༌། འཇིག་རྟེན་པ་དང༌། རོ་ལྟ་བུ་དང༌། ཀུན་དུ་སྦྱོར་བར་བྱ་བ་དང༌། མདུད་པར་བྱ་བ་དང༌། རྨོངས་པར་བྱ་བ་དང༌། སྦྱོར་བར་བྱ་བ་དང༌། སྒྲིབ་པར་ བྱ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཉེ་བར་བླང་བ་དང༌། ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པ་དང༌། དམིགས་པ་མེད་པ་དང༌། སེམས་པ་མེད་པ་དང༌། སེམས་དང་མི་ལྡན་པ་དང༌། ཆུང་བ་དང༌། འདོད་པ་ན་སྤྱོད་པ་དང༌། མ་ངེས་པ་དང༌། ངེས་པར་འབྱིན་པ་མ་ཡིན་པ་དང༌། བདེ་བ་དང༌། ལྡན་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། འཕེལ་བ་[?] ཉིད་དུ་འགྲོ་བ་མ་ཡིན་པ་དང༌། འགྲིབ་པ་ཉིད་དུ་འགྲོ་བ་མ་ཡིན་པ་དང༌། སློབ་པ་ཉིད་མ་ཡིན་པ་དང༌། མི་སློབ་པ་ཉིད་མ་ཡིན་པ་དང༌། མཐོང་བས་སྤང་བར་བྱ་བ་མ་ཡིན་པ་དང༌། བསྒོམ་པས་སྤང་བར་བྱ་བ་མ་ཡིན་པའོ། །དེ་ ༄༅། །བཞིན་དུའང་ཡང་གཟུགས་ཀྱི་ཕུང་པོ་ཤེས་པར་བྱའོ། །ཚོར་བ་ནི་མཚན་ཉིད་ཀྱིས་གཅིག་སྟེ། འདི་ལྟར། གང་སེམས་ཀྱི་དམིགས་པ་ཉམས་སུ་མྱོང་བའོ། །དངོས་པོའི་དབང་གིས་རྣམ་པ་གཉིས་ནི་འདི་ལྟར། ལུས་ལས་བྱུང་བ་དང༌། སེམས་ལས་བྱུང་བའོ། །རང་ བཞིན་གྱི་དབང་གིས་རྣམ་པ་གསུམ་ནི་འདི་ལྟར། བདེ་བའི་ཚོར་བ་དང༌། སྡུག་བསྔལ་མ་ཡིན་པའི་ཚོར་བའོ། །ཆོས་ཀྱི་དབང་གིས་རྣམ་པ་བཞི་ནི་འདི་ལྟར། དགེ་བའི་ཚོར་བ་དང༌། མི་དགེ་བའི་ཚོར་བ་དང༌། རྣམ་པར་སྨིན་པའི་ཚོར་བ་དང༌། བྱ་བའི་ཚོར་བའོ། །དབང་པོའི་དབང་གིས་རྣམ་པ་ལྔ་ནི་འདི་ ལྟར༑ བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་དང༌། ཡིད་མི་བདེ་བའི་དབང་པོ་དང༌། བཏང་སྙོམས་ཀྱི་དབང་པོའོ། །དཀར་ནག་གི་དབང་གིས་རྣམ་པ་དྲུག་ནི་འདི་ལྟར། ཟང་ཟིང་དང་བཅས་པ་སྡུག་བསྔལ་གྱི་ཚོར་བ་དང༌། ཟང་ཟིང་མེད་པ་སྡུག་བསྔལ་གྱི་ཚོར་བ་དང༌། ཟང་ཟིང་དང་ བཅས་པའི་བདེ་བའི་ཚོར་བ་དང༌། ཟང་ཟིང་མེད་པའི་བདེ་བའི་ཚོར་བ་དང༌། ཟང་ཟིང་ལྡན་པ་བདེ་མིན་སྡུག་མིན་ཚོར་བ་དང༌། ཟང་ཟིང་མེད་པ་བདེ་མིན་སྡུག་མིན་ཚོར་བའོ། །སྒོའི་དབང་པོ་རྣམ་པ་བདུན་ནི་འདི་ལྟར། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང༌། རྣ་བའི་འདུས་ཏེ་རེག་པ་ལས་ སྐྱེས་པའི་ཚོར་བ་དང༌། སྣའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པ་ལས་སྐྱེས་པའི་དང༌། ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པ་དང༌། ཡིད་ཀྱི་ཚོར་བ་ཕྲང་པ་ལས་སྐྱེས་པ་དང༌། རྣམ་པར་ཤེས་པའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའོ། །རྒྱས་པར་ནི་ཚོར་བ་ བརྒྱ་དང་བརྒྱད་དུ་འགྱུར་རོ། །འདི་ལྟར། ཁྱིམ་གྱི་རེ་བ་ལ་བརྟེན་པའི་ཡིད་བདེ་བ་དྲུག་དང༌། ཁྱིམ་གྱི་རེ་བ་ལ་བརྟེན་པའི་ཡིད་མི་བདེ་བ་དྲུག་དང༌། ངེས་པར་འབྱུང་བ་ལ་བརྟེན་པའི་ཡིད་བདེ་བ་དྲུག་དང༌། ངེས་པར་འབྱུང་བ་ལ་བརྟེན་པའི་ཡིད་མི་བདེ་བ་དྲུག་དང༌། ཁྲིམས་ཀྱི་རེ་བ་ལ་བརྟེན་པའི་བཏང་ སྙོམས་ཀྱི་དྲུག་དང༌། ངེས་པར་འབྱུང་བ་ལ་བརྟེན་པའི་བཏང་སྙོམས་ཀྱི་དྲུག་གོ། །འདི་ལྟར་འདི་དུས་གསུམ་ལ་ཚོར་བ་དྲུག་ཚན་དྲུག་སྟེ། ཚོར་བ་བརྒྱ་དང་བརྒྱད་དུ་འགྱུར་རོ། །འདི་ནི་ཚོར་བའི་ཕུང་པོ་ཞེས་བརྗོད་དོ། །འདུ་ཤེས་ནི་མཚན་ཉིད་ཀྱིས་གཅིག་སྟེ། འདི་ལྟར། གང་སེམས་ཀྱིས་དམིགས་ པ་ལ་འདུ་ཤེས་པ་ནི་འདུ་ཤེས་སོ། །དཀར་ནག་གི་དབང་གིས་འདུ་ཤེས་རྣམ་པ་གཉིས་ནི་འདི་ལྟར། ཕྱིན་ཅི་ལོག་དང༌། ཕྱིན་ཅི་མ་ལོག་པའོ། །མི་དགེ་བའི་དབང་གིས་རྣམ་པ་གསུམ་ནི་འདི་ལྟར། འདོད་པའི་འདུ་ཤེས་དང༌། གནོད་པའི་འདུ་ཤེས་དང༌། རྣམ་པར་འཚེ་བའི་འདུ་ཤེས་སོ། །དགེ་བའི་དབང་ གིས་རྣམ་པ་གསུམ་ནི་འདི་ལྟར། ངེས་པར་འབྱུང་བའི་འདུ་ཤེས་དང༌། མི་གནོད་པའི་འདུ་ཤེས་དང༌། རྣམ་པར་འཚེ་བའི་འདུ་ཤེས་སོ། །བདག་གི་རང་བཞིན་ཡོངས་སུ་མི་ཤེས་པའི་སྒོ་ནས་བཞི་ནི་འདི་ལྟར། མི་སྡུག་པ་ལ་སྡུག་པའི་འདུ་ཤེས་དང༌། སྡུག་བསྔལ་ལ་བདེ་བའི་འདུ་ཤེས་དང༌། མི་རྟག་པ་ ལ་རྟག་པའི་འདུ་ཤེས་དང༌། བདག་མེད་པ་ལ་བདག་གི་འདུ་ཤེས་སོ། །བདག་གི་དངོས་པོ་ཡོངས་སུ་ཤེས་པའི་སྒོ་ནས་བཞི་ནི་འདི་ལྟར། མི་སྡུག་པའི་འདུ་ཤེས་དང༌། སྡུག་བསྔལ་གྱི་འདུ་ཤེས་དང༌། མི་རྟག་པའི་འདུ་ཤེས་དང༌། བདག་མེད་པའི་འདུ་ཤེས་སོ། །འདུལ་བའི་དབང་གིས་ རྣམ་པ་ལྔ་ནི་འདི་ལྟར། རུང་བ་མ་ཡིན་པ་ལ་རུང་བར་འདུ་ཤེས་པ་དང༌། རུང་བ་ལ་མི་རུང་བར་འདུ་ཤེས་པ་དང༌། རུང་བ་མ་ཡིན་པ་ལ་རུང་བ་མ་ཡིན་པར་ཤེས་པ་དང༌། རུང་བ་ལ་རུང་བར་ཤེས་པ་དང༌། རུང་བ་མ་ཡིན་པ་ལ་ཡིད་གཉིས་ཀྱིས་འདུ་ཤེས་དང༌། རུང་བ་ལ་ཡིད་གཉིས་ཀྱིས་འདུ་ཤེས་སོ། ། དམིགས་པའི་དབང་གིས་དྲུག་ནི་འདི་ལྟ་སྟེ། གཟུགས་ཀྱི་འདུ་ཤེས་དང༌། སྒྲའི་འདུ་ཤེས་དང༌། དྲིའི་འདུ་ཤེས་དང༌། རིའི་འདུ་ཤེས་དང༌། རེག་བྱའི་འདུ་ཤེས་དང༌། ཆོས་ཀྱི་འདུ་ཤེས་སོ། །ཁམས་ཀྱི་དབང་གིས་རྣམ་པ་བདུན་ནི་འདི་ལྟར། མིག་གི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་ འདུ་ཤེས་དང༌། རྣ་བའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང༌། སྣའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང༌། ལྕེའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང༌། ལུས་ཀྱི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང༌། ཡིད་ཀྱི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའི་དང༌། རྣམ་ པར་ཤེས་པའི་ཁམས་འདུས་ཏེ་རེག་པ་ལས་སྐྱེས་པའོ། །གང་འདི་ལྟ་བུའི་འདུ་ཤེས་ནི་འདུ་ཤེས་ཀྱི་དེ་ཁོ་ན་ཉིད་དེ། འདུ་ཤེས་ཀྱི་ཕུང་པོ་ཞེས་བརྗོད་དོ། །འདུ་བྱེད་ཀྱི་ཕུང་པོ་མང་སྟེ་འདི་ལྟར། རེག་པ་དང༌། སེམས་པ་དང༌། རྣམ་རྟོག་དང༌། རྣམ་པར་དཔྱོད་པ་དང༌། དགའ་བ་དང༌། དད་པ་དང༌། བརྩོན་ ༄༅། །འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སྲོག་གི་དབང་པོ་དང༌། སྡོམ་པ་དང༌། མ་ཆགས་པ་དང༌། མི་སྡང་པ་དང༌། མ་རྨོངས་པ་དང༌། ངོ་ཚ་བ་དང༌། ཁྲེལ་ཡོད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། འདུན་པ་དང༌། མོས་པ་དང༌། བཏང་སྙོམས་དང༌། ཡིད་ ལ་བྱེད་པ་དང༌། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། རྒོད་པ་དང༌། ཐེ་ཚོམ་དང༌། རྨུགས་པ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང་ཞེས་དེ་ལྟ་བུ་ལ་སོགས་པ་འདུ་བྱེད་མང་པོ་རྣམས་ལ་ཚོར་བ་དང་འདུ་ཤེས་མ་གཏོགས་པ་ན་འདུ་བྱེད་ཀྱི་ཕུང་པོའོ། །རྣམ་ པར་ཤེས་པ་ནི་འདི་ལྟར། མིག་གི་རྣམ་ཤེས་དང༌། རྣ་བའི་རྣམ་ཤེས་དང༌། སྣའི་རྣམ་ཤེས་དང༌། ལྕེའི་རྣམ་ཤེས་དང༌། ལུས་ཀྱི་རྣམ་ཤེས་དང༌། ཡིད་ཀྱི་དབང་པོ་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཡང་ཕུང་པོ་དེ་རྣམས་ནི་རྒྱུ་མཚན་བཞིས་སོ་སོར་ ཐ་དད་པར་ཤེས་པར་བྱའོ། །འདི་ལྟར། ངོ་བོའི་དོན་དང༌། མཚན་ཉིད་དང༌། རྣམ་པར་དབྱེ་བ་དང༌། བསྡུ་བའོ། །དེ་ལ་རྟེན་གྱི་དོན་ནི་དྲུག་སྟེ་འདི་ལྟར། གཟུགས་པར་བྱ་བའི་དོན་གྱིས་གཟུགས་དང༌། རིག་པའི་དོན་གྱིས་ཚོར་བ་དང༌། ཀུན་དུ་ཤེས་པའི་དོན་གྱིས་འདུ་ཤེས་དང༌། སོ་སོར་བྱེད་ པའི་དོན་གྱིས་འདུ་བྱེད་དང༌། རྣམ་པར་རྟོག་པའི་དོན་གྱིས་རྣམ་ཤེས་སོ། །ཕུང་པོ་ཞེས་པ་ནི་རིགས་མཐུན་པའི་ཚོགས་པའི་དོན་གྱིས་སོ། །མཚན་ཉིད་ནི་མཚན་ཉིད་ལྔ་སྟེ་འདི་ལྟར། གཟུགས་ཀྱི་མཚན་ཉིད་ནི་གཟུགས་པར་བྱ་བ་སྟེ། བཟོས་པའི་གཟུགས་བཞིན་ནོ། །གཟུགས་དེའི་གཞིའི་ གནས་ནི་འབྱུང་བ་ཆེན་པོ་བཞིའོ། །ཚོར་བའི་མཚན་ཉིད་ནི་སོ་སོར་ཡང་དག་པར་རིག་པ་སྟེ། མཛེ་རྨའི་ཟ་ཕྲུག་རོ་མྱོང་བཞིན་ནོ། །ཚོར་བ་དེའི་དངོས་པོའི་གནས་ནི་རེག་པའོ། །འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པ་སྟེ། མངོན་པར་ཤེས་པའི་རྒྱུ་མཚན་བཞིན་ནོ། །འདུ་ཤེས་དེའི་ དངོས་པོའི་གནས་ནི་རེག་པའོ། །འདུ་བྱེད་ཀྱི་མཚན་ཉིད་ནི་འདུ་བ་འཕེན་པར་བྱེད་པ་སྟེ། འཁོར་ལོ་འཕངས་པ་བཞིན་ནོ། །འདུ་བྱེད་དེ་རྣམས་ཀྱི་ངོ་བོའི་གནས་ནི་རེག་པའོ། །རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་ཤེས་པ་དེའི་སྐྱེ་བའི་གནས་ནི་མིང་དང་གཟུགས་སོ། ། རྣམ་པར་ཤེས་པ་ནི་ཕུང་པོའི་རྣམ་པར་དབྱེ་བ་སྟེ། འདི་ལྟར་ཕུང་ལྔ་དང༌། ཉེ་བར་ལེན་པའི་ཕུང་ལྔ་དང༌། ཆོས་ཀྱི་ཕུང་པོ་ལྔའོ། །དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་ངོ༌། །ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱང་ངོ༌། ། ཆོས་ཀྱི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བའི་ཕུང་པོའོ། །སྐབས་འདིར་ཉེ་བར་ལེན་པའི་ཕུང་པོ་ལ་མངོན་པར་འདོད་དོ། །བསྡུ་བ་ནི་སྡུད་ པ་སྟེ༑ རྣམ་པ་གསུམ་ནི་འདི་ལྟར། སྐྱེ་མཆེད་དུ་བསྡུ་བ་དང༌། ཁམས་སུ་བསྡུ་བ་དང༌། བདེན་པར་བསྡུ་བའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་གཅིག་གིས་བསྡུས་པའོ། །འདི་ལྟར། གཟུགས་ཀྱི་སྐྱེ་མཆེད་བཅུ་དང༌། ཆོས་ཀྱི་སྐྱེ་མཆེད་གཅིག་སྟེ་ཕྱོགས་གཅིག་གི། །གཟུགས་ཅན་ མ་ཡིན་པའི་ཕུང་པོ་གསུམ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ། །འདི་ལྟར། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དོ། །གཅིག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་སྟེ། འདི་ལྟར། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ཀྱི་ཕུང་པོ་ནི་ཁམས་བཅུ་གཅིག་གིས་བསྡུས་པའོ། །གཟུགས་ཅན་ མ་ཡིན་པའི་ཕུང་པོ་གསུམ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི། རྣམ་པར་ཤེས་པའི་ཁམས་བདུན་གྱིས་བསྡུས་པའོ། །ཚུལ་ཁྲིམས་དང་རིང་ངེ་འཛིན་དང༌། ཤེས་རབ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་བཞི་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ ཀྱི་ཁམས་ཀྱིས་བསྡུས་པའོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །ཉེ་བར་ལེན་པ་ནི་ཀུན་འབྱུང་གི་བདེན་པས་བསྡུས་པའོ། ། ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕུང་པོ་གསུམ་ནི་ལམ་གྱི་བདེན་པས་བསྡུས་པའོ། །རྣམ་པར་གྲོལ་བའི་ཕུང་པོ་ནི་འགོག་པའི་བདེན་པས་བསྡུས་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །དེ་ལ་ཕུང་པོས་བསྡུས་ཤིང་བདེན་པས་ ༄༅། །བསྡུས་པ་མ་ཡིན་པའི་ཆོས་ཡོད་དོ། །བདེན་པས་བསྡུས་ཤིང་ཕུང་པོས་བསྡུས་པ་མ་ཡིན་པའི་ཆོས་ཡོད་དོ། །ཕུང་པོས་བསྡུས་ཤིང་བདེན་པས་བསྡུས་པའི་ཆོས་ཡོད་དོ། །ཕུང་པོས་བསྡུས་པ་མ་ཡིན་ཞིང་བདེན་པས་བསྡུས་པ་མ་ཡིན་པའི་ཆོས་ཡོད་དོ། །དེ་ལ་དབང་ པོ་མ་ཡིན་པ་དང་འབྲེལ་བའི་གཟུགས་དང༌། ལམ་དང་མཚུངས་པར་ལྡན་པ་དང༌། དགེ་སྦྱོང་གི་འབྲས་བུ་ཆོས་ནི་ཕུང་པོས་བསྡུས་ཤིང་བདེན་པས་བསྡུས་པ་མ་ཡིན་པའོ། །མྱ་ངན་ལས་འདས་པ་ནི་བདེན་པས་བསྡུས་ཤིང་ཕུང་པོས་བསྡུས་པ་མ་ཡིན་པའོ། །བདེན་པ་གསུམ་ནི་ཕུང་པོས་ བསྡུས་ཤིང་བདེན་པས་བསྡུས་པའོ། །བཏགས་ཡོད་ནི་ཕུང་པོས་བསྡུས་པ་མ་ཡིན་ཞིང་བདེན་པས་བསྡུས་པ་མ་ཡིན་པའོ། །བཏགས་པ་ཡང་ཆོས་བཅུ་གཅིག་སྟེ་འདི་ལྟར། སེམས་པ་དང༌། ཕྱོགས་དང༌། ཡུལ་དང༌། དུས་དང༌། འོངས་པ་དང༌། སྦྱངས་པའི་ཡན་ལག་དང༌། ཟད་པར་མཚན་མ་དང༌། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དམིགས་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། ཡང་དག་པའི་རྣམ་པར་རྟོག་པ་དང༌། ཡང་དག་མ་ཡིན་པའི་རྣམ་པར་རྟོག་པའོ། །གང་རྣམ་པ་དེ་རྣམས་ཀྱི་ཕུང་པོ་ལ་མཁས་པ་ཞེས་བརྗོད་དོ། །སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། སྐྱེ་ མཆེད་ནི་བཅུ་གཉིས་ཏེ་འདི་ལྟར། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ ཀྱི་སྐྱེ་མཆེད་དོ། །དེ་ལ་མིག་གི་སྐྱེ་མཆེད་ནི་ཁམས་རབ་ཏུ་དང་བ་གང་གིས་གཟུགས་ཡོངས་སུ་གཅོད་པའོ། །གཟུགས་ཀྱི་སྐྱེ་མཆེད་ནི་ཁམས་ཀྱི་ཁ་དོག་གང་མིག་གི་སྤྱོད་ཡུལ་ལོ། །རྣ་བའི་སྐྱེ་མཆེད་ནི་ཁམས་སུ་རབ་ཏུ་དང་བ་གང་གིས་སྒྲ་ཉན་པའོ། །སྒྲའི་སྐྱེ་མཆེད་ནི་ཁམས་ཀྱི་གྲག་པ་སྟེ་གང་ རྣ་བའི་སྤྱོད་ཡུལ་དེའོ། །སྣའི་སྐྱེ་མཆེད་ནི་ཁམས་རབ་ཏུ་གསལ་པ་གང་གིས་དྲི་སྣོམ་པའོ། །དྲིའི་སྐྱེ་མཆེད་ནི་གང་སྣའི་སྤྱོད་ཡུལ་ལོ། །ལྕེའི་སྐྱེ་མཆེད་ནི་ཁམས་རབ་ཏུ་དང་བ་གང་གིས་རོ་མྱོང་བར་བྱེད་པའོ། །རོའི་སྐྱེ་མཆེད་ནི་ཁམས་ཀྱི་རོ་གང་ལྕེའི་སྤྱོད་ཡུལ་ལོ། །ལུས་ཀྱི་སྐྱེ་མཆེད་ནི་ཁམས་ རབ་ཏུ་དང་བ་གང་གིས་རེག་བྱ་ལ་རེག་པའོ། །རེག་བྱའི་སྐྱེ་མཆེད་ནི་སའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ཆུའི་ཁམས་དང༌། སྲ་བ་དང༌། འཇམ་པ་དང༌། དྲོ་བ་དང༌། བསིལ་བ་སྟེ། གང་ལུས་ཀྱི་སྤྱོད་ཡུལ་ལོ། །ཡིད་ཀྱི་སྐྱེ་མཆེད་ནི་གང་རྣམ་པར་ཤེས་པ་བདུན་གྱི་ཁམས་ དེའོ། །ཆོས་ཀྱི་སྐྱེ་མཆེད་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་གསུམ་དང་ཕྲ་མོའི་གཟུགས་བཅུ་དང་མྱ་ངན་ལས་འདས་པ་སྟེ་འདི་ནི་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་སྟེ་རྒྱས་པར་རོ། །གང་རྣམ་པ་དེ་རྣམས་ཀྱི་སྐྱེ་མཆེད་ལ་མཁས་པའི་ཤེས་པ་ནི་སྐྱེ་མཆེད་ལ་མཁས་པ་ཞེས་བརྗོད་དོ། །ཁམས་ ལ་མཁས་པ་གང་ཞེ་ན། ཁམས་བཅོ་བརྒྱད་དེ། འདི་ལྟར། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་ པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་པ་ལ་སོགས་པ་ རྒྱས་པར་རོ། །འདིར་ཕུང་པོ་དང༌། སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་བསྟན་པ་ན། ཁྱད་པར་ཅི་ཞིག་བསྟན་པར་གྱུར་ཞེ་ན། བརྗོད་པར་བྱ་སྟེ། རིས་མཐུན་པའི་ཆེས་རྣམས་ཚོགས་པའི་མཚན་ཉིད་བསྟན་པ་ནི་ཕུང་པོ་བཤད་པའོ། །སྒོའི་མཚན་ཉིད་བསྟན་པ་ནི་སྐྱེ་མཆེད་བཤད་པའོ། །རང་གི་ངོ་བོའི་ མཚན་ཉིད་བསྟན་པ་ནི་ཁམས་བཤད་པའོ། །ཡང་ན་བཅོམ་ལྡན་འདས་ཀྱིས་མགོ་སྨོས་པས་གོ་བའི་གང་ཟག་རྣམས་ལ་ཕུང་པོའི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟེན་པར་བྱེད་དོ། །རྣམ་པར་སྤྲོས་པས་གོ་བའི་གང་ཟག་རྣམས་ལ་སྐྱེ་མཆེད་ཀྱི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟོན་པར་བྱེད་དོ། ། ཚིག་ལ་འཆེལ་བའི་གང་ཟག་རྣམས་ལ་ཁམས་ཀྱི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་སྟེན་པར་བྱེད་དོ། །ཡང་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་ལ་སྡུག་པའི་འདུ་ཤེས་ཅན་གྱི་གང་ཟག་ལ་གཟུགས་མདོར་བསྟན་ཅིང་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་དབྱེ་བ་བྱས་ཏེ་ཕུང་པོ་བསྟན་ཏོ། ། ༄༅། །གཟུགས་ལ་སྡུག་པའི་འདུ་ཤེས་ཅན་གྱི་གང་ཟག་ལ་གཟུགས་ལ་མང་དུ་དབྱེ་བ་བྱས་ཏེ་གཟུགས་ཅན་མ་ཡིན་པའི་ཕུང་པོ་མདོར་བསྡུས་ནས་སྐྱེ་མཆེད་བསྟན་ཏོ། །གཟུགས་ཅན་མ་ཡིན་པ་དང་བཅས་པའི་གཟུགས་ལ་སྡུག་པའི་འདུ་ཤེས་ཅན་ལ་གཟུགས་ཅན་མ་ཡིན་པ་དང་ གཟུགས་ཅན་ལ་མང་དུ་དབྱེ་བ་བྱས་ཏེ་ཁམས་བསྟན་ཏོ། །ཡང་ན་གང་བདག་གི་ངོ་བོ་དངོས་པོ་སྟོན་པ་དེ་ནི་ཕུང་པོ་བསྟན་པའོ། །གང་དངོས་པོའི་དམིགས་པ་སྟོན་པ་དེ་ནི་སྐྱེ་མཆེད་སྟོན་པའོ། །གང་དངོས་པོའི་དམིགས་པ་ངེས་པ་སྐྱེད་བ་སྟོན་པ་དེ་ནི་ཁམས་སྟོན་པའོ། །གང་རྣམ་པ་དེ་རྣམས་ཀྱི་ཁམས་ ཤེས་པའི་རྣམ་པར་བཞག་པ་ལ་མཁས་པ་འདི་ནི་ཁམས་ལ་མཁས་པ་ཞེས་བརྗོད་དོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་གནས་བརྟན་པའི་སྡེ་པའི་ཚུལ་ལུགས་ཕུང་པོ་སྐྱེ་མཆེད་ཁམས་རྣམ་པར་ངེས་པ་ཞེས་བྱ་བ་ ལེའུ་བཅུ་གསུམ་པའོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ནི་འདི་ལྟར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང༌། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང༌། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང༌། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང༌། སྐྱེ་མཆེད་དྲུག་གི་རྐྱེན་ གྱིས་རེག་པ་དང༌། རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཚོར་བའི་རྐྱེན་གྱིས་སྲེད་པ་དང༌། སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་དང༌། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་དང༌། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ རྣམས་འབྱུང་བར་འགྱུར་རོ། །དེ་ལྟ་བུ་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམས་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་པ་ནི་ལུགས་སུ་བྱུང་བའོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་ འགག །མིད་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རིག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ཉེ་བར་ལེན་པ་འགག །ཉེ་བར་ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་ པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་པར་འགྱུར་རོ། །དེ་ལྟ་བུ་འབའ་ཞིག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རྣམས་འགག་པར་འགྱུར་རོ་ཞེས་པ་ནི་ལུགས་ལས་ལྡོག་པའོ། །དེ་ལ་ བདེན་པ་བཞི་ལ་མི་ཤེས་པ་ནི་མ་རིག་པའོ། །ལུས་ངག་ཡིད་ཀྱི་ལས་ནི་འདུ་བྱེད་དོ། །ཉིང་མཚམས་སྦྱོར་བའི་དུས་ཀྱི་སེམས་ནི་རྣམ་པར་ཤེས་པའོ། །ཉིང་མཚམས་སྦྱོར་བའི་སེམས་དང་ལྡན་པའི་སེམས་ལས་བྱུང་བའི་ཆོས་ནི་མིང་ངོ༌། །མེར་མེར་པོ་ནི་གཟུགས་ཏེ་མིང་གཟུགས་སོ། ། ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གོ། །རེག་པ་དྲུག་གི་ཚོགས་ནི་རེག་པའོ། །ཚོར་བ་དྲུག་གི་ཚོགས་ནི་ཚོར་བའོ། །སྲེད་པ་དྲུག་གི་ཚོགས་ནི་སྲེད་པའོ། །ཉེ་བར་ལེན་པ་བཞི་ནི་ཉེ་བར་ལེན་པའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་སྐྱེད་པར་བྱེད་པའི་ལས་ ནི་སྲེད་པའོ། །སྲིད་པ་རྣམས་སུ་ཕུང་པོ་རྣམས་འབྱུང་བ་ནི་སྐྱེ་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །ཕུང་པོ་འཇིག་པ་ནི་ཤི་བའོ། །འདིར་སྨྲས་པ། མ་རིག་པའི་རྐྱེན་ལས་འདུ་བྱེད་ནས་ཅི་སྲིད་དུ་སྐྱེ་བའི་རྐྱེན་ལས་རྒ་ཤི་ཞེས་པ་འདི་གང་ལས་ཤེ་ན། བརྗོད་པར་བྱ་སྟེ། འདིར་སོ་སོ་སྐྱེ་བོ་ ཐོས་པ་དང་མི་ལྡན་པ་བདེན་པ་བཞི་ལ་མི་ཤེས་པར་གྱུར་པས། དུས་རིང་པོ་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གི་བར་མཆོག་ཏུ་འཛིན་པར་འགྱུར་ཏེ། འདི་དག་ནི་བདག་གིའོ། །བདག་འདི་ལའོ་འདི་ནི་ངའོ་བདག་གོ་ཞེས་ལྷག་པར་ཞེན་པར་བྱེད་དོ། །དེ་དག་དེ་བཞིན་དུ་སྲིད་པ་ལ་ཞེན་པས་སྲིད་ པར་ཀུན་དུ་འབྱུང་ཞིང་སྲིད་པའི་སྐྱེ་མཆེད་ལ་རབ་ཏུ་རྟོག་པར་བྱེད་ཅིང་རྗེས་སུ་ཉལ་བར་བྱེད་དོ། །དེ་དག་གི་སེམས་པ་དང་རབ་ཏུ་རྟོག་པ་དང་བག་ལ་ཉལ་དེ་རྣམས་ནི་དངོས་པོ་ཡོངས་སུ་མི་ཤེས་པ་ལས་བྱུང་བའི་སྲིད་པ་ཐོབ་པའི་ཆེད་དུ་སྲིད་པ་ལ་གནས་པར་འགྱུར་རོ། །རླན་ཅན་གྱི་ས་ལ་ས་བོན་ བཟང་པོ་བཏབ་པ་བཞིན་ནོ། །དེ་ལ་སྲིད་པ་འགག་པའི་ཡེ་ཤེས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་མ་རིག་པའི་རྐྱེན་ལས་འདུ་བྱེད་དོ། །དེ་དག་གི་མི་ཤེས་པས་རབ་ཏུ་བསྐྲུན་པ་མངོན་པར་འདུ་བྱེད་པའི་སེམས་པ་དེས། སྲིད་པ་ལ་དགའ་བས་སྲིད་པར་ཞུགས་ཤིང༌། སྲིད་པ་མཚན་མར་དམིགས་ ༄༅། །པ་རྒྱས་པས་ཡོངས་སུ་འགྱུར་བའི་སྲིད་པ་དང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེ་དག་གི་སྲིད་པ་ངེས་པའི་སེམས་པ་རྒྱུན་ཆད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པའོ། །དཔེར་ན་ཉི་མ་མེད་པར་འོད་ཟེར་ས་ལ་ གནས་པའམ་རྒྱུ་བ་ནི་མ་ཡིན་ནོ། །དེ་ཁོ་ན་བཞིན་དུ་རྣམ་པར་ཤེས་པ་མེད་པར་མིང་དང་གཟུགས་མངལ་དུ་འཇུག་པ་འམ་འཕེལ་བ་ནི་མ་ཡིན་ནོ། །ན་ཌ་ཕུང་པོའི་འཐད་པ་ཕན་ཚུན་བརྟེན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་སོ། །ཡིད་ཀྱི་སྐྱེ་མཆེད་ནི་ དངོས་པོ་ལ་བརྟེན་ཏེ་མིང་དང་ལྷན་ཅིག་ཏུ་འབྱུང་བ་དང་འཇུག་པར་བྱེད་དོ། །གཞན་སྐྱེ་མཆེད་ལྔ་ནི་མིང་དང་ལྷན་ཅིག་ཏུ་འབྱུང་བ་ཆེན་པོ་ལ་བརྟེན་ཏེ་ཟས་དང་དུས་ཀྱི་རྐྱེན་ལས་སྐྱེ་བ་དང་འཇུག་པར་བྱེད་དོ། །རྐྱེན་དེ་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་མིང་དང་གཟུགས་ལས་སྐྱེ་མཆེད་དྲུག་གོ་ དབང་པོ་ཡུལ་དང་རྣམ་པར་ཤེས་པ་འདུས་པ་ལས་རེག་པ་སྐྱེ་བས་ན། དེའི་ཕྱིར་སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པའོ། །རེག་ནས་བདེ་བའམ་སྡུག་བསྔལ་ལམ་སྡུག་བསྔལ་མིན་བདེ་བ་མིན་པ་ཚོར་བར་བྱེད་དོ། །རེག་པ་མེད་པར་མ་ཡིན་ནོ། །དེའི་ཕྱིར་རེག་པའི་རྐྱེན་ལས་ཚོར་བའོ། །བྱིས་ པ་སོ་སོའི་སྐྱེ་བོ་རྣམས་བདེ་བ་ཉམས་སུ་མྱོང་བས་ཆགས་པར་བྱས་ཏེ། ཡང་དང་ཡང་དུ་དེ་དག་དོན་དུ་གཉེར་བར་བྱེད་དོ། །སྡུག་བསྔལ་ཉམས་སུ་མྱོང་བ་ན་ཡང་སྡུག་བསྔལ་འཇོམས་པར་བྱེད་བའི་བདེ་བ་དོན་དུ་གཉེར་བར་བྱེད་དོ། །སྡུག་བསྔལ་མིན་བདེ་བ་མིན་པ་ཉམས་སུ་མྱོང་བ་ལས་ ལྷག་པར་ཞེན་ནས་ཚོར་བར་བྱེད་དོ། །དེའི་ཕྱིར་ཚོར་བའི་རྐྱེན་ལས་སྲེད་པའོ། །ཞེན་པས་ཚོར་བ་ནི་སྲེད་པའོ། །དངོས་པོ་འཛིན་པ་བརྟན་བོས་ལེན་པར་བྱེད་དོ། །དེའི་ཕྱིར་སྲེད་པའི་རྐྱེན་ལས་ལེན་པའོ། །ལེན་པ་དང་བཅས་པའི་ལས་བྱས་པ་རྣམས་སྲིད་པའི་ས་བོན་དུ་འགྱུར་རོ། །དེའི་ཕྱིར་ ལེན་པའི་རྐྱེན་ལས་སྲིད་པའོ། །ལས་ཀྱི་བྱེ་བྲག་ཅི་ལྟ་བ་བཞིན་དུ་འགྲོ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སྲིད་པའི་རྐྱེན་ལས་སྐྱེ་བའོ། །སྐྱེས་པས་རྒས་ཤིང་འཆི་བར་འགྱུར་རོ། །དེའི་ཕྱིར་སྐྱེ་བའི་རྐྱེན་ལས་རྒ་ཤིའོ། །གཞན་ཡང་རྟོག་པ་ནི། དཔེར་ན་སྤུན་མ་དང་ས་བོན་བཞིན་དུ་མ་ རིག་པ་འདུ་བྱེད་དོ། །དཔར་གནས་བོན་དང་མྱུ་གུ་བཞིན་དུ་བྱེད་དང་རྣམ་པར་ཤེས་པའོ། །དཔེར་ན་མྱུ་གུ་དང་འདབ་མ་བཞིན་དུ་རྣམ་པར་ཤེས་པ་དང་མིང་དང་གཟུགས་སོ། །དཔེར་ན་འདབ་མ་དང་སྡོང་པོ་བཞིན་དུ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གོ། །དཔེར་ན་སྡོང་བོ་དང་ཡལ་ག་ བཞིན་དུ་སྐྱེ་མཆེད་དྲུག་དང་རེག་པའོ། །དཔེར་ན་ཡལ་ག་དང་མེ་ཏོག་བཞིན་དུ་རེག་པ་དང་ཚོར་བའོ། །དཔེར་ན་མེ་ཏོག་དང་གོང་བུ་བཞིན་དུ་ཚོར་བ་དང་སྲེད་པའོ། །དཔེར་ན་གོང་བུ་དང་འབྲས་བུ་བཞིན་དུ་སྲེད་པ་དང་ལེན་པའོ། །དཔེར་ན་འབྲས་བུ་དང་ས་བོན་བཞིན་དུ་ཉེ་བར་ལེན་པ་དང་སྲིད་པའོ།། དཔེར་ན་ས་བོན་དང་མྱུ་གུ་བཞིན་དུ་སྲིད་པ་དང་སྐྱེ་བའོ། །རྐྱེན་ལས་ཞེས་པ་ཀུན་ལ་བལྟའོ། །དཔེར་ན་དེ་ལྟར་ས་བོན་གྱི་རྒྱུན་འཇུག་པའི་སྔོན་གྱི་མཐའ་ཤེས་པར་བྱ་བ་ཉིད་མ་ཡིན་ཞིང་ཕྱི་མའི་མཐའ་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ཁོ་ན་བཞིན་དུ་མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་ འབྱུང་བའི་རྒྱུན་རབ་ཏུ་འཇུག་པ་ནི་སྔོན་གྱི་མཐའ་ཤེས་པར་བྱ་བ་ཉིད་དེ་མ་ཡིན་ཞིང་ཕྱི་མའི་མཐའ་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ནས་མ་རིག་པའི་རྐྱེན་གང་ཞེ་ན། བརྗོད་པར་བྱ་སྟེ། མ་རིག་པ་ཉིད་དོ། །མ་རིག་པའི་རྐྱེན་ལས་བག་ལ་ཉལ་ལོ། །ཀུན་ནས་ལྡང་བའི་རྐྱེན་བག་ལ་ཉལ་ལོ། །བག་ ལ་ཉལ་གྱི་རྐྱེན་ནི་ཀུན་ནས་ལྡང་བའོ། །སྔོན་མའི་རྐྱེན་སྔོན་མའོ། །ཕྱི་མའི་རྐྱེན་ཕྱི་མའོ། །ཡང་ན་ཀུན་ནས་ཉོན་མོངས་པ་ཐམས་ཅད་རྐྱེན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་གསུངས་པ། ཟག་པ་ཀུན་དུ་འབྱུང་བ་ལས་མ་རིག་པ་ཀུན་དུ་འབྱུང་ངོ་ཞེས་སོ། །གཞན་ཡང༌། སེམས་གཅིག་པའི་ ཚུལ་ནི་འདི་ལྟ་སྟེ། དུས་གང་གི་ཚེ་བྱིས་པ་རྣམས་མིག་གི་གཟུགས་མཐོང་བ་ན་འདོད་ཆགས་སྐྱེ་སྟེ། མཛེས་པ་བདེ་བའོ་ཞེས་སེམས་ཀུན་དུ་རྨོངས་པ་འདིས་ནི་མ་རིག་པའོ། །མ་རིག་པས་རབ་ཏུ་སྐྱེད་པའི་ལུས་ལ་སོགས་པ་ཡོངས་སུ་གཡོ་བ་འདི་ནི་འདུ་བྱེད་དོ། །ཆགས་བའི་སེམས་ ནི་འདུ་བྱེད་ཀྱི་རྐྱེན་ལས་རྣམ་པར་ཤེས་པའོ། །དེ་དང་ལྡན་པའི་སེམས་ལས་བྱུང་བ་དང་དེས་ཀུན་ནས་བསླང་བའི་གཟུགས་ནི་རྣམ་པར་ཤེས་པའི་རྐྱེན་ལས་མིང་དང་གཟུགས་སོ། །འདོད་ཆགས་ལས་སྐྱེས་པའི་རྐྱེན་དགའ་བ་དང༌། དགའ་བ་ལས་སྐྱེས་པའི་རྐྱེན་གཟུགས་དག་གི་དབང་པོ་ ༄༅། །རྣམས་ཀྱི་རབ་ཏུ་དང་བ་མ་ཡིན་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་མཆེད་དྲུག་གོ། །མ་རིག་པ་འདུས་ཏེ་རེག་པ་ནི་སྐྱེ་མཆེད་དྲུག་གི་རྐྱེན་ལས་རེག་པའོ། །དེའི་ཚེ་གང་ཡང་བདེ་བ་དེ་ནི་རེག་པའི་རྐྱེན་ལས་ཚོར་བའོ། །དེའི་ཚེ་འདོད་ཆག་པ་ནི་ཚོར་བའི་རྐྱེན་ ལས་སྲེད་པའོ། །ཆགས་པས་མཛེས་པ་དང་བདེ་བར་འཛིན་པ་ནི་སྲེད་པའི་རྐྱེན་ལས་ལེན་པའོ། །དེའི་ཚེ་ཆགས་པའི་སེམས་པ་ནི་ལེན་པའི་རྐྱེན་ལས་སྲིད་པའོ། །ཆོས་དེ་རྣམས་མངོན་པར་སྒྲུབ་པར་བྱེད་པ་ནི་སྲིད་པའི་རྐྱེན་ལས་སྐྱེ་བའོ། །གནས་པ་གཞན་དུ་གྱུར་པ་ཉིད་ནི་རྒ་བའོ། །སྐད་ ཅིག་འཇིག་པ་ནི་འཆི་བའོ། །དེ་ཁོ་ན་བཞིན་དུ་རིམ་གྱིས་སྐད་ཅིག་གཅིག་གིས་ཡན་ལག་བཅུ་གཉིས་མཉམ་དུ་རྒྱུ་བར་ཤེས་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་པའི་ཡན་ལག་བཅུ་གཉིས་དེ་རྣམས་ནི་རྒོལ་བ་བཅུ་དང༌། ལན་བཅུས་གྲུབ་པོ། །དེ་ལ་རྒོལ་བ་བཅུ་ནི་འདི་ལྟ་སྟེ། ཉོན་ མོངས་པ་དུ་དང༌། ལུས་དུ་དང༌། རྣམ་པར་སྨིན་པ་དུ་དང༌། འདས་པ་དུ་དང༌། མ་འོངས་པ་དུ་དང༌། དེ་ལྟར་བ་དུ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་གང་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་ཞེ་ན་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དག་ཐ་དད་པའི་ རྒྱུ་ཅི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་ཟབ་མོ་ཉིད་གང་ཞེ་ནའོ། །གྲངས་བཞིན་དུ་བརྗོད་པར་བྱ་སྟེ། འདི་ལྟར་ཉོན་མོངས་པ་ནི་ཡན་ལག་གསུམ་སྟེ། འདི་ལྟར། མ་རིག་པ་དང༌། སྲེད་པ་དང༌། ཉེ་བར་ལེན་པའོ། །ཡན་ལག་གཉིས་ནི་ལས་ཏེ་འདི་ལྟར། འདུ་བྱེད་དང༌། སྲིད་པའོ། །ཡན་ ལག་བདུན་ནི་རྣམ་པར་སྨིན་པ་སྟེ། འདི་ལྟར། ཡན་ལག་ལྷག་མ་རྣམས་སོ། །དེ་ལ་རི་མོའི་ལས་ལ་མཚོན་བྱེད་པའི་རིགས་པས། ཉོན་མོངས་པ་ནི་ཡང་སྲིད་སྒྲུབ་པའི་རྒྱུར་འགྱུར་བ་ཡིན་ནོ། །རི་མོར་བྱེད་པའི་འཐད་པས། ལས་ནི་དམན་པ་དང་གྱ་ནོམ་པ་ཐ་དད་པ་བྱེད་པ་ཡིན་ནོ། །བྲིས་པའི་ གཟུགས་ཀྱི་རིགས་པས། རྣམ་པར་སྨིན་པ་ནི་ལས་དང་ཉོན་མོངས་པ་མངོན་པར་གྲུབ་པ་ཡོད་པའི་རྐྱེན་གྱིས་འཇུག་པའོ། །ཡན་ལག་གཉིས་ནི་འདས་པ་སྟེ་འདི་ལྟར། མ་རིག་པ་དང་འདུ་བྱེད་དོ། །གཉིས་ནི་མ་འོངས་པ་སྟེ། འདི་ལྟར། སྐྱེ་བ་དང༌། རྒ་ཤིའོ། །བརྒྱད་ནི་ད་ལྟར་པ་སྟེ། དེ་ འདི་ལྟར། ལྷག་མ་རྣམས་སོ། །དུས་གསུམ་བཟུང་བ་འདིས་ནི་ཐོག་མ་དང་ཏ་མ་མེད་པ་འཁོར་བའི་ལམ་རྗེས་སུ་འབྲེལ་བར་བསྟན་པའོ། །གང་ཡན་ལག་བཅུ་གཉིས་དེ་རྣམས་ནི་རིམ་པ་བཞིན་དུ་ཕན་ཚུན་རྒྱུ་ཉིད་དང༌། བྱེད་པོ་ཉིད་དང༌། ཕན་འདོགས་པ་ཉིད་དང༌། འདི་ནི་རྟེན་ཉིད་དོ་ཞེས་པ་འདི་ ནི་རྟེན་ཅིང་འབྲེལ་པ་འབྱུང་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ནི་ཡན་ལག་བཅུ་གཉིས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་འདུ་བྱེད་རྣམ་པར་འགྱུར་བ་ཡོངས་སུ་རྫོགས་པ་མ་ཡིན་པ་ཞེས་བརྗོད་པར་བྱ་བ་མ་ཡིན། འདུས་བྱས་ཞེས་བརྗོད་བར་བྱ་བ་མ་ཡིན། འདུས་མ་བྱས་ ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ནི། འདུ་བྱེད་ཡོངས་སུ་རྫོགས་པ་འདུས་བྱས་སོ་ཞེས་པ་འདི་ནི་ད་དག་གི་ཐ་དད་པའི་རྒྱུའོ། །གང་གི་ཚེ་རྣམ་པ་དང་མཚན་ཉིད་གང་གིས་མ་རིག་པ་འདུ་བྱེད་ཀྱི་རྐྱེན་དུ་འགྱུར་བའི་རྣམ་པ་དེ་དང་མཚན་ཉིད་དེ་དག་དང་རྐྱེན་ གཞན་དང་གཞན་དག་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་སྤྱན་གྱིས་མངོན་དུ་མཁྱེན་ཏོ། །དེ་བཞིན་དུ་ཐམས་ཅད་ལའོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་ཟབ་པ་ཉིད་དོ། །ཕྱོགས་གཞན་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་རྣམ་པ་བདུན་དུ་བལྟ་བར་བྱ་སྟེ། འདི་ལྟར། མཚམས་ གསུམ་དང༌། མདོར་བསྡུས་པ་བཞི་དང༌། རྣམ་པ་ཉི་ཤུ་དང༌། འཁོར་ལོ་དང༌། ཚུལ་ལུགས་དང༌། རྣམ་པར་དབྱེ་བ་དང༌། བསྡུ་བའོ། །དེ་ལ་མཚམས་ནི་གསུམ་སྟེ། འདི་ལྟར། འདུ་བྱེད་དང༌། རྣམ་པར་ཤེས་པའི་བར་ནི་མཚམས་དང་པོའོ། །ཚོར་བ་དང་སྲེད་པའི་བར་ནི་མཚམས་གཉིས་ པའོ། །སྲིད་པ་དང་སྐྱེ་བའི་བར་ནི་མཚམས་གསུམ་པའོ། །དེ་ལ་འདས་པའི་ལྡས་དང་ཉོན་མོངས་པ་ནི་ད་ལྟར་བྱི་རྣམ་པ་སྨིན་པའི་རྐྱེན་ཏེ་མཚམས་དང་པོའོ། །ད་ལྟར་གྱི་ལས་དང་ཉོན་མོངས་པ་ནི་ད་ལྟར་གྱི་རྣམས་པར་སྨིན་པའི་རྐྱེན་ཏེ་མཚམས་གཉིད་པའོ། །ད་ལྟར་གྱི་ལས་དང་ཉོན་མོངས་པ་ ནི་མ་འོངས་པའི་རྣམ་པར་སྨིན་པའི་རྐྱེན་ཏེ་མཚམས་གསུམ་པའོ། །ཡང་ན་དང་པོ་དང་གསུམ་པ་ནི་རྒྱུ་འབྲས་ཀྱི་མཚམས་སོ། །གཉིས་པ་ནི་འབྲས་བུའི་མཚམས་སོ། །སྲིད་པའི་མཚམས་ནི་མེད་དོ། །སྲིད་པའི་མཚམས་ཞེས་པར་དན་ཅི་ཞེ་ན། བརྗོད་པར་བྱ་སྟེ། ཤི་ནས་དེ་མ་ཐག་ཏུ་འཕོ་བ་ ༄༅། །མ་ཡིན་པའི་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ་ཡང་སྲིད་མངོན་པར་གྲུབ་པ་འདི་ནི་སྲིད་པའི་མཚམས་ཞེས་བརྗོད་དོ། །སྲིད་པའི་མཚམས་དེ་ཅི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་དེ་དག་མ་རིག་པར་གྱུར་པ་སྲེད་པ་དང་ལྡན་པ་བསོད་ནམས་དང་ སྡིག་པ་བསགས་པ་སྟེ། གང་གི་ཚེ་འདི་ཉིད་འཆི་བའི་མཐའ་ཅན་གྱི་ཚོར་བས་ཟིལ་གྱིས་མནན་ཅིང་འཆི་བ་ལ་ལྷག་པར་མ་ཉེ་བ་དེའི་ཚེ་འབྱུང་བར་འགྱུར་ཏེ། འདི་ལྟར། འཇིག་རྟེན་འདི་མི་མཐོང་ཞིང་རྨོངས་པས་དྲན་པ་མི་རྙེད་པར་གྱུར་བཞིན་པ་ན། ཚོར་བས་ནོན་ཅིང་དྲན་པ་དང་བློ་གྲོས་ཡོངས་སུ་ ཉམས། ལུས་ཀྱི་སྟོབས་དང་ནུས་པ་ཡོངས་སུ་ཉམས། དབང་པོ་རྣམས་ཉེ་བར་འགགས། ཏ་ལའི་ལ་མ་སྐམས་པ་བཞིན་དུ་ལུས་ཀྱི་མཐའ་གཉིས་ནས་སྲོག་གི་དབང་པོ་ཉེ་བར་སྐམས་པར་འགྱུར་རོ། །དེའི་ཚེ་དེའི་རྨི་ལམ་དུ་གྱུར་པ་བཞིན་དུ། ལས་ཀྱི་ཆོས་བཞི་ཉེ་བར་གནས་པར་འགྱུར་ ཏེ༑ འདི་ལྟར། ལས་དང༌། ལས་ཀྱི་མཚན་མ་དང༌། འགྲོ་བ་དང༌། འགྲོ་བའི་མཚན་མའོ། །དེ་ལ་ལས་ཞེས་བྱ་བ། །གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་བྱས་པ་དང༌། ལྕི་བ་འམ་ཡང་བའམ། ཉེ་བ་འམ་སྔོན་བྱས་སམ། ལས་དེ་རྣམས་ཉེ་བར་གནས་པར་འགྱུ་རོར། །ལས་ཀྱི་ མཚན་མ་ཞེས་པ་དངོས་པོ་གང་ལ་བརྟེན་ནས་ལས་བྱས་པར་གྱུར་པ། དེའི་དངོས་པོ་ཉེ་བར་གནས་པར་འགྱུར་རོ། །དེ་དེའི་ཚེ་ལས་བྱེད་པ་བཞིན་དུ་འབྱུང་ངོ༌། །འགྲོ་བ་ཞེས་པ་བསོད་ནམས་ཀྱི་ལས་བདེ་འགྲོར་ཉེ་བར་གནས་པ་དང༌། བསོད་ནམས་མ་ཡིན་པ་ལས་ངན་འགྲོའོ། །འགྲོ་བའི་ མཚན་མ་ཞེས་བྱ་བ་མངལ་དུ་སྐྱེ་བ་རྣམས་ནི་དུས་དང་ལྡན་ཞིང་ཁྲག་དང་ལྡན་པའི་མའི་ལྟོ་བར་ཉེ་བར་གནས་པར་འགྱུར་རོ། །རྫུས་ཏེ་སྐྱེ་བ་རྣམས་ནི་གང་དང་གང་དུ་སྐྱེ་བ་དེ་དང་དེའི་གོ་སྐབས་ཉེ་བར་གནས་པར་འགྱུར་ཏེ། གཞལ་ཡས་ཁང་ངམ། སེམས་ཅན་ནམ། ནགས་སམ། ཤིང་ངམ། འགྲོ་བ་དེ་དང་འདྲ་བ་དང་ལྡན་པའི་མཚན་མ་ཉེ་བར་གནས་པའི། །དེའི་ཚེ་དེ་རྣམས་སུ་བྱིན་པ་ལྟ་བུ་དང་བཞེངས་པ་དང་བསྡད་པ་དང་ཉལ་བ་ལྟ་བུ་དང༌། མཐོང་བ་བཞིན་དུ་དང༌། ལེན་པ་བཞིན་དུ་འབྱུང་ངོ༌། །དེའི་ཚེ་ལས་སམ་ལས་ཀྱི་མཚན་མ་དང༌། འགྲོ་བ་འམ་འགྲོ་བའི་མཚན་མ་ལ་དམིགས་ པ་བྱས་ཏེ་སྐྱེ་བར་འགྱུར་རོ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །མདོར་བསྡུས་བཞི་ནི་འདི་ལྟར། འདས་པའི་ལས་དང་ཉོན་མོངས་པས་བསྡུས་པ་དང༌། ད་ལྟར་གྱི་རྣམ་པར་སྨིན་པས་བསྡུས་པ་དང༌། ད་ལྟར་གྱི་ལས་དང་ཉོན་མོངས་པས་བསྡུས་པ་དང༌། མ་འོངས་པའི་རྣམ་པར་སྨིན་པས་ བསྡུས་པའོ། །དེ་ལ་མ་རིག་པ་དང་འདུ་བྱེད་ནི། འདས་པའི་ལས་དང་ཉོན་མོངས་པས་བསྡུས་པའོ། །རྣམ་པར་ཤེས་པ་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་རྣམས་ནི་ད་ལྟ་གྱི་རྣམ་པར་སྨིན་པས་བསྡུས་པའོ། །སྲེད་པ་དང་ལེན་པ་དང་སྲིད་པ་ནི་ད་ལྟར་གྱི་ལས་དང་ཉོན་ མོངས་པས་བསྡུས་པའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་རྣམ་པར་སྨིན་པས་བསྡུས་པའོ། །རྣམ་པ་ཉི་ཤུ་ནི་འདི་ལྟར། མ་རིག་པ་བཟུང་བས་འདས་པའི་སྲེད་པ་དང་ཉེ་བར་ལེན་པས་བཟུང་བ་ཡིན་ཏེ། ཉོན་མོངས་པའི་མཚན་ཉིད་དུ་མཚུངས་པས་སོ། །འདུ་བྱེད་གཟུང་བས་འདས་པའི་ སྲེད་པ་བཟུང་བ་ཡིན་ཏེ། ལས་ཀྱི་མཚན་ཉིད་ཡིན་པས་སོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང༌། ཚོར་བ་བཟུང་བས་ད་ལྟར་གྱི་སྐྱེ་བ་དང་རྒ་ཤི་བཟུང་བ་ཡིན་ཏེ། རྣམ་པར་སྨིན་པའི་མཚན་ཉིད་ཡིན་པས་སོ། །སྲེད་པ་དང་ཉེ་བར་ལེན་པ་བཟུང་བས་ད་ ལྟར་གྱི་མ་རིག་པ་བཟུང་བ་ཡིན་ཏེ། ཉོན་མོངས་པའི་མཚན་ཉིད་ཡིན་པས་སོ། །སྲིད་པ་བཟུང་བས་ད་ལྟར་གྱི་འདུ་བྱེད་བཟུང་བ་ཡིན་ཏེ། ལས་ཀྱི་མཚན་ཉིད་ཡིན་པས་སོ། །སྐྱེ་བ་དང་རྒ་ཤི་བཟུང་བས་མ་འོངས་པའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ བཟུང་བ་ཡིན་ཏེ། རྣམ་པར་སྨིན་པའི་མཚན་ཉིད་ཡིན་པས་སོ། །ཆོས་ཉི་ཤུ་བཞི་པོ་འདི་རྣམས་ཡོངས་སུ་རྫོགས་པ་བཟུང་བས་ཉི་ཤུར་འགྱུར་རོ། །འདི་ལྟ་སྟེ། ཆོས་མངོན་པ་ལས། སྔོན་གྱི་ལས་ཀྱི་སྲིད་པ་ལ་མ་རིག་པ་དང་འདུ་བྱེད་དང་སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་སྟེ་ཆོས་ལྔ་པོ་འདི་ནི། འདིར་ཉིང་མཚམས་སྦྱོར་བའི་རྐྱེན་ནོ། །འདིར་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་ཆོས་ལྔ་པོ་འདི་ནི། །འདིར་སྐྱེ་བའི་སྲིད་པ་ལ་སྔོན་བྱས་པའི་ལས་ནི་རྐྱེན་ནོ། །འདིར་སྐྱེ་མཆེད་ལ་སོགས་པ་རྣམས་ཡོངས་སུ་སྨིན་པས། མ་རིག་པ་དང་འདུ་བྱེད་ ༄༅། །དང་སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་སྟེ་ཆོས་ལྔ་པོ་འདི་ནི། འདིར་ལས་ཀྱི་སྲིད་པ་ལ་མ་འོངས་པའི་ཉིང་མཚམས་སྦྱོར་བའི་རྐྱེན་ནོ། །སླད་མའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང༌། ཚོར་བ་སྟེ་ཆོས་ལྔ་པོ་འདི་ནི། མ་འོངས་པར་སྐྱེ་བའི་ སྲིད་པ་ལ། འདིར་བྱས་པའི་ལས་ནི་རྐྱེན་ནོ། །བཞི་པ་ལྔ་ནི་རྣམ་པ་ཉི་ཤུ་ཡིན་ནོ། །འཁོར་ལོ་ཞེས་པ་ནི་མ་རིག་པའི་རྐྱེན་ལས་འདུ་བྱེད་ཞེས་པ་ནས་སྐྱེ་བའི་རྐྱེན་ལས་རྒ་ཤི་ཞེས་པའོ། །དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བ་ཉིད་དོ། །དེ་བཞིན་དུ་ཡང་མ་རིག་པའི་རྐྱེན་ལས་ འདུ་བྱེད་ཞེས་པ་ལ་སོགས་པའོ། །ཡང་དེ་བཞིན་དུ་སྟེ་རྟེན་འབྲེལ་གྱི་འཁོར་ལོའི་རིམ་པ་མཐའ་མེད་པའོ། །ཚུལ་ལུགས་ཞེས་པ་ནི་ཚུལ་གཉིས་ཏེ་འདི་ལྟར། མ་རིག་པ་ལ་སོགས་པའི་ཚུལ་དང༌། རྒ་ཤི་ལ་སོགས་པའི་ཚུལ་ལོ། །དེ་ལ་མ་རིག་པ་ལ་སོགས་པའི་ཚུལ་ནི། མ་རིག་པའི་རྐྱེན་ལས་ འདུ་བྱེད་དང༌། ཅི་སྲིད་དུ་རྒ་ཤི་མྱ་ངན་དང་སྨྲེ་སྔགས་འདོན་པ་སྡུག་བསྔལ་ཡིད་མི་བདེ་བ་འཁྲུག་པ་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ། །རྒ་ཤི་ལ་སོགས་པའི་ཚུལ་ནི། རྒ་ཤི་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་སྲིད་པ་འགག་ཅེས་པ་ནས་འདུ་བྱེད་འགགས་པས་མ་རིག་པ་ འགག་ཅེས་པའི་བར་དུའོ། །ཡང་ན་མ་རིག་པ་ལ་སོགས་པའི་ཚུལ་ནི། ཕྱི་མའི་མཐའ་ཡོངས་སུ་ཆད་པའི་སྒོ་སྟེ་མ་འོངས་པའི་ཆ་ཤས་ཤེས་པའི་ལམ་མོ། །རྒ་ཤི་ལ་སོགས་པའི་ཚུལ་ནི་སྔོན་གྱི་མཐའ་ཡོངས་སུ་ཆད་པའི་སྒོ་སྟེ་འདས་པའི་ཆ་ཤས་ཤེས་པའི་ལམ་མོ། །རྣམ་པར་དབྱེ་བ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་ནི། མ་རིག་པའི་རྐྱེན་ལ་འདུ་བྱེད་ནས་འདི་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་པའི་བར་དུའོ། །འཇིག་རྟེན་ལས་འདས་པ་ཡང་སྡུག་བསྔལ་དང༌། སྡུག་བསྔལ་གྱི་རྐྱེན་ལས་དད་པ་དང༌། དད་པའི་རྐྱེན་ལས་མཆོག་ཏུ་དགའ་བ་དང༌། མཆོག་ཏུ་དགའ་བའི་རྐྱེན་ལས་དགའ་བ་དང༌། དགའ་བའི་རྐྱེན་ལས་ཤིན་ཏུ་སྦྱངས་པ་དང༌། ཤིན་ཏུ་སྦྱངས་པའི་རྐྱེན་ལས་བདེ་བ་དང༌། བདེ་བའི་རྐྱེན་ལས་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱི་རྐྱེན་ལས་ཡང་དག་ པ་ཅི་ལྟ་བའི་ཡེ་ཤེས་མཐོང་བ་དང༌། ཡང་དག་པ་ཅི་ལྟ་བའི་ཡེ་ཤེས་མཐོང་བའི་རྐྱེན་ལས་ཡིད་འབྱུང་བ་དང༌། ཡིད་འབྱུང་བའི་རྐྱེན་ལས་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བའི་རྐྱེན་ལས་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་རྐྱེན་ལས་ཟད་པར་ཤེས་པའོ། །གཞན་ དག་ཏུ་ཡང་གསུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཞི་ནི་འདི་ལྟ་སྟེ། ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་དང༌། ས་བོན་གྱི་རྒྱུ་ལས་བྱུང་བ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བ་དང༌། ཐུན་མོང་གི་ལས་ཀྱི་རྒྱུ་ལས་བྱུང་བའོ། །དེ་ལ་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བ་ ནི༑ མ་རིག་པའི་རྐྱེན་ལས་འདུ་བྱེད་ནས་འདི་དག་འབའ་ཞིག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་པའི་བར་དུའོ། །ས་བོན་དང་མྱུ་གུ་ལ་སོགས་པའི་རྒྱུན་གྱི་ངོ་བོ། །མངོན་པར་འདུ་བྱེད་པ་ལས་བྱུང་བ་ན་སྤྲུལ་པའི་གཟུགས་ལ་སོགས་པའོ། །ཐུན་མོང་གི་ལས་ཀྱི་རྒྱུ་ལས་ བྱུང་བ་ནི་ས་དང་ཁ་བ་ཅན་དང་རྒྱ་མཚོ་དང་ཟླ་བ་དང་ཉི་མ་ལ་སོགས་པའོ། །བསྡུ་བ་ཞེས་པ་ནི་བསྡུ་བ་རྣམ་པ་བཞི་སྟེ་འདི་ལྟར། ཕུང་པོས་བསྡུས་པ་དང༌། སྐྱེ་མཆེད་ཀྱིས་བསྡུས་པ་དང༌། ཁམས་ཀྱིས་བསྡུས་པ་དང༌། བདེན་པས་བསྡུས་པའོ། །དེ་ལ་ཕུང་པོས་བསྡུས་པ་ནི་འདི་ལྟར། ཡན་ ལག་དྲུག་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ། །འདི་ལྟ་སྟེ། མ་རིག་པ་དང༌། འདུ་བྱེད་དང༌། རེག་པ་དང༌། སྲེད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པའོ། །མིང་དང་གཟུགས་ནི་ཕུང་པོ་ལྔས་བསྡུས་པའོ། །སྐྱེ་མཆེད་དྲུག་ ནི་གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་དག་གིས་བསྡུས་པའོ། །ཚོར་བའི་ཡན་ལག་ནི་ཚོར་བའི་ཕུང་པོས་བསྡུས་པའོ། །སྐྱེ་བ་དང་རྒ་ཤི་ནི་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་གིས་བསྡུས་པའོ། །སྐྱེ་མཆེད་ཀྱིས་བསྡུས་པ་ནི་འདི་ལྟར། ཡན་ལག་དགུ་ནི་ཆོས་ཀྱི་སྐྱེ་ མཆེད་ཀྱིས་བསྡུས་པའོ། །འདི་ལྟར། མ་རིག་པ་དང༌། འདུ་བྱེད་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །རྣམ་པར་ཤེས་པའི་ཡན་ལག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ། །མིང་དང་གཟུགས་ནི་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དང་ ༄༅། །ཕྱི་རོལ་གྱི་སྐྱེ་མཆེད་ལྔས་བསྡུས་པའོ། །སྐྱེ་མཆེད་དྲུག་ནི་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་དྲུག་གིས་བསྡུས་པའོ། །ཁམས་ཀྱིས་བསྡུས་པ་ནི་འདི་ལྟར། ཡན་ལག་དགུ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའོ། །འདི་ལྟར། མ་རིག་པ་དང༌། འདུ་བྱེད་དང༌། རིག་[*REG?] པ་དང༌། ཚོར་བ་དང༌། སྲད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །རྣམ་པར་ཤེས་པའི་ཡན་ལག་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པའོ། །མིང་དང་གཟུགས་ནི་ཁམས་བདུན་གྱིས་བསྡུས་པ་སྟེ། འདི་ལྟར། གཟུགས་ཀྱི་ཁམས་དང༌། སྒྲའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་དྲུག་ནི་ཁམས་བཅུ་གཉིས་ཀྱིས་བསྡུས་པའོ། །འདི་ལྟར། མིག་གི་ཁམས་ཀྱིས་དང༌། རྣ་བའི་ཁམས་ཀྱིས་དང༌། སྣའི་ཁམས་ཀྱིས་དང༌། ལྕེའི་ཁམས་ཀྱིས་དང༌། ལུས་ ཀྱི་ཁམས་ཀྱིས་དང༌། ཡིད་ཀྱི་ཁམས་ཀྱིས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱིས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་ཀྱིས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱིས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་དང༌། ཡིད་ ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་སོ། །བདེན་པས་བསྡུས་པ་ནི་འདི་ལྟར། ཡན་ལག་གསུམ་ནི་ཀུན་འབྱུང་གི་བདེན་པས་བསྡུས་པ་སྟེ། འདི་ལྟར། མ་རིག་པ་དང༌། སྲེད་པ་དང༌། ཉེ་བར་ལེན་པའོ། །ལྷག་མ་ཡན་ལག་དགུ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་སྟེ། འདི་ལྟར་འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །འཇིག་རྟེན་ལས་འདས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ། སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །ཡན་ལག་བཅུ་ནི་ལམ་གྱི་བདེན་ པས་བསྡུས་པ་སྟེ། འདི་ལྟར། དད་པ་དང༌། རབ་ཏུ་རངས་པ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བདེ་བ་དང༌། ཏིང་ངེ་འཛིན་དང༌། ཡང་དག་པ་ཅི་ལྟ་བའི་ཡེ་ཤེས་མཐོང་བ་དང༌། ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བའོ། །ཟད་པ་ཤེས་པ་ནི་འགོག་པའི་ བདེན་པས་བསྡུས་པའོ། །རྣམ་པ་དེ་ལྟར་བུ་རྣམས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་ཤེས་པ་སྐྱེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་ གནས་བརྟན་པའི་སྡེ་པའི་ཚུལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་བཞི་པའོ།། །།འཕགས་པའི་བདེན་པ་ལ་མཁས་པ་བརྗོད་པར་བྱ་སྟེ། དེ་ལྟར་ཡང༌། འཕགས་པའི་བདེན་པ་ནི་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང༌། ཀུན་འབྱུང་འཕགས་ པའི་བདེན་པ་དང༌། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། བརྗོད་པར་བྱ་སྟེ། སྐྱེ་བ་ཡང་སྡུག་བསྔལ། རྒས་པ་ཡང་སྡུག་བསྔལ། འཆི་བ་ཡང་སྡུག་བསྔལ། མྱ་ངན་ སྨྲེ་སྔགས་འདོན་པ་ཡང་སྡུག་བསྔལ། ཡིད་མི་བདེ་བ་འཁྲུག་པ་ཡང་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ། སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ལོ། །གང་འདོད་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མི་རྙེད་པ་དེ་ཡང་སྡུག་བསྔལ། མདོར་བསྡུས་པས་ཉེ་བར་ལེན་པའི་ ཕུང་པོ་ལྔ་སྡུག་བསྔལ་ལོ། །དེ་ལ་སྐྱེ་བ་ནི་སེམས་ཅན་གྱི་རིས་རྣམས་ཀྱི་ཕུང་པོ་སྔར་མེད་པ་བྱུང་བའོ། །དེ་ཡང་སྡུག་བསྔལ་ཐམས་ཅད་ཉེ་བར་སོགས་པར་བྱེད་པས་སྡུག་བསྔལ་ལོ། །རྒ་བ་ནི་སྐྱེས་པའི་ཁམས་རྣམས་ཡོངས་སུ་སྨིན་པའོ། །དེ་འང་དམིགས་པ་དང་ཁ་དོག་དང་ བྱ་བ་དང་དབང་པོ་དང་དྲན་པ་དང་བློ་གྲོས་རྣམས་ཉམས་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ། །འཆི་བ་ནི་འཚོ་བ་དང་བྲལ་བ་སྟེ། དེ་ནི་འཇིགས་པ་ཆེན་པོ་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ། །མྱ་ངན་ནི་སྡུག་བསྔལ་དུ་སོན་པའི་སེམས་ཡོངས་སུ་འཆང་བའོ། །དེ་ནི་ནང་དང་ཕྱི་རོལ་ སྲེད་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ། །སྨྲེ་སྔགས་འདོན་པ་ནི་སྡུག་བསྔལ་དུ་གྱུར་པའི་ངག་གིས་བརྗོད་པའོ། །དེ་དག་ནི་ཕྱི་ནང་སྲེག་པར་བྱེད་པའི་དོན་གྱིས་ན་སྡུག་བསྔལ་ལོ། །སྡུག་བསྔལ་ནི་ལུས་ཀྱི་སྟེ། དེ་ནི་ལུས་ཡོངས་སུ་མནར་བའི་དོན་གྱིས་སྡུག་བསྔལ་ལོ། །ཡིད་མི་བདེ་ ༄༅། །བ་ནི་སེམས་ཀྱི་སྡུག་བསྔལ་ཏེ། སེམས་ཡོངས་སུ་གཟིར་བར་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ། །འཁྲུག་ངལ་ནི་སྡུག་བསྔལ་དུ་འགྱུར་བའི་འཇིགས་པ་རྒྱས་པ་སྟེ། དེ་ནི་ཀུན་དུ་རྨོངས་པར་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་ནི་ མི་འདོད་པའི་སེམས་ཅན་གྱི་འདུ་བྱེད་དང་མཉམ་དུ་འཚོགས་པ་སྟེ། དེ་སྡུག་བསྔལ་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་ནི་འདོད་པའི་སེམས་པ་ཅན་གྱི་འདུ་བྱེད་དང་བྲལ་བ་སྟེ། མྱ་ངན་དང་སྨྲེ་སྔགས་འདོན་པར་བྱེད་པའི་དོན་གྱིས་སྡུག་བསྔལ་ལོ། །གང་འདོད་ པ་མ་རྙེད་པ་ཞེས་པ་ནི་མི་འདོད་པ་དང་བྲལ་བ་དང་འདོད་པ་དང་ཕྲད་པ་དོན་དུ་གཉེར་བར་བྱེད་པ་ན་དེ་དག་མ་རྙེད་པ་སྟེ། དེ་ཡང་བསམ་པ་ཉམས་པའི་དོན་གྱིས་སྡུག་བསྔལ་ལོ། །མདོར་བསྡུས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ སྡུག་བསྔལ་དང་མི་ལྡན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བསྡུས་ན་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་ལོ། །དེ་ལ་སྡུག་བསྔལ་རྣམ་པ་གཉིས་ནི་འདི་ལྟར། དངོས་པོ་སྡུག་བསྔལ་དང༌། རང་རྟགས་ཀྱི་སྡུག་བསྔལ་ལོ། །དེ་ལ་དངོས་པོ་ནི་སྐྱེ་ཡང་སྡུག་བསྔལ་ཞེས་པ་ནས་མདོར་ན་ཉེ་བར་ལེན་ པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་པའི་བར་དུའོ། །རང་རྟགས་ཀྱི་སྡུག་བསྔལ་ནི། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ནི་སྡུག་བསྔལ་ལོ་ཞེས་པའོ། །ཡང་སྡུག་བསྔལ་རྣམ་པ་གསུམ་ནི་འདི་ལྟར། སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཡོངས་སུ་འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དེ་ལ་ལུས་ཀྱི་དང་ངག་གི་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །ཟག་པ་དང་བཅས་པའི་བདེ་བ་མྱོང་བ་དེའི་དངོས་པོ་ཡོངས་སུ་འགྱུར་བ་ནི་ཡོངས་སུ་འགྱུར་བའི་སྡུག་བསྔལ་ལོ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ འདུ་བྱེད་ཀྱི་སྡུག་བསྔལ་ལོ། །འདིས་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། གང་སྲེད་པ་ཡང་སྲིད་པར་བྱེད་པ་དགའ་བའི་ཆགས་པ་དང་ལྡན་པ་དེ་དང་དེ་རུ་མངོན་པར་དགའ་བ་ཅན་ནོ། །དེ་དང་དེ་རུ་མངོན་པར་དགའ་ བ་ཅན་ནི། གང་དང་གང་དུ་བདག་གི་དངོས་པོ་མངོན་པར་འགྲུབ་པ་དེ་དང་དེ་རུ་མངོན་པར་དགའ་བའོ། །ཡང་གང་དང་གང་དུ་མཛའ་བའི་རང་བཞིན་ནམ་བདེ་བའི་ངོ་བོ་ཡོད་པ་དེ་དང་དེ་རུ་མངོན་པར་དགའ་བའོ། །དེའང་རྣམ་པ་གསུམ་སྟེ་འདི་ལྟར། འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། སྲིད་བྲལ་གྱི་སྲེད་པའོ། །དེ་ལ་སྲིད་པའི་སྲེད་པ་དང་སྲིད་བྲལ་གྱི་སྲེད་པ་དག་མ་གཏོགས་པ། སྲེད་པ་ཐམས་ཅད་ནི་འདོད་པའི་སྲེད་པའོ། །རྟག་པར་ལྟ་བ་དང་ལྡན་པའི་སྲེད་པ་ནི་སྲིད་པའི་སྲེད་པའོ། །ཆད་པར་ལྟ་བ་དང་ལྡན་པའི་སྲེད་པ་ནི་སྲིད་བྲལ་གྱི་སྲིད་པའོ། །འདི་ནི་སྡུག་བསྔལ་ ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། གང་སྲེད་པ་དེ་ཉིད་མ་ལུས་པར་འདོད་ཆགས་དང་བྲལ་བ་དང་འགགས་པ་དང་སྤངས་པ་དང་ངེས་པར་སྤངས་པ་དང༌། གྲོལ་བ་དང་གནས་མེད་པ་སྟེ། འདི་ནི་སྡུག་བསྔལ་འགོག་ པ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟར། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་ དང༑ ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་ལ་ཡང་དག་པའི་ལྟ་བ་ནི་བདེན་པ་བཞིའི་ཤེས་པའོ། །ཡང་དག་པའི་རྟོག་པ་ནི་དགེ་བ་ལ་ཀུན་དུ་རྟོག་པའོ། །ཡང་དག་པའི་ངག་ནི་གང་ངག་གི་ཉེས་པར་སྤྱོད་པ་ བཞི་ལས་ལྡོག་པའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་ལས་ལྡོག་པའོ། །ཡང་དག་པའི་འཚོ་བ་ནི་གང་ལོག་པའི་འཚོ་བ་ལས་ལྡོག་པའོ། །ཡང་དག་པའི་རྩོལ་བ་ནི་ཡང་དག་པའི་སྤོང་བ་རྣམ་པ་བཞིའོ། །ཡང་དག་པའི་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་ བཞིའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ། །ཡང༌། གང་དེ་དག་འཕགས་པའི་ལམ་བསྒོམས་པས་ལས་མྱ་ངན་ལས་འདས་པ་ཡེ་ཤེས་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །དེ་ཉིད་ཀྱི་ ༄༅། །ལོག་པའི་ངག་སྤངས་པ་ནི་ཡང་དག་པའི་ངག་གོ། །དེ་ཉིད་ཀྱི་ལོག་པའི་ལས་ཀྱི་མཐའ་སྤངས་པ་ནི་ཡང་དག་པའི་ལས་ཀྱི་མཐའོ། །དེ་ཉིད་ཀྱི་ལོག་པའི་འཚོ་བ་སྤངས་པ་ནི་ཡང་དག་པའི་འཚོ་བའོ། །དེ་ཉིད་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ། ། མྱ་ངན་ལས་འདས་པ་དེ་ཉིད་ལ་དྲན་པ་ནི་ཡང་དག་པའི་དྲན་པའོ། །མྱ་ངན་ལས་འདས་པ་དེ་ཉིད་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །ཡང་ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་སྟོབས་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་ནི་ཡང་དག་པའི་ལྟ་བའི་ནང་དུ་གཏོགས་པའོ། །བརྩོན་འགྲུས་ཀྱི་དབང་པོ་དང་བརྩོན་འགྲུས་ཀྱི་སྟོབས་དང་བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པ་དང་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་དང༌། ཡང་དག་པའི་སྤོང་བ་བཞི་ནི་ཡང་དག་པའི་རྩོལ་བའི་ནང་དུ་གཏོགས་པའོ། །དྲན་པའི་དབང་པོ་དང་དྲན་པའི་སྟོབས་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་དྲན་པ་ཉེ་བར་གཞག་པ་བཞི་ནི་ཡང་དག་པའི་དྲན་པའི་ནང་དུ་གཏོགས་པའོ། །ཏིང་ངེ་འཛིན་གྱི་དབང་པོ་དང་ ཏིང་ངེ་འཛིན་གྱི་སྟོབས་དང་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང༌། དད་པའི་དབང་པོ་དང་དད་པའི་སྟོབས་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་ནང་དུ་གཏོགས་ པའོ༑ །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ནང་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པར་འགྱུར་རོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བ་ལམ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །འདི་རྣམས་ནི་འཕགས་པའི་བདེན་པ་བཞི་རྣམས་སོ། །འདིར་སྨྲས་པ། འཕགས་པའི་བདེན་པ་བཞི་ཡིན་ཞིང་གསུམ་མ་ཡིན། ལྔ་མ་ཡིན་པ་ག་ལས་ཤེ་ན། དེ་ལ་བརྗོད་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་དང་རྒྱུ་བཞིའོ་འདི་ལྟ་སྟེ། སྡུག་བསྔལ་ནི་འཇིག་རྟེན་གྱི་འབྲས་བུའོ། །ཀུན་འབྱུང་འཇིག་རྟེན་གྱི་རྒྱུའོ། །འགོག་པ་ནི་འཇིག་རྟེན་ལས་འདས་པའི་ འབྲས་བུའོ། །ལམ་ནི་འཇིག་རྟེན་ལས་འདས་པའི་རྒྱུའོ། །དེས་ན་བཞིའོ། །ཡང་ན། ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་དུ་བྱ་བ་དང་བསྒོམ་པར་བྱ་བ་དང་བཞི་ཡིན་པས་བདེན་པ་བཞིའོ། །ཡང་ན་འཕགས་པའི་བདེན་པ་བཞི་པོ་དེ་རྣམས་ནི་རྣམ་པ་བཅུ་གཅིག་གིས་ཁྱད་པར་སོ་སོ་ ཤེས་པར་བྱའོ། །འདི་ལྟར། ཚིག་གི་དོན་དང༌། མཚན་ཉིད་དང༌། གོ་རིམས་དང༌། མདོར་བསྡུ་བ་དང༌། དཔེར་བྱ་བ་དང༌། རྣམ་པར་དབྱེ་བ་དང༌། བསྡོམ་པར་བྱ་བ་དང༌། གཅིག་ཉིད་དང༌། སྣ་ཚོགས་པ་ཉིད་དང༌། མཐར་ཆགས་ཀྱིས་སངས་རྒྱས་པར་བསྟན་པ་དང་བསྡུ་བའོ། །དེ་ལ་ཚིག་གི་དོན་ནི་ བཞི་ཞེས་པ་གྲངས་ནི་ཡོངས་སུ་ཆད་པའོ། །འཕགས་པའི་བདེན་པ་ཞེས་པ་ནི་འཕགས་པས་བསྟན་པའི་བདེན་པ་ཡིན་པས་སམ། དེ་དག་མངོན་དུ་བྱས་པ་ལ་འཕགས་པར་འགྱུར་བས་སོ། །དེ་བཞིན་ཉིད་ཀྱི་ལ་ཡང་དེ་བཞིན་ཉིད་རང་གི་མཚན་ཉི་ཀྱིས་མི་སླུ་བའི་དོན་གྱིས་ན་འཕགས་པའི་ བདེན་པའོ། །སྡུག་བསྔལ་ཞེས་པ་ནི་མནར་བའི་དོན་གྱིས་སོ། །ཀུན་འབྱུང་ཞེས་པ་ནི་བསྐྱེད་པའི་དོན་གྱིས་སོ། །འགོག་པ་ཞེས་པ་ནི་རྗེས་སུ་འགོག་པའི་དོན་གྱིས་སོ། །ལམ་ཞེས་པ་ནི་དམ་པའི་དོན་གོམས་པར་བྱེད་པས་སོ། །མཚན་ཉིད་ཞེས་པ་ནི་སྡུག་བསྔལ་ནི་ཉེས་པའི་མཚན་ཉིད་དང༌། ཀུན་ འབྱུང་ནི་རྒྱུའི་མཚན་ཉིད་དང༌། འགོག་པ་ནི་མི་སྐྱེ་བའི་མཚན་ཉིད་དང༌། ལམ་ནི་ཐབས་ཀྱི་མཚན་ཉིད་དོ། །ཡང་ན། སྡུག་བསྔལ་ནི་གཟིར་བའི་མཚན་ཉིད་དང༌། ཀུན་དུ་གདུང་བའི་མཚན་ཉིད་དང༌། འདུས་བྱས་ཀྱི་མཚན་ཉིད་དང༌། ཡོངས་སུ་འགྱུར་བའི་མཚན་ཉིད་དོ། །ཀུན་འབྱུང་ནི་འཕེན་པར་ བྱེད་པའི་མཚན་ཉིད་དང༌། བཞིའི་མཚན་ཉིད་དང༌། ཀུན་དུ་ཚོགས་པའི་མཚན་ཉིད་དང༌། ཡོངས་སུ་སྤགས་པའི་མཚན་ཉིད་དོ། །འགོག་པ་ནི་ངེས་པར་འབྱུང་བའི་མཚན་ཉིད་དང༌། དབེན་པའི་མཚན་ཉིད་དང༌། འདུས་མ་བྱས་ཀྱི་མཚན་ཉིད་དང༌། མི་འཆི་བའི་མཚན་ཉིད་དོ། །ལམ་ནི་ངེས་ པར་འབྱིན་པར་བྱེད་པའི་མཚན་ཉིད་དང༌། ཡང་དག་པར་ཐོབ་པར་བྱེད་པའི་མཚན་ཉིད་དང༌། མཐོང་བའི་མཚན་ཉིད་དང༌། ལྷག་པའི་བདག་པོའི་མཚན་ཉིད་དོ། །གོ་རིམས་ངེས་པ་ནི་རགས་པའི་དོན་གྱིས་དང༌། རྐྱེན་གྱི་དོན་གྱིས་དང་པོ་སྡུག་བསྔལ་བསྟན་ཏོ། །འདིས་ནི་སྡུག་བསྔལ་སྐྱེད་ ༄༅། །པར་བྱེད་པའོ་ཞེས་གཉིས་པ་ཀུན་འབྱུང་བསྟན་པའོ། །ཀུན་འབྱུང་འདི་འགགས་པས་སྡུག་བསྔལ་འདི་འགག་གོ་ཞེས་གསུམ་པ་འགོག་པའི་བདེན་པ་བསྟན་ཏོ། །འདི་ནི་ཀུན་འབྱུང་འགོག་པའི་ཐབས་སོ་ཞེས་བཞི་པ་ལམ་གྱི་བདེན་པ་བསྟན་ཏོ། །དཔེར་ན་ སྨན་པ་མཁས་པས་དང་པོ་ནད་ཤེས་པར་བྱེད། དེ་ནས་ནད་ཀྱི་རྒྱུ་ཡོངས་སུ་ཚོལ་བ་དང༌། དེ་ནས་ནད་བྱང་བ་དང་རྗེས་སུ་མཐུན་པའི་སྨན་སྟོན་པའོ། །དེ་ཁོ་ན་བཞིན་དུ་ཅི་ལྟར་ནད་དེ་ལྟར་སྡུག་བསྔལ་ལོ། །ཅི་ལྟར་ནད་ཀྱི་གཞི་དེ་བཞིན་དུ་ཀུན་འབྱུང་ངོ༌། །ཅི་ལྟར་ན་ནད་བྱང་བ་དེ་བཞིན་དུ་ འགོག་པའོ། །ཅི་ལྟར་སྨན་དེ་བཞིན་དུ་ལམ་དུ་བལྟ་བར་བྱའོ། །མདོར་བསྡུ་བ་ནི། འཇུག་པ་ནི་སྡུག་བསྔལ་ལོ། །འཇུག་པར་བྱེད་པ་ནི་ཀུན་འབྱུང་ངོ༌། །ལྡོག་པ་ནི་འགོག་པའོ། །ལྡོག་པར་བྱེད་པ་ནི་ལམ་མོ། །ཉོན་མོངས་པའི་དངོས་པོ་ནི་སྡུག་བསྔལ་ལོ། །ཉོན་མོངས་པ་ནི་ཀུན་ འབྱུང་ངོ༌། །ཉོན་མོངས་པ་སྤངས་པ་ནི་འགོག་པའོ། །ཉོན་མོངས་པ་སྤོང་བའི་ཐབས་ནི་ལམ་མོ། །སྡུག་བསྔལ་རྣམ་པར་བཞག་པ་ནི་འཇིག་ཚོགས་ལ་ལྟ་བ་ཡང་དག་པར་འཇོམས་པའི་སྒོའོ། །ཀུན་འབྱུང་རྣམ་པར་བཞག་པ་ནི་ཆད་པའི་ལྟ་བ་ཡང་དག་པར་འཇོམས་པའི་སྒོའོ། །འགོག་པ་ རྣམ་པར་བཞག་པ་ནི་སྡུག་བསྔལ་ཐམས་ཅད་ཡང་དག་པར་འཇོམས་པའི་སྒོའོ། །ལམ་རྣམ་པར་བཞག་པ་ནི་བྱ་བ་མ་ཡིན་པའི་ལྟ་བ་ཡང་དག་པར་འཇོམས་པའི་སྒོའོ། །དཔེར་བྱ་བ་ནི། དཔེར་ན་དུག་གི་སྡོང་པོ་བཞིན་དུ་སྡུག་བསྔལ་བལྟ་བར་བྱའོ། །དཔེར་ན་ས་བོན་བཞིན་དུ་ཀུན་ འབྱུང་ངོ༌། །དཔེར་ན་ས་བོན་བསྲེགས་པ་བཞིན་དུ་འགོག་པའོ། །དཔེར་ན་མེ་བཞིན་དུ་ལམ་དུ་བལྟ་བར་བྱའོ། །དཔེར་ན་ཚུ་རོལ་དུ་དོགས་པ་དང་བཅས་པ་དང་འཇིགས་པ་དང་བཅས་པ་བཞིན་དུ་སྡུག་བསྔལ་བལྟ་བར་བྱའོ། །དཔེར་ན་ཆུ་བོ་བཞིན་དུ་ཀུན་འབྱུང་ངོ༌། །དཔེར་ན་ཕ་རོལ་ འགྲམ་ན་འཇིགས་པ་མེད་པ་བཞིན་དུ་འགོག་པའོ། །དཔེར་ན་གྲུ་བཞིན་དུ་ལམ་དུ་ལྟའོ། །དཔེར་ན་ཁུར་ཁུར་བ་བཞིན་དུ་སྡུག་བསྔལ་བལྟ་བར་བྱའོ། །དཔེར་ན་ཁུར་ལེན་པ་བཞིན་དུ་ཀུན་འབྱུང་ངོ༌། །དཔེར་ན་ཁུར་བོར་བ་བཞིན་དུ་འགོག་པའོ། །དཔེར་ན་ཁུར་བོར་བའི་ཐབས་བཞིན་དུ་ལམ་བལྟ་ བར་བྱའོ། །རྣམ་པར་དབྱེ་བ་ཞེས་པ་ནི་བདེན་པ་ནི་རྣམ་པ་བཞི་སྟེ། འདི་ལྟར་ངག་བདེན་པ་དང༌། སོ་སོར་བདེན་པ་དང༌། དོན་དམ་པའི་བདེན་པ་དང༌། འཕགས་པའི་བདེན་པའོ། །དེ་ལ་བདེན་པ་ཁོ་ན་སྨྲ་ཞིང་མི་བདེན་པ་ནི་མ་ཡིན་ནོ་ཞེས་པ་ནི་ངག་བདེན་པའོ། །ལྟ་བར་སོང་བ་ནི་སོ་སོར་བདེན་པའོ། ། དེ་ནི་དགེ་སློང་གང་བརྫུན་དང་རྨོངས་པའི་ཆོས་དེ་དག་ནི་མི་བདེན་པའོ། །གང་རྨོངས་པ་མེད་པའི་ཆོས་དེ་ནི་མྱ་ངན་ལས་འདས་པ་ཞེས་པ་ནི་དོན་དམ་པའི་བདེན་པའོ། །འཕགས་པ་རྣམས་ཀྱི་བསྒོམ་པར་བྱ་བ་ཡིན་པས་ཞེས་པ་ནི་འཕགས་པའི་བདེན་པའོ། །འདིར་ནི་འཕགས་པའི་བདེན་པ་ལ་ མངོན་པར་འདོད་པའོ། །བསྡོམ་པར་བྱ་བ་ནི་སྲིད་པ་མ་གཏོགས་པའོ། །འདོད་པ་གཟུགས་དང་གཟུགས་མེད་པའི་ས་གསུམ་གྱི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་ཆོས་རྣམས་ནི་སྡུག་བསྔལ་བདེན་པའོ། །སྲེད་པ་ནི་ཀུན་འབྱུང་བདེན་པའོ། །སྲེད་པ་སྤངས་པ་ནི་འགོག་པའི་བདེན་པའོ། ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་གྱི་བདེན་པའོ། །ཚུལ་གཞན་ཡང༌། སྲེད་པ་དང་ལྷག་མའི་ཉོན་མོངས་པ་ནི་མ་གཏོགས་ཏེ། འདོད་པ་ལ་སོགས་པའི་ས་གསུམ་གྱི་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ནི་སྡུག་བསྔལ་བདེན་པའོ། །སྲེད་པ་དང་ལྷག་མ་ཉོན་མོངས་པ་ ནི་ཀུན་འབྱུང་བདེན་པའོ། །སྲེད་པ་དང་ལྷག་མ་ཉོན་མོངས་པ་དག་སྤངས་པ་ནི་འགོག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་གྱི་བདེན་པའོ། །ཡང་ཚུལ་གཞན། སྲེད་པ་དང་[?] ལྷག་མའི་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་མ་གཏོགས་ཏེ། ས་གསུམ་གྱི་དགེ་བ་དང་ལུང་དུ་མ་ བསྟན་པའི་ཆོས་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་ནི་ཀུན་འབྱུང་བདེན་པའོ། །སྲེད་པ་ལ་སོགས་པ་རྣམས་སྤངས་པ་ནི་འགོག་པའོ། །ལམ་གྱི་བདེན་པ་དེ་ཉིད་དོ། །ཚུལ་གཞན། སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ ཐམས་ཅད་དང་ས་གསུམ་གྱི་དགེ་བ་རྣམས་མ་གཏོགས་ཏེ། ས་གསུམ་གྱི་ལུང་མ་བསྟན་གྱི་ཆོས་ནི་སྡུག་བསྔལ་གྱི་བདེན་པའོ། །སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་དང་ས་གསུམ་གྱི་དགེ་བ་ནི་ཀུན་འབྱུང་ངོ༌། །སྲེད་པ་ལ་སོགས་པ་སྤངས་པ་ནི་འགོག་པའི་བདེན་པའོ། །ལམ་ ༄༅། །གྱི་བདེན་པ་ནི་དེ་ཉིད་དོ། །དེ་ལ་སྲིད་པའི་རོ་མྱོང་བ་དོན་དུ་གཉེར་བ་གཙོ་བོར་གྱུར་པའི་དོན་གྱིས་སྲེད་པ་ནི་ཀུན་འབྱུང་ངོ༌། །སྲིད་པར་ཀུན་དུ་སྦྱོར་བ་གཙོ་བོར་གྱུར་པའི་དོན་གྱིས་ལྷག་མ་ཉོན་མོངས་པ་ནི་ཀུན་འབྱུང་ངོ༌། །སྤང་བར་བྱ་བའི་དོན་གྱིས་དང་སྲིད་པ་ཀུན་དུ་སྦྱོར་བའི་ དོན་གྱིས་མི་དགེ་བ་ཐམས་ཅད་ནི་ཀུན་འབྱུང་ངོ༌། །སྲིད་པ་སྐྱེད་པའི་དོན་གྱིས་ས་གསུམ་གྱི་དགེ་བའི་ཆོས་རྣམས་ཀུན་འབྱུང་ངོ༌། །དེས་ན་སྲེད་པ་དང་ལྷག་མ་ཉོན་མོངས་པ་དང་མི་དགེ་བ་ཐམས་ཅད་དང་ས་གསུམ་གྱི་དགེ་བ་རྣམས་ནི་སྡུག་བསྔལ་གྱི་བདེན་པར་འགྱུར་ཏེ། མནར་བ་དང་ཀུན་དུ་ གདུང་བ་དང་འདུས་བྱས་དང་ཡོངས་སུ་འགྱུར་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྲེད་པ་ལ་སོགས་པ་དེ་ཉིད་ཀུན་འབྱུང་གི་བདེན་པར་འགྱུར་ཏེ། སྡུད་པར་བྱེད་པ་དང་ལེན་པ་དང་སྤགས་པ་ཀུན་དུ་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཅིག་པ་ཉིད་ནི། འཕགས་པའི་བདེན་པ་བཞི་ནི་ རྣམ་པ་བཞིས་གཅིག་པ་ཉིད་དེ། འདི་ལྟར་བདེན་པའི་དོན་གྱིས་དང༌། དེ་བཞིན་གྱི་དོན་གྱིས་དང༌། ཆོས་ཀྱི་དོན་གྱིས་དང༌། རིགས་པའི་དོན་གྱིས་སོ། །སྣ་ཚོགས་པ་ཉིད་ནི། །བདེན་པ་གཉིས་ནི་འཇིག་རྟེན་པ་དང༌། ཟག་པ་དང་བཅས་པ་དང༌། ཀུན་དུ་སྦྱར་བ་དང༌། མདུད་པར་བྱ་བ་དང༌། རྒྱུན་ རྒྱུ་བ་དང༌། སྦྱོར་བར་བྱ་བ་དང༌། སྒྲིབ་པར་བྱ་བ་དང༌། མཆོག་ཏུ་སྤྱོད་པ་དང༌། ཉེ་བར་ལེན་པ་དང༌། ཉོན་མོངས་པ་ཅན་ཏེ། འདི་ལྟར། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པའོ། །བདེན་པ་གཉིས་ནི་འཇིག་རྟེན་ལས་འདས་པ་དང༌། ཟག་པ་མེད་པ་དང༌། ཀུན་དུ་སྦྱོར་བ་མ་ཡིན་པ་དང༌། བཅིང་བར་བྱ་བ་མ་ཡིན་པ་དང༌། རྒྱུན་རྒྱུ་བ་མ་ཡིན་པ་དང༌། སྦྱོར་བར་བྱ་བ་མ་ཡིན་པ་དང༌། བསྒྲིབ་པར་བྱ་བ་མ་ཡིན་པ་དང༌། མཆོག་ཏུ་སྤྱོད་བྱ་མ་ཡིན་པ་དང༌། ཉེ་བར་ལེན་པ་མ་ཡིན་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་སྟེ་འདི་ལྟར། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པའོ། ། བདེན་པ་གསུམ་ནི་འདུས་བྱས་སོ། །འགོག་པ་ནི་འདུས་མ་བྱས་སོ། །བདེན་པ་གསུམ་ནི་གཟུགས་ཅན་མ་ཡིན་པ་དང༌། སྡུག་བསྔལ་གྱི་བདེན་པ་ནི་གཟུགས་དང་གཟུགས་མ་ཡིན་པའོ། །ཀུན་འབྱུང་གི་བདེན་པ་ནི་མི་དགེ་བའོ། །དགེ་བ་ནི་ལམ་གྱི་བདེན་པའོ། །ལུང་དུ་མ་བསྟན་པ་ནི་ འགོག་པའི་བདེན་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་ཤེས་པར་བྱ་བ་དང༌། ཀུན་འབྱུང་སྤང་བར་བྱ་བ་དང་འགོག་པ་མངོན་དུ་བྱ་བ་དང༌། ལམ་བསྒོམ་པར་བྱ་བའོ། །མཐར་ཆགས་ཀྱིས་རྒྱས་པར་བཤད་པ་ནི། །རྣམ་པ་གཅིག་གིས་ནི་ རྣམ་པར་ཤེས་པ་དང་ལྡན་པའི་ལུས་ནི་སྡུག་བསྔལ་ལོ། །ངའོ་སྙམ་པའི་ང་རྒྱལ་ནི་ཀུན་འབྱུང་ངོ༌། །ངའོ་སྙམ་པའི་ང་རྒྱལ་སྤངས་པ་ན་འགོག་པའོ། །ལུས་སུ་གཏོགས་པ་དྲན་པ་ནི་ལམ་མོ། །རྣམ་པ་གཉིས་ཀྱིས་ནི། མིང་དང་གཟུགས་དག་ནི་སྡུག་བསྔལ་ལོ། །མ་རིག་པ་དང་སྲེད་པ་ནི་ཀུན་ འབྱུང་ངོ༌། །དེ་དག་སྤངས་པ་ནི་འགོག་པའོ། །ཞི་གནས་དང་ལྷག་མཐོང་ནི་ལམ་མོ། །རྣམ་པ་གསུམ་གྱིས་ནི་སྡུག་བསྔལ་གསུམ་ནི་སྡུག་བསྔལ་བདེན་པའོ། །མི་དགེ་བའི་རྩ་བ་གསུམ་ནི་ཀུན་འབྱུང་བདེན་པའོ། །དེ་རྣམས་སྤངས་པ་ནི་འགོག་པའོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་ རབ་ནི་ལམ་མོ། །རྣམ་པ་བཞིས་ནི། བདག་གི་ངོ་བོའི་དངོས་པོ་བཞི་ནི་སྡུག་བསྔལ་ཏེ། འདི་ལྟར། སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་ལོ། །ཕྱིན་ཅི་ལོག་བཞི་ནི་ཀུན་འབྱུང་ངོ༌། །དེ་རྣམས་སྤངས་པ་ནི་འགོག་པའོ། །དྲན་པ་ ཉེ་བར་གཞག་པ་བཞི་ནི་ལམ་མོ། །རྣམ་པ་ལྔས་ནི། འགྲོ་བ་ལྔ་ནི་སྡུག་བསྔལ་ལོ། །སྒྲིབ་པ་ལྔ་ནི་ཀུན་འབྱུང་ངོ༌། །དེ་རྣམས་སྤངས་པ་ནི་འགོག་པའོ། །དབང་པོ་ལྔ་ནི་ལམ་མོ། །རྣམ་པ་དྲུག་གིས་ནི། རེག་པའི་སྐྱེ་མཆེད་དྲུག་ནི་སྡུག་བསྔལ་ལོ། །འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའོ། །སྲེད་པའི་ཚོགས་ནི་ཀུན་འབྱུང་ངོ༌། །གཟུགས་ཀྱི་སྲེད་པ་དང༌། སྒྲའི་སྲེད་པ་དང༌། དྲིའི་སྲེད་པ་དང༌། རོའི་སྲེད་པ་དང༌། རེག་བྱའི་སྲེད་པ་དང༌། ཆོས་ཀྱི་ སྲེད་པའོ། །དེ་རྣམས་སྤངས་པ་ནི་འགོག་པའོ། །ཀུན་དུ་ཆགས་པར་བྱ་བའི་ཆོས་དྲུག་ནི་ལམ་མོ། །དེ་ལ་ཀུན་དུ་ཆགས་བྱའི་ཆོས་དྲུག་ནི་འདི་ལྟར། ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་འདི་ནི་ཀུན་དུ་ཆགས་པར་བྱ་བའི་ཆོས་དང་པོའོ། །དེ་བཞིན་དུ་ཕྱི་རོལ་ལམ། དེ་ཁོ་ན་བཞིན་དུ་ཕྱི་ནང་ ༄༅། །དམ༑ ཀུན་དུ་སྐྱེ་བ་ལ་རྗེས་སུ་ལྟ་བའམ་ཆོས་ལ་ཆོས་དང་མཐུན་པར་ལྟ་ཞིང་གནས་པའོ། །དེ་བཞིན་དུ་འགག་པའི་ཆོས་ལ་རྗེས་སུ་ལྟ་བའམ། དེ་བཞིན་དུ་སྐྱེ་བ་དང་འགག་པ་ལ་རྗེས་སུ་ལྟ་ཞིང་གནས་པ་ནི་ཀུན་དུ་ཆགས་པར་བྱ་བའི་ཆོས་དྲུག་པའོ། །རྣམ་པ་གསུམ་གྱིས་ ནི༑ རྣམ་པར་ཤེས་པའི་གནས་པ་བདུན་ནི་སྡུག་བསྔལ་ལོ། །སེམས་ཅན་ལུས་ཐ་དད་པ་འདུ་ཤེས་ཐ་དད་པ་ཡོད་དོ་ཞེས་པ་ནི་རྣམ་པར་ཤེས་པའི་གནས་པ་དང་པོའོ། །སེམས་ཅན་ལུས་ཐ་དད་ལ་འདུ་ཤེས་གཅིག་པ་ཉིད་ཡོད་དོ་ཞེས་པ་འདི་ནི་གཉིས་པའོ། །སེམས་ཅན་ལུས་གཅིག་ཉིད་ ཡིན་ལ་འདུ་ཤེས་ཐ་དད་པ་ཡོད་པ་འདི་ནི་གསུམ་པའོ། །སེམས་ཅན་ལུས་གཅིག་ལ་འདུ་ཤེས་གཅིག་པ་ཡོད་དོ་ཞེས་པ་ནི་བཞི་པའོ། །གཟུགས་མེད་པ་རུ་ནམ་མཁའི་འདུ་ཤེས་འདི་ནི་ལྔ་པའོ། །རྣམ་ཤེས་ཀྱི་འདུ་ཤེས་འདི་ནི་དྲུག་པའོ། །ཅི་ཡང་མེད་པའི་འདུ་ཤེས་ནི་བདུན་པའོ། །བག་ ལ་ཉལ་བདུན་ནི་ཀུན་འབྱུང་སྟེ། འདི་ལྟར། འདོད་པའི་འདོད་ཆགས་བག་ལ་ཉལ་དང༌། ཁོང་ཁྲོ་བག་ལ་ཉལ་དང༌། ང་རྒྱལ་བག་ལ་ཉལ་དང༌། ལྟ་བ་བག་ལ་ཉལ་དང༌། ཐེ་ཚོམ་བག་ལ་ཉལ་དང༌། སྲིད་པའི་ཆགས་པ་བག་ལ་ཉལ་དང༌། མ་རིག་པ་བག་ལ་ཉལ་ལོ། །དེ་དག་སྤངས་པ་ནི་འགོག་ པའོ། །བྱང་ཆུབ་ཡན་ལག་བདུན་ནི་ལམ་མོ། །རྣམ་པ་བརྒྱད་ཀྱིས་ན། འཇིག་རྟེན་ཆོས་བརྒྱད་ནི་སྡུག་བསྔལ་ལོ། །ལོག་པ་བརྒྱད་ནི་ཀུན་འབྱུང་ངོ༌། །འདི་ལྟར། ལོག་པའི་ལྟ་བ་དང༌། ལོག་པའི་རྟོག་པ་དང༌། ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་དང༌། ལོག་པའི་འཚོ་བ་དང༌། ལོག་ པའི་རྩོལ་བ་དང༌། ལོག་པའི་དྲན་པ་དང༌། ལོག་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་སྤངས་པ་ནི་འགོག་པའོ། །ཡང་དག་པ་བརྒྱད་ནི་ལམ་མོ། །འདི་ལྟར། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་ འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །རྣམ་པ་དགུ་ནི། སེམས་ཅན་གྱི་གནས་དགུ་ནི་སྡུག་བསྔལ་ལོ། །འདི་ལྟར། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་ནི། འདི་ལྟར་མི་རྣམས་དང་ལྷ་ཁ་ཅིག་གོ། །འདི་ནི་སེམས་ཅན་གྱི་གནས་དང་ པོའོ༑ །ལུས་གཅིག་ལ་འདུ་ཤེས་ཐ་དད་པ་ནི་འདི་ལྟར། ཚངས་རིས་ཀྱི་ལྷ་དང་པོར་བྱུང་བ་རྣམས་སོ། །འདི་ནི་གཉིས་པའོ། །ལུས་ཐ་དད་པ་འདུ་ཤེས་གཅིག་པ་ནི་འདི་ལྟར་འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་གསུམ་པའོ། །ལུས་གཅིག་ལ་འདུ་ཤེས་གཅིག་ནི་འདི་ལྟར་དགེ་རྒྱས་ཀྱི་ ལྷ་རྣམས་སོ། །འདི་ནི་བཞི་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། འདུ་ཤེས་མེད་པའི་སེམས་ཅན་ཏེ། སེམས་ཅན་གྱི་གནས་དགུའོ། །སྲེད་པའི་ རྩ་བ་ཅན་གྱི་ཆོས་དགུ་ནི་ཀུན་འབྱུང་སྟེ། འདི་ལྟར། དེ་དག་སྤངས་པ་ནི་འགོག་པའོ། །ཚུལ་བཞིན་ཡིད་ལ་བྱེད་པའི་རྩ་བ་ཅན་གྱི་ཆོས་དགུ་ནི་ལམ་སྟེ། འདི་ལྟར། རྣམ་པ་བཅུས་ནི། ཕྱོགས་བཅུའི་འདུ་བྱེད་རྣམས་ནི་སྡུག་བསྔལ་ལོ། །ཀུན་དུ་སྦྱོར་བ་བཅུ་ནི་ཀུན་འབྱུང་སྟེ། འདི་ལྟར། འདོད་པའི་ཆགས་པ་ཀུན་དུ་སྦྱོར་བ་དང༌། ཁོང་ཁྲོ་བ་ཀུན་དུ་སྦྱོར་བ་དང༌། ང་རྒྱལ་ཀུན་དུ་སྦྱོར་བ་དང༌། ལྟ་བ་ཀུན་དུ་སྦྱོར་བ་དང༌། ཐེ་ཚོམ་ཀུན་དུ་སྦྱོར་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཀུན་དུ་སྦྱོར་བ་དང༌། སྲིད་པའི་ཆགས་པ་ཀུན་དུ་སྦྱོར་བ་དང༌། ཕྲག་དོག་ ཀུན་དུ་སྦྱོར་བ་དང༌། སེར་སྣ་ཀུན་དུ་སྦྱོར་བ་དང༌། མ་རིག་པ་ཀུན་དུ་སྦྱོར་བའོ། །དེ་དག་སྤངས་པ་ནི་འགོག་པའོ། །འདུ་ཤེས་བཅུ་ནི་ལམ་མོ། །འདི་ལྟར། མི་རྟག་པའི་འདུ་ཤེས་དང༌། དོན་མེད་པའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། སྐྱོན་དང་བཅས་པའི་འདུ་ཤེས་དང༌། སྲོག་ ཆགས་ཀྱི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་དགའ་བ་མ་ཡིན་པའི་འདུ་ཤེས་དང༌། འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། དབུགས་ཕྱི་ནང་དུ་རྒྱུ་བའི་འདུ་ཤེས་དང་བཅུའོ། ། ཅི་ལྟར་བསྡུ་ཞེ་ན། བསྡུ་བ་རྣམ་པ་གསུམ་སྟེ། ཕུང་པོར་བསྡུ་བ་དང༌། སྐྱེ་མཆེད་དུ་བསྡུ་བ་དང༌། ཁམས་སུ་བསྡུ་བའོ། །དེ་ལ་སྡུག་བསྔལ་བདེན་པ་ནི་ཕུང་པོ་ལྔས་བསྡུས་པའོ། །ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའོ། །འགོག་པའི་བདེན་པ་ནི་ཕུང་ ༄༅། །པོས་བསྡུས་པ་མ་ཡིན་པའོ། །སྡུག་བསྔལ་གྱི་བདེན་པ་ནི་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའོ། །བདེན་པ་གསུམ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ། །སྡུག་བསྔལ་གྱི་བདེན་པ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་པ་ཉིད་དོ། །བདེན་པ་གསུམ་ནི་ཆོས་ཀྱིས་ བསྡུས་པའོ། །གང་དེ་རྣམས་ཀྱིས་འཕགས་པའི་བདེན་པ་ལ་མཁས་པའི་ཤེས་པ་སྐྱེས་པ་ནི་འཕགས་པའི་བདེན་པ་ལ་མཁས་པ་ཞེས་བརྗོད་དོ། །འབྲས་བུ་སྙོམས་པར་འཇུག་པ་བརྗོད་པར་བྱ་སྟེ། མཚན་མའི་འདུ་བྱེད་ཐམས་ཅད་ལས་འདས་ཏེ། མྱ་ངན་ལས་འདས་པ་དམིགས་པར་ བྱས་ནས་རིགས་སྤྱོད་ཡེ་ཤེས་སྐྱེའོ། །དེ་ལ་དོན་གང་གིས་རིགས་སྤྱོད་ཅེ་ན། བརྗོད་པར་བྱ་སྟེ། སོ་སོ་སྐྱེ་བོའི་ཆོས་རྣམས་ཟིལ་གྱིས་གནོན་པས་རིགས་སྤྱོད་དོ། །རིགས་ནི་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པ་སྟེ། དེ་དག་ཟ་བར་བྱེད་པས་རིགས་སྤྱོད་དོ། །ཆོས་མངོན་པ་ལས་གསུངས་པ། སྐྱེ་ བ་རྣམས་ཟིལ་གྱིས་གནོན་པ་འདི་ནི་རིགས་སྤྱོད་དོ། །མི་སྐྱེ་བ་ཟ་བ་འདི་ནི་རིགས་ཟའོ། །མཚན་མར་འཇུག་པ་རྣམས་ཟིལ་གྱིས་གནོན་པ་འདི་ནི་རིགས་ཟའོ། །མཚན་མར་འཇུག་པ་མ་ཡིན་པ་བགྲོད་པ་འདི་ནི་རིགས་ཟའོ། །དང་པོ་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་དང་ལྡང་འཇུག་གི་ཤེས་རབ་ནི་ རིགས་སྤྱོད་ཡེ་ཤེས་སོ། །རིགས་ཟ་ཡེ་ཤེས་དེས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམས་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འཁོར་དང་བཅས་པ་ཐམས་ཅད་དང་ལྷན་ཅིག་ཏུ་རྒྱུན་དུ་ཞུགས་པའི་ལམ་ཤེས་པར་སྐྱེའོ། །དེའི་ཚེ་དེས་སྲིད་ པའི་མཐར་ཐུག་པ་འདུས་མ་བྱས་འཆི་མེད་ཀྱི་བདུད་རྩིའི་དབྱིངས་སུ་མཐོང་ངོ༌། །མཐོང་བའི་སྐད་ཅིག་དེ་ལ་ཡེ་ཤེས་འདིས་སྔོན་མ་ཡིན་ཅིང་ཕྱིས་མ་ཡིན་པ་བདེན་པ་བཞི་མངོན་དུ་རྟོགས་སོ། །འདི་ལྟ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པའི་མངོན་པར་རྟོགས་པ་དང༌། ཀུན་འབྱུང་སྤངས་པའི་ མངོན་པར་རྟོགས་པ་དང༌། འགོག་པ་མངོན་དུ་བྱས་པའི་མངོན་པར་རྟོགས་པ་དང༌། ལམ་བསྒོམས་པའི་མངོན་པར་རྟོགས་པའོ། །འདིར་གྲུ་དཔེར་བསྟན་པ་ནི། འདི་ལྟར། ཆུ་ལ་གྲུ་བསྐྱོད་པའི་སྐད་ཅིག་ལ་སྔོན་མ་ཡིན་ཕྱིས་མ་ཡིན་པའི་བྱ་བ་བཞི་བྱེད་དེ། འདི་ལྟར། ཚུ་རོལ་གྱི་འགྲམ་ འདོར་བ་དང༌། ཆུའོ་གཅོད་པ་དང༌། ཕ་རོལ་འགྲམ་ཐོབ་པ་དང༌། སྣོད་རྣམས་བསྒྲོད་པའོ། །དེ་བཞིན་དུ་གྲངས་བཞིན་དུ། སྡུག་བསྔལ་ཡོངས་སུ་ཤེས་པའི་མངོན་རྟོགས་དང༌། ཀུན་འབྱུང་སྤངས་པའི་མངོན་རྟོགས་དང༌། འགོག་པ་མངོན་དུ་བྱས་པའི་མངོན་རྟོགས་དང༌། ལམ་བསྒོམས་ པའི་མངོན་རྟོགས་སོ། །ཡང་སྒྲོན་མེའི་དཔེ་བསྟན་ཏེ་འདི་ལྟར། སྒྲོན་མེ་བྱུང་བའི་སྐད་ཅིག་ལ་ལྷན་ཅིག་ཏུ་སྔོན་མིན་གྱི་བྱ་བ་བཞི་བྱེད་དེ་འདི་ལྟར། སྡོང་བུ་སྲེག་པ་དང༌། མུན་པ་སེལ་བ་དང༌། སྣུམ་ཟད་པ་དང༌། སྣང་བ་སྟོན་པའོ། །དེ་ལྟར་གྲངས་བཞིན་དུ་སྡུག་བསྔལ་ལ་སོགས་པའི་ བདེན་པ་རྣམས་ཀྱིས་ངས་སུ་ཤེས་པའི་མངོན་པར་རྟོགས་པ་ལ་སོགས་པ་བཞིའོ། །ཡང་ཉི་མའི་དཔེ་བསྟན་ཏེ། འདི་ལྟར། ཉི་མ་ཤར་བའི་སྐད་ཅིག་དུ་སྔོན་མིན་ཕྱིས་མིན་གྱི་བྱ་བ་བཞི་བྱེད་དེ། འདི་ལྟར། གཟུགས་སུ་རྟོགས་པ་རྣམས་སྟོན་པ་དང༌། མུན་པའི་རྣམ་པ་འཇོམས་པ་དང༌། བསིལ་བ་འགོག་པར་བྱེད་པ་དང༌། སྣང་བ་སྟོན་པར་བྱེད་པའོ། །དེ་བཞིན་དུ་གྲངས་བཞིན་དུ་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམས་ཀྱི་ཡོངས་སུ་ཤེས་པའི་མངོན་པར་རྟོགས་པ་ལ་སོགས་པ་བཞིའོ། །དེ་ལ་བདེན་པ་མངོན་པར་རྟོགས་པ་འདི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། འཕགས་ པའི་བདེན་པ་བཞི་པོ་རྣམས་སྐད་ཅིག་ལ་མཉམ་དུ་རྟོགས་པ་དེ་ནི་བདེན་པ་མངོན་པར་རྟོགས་པ་ཞེས་བརྗོད་དོ། །དེའི་དུས་སུ་ལམ་དེ་དང་ལྡན་པ་ལ། བདག་པོའི་དོན་གྱིས་དབང་པོ་རྣམས་ཡང་དག་པར་ངེས་པར་ཉེ་བར་ལྡན་པར་འགྱུར་རོ། །མི་སྐྱོད་པའི་དོན་གྱིས་སྟོབས་དང༌། །ངེས་པར་ འབྱིན་པའི་དོན་གྱིས་བྱང་ཆུབ་ཡན་ལག་དང༌། རྒྱུའི་དོན་གྱིས་ལམ་གྱི་ཡན་ལག་དང༌། ཉེ་བར་གནས་པའི་དོན་གྱིས་དྲན་པ་ཉེ་བར་གཞག་པ་དང༌། གཙོ་བོས་དོན་གྱིས་ཡང་དག་པའི་སྤོང་བ་དང༌། འབྱོར་བའི་དོན་གྱིས་རྫུ་འཕྲུལ་རྐང་པ་དང༌། དེ་ལྟ་བུའི་དོན་གྱིས་བདེན་པ་དང༌། གཡེང་བ་མེད་པའི་ དོན་གྱིས་ཞི་གནས་དང༌། རྗེས་སུ་མཐོང་བའི་དོན་གྱིས་ལྷག་མཐོང་དང༌། དེ་དག་ལས་མི་འདའ་བས་ཟུང་དུ་འཇུག་པའོ། །སྡོམ་པ་ཡིན་པའི་དོན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་དང༌། མི་གཡེང་བའི་དོན་གྱིས་སེམས་རྣམ་པར་དག་པ་དང༌། མཐོང་བའི་དོན་གྱིས་ལྟ་བ་རྣམ་པར་དག་པ་དང༌། ༄༅། །གྲོལ་བའི་དོན་གྱིས་རྣམ་པར་ཐར་པ་དང༌། མངོན་དུ་བྱེད་པའི་དོན་གྱིས་རེག་པ་དང༌། ཡོངས་སུ་བཏང་བའི་དོན་གྱིས་དམ་པར་གྲོལ་བ་དང༌། ཀུན་དུ་ཆུད་པའི་དོན་གྱིས་ཟད་པ་ཤེས་པ་དང༌། རྩ་བ་ཡིན་པའི་དོན་གྱིས་འདུན་པ་དང༌། ཀུན་ནས་ལྡང་བའི་དོན་གྱིས་ཡིད་ ལ་བྱེད་པ་དང༌། ཡང་དག་པར་ཕྲད་པའི་དོན་གྱིས་རེག་པ་དང༌། ཡང་དག་པར་གཞོལ་བའི་དོན་གྱིས་ཚོར་བ་དང༌། མངོན་དུ་ཕྱོགས་པའི་དོན་གྱིས་ཏིང་ངེ་འཛིན་དང༌། བདག་པའི་དོན་གྱིས་དྲན་པ་དང༌། བར་མེད་པའི་དོན་གྱིས་ཤེས་རབ་དང༌། མཐར་ཕྱིན་པའི་དོན་གྱིས་བདུད་རྩིར་ཞུགས་པའོ། ། འགོག་པ་དང་མྱ་ངན་ལས་འདས་པ་ཡང་དག་པར་ངེས་པ་ཞེས་པར་ལྡན་པར་འགྱུར་རོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན། ཀུན་དུ་སྦྱོང་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། འདི་ལྟར། འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ པའོ། །དེ་དང་གཅིག་ཏུ་གནས་པའི་ཉོན་མོངས་པའོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། འདིར་ཐོས་པ་དང་མི་ལྡན་པའི་སོ་སོ་སྐྱེ་བོས། གཟུགས་ནི་བདག་དུ་ཡང་དག་པར་རྗེས་སུ་ལྟ་བ་དང༌། བདག་ནི་གཟུགས་དང་ལྡན་པ་དང༌། གཟུགས་ལ་བདག་ཡོད་པའོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ནི་བདག་དུ་ཡང་དག་པར་རྗེས་སུ་ལྟ་བ་དང༌། བདག་ནི་རྣམ་པར་ཤེས་པ་དང་ལྡན་པ་དང༌། བདག་ལ་རྣམ་པར་ཤེས་པ་ཡོད་པ་དང༌། རྣམ་པར་ཤེས་པ་ལ་བདག་ཡོད་པ་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བརྗོད་དོ། །དེ་ འདིས་སྤོང་བར་བྱེད་དོ། །དེ་སྤངས་པ་ལས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བར་གཏོགས་པ་དྲུག་ཅུ་རྩ་གཉིས་སྤོང་བར་འགྱུར་རོ། །སྡུག་བསྔལ་ལམ་ཀུན་འབྱུང་ངམ་འགོག་པ་འམ་ལམ་མམ་སངས་རྒྱས་སམ་ཆོས་སམ། དགེ་འདུན་ནམ་སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་རྐྱེན་ འདི་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ལ་ཐེ་ཚོམ་ཟ་བ་སྟེ། མཐའ་གཅིག་ཏུ་མ་ངེས་པའོ། །འདི་ནི་ཐེ་ཚོམ་ཞེས་བརྗོད་དེ། འདི་ཡང་སྤོང་བར་འགྱུར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉིད་དོ། །འདི་ལྟར། སྲེད་པ་དང་ལྡན་པར་གྱུར་པ་དང༌། རྨོངས་པ་དང་ལྡན་པར་གྱུར་ པའོ༑ །དེ་ལ་བདག་གིས་ཚུལ་ཁྲིམས་སམ་བརྟུལ་ཞུགས་སམ་དཀའ་ཐུབ་བམ་ཚངས་པར་སྤྱོད་བས་ལྷ་གཞན་གང་ཡང་རུང་བར་འགྱུར་བར་བྱའོ་ཞེས་པ་འདི་ནི་སྲེད་པ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །འདི་ལས་ཕྱི་རོལ་དུ་གྱུར་པ་ནི། དགེ་སྦྱོང་དམ་བྲམ་ཟེ་ རྣམས་ཀྱིས། ཚུལ་ཁྲིམས་ཀྱི་དག་པའམ། བརྟུལ་ཞུགས་ཀྱི་དག་པའམ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་དག་པའོ་ཞེས་གང་དེ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་འདིས་སྤོང་བར་འགྱུར་རོ། །ངན་སོང་དུ་ འགྲོ་བར་འགྱུར་བའི་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་ནི་དེ་དང་གཅིག་ཏུ་གནས་པའི་ཉོན་མོངས་པ་ཞེས་བརྗོད་དོ། །དེ་འདིས་སྤོང་བར་འགྱུར་རོ། །དེ་འདི་སྲིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཆེད་དུ་ཞུགས་པ་ཡིན་གྱི། དེ་སྲིད་དུ་རྒྱུན་དུ་ཞུགས་པ་ནི་མ་ཡིན་ནོ། ། ཆེད་དུ་ཞུགས་པའི་སའམ། བརྒྱད་པའི་སའམ། མཐོང་བའི་སའམ། ངེས་པར་གྱུར་པའམ་གཉི་ག་ལ་ལྡང་ཞིང་འཇུག་པའི་ཤེས་རབ་བམ་རྒྱུན་དུ་ཞུགས་པའི་ལམ་ཤེས་པ་སྟེ། དེ་རྣམས་ནི་མིང་གི་རྣམ་གྲངས་ཀྱི་ཚིག་གོ། །རྒྱུན་དུ་ཞུགས་པའི་ལམ་གྱི་དེ་མ་ཐག་ཏུ་ལམ་དང་མཚུངས་པའི་ ཆོས་དང་མི་ལྡན་པར་འདུས་མ་བྱས་ལ་དམིགས་པ་བྱས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་སྐྱེ་བར་འགྱུར་ཏེ། འབྲས་བུ་སེམས་གཉིས་སམ་གསུམ་མམ་བར་མེད་པར་འཇུག་པའི་ཕྱིར་དང༌། ཀུན་དུ་སྦྱོར་བ་གསུམ་རྣམས་སྤངས་པའི་ཕྱིར་རོ། །དེ་ནས་བར་མེད་པར་སྲིད་པའི་ཡན་ལག་ཏུ་ འཕོའོ། །སྲིད་པའི་ཡན་ལག་ལས་ལངས་ཏེ་ལམ་ལ་སོ་སོར་རྟོག་གོ། །འབྲས་བུ་ལ་སོ་སོར་རྟོག་པར་བྱེད་དོ། །མྱ་ངན་ལས་འདས་པ་ལ་སོ་སོར་རྟོག་གོ། །སྤངས་པའི་ཉོན་མོངས་པ་ལ་སོ་སོར་རྟོག་གོ། །ལྷག་མའི་ཉོན་མོངས་པ་ལ་སོ་སོར་རྟོག་གོ། །དེ་ལ་ནི་རྒྱུན་དུ་ཞུགས་པ་ཞེས་བརྗོད་དོ། ། ངན་འགྲོ་མེད་པའི་ཆོས་དང༌། རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ་དང༌། མངོན་པར་རྟོགས་པ་དང་ལྡན་པའི་འབྲས་བུ་འོངས་པ་དང༌། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་དང༌། ཞལ་ལས་སྐྱེས་པ་དང༌། ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པ་དང༌། ཆོས་ཀྱི་བགོ་སྐལ་ལ་དབང་བ་དང༌། ཟང་ ༄༅། །ཟིང་གི་བགོ་སྐལ་ལ་མི་དབང་བ་དང༌། དེ་ལ་ནི་ལྟ་བ་ཕུན་སུམ་ཚོགས་པ་ཞེས་ཀྱང་བྱའོ། །མཐོང་བ་ལ་ཡང་དག་པར་ཞུགས་པ་ཡང་ངོ༌། །ཆོས་འདི་ཆུབ་པ་དང་ཆོས་ཀྱི་མཐོང་བ་དང༌། སློབ་པའི་ཡེ་ཤེས་དང་ཡང་དག་པར་ལྡན་པ་ཞེས་ཀྱང་ངོ༌། །སློབ་པའི་རིག་པ་དང་ཡང་ དག་པར་ལྡན་པ་ཞེས་ཀྱང་ངོ༌། །ཆོས་ཀྱི་སྲོལ་དུ་ཡང་དག་པར་ཞུགས་པ་དང༌། འཕགས་པ་དང༌། ངེས་པར་འབྱེད་པ་དང༌། ཤེས་རབ་དང༌། བདུད་རྩིའི་སྒོ་ཀུན་དུ་བསྒྲུབས་ཏེ་གནས་པ་དང༌། དེས་ན་བརྗོད་པར་བྱ་སྟེ། རང་ཉིད་ས་སྟེང་རྒྱལ་པོའམ། །བདེ་འགྲོར་བདག་ཉིད་བགྲོད་ཕྱིར་རམ། ། འཇིག་རྟེན་ཀུན་གྱི་བདག་པོའི་ཕྱིར། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཅེས་སོ། །ས་དེ་ལ་གནས་པ་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར། གོང་མ་ལ་མངོན་པར་སྒྲུབ་པར་བྱེད། སྐྱེ་བ་དང་འགག་པ་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་ལྟའོ། ། ཅི་ལྟར་མཐོང་བའི་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་རྣམས་ཡང་དག་པར་བླངས་པ་དང༌། དེ་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་ལམ་རྣམས་སྒོམ་པར་བྱེད་དོ། །དེ་ལྟར་ཆེད་དུ་ཞུགས་པ་དེའི་འདོད་པ་རགས་པ་འདོད་ཆགས་དང༌། གནོད་སེམས་དང་དེ་དང་ལྷན་ཅིག་པའི་ཉོན་མོངས་པ་ རྣམས་སྤོང་བར་འགྱུར་རོ། །ལམ་གྱི་དེ་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །ས་དེ་ལ་གནས་ཏེ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་གོང་མ་ལ་མངོན་པར་སྒྲུབ་པར་བྱེད་དོ། །སྐྱེ་འགག་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་ལྟའོ། ། ཅི་ལྟར་མཐོང་བའི་དབང་པོ་དང་སྟོབས་དང་བྱང་ཆུབ་ཡན་ལག་རྣམས་ཡང་དག་པར་བླངས་ཏེ། དེ་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་ལམ་རྣམས་སྒོམ་པར་བྱེད་དོ། །འདོད་པའི་ཕྲ་མོ་དང་ལྡན་པའི་འདོད་ཆགས་དང་གནོད་སེམས་དང༌། དེ་དང་གཅིག་ཏུ་གནས་པའི་ཉོན་མོངས་པ་རྣམས་ སྤོང་བར་འགྱུར་རོ། །དེ་ནས་ལམ་དེའི་དེ་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །ས་དེ་ལ་གནས་པ་དེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་གོང་མ་ལས་མངོན་པར་སྒྲུབ་པར་བྱེད་དོ། །སྐྱེ་འགག་ལ་རྗེས་སུ་ལྟ་བ་དང་པོར་བྱས་ཏེ། བསྟན་པའི་ཚུལ་བཞིན་དུ་རྣམ་པར་ལྟའོ།། ཅི་ལྟར་མཐོང་བའི་དབང་པོ་དང་སྟོབས་དང་བྱང་ཆུབ་ཡན་ལག་དང༌། དེ་བཞིན་དུ་བདེན་པ་མངོན་པར་རྟོགས་པ་རྣམས་ཡང་དག་པར་བླངས་ཏེ་ལམ་སྒོམ་པར་བྱེད་དོ། །དེ་ལྟར་ཆེད་དུ་ཞུགས་པ་དེའི་གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་དང༌། ང་རྒྱལ་དང་རྒོད་པ་དང༌། མ་ རིག་པ་དང༌། ལྷག་མའི་ཉོན་མོངས་པ་རྣམས་ལྷག་མ་མ་ལུས་པར་སྤངས་ཏེ། དེ་ནས་ལམ་དེའི་དེ་མ་ཐག་ཏུ་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ། །ལམ་དེ་ལ་སོ་སོར་རྟོག་གོ། །འབྲས་བུ་དང་མྱ་ངན་ལས་འདས་པ་སྤངས་པའི་ཉོན་མོངས་པ་རྣམས་ལ་སོ་སོར་རྟོག་གོ། །དེ་ནི་དགེ་སློང་དགྲ་ བཅོམ་པ་ཟག་པ་ཟད་པ་ཚངས་སྤྱོད་དུ་གནས་པ་བྱེད་པ་བྱས་པ་ཁུར་བོར་བ་བདག་གི་དོན་རྗེས་སུ་ཐོབ་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡན་ལག་ལྔ་རབ་ཏུ་སྤངས་པ། ཡན་ལག་དྲུག་དང་ཡང་དག་པར་ལྡན་པ། གཅིག་ཀུན་ཏུ་ སྲུང་བ། རྟེན་ཐ་མ་ལ་སོ་སོར་བདེན་པ་རབ་ཏུ་སྤངས་པ་འདོད་ཚོ་ལ་ལ་ཡང་དག་པར་ཀུན་དུ་དོར་བ། ཀུན་དུ་རྟོག་པའི་རྙོག་པ་མེད་པ། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཚངས་པར་སྤྱོད་པ་གཅིག་ཏུ་གནས་པ་དང་ལྡན་པ། སྐྱེས་བུ་མཆོག་ཐོབ་པ་དམ་པ་ཐོབ་པར་གྱུར་པའོ། །དེ་ནི་ཡོངས་སུ་འཁྲུག་པ་སྤངས་པ་དང༌། དཔའ་ཀློང་འཁྲུགས་པ་ལ་ཡང་དག་པར་རྒལ་བ་དང༌། བག་ཆ་བས་ཚོལ་བ་མེད་པ། སྒོ་གཏན་མེད་པ། འཕགས་པའི་རྒྱལ་མཚན་བསྒྲེངས་པ། ལོ་འདབ་ཀྱི་ཁུར་དང་མི་ལྡན་པ། བྲམ་ཟེ་དག་བྱེད། རིག་བྱེད་པ་གཙང་མ་མཆོད་འོས་རྒལ་པ་དུལ་བ། གྲོལ་བ། ཞི་བ་ཞོས་[?] ཀྱང་བྱའོ། །དེ་ལ་གང་གི་ཚེ་ཡང་རྒྱུན་དུ་ཞུགས་པ་དེའི་རིགས་ཀྱིས། གོང་མ་ལ་འབད་པ་བྱེད་པར་མི་འགྱུར་བ། དེ་ནི་རྣམ་པ་གསུམ་གྱི་མཐའ་རྗེས་སུ་ཐོབ་པོ། དེ་ལྟར་ཡང༌། རྒྱུན་དུ་ཞུགས་པ་ནི་གསུམ་ཡིན་ཏེ། འདི་ལྟར། དབང་པོ་རྟུལ་པོ། །དེ་ལྟར་ཐོགས་ན་ལན་བདུན་པར་འགྱུར་བ་དང༌། དབང་པོ་འབྲིང༌། རིགས་ནས་རིགས་སུ་འགྱུར་བ་དང༌། དབང་པོ་རྣོན་པོ། བར་ཆད་གཅིག་བུ་པར་འགྱུར་བའོ། །ཡང་གང་གི་ཚེ་ལན་ཅིག་ཕྱིར་འོང་བ་དེའི་རིགས་ཀྱིས་གོང་མ་ལ་འབད་པར་བྱེད་པར་མི་འགྱུར་ན། འདི་ ༄༅། །ནས་འཕོས་ཏེ། མིའི་ནང་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །ཡང་གང་གི་ཚེ་ཕྱིར་མི་འོང་བ་དེའི་རིགས་ཀྱིས་གོང་མ་ལ་འབད་པར་བྱེད་པར་མི་འགྱུར་ན། འདི་ནས་འཕོས་ན་ས་གཙང་མའི་གནས་སུ་སྐྱེ་བར་འགྱུར་ཏེ། དེ་དེར་དབང་ པོའི་བྱེ་བྲག་གིས་མཐར་ཐུག་པ་རྗེས་སུ་ཐོབ་པ་རྣམ་པ་ལྔར་འགྱུར་རོ། །ཕྱིར་མི་འོང་བ་ལྔ་ནི་འདི་ལྟར། བར་དོར་མྱ་ངན་ལས་འདས་པ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་དང༌། འདུ་བྱེད་དང་བཅས་པར་ཡོངས་སུ་མྱ་ངན་ ལས་འདས་པ་དང༌། གོང་དུ་འཕོ་བ་སྟེ་འོག་མིན་དུ་འགྲོ་བའོ། །ཕྱིར་མི་འོང་བ་ལྔ་པོ་འདི་ནི། མི་ཆེ་བ་ལ་སོགས་པའི་ས་གཞི་ལ་ལྔ་ལྔ་སྟེ་ཉི་ཤུའོ། །འོག་མིན་དུ་གོང་དུ་འཕོ་བ་མེད་པས་ཕྱིར་མི་འོང་བ་བཞིའོ། །དེས་ན་ཕྱིར་མི་འོང་བ་ཉི་ཤུ་ཉེར་བཞིར་འགྱུར་རོ། །དགྲ་བཅོམ་པ་ནི། ཉོན་མོངས་པ་ ཐམས་ཅད་མ་ལུས་པ་ཡང་དག་པར་བཅད་པའི་ཕྱིར། ཡང་སྲིད་མེད་པ་ཉིད་དེ་རྒྱུ་མེད་པའི་ཕྱིར་རོ། །དགྲ་བཅོམ་པ་ནི་ཚེའི་དུས་ཅི་སྲིད་པར་གནས་ཤིང༌། ཚེའི་འདུ་བྱེད་ཡོངས་སུ་ཟད་ནས་འདི་ཉིད་སྡུག་བསྔལ་འགགས་ཏེ། གཞན་དུ་སྐྱེ་བ་མེད་དོ། །འདི་ཉིད་ལ་སྡུག་བསྔལ་གྱི་མཐའ་ཞེས་བྱའོ། ། དེས་ན་བརྗོད་དེ། རིགས་ཀྱི་ཚོར་བས་འབར་བ་ཡི། །ལྕགས་ཀྱི་གོང་བུ་ཉམས་པ་ཉིད། །རིམ་གྱིས་ཉེ་བར་ཞི་འགྱུར་གྱི། །འགྲོ་བ་ཤེས་པར་བྱ་མིན་ལྟར། །དེ་བཞིན་འདོད་པའི་འདམ་ཀླུང་ལ། །བགལ་ཞིང་ཡང་དག་རྣམ་གྲོལ་གྱི། །མི་གཡོ་གོ་འཕང་ཐོབ་རྣམས་ཀྱིས། །གཤེགས་པ་གདུགས་སུ་ ངེས་པར་མེད། །དེའི་ཕྱིར། འཕགས་པའི་ས་ལ་གཉིས་ཏེ། དེ་ལ་མཐོང་བའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་མོ། །ལྷག་མ་ལམ་གསུམ་དང་དགེ་སྦྱོང་གི་འབྲས་བུ་བཞིན་ནི་བསྒོམ་པའི་ལམ་མོ། །དེ་ལ་ལམ་གསུམ་ནི། འདི་ལྟར། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་དང༌། ཕྱིར་མི་ འོང་བའི་འབྲས་བུའི་ལམ་དང༌། དགྲ་བཅོམ་པའི་འབྲས་བུའི་ལམ་མོ། །དགེ་སྦྱོང་གི་འབྲས་བུ་བཞི་ནི་འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །དེ་ལ་སྔོན་མ་མཐོང་བའི་བདེན་པ་མཐོང་བ་མཐོང་ བའི་ས་དང༌། ཅི་ལྟར་མཐོང་བ་དེ་ལྟར་བསྒོམས་པས་བསྒོམ་པའི་སའོ། །ཡང་ས་གཉིས་ཏེ་འདི་ལྟར། སློབ་པའི་ས་དང༌། མི་སློབ་པའི་སའོ། །དེ་ལ་ལམ་བཞི་དང་དགེ་སྦྱོང་གི་འབྲས་བུ་གསུམ་ནི་སློབ་པའི་སའོ། །དེ་ལ་ལམ་བཞི་ནི་འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་དང༌། ཕྱིར་མི་འོང་བའི་འབྲས་བུའི་ལམ་དང༌། དགྲ་བཅོམ་པའི་འབྲས་བུའི་ལམ་མོ། །དགེ་སྦྱོང་གི་འབྲས་བུ་གསུམ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའོ། །དགྲ་བཅོམ་པའི་འབྲས་བུ་ནི་མི་ སློབ་པའི་སའོ། །འཇིག་རྟེན་ལས་འདས་པའི་དབང་པོ་གསུམ་ནི་འདི་ལྟར། མི་ཤེས་པ་ཀུན་ཤེས་པར་འགྱུར་བའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་ཉིད་ཀྱི་དབང་པོའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་ཤེས་པ་ནི། སྔོན་མ་ཤེས་པའི་ཆོས་ཤེས་པས་མི་ ཤེས་པ་ཀུན་ཤེས་པའི་དབང་པོའོ། །ལམ་གསུམ་གྱི་ཡེ་ཤེས་དང༌། དགེ་སྦྱོང་གི་འབྲས་བུ་གསུམ་གྱི་ཡེ་ཤེས་ནི་ཀུན་ཤེས་པའི་དབང་པོ་སྟེ། ཤེས་པའི་ཆོས་རྣམས་ཤེས་པའི་ཕྱིར་རོ། །དགྲ་བཅོམ་པའི་ཡེ་ཤེས་ནི། ཆོས་རྣམས་ལྷག་མ་མེད་པར་ཤེས་པས་ཀུན་ཤེས་པ་ཉིད་ཀྱི་དབང་པོའོ། ། རྣམ་པར་གྲོལ་བ་ནི་གསུམ་སྟེ། འདི་ལྟར། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང༌། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་དང༌། སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །དེ་ལ་ལམ་དང་ཡང་དག་པར་ལྡན་པའི་ཤེས་པས་མཚན་མར་མི་བྱེད་པས་མཚན་མར་མི་བྱེད་པ་ནི་མཚན་མ་མེད་པའི་རྣམ་ པར་ཐར་པའི་སྒོའོ། །སྨོན་པ་མི་བྱེད་པ་ནི་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོའོ། །མངོན་པར་ཞེན་པ་མི་བྱེད་པ་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །རྣམ་པར་ཐར་པའི་དང་རྣམ་པར་ཐར་པའི་སྒོ་དག་ཐ་དད་པའི་རྒྱུ་ཅི་ཞེ་ན། བརྗོད་པར་བྱ་སྟེ། ལམ་ཤེས་པ་དེ་ཉིད་ཉོན་མོངས་པ་ལས་རྣམ་ པར་གྲོལ་བ་ནི་རྣམ་པར་ཐར་པའོ། །ཡེ་ཤེས་དེ་ཉིད་བདུད་རྩིའི་སྒོར་གྱུར་པའི་དོན་གྱིས་རྣམ་པར་ཐར་པའི་སྒོའོ། །ལམ་གསུམ་གྱིས་ཉོན་མོངས་པ་ཉི་ཤུ་སྤོང་བར་འགྱུར་ཏེ། འདི་ལྟར། མི་དགེ་བའི་རྩ་བ་དང༌། འདོད་ཚོལ་དང༌། ཟག་པ་དང༌། མདུད་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་ ༄༅། །བར་ལེན་པ་དང༌། འགྲོ་བ་མ་ཡིན་པར་བགྲོད་པ་དང༌། སེར་སྣ་དང༌། སྒྲིབ་པ་དང༌། རྩོད་པའི་གཞི་དང༌། བག་ལ་ཉལ་དང༌། འཇིག་རྟེན་གྱི་ཆོས་དང༌། ང་རྒྱལ་དང༌། ཉོན་མོངས་པའི་དངོས་པོ་དང༌། མི་དགེ་བ་དང༌། ཀུན་དུ་སྦྱོར་བ་དང༌། ལོག་པ་ཉིད་དང༌། ཕྱིན་ཅི་ ལོག་དང༌། མི་དགེ་བར་སེམས་བསྐྱེད་པའོ། །དེ་ལ་མི་དགེ་བའི་རྩ་བ་ལ་གསུམ་ནི་འདི་ལྟར། ཆགས་པ་དང༌། ཞེ་སྡང་དང༌། རྨོངས་པའོ། །འདི་རྣམས་ལ་གང་ཞེ་སྡང་ནི་ལམ་གཉིས་ཀྱིས་སྲབ་པར་བྱས་ཏེ། ཕྱིར་མི་འོང་བའི་ལམ་གྱིས་ལྷག་མ་མེད་པའི་སྤོང་བར་འགྱུར་རོ། །ཆགས་ པ་དང་གཏི་མུག་ནི་ལམ་གསུམ་གྱིས་སྲབ་པར་བྱས་ཏེ། དགྲ་བཅོམ་པའི་ལམ་གྱིས་ལྷག་མ་མེད་པར་སྤོང་བར་འགྱུར་རོ། །འདོད་ཚོལ་ལ་གསུམ་སྟེ་འདི་ལྟར། འདོད་པའི་ཚོལ་བ་དང༌། སྲིད་པའི་ཚོལ་བ་དང༌། ཚངས་པར་སྤྱོད་པའི་ཚོལ་བའོ། །དེ་ལ་ཚངས་པར་སྤྱོད་པའི་ཚོལ་བ་ནི། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་ལྷག་མ་མེད་པར་སྤོང་ངོ༌། །འདོད་པའི་ཚོལ་བ་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །སྲིད་པའི་ཚོལ་བ་ནི་དགྲ་བཅོམ་པའི་ལམ་གྱིས་སོ། །ཟག་པ་ལ་བཞི་སྟེ། འདི་ལྟར། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། ལྟ་བའི་ཟག་པ་དང༌། མ་རིག་པའི་ ཟག་པའོ། །དེ་ལ་ལྟ་བའི་ཟག་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་སྤོང་ངོ༌། །འདོད་པའི་ཟག་པ་ནི། ཕྱིར་མི་འོང་བའི་ལམ་གྱིས་སོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ནི་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ༌། །མདུད་པ་ནི་བཞི་སྟེ་འདི་ལྟར། བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་ དང༑ གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང༌། འདི་ནི་བདེན་ཞེས་མངོན་པར་ཞེན་པའི་ཚོགས་ཀྱི་མདུད་པའོ། །འདི་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་ འདི་ནི་བདེན་པ་ཞེས་མངོན་པར་ཞེན་པའི་ཚོགས་ཀྱི་མདུད་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་སྤོང་ངོ༌། །གནོད་སེམས་ཚོགས་ཀྱི་མདུད་པ་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །བརྣབ་སེམས་ཚོགས་ཀྱི་མདུད་པ་ནི་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ༌། །ཆུ་བོ་ལ་བཞི་ནི་འདི་ལྟར། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོའོ། །སྦྱོར་བ་ལ་བཞི་ནི། འདི་ལྟར་འདོད་པའི་སྦྱོར་བ་དང༌། སྲིད་པའི་སྦྱོར་བ་དང༌། ལྟ་བའི་སྦྱོར་བ་དང༌། མ་རིག་པའི་སྦྱོར་བའོ། །འདི་རྣམས་ནི་ཟག་པ་བཞི་བཞིན་དུ་སྤོང་བའོ། །ཉེ་བར་ལེན་པ་བཞིན་ནི་འདི་ལྟར། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །འདི་རྣམས་ལ་ཉེ་བར་ལེན་པ་གཉིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་སྤོང་བའོ། །འདོད་པའི་ཉེ་བར་ལེན་པ་ནི་ཕྱིར་མི་འོང་བའི་ ལམ་གྱིས་སོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ནི་དགྲ་བཅོམ་པའི་ལམ་གྱིས་སོ། །འགྲོ་བ་མ་ཡིན་པར་བགྲོད་པ་ནི་བཞི་སྟེ། འདི་ལྟར། འདུན་པ་ལས་འགྲོ་བ་མ་ཡིན་པར་བགྲོད་པ་དང༌། ཞེ་སྡང་ལས་འགྲོ་བ་མ་ཡིན་པར་བགྲོད་པ་དང༌། འཇིགས་པ་ལས་འགྲོ་བ་མ་ཡིན་པར་བགྲོད་པ་དང༌། གཏི་མུག་ལས་འགྲོ་བ་མ་ཡིན་པར་བགྲོད་པའོ། །བཞི་ཀ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུས་སྤོང་བའོ། །སེར་སྣ་ལ་ལྔ་ནི་འདི་ལྟ་སྟེ། གནས་ཀྱི་སེར་སྣ་དང༌། རིགས་ཀྱི་སེར་སྣ་དང༌། རྙེད་པའི་སེར་སྣ་དང༌། བསྔགས་པའི་སེར་སྣ་དང༌། ཆོས་ཀྱི་སེར་སྣའོ། །ཐམས་ཅད་ནི་ཕྱིར་མི་འོང་བའི་ལམ་ གྱིས་སྤོང་ངོ༌། །སྒྲིབ་པ་ནི་ལྔ་སྟེ། འདི་ལྟར། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་འགྱོད་དང༌། ཐེ་ཚོམ་མོ། །འདི་རྣམས་ལ། ཐེ་ཚོམ་ནི་རྒྱུན་དུ་ཞུགས་པའི་ལམ་གྱིས་སྤོང་བའོ། །འདོད་པ་ལ་འདུན་པ་དང༌། གནོད་སེམས་དང་འགྱོད་པ་ནི་ཕྱིར་མི་འོང་བའི་ ལམ་གྱིས་རབ་ཏུ་སྤོང་ངོ༌། །རྨུགས་པ་དང་གཉིད་དང་རྒོད་པ་ནི་དགྲ་བཅོམ་པའི་ལམ་གྱིས་སོ། །གཉིས་རྩོད་པའི་གཞི་ལ་དྲུག་སྟེ་འདི་ལྟར། ཁྲོ་བ་དང༌། འཆབ་པ་དང༌། ཕྲག་དོག་དང༌། གཡོ་དང༌། སྡིག་པའི་འདོད་པ་དང༌། རང་ཉིད་ཀྱི་ལྟ་བ་མཆོག་ཏུ་འཛིན་པའོ། །འདི་རྣམས་ལ་གཡོ་དང་སྡིག་པ་ འདོད་པ་དང་རང་ཉིད་ཀྱི་ལྟ་བ་ན་ཆོག་ཏུ་འཛིན་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཁྲོ་བ་དང་འཆབ་པ་དང༌། ཕྲག་དོག་ནི་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །བག་ལ་ཉལ་བ་ལ་བདུན་ནི་འདི་ལྟར། འདོད་པའི་འདོད་ཆགས་བག་ལ་ཉལ་དང༌། ཁོང་ཁྲོ་བག་ལ་ཉལ་དང༌། ༄༅། །ང་རྒྱལ་བག་ལ་ཉལ་དང༌། ལྟ་བ་བག་ལ་ཉལ་དང༌། ཐེ་ཚོམ་བག་ལ་ཉལ་དང༌། སྲིད་པའི་འདོད་ཆགས་བག་ལ་ཉལ་དང༌། མ་རིག་པ་བག་ལ་ཉལ་ལོ། །འདི་རྣམས་ལ་ལྟ་བའི་བག་ལ་ཉལ་དང་ཐེ་ཚོམ་བག་ལ་ཉལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་ བའོ༑ །འདོད་པའི་འདོད་ཆགས་བག་ལ་ཉལ་དང་ཁོང་ཁྲོ་བག་ལ་ཉལ་དག་ནི་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་བའོ། །ང་རྒྱལ་བག་ལ་ཉལ་དང་སྲིད་པའི་འདོད་ཆགས་བག་ལ་ཉལ་དང་མ་རིག་པ་བག་ལ་ཉལ་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །འཇིག་རྟེན་ཆོས་བརྒྱད་ནི་འདི་ལྟ་ སྟེ༑ རྙེད་པ་དང༌། མ་ཐོབ་པ་དང༌། སྙན་པ་དང༌། མི་སྙན་པ་དང༌། སྨོད་པ་དང༌། བསྟོད་པ་དང༌། བདེ་བ་དང༌། སྡུག་བསྔལ་ལོ། །འདི་རྣམས་ལ་མི་འདོད་པའི་དངོས་པོ་རྙེད་པ་ལ་སོགས་པ་ལ་ཞེ་སྡང་བ་ནི་ཕྱིར་མི་འོང་བའི་ལམ་གྱིས་སྤོང་བའོ། །འདོད་པའི་དངོས་པོ་རྙེད་པ་ལ་སོགས་པ་ལ་རྗེས་སུ་ ཆགས་པ་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་བའོ། །ང་རྒྱལ་ལ་དགུ་ནི་འདི་ལྟ་སྟེ། ང་ནི་མཆོག་ལས་ཀྱང་མཆོག་གོ་སྙམ་པའི་ང་རྒྱལ་དང༌། ང་ནི་མཆོག་དང་འདྲ་བའོ་སྙམ་པའི་ང་རྒྱལ་དང༌། ང་ནི་མཆོག་ལས་དམན་པའོ་སྙམ་པའི་ང་རྒྱལ་དང༌། ང་ནི་མཉམ་པ་ལས་མཆོག་གོ་སྙམ་པའི་ང་ རྒྱལ་དང༌། ང་ནི་མཉམ་པ་དང་མཉམ་པའོ་སྙམ་པའི་ང་རྒྱལ་དང༌། ང་ནི་མཉམ་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་དང༌། ང་ནི་དམན་པ་ལས་མཆོག་གོ་སྙམ་པའི་ང་རྒྱལ་དང༌། ང་ནི་དམན་པ་དང་མཉམ་མོ་སྙམ་པའི་ང་རྒྱལ་དང༌། ང་ནི་དམན་པ་ལས་དམན་པའོ་སྙམ་པའི་ང་རྒྱལ་ལོ། །ང་རྒྱལ་ དགུ་ཆར་ཡང་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཉོན་མོངས་པའི་དངོས་པོ་ལ་བཅུ་ནི་འདི་ལྟར། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། རྨུགས་པ་དང༌། རྒོད་པ་དང༌། ངོ་ཚ་མི་ཤེས་པ་དང༌། ཁྲེལ་མེད་པའོ། །འདི་རྣམས་ལ་ལྟ་བ་དང་ཐེ་ཚོམ་ དག་རྒྱུན་དུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཞེ་སྡང་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །ལྷག་མ་བདུན་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །མནར་སེམས་ཀྱི་དངོས་པོ་ནི་བཅུ་སྟེ་འདི་ལྟར། བདག་གིས་དོན་མེད་པ་སྤྱད་དོ་ཞེས་མནར་སེམས་སྐྱེ་བ་དང༌། སྤྱོད་དོ་ཞེས་མནར་ སེམས་སྐྱེ་བ་དང༌། སྤྱོད་པར་འགྱུར་རོ་ཞེས་མནར་སེམས་སྐྱེ་བ། དེ་བཞིན་དུ་བདག་གིས་མཛའ་སྡུག་གི་དོན་མ་ཡིན་པ་སྤྱད་དོ། །སྤྱོད་དོ། །སྤྱོད་པར་འགྱུར་རོ། །བདག་གིས་མི་མཛའ་མི་གཅུགས་པའི་དོན་སྤྱད་དོ། །སྤྱོད་དོ། །སྤྱོད་པར་འགྱུར་རོ། །གནས་མལ་ལ་ཡང་མནར་སེམས་སྐྱེ་བའོ། ། མནར་སེམས་དངོས་པོ་བཅུ་ཆར་ཡང་ཕྱིར་མི་འོང་བའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །མི་དགེ་བའི་ལས་བཅུ་ནི། འདི་ལྟར། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་རྩུབ་པོ་དང༌། དབྱེན་དང༌། ངག་ཀྱལ་པ་དང༌། བརྣབ་སེམས་ དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །འདི་རྣམས་ལ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་དང་ལོག་པར་ལྟ་བ་རྣམས་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །རྩུབ་པོ་དང༌། དབྱེན་དང་གནོད་སེམས་རྣམས་ ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །ངག་ཀྱལ་པ་དང་བརྣབ་སེམས་རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཀུན་དུ་སྦྱོར་བ་བཅུ་ནི། འདི་ལྟར། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། སྲིད་པའི་ འདོད་ཆགས་དང༌། ཕྲག་དོག་དང༌། སེར་སྣ་དང༌། མ་རིག་པའོ། །འདི་རྣམས་ལ་ལྟ་བ་དང་ཐེ་ཚོམ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་རྣམས་ནི་རྒྱུན་དུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །འདོད་པའི་འདོད་ཆགས་དང༌། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣ་ ཀུན་དུ་སྦྱོར་བ་རྣམས་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །ང་རྒྱལ་དང་སྲིད་པའི་ཆགས་པ་མ་རིག་པའི་ཀུན་དུ་སྦྱོར་བ་རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་སྤོང་ངོ༌། །ལོག་པ་ཉིད་ནི་བཅུ་སྟེ། འདི་ལྟར། ལོག་པར་ལྟ་བ་དང༌། ལོག་པར་ཀུན་དུ་རྟོག་པ་དང༌། ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་ མཐའ་དང༌། ལོག་པའི་འཚོ་བ་དང༌། ལོག་པའི་རྩོལ་བ་དང༌། ལོག་པའི་དྲན་པ་དང༌། ལོག་པའི་ཏིང་ངེ་འཛིན་དང༌། ལོག་པའི་ཡེ་ཤེས་དང༌། ལོག་པའི་རྣམ་པར་གྲོལ་པའོ། །འདི་རྣམས་ལ་ལོག་པར་ལྟ་བ་དང་བརྫུན་དུ་སྨྲ་བའི་མཚན་ཉིད་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་དང་ལོག་པའི་འཚོ་བ་ ༄༅། །དང་ལོག་པའི་ཡེ་ཤེས་དང་ལོག་པའི་རྣམ་པར་གྲོལ་བ་རྣམས་ནི་རྒྱུན་དུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ལོག་པའི་ཀུན་དུ་རྟོག་པ་དང་རྩུབ་པོ་དང་དབྱེན་གྱི་མཚན་ཉིད་ལོག་པའི་ངག་རྣམས་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །ངག་ཀྱལ་པའི་མཚན་ཉིད་ལོག་པའི་ངག་ དང་ལོག་པའི་རྩོལ་བ་དང་ལོག་པའི་དྲན་པ་དང་ལོག་པའི་ཏིང་ངེ་འཛིན་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཕྱིན་ཅི་ལོག་ལ་བཅུ་གཉིས་ནི་འདི་ལྟར། མི་རྟག་པ་ལ་རྟག་གོ་ཞེས་པའི་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། དེ་ལྟར་སྡུག་བསྔལ་ ལ་བདེ་བའོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། མི་སྡུག་པ་ལ་མཛེས་པའོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། བདག་མེད་པ་ལ་བདག་གོ་ཞེས་པ་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ ལོག་དང༌། ལྟ་བ་ཕྱིན་ཅི་ལོག་གོ། །འདི་རྣམས་ལ་མི་རྟག་པ་ལ་རྟག་པ་ཞེས་པའི་ཕྱིན་ཅི་ལོག་གསུམ་དང༌། མི་སྡུག་པ་ལ་སྡུག་པ་ཞེས་ལྟ་བ་ཕྱིན་ཅི་ལོག་དང༌། སྡུག་བསྔལ་ལ་བདེ་བ་ཞེས་ལྟ་བ་ཕྱིན་ཅི་ལོག་དང༌། བདག་མེད་པ་ལ་བདག་གོ་ཞེས་ལྟ་བ་ཕྱིན་ཅི་ལོག་རྣམས་ནི་རྒྱུན་དུ་ཞུགས་ པའི་ལམ་གྱིས་སྤོང་ངོ༌། །མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང་སེམས་ཕྱིན་ཅི་ལོག་པ་ནི་ཕྱིར་མི་འོང་བའི་ལམ་གྱིས་སོ། །སྡུག་བསྔལ་ལ་བདེ་བ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་སེམས་ཕྱིན་ཅི་ལོག་དང༌། བདག་མེད་པ་ལ་བདག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་སེམས་ཕྱིན་ཅི་ལོག་ རྣམས་ནི་དགྲ་བཅོམ་པའི་ལམ་གྱིས་རབ་ཏུ་ཟད་པར་བྱེད་དོ། །མི་དགེ་བའི་སེམས་བསྐྱེད་པ་ནི་བཅུ་གཉིས་ཏེ། འདི་ལྟར། ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་འགྱུར་བ་དང་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང༌། འདུ་བྱེད་དང༌། བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་ དང༑ ཡིད་བདེ་བ་དང་ལྡན་ཞིང་ལྟ་བར་གྱུར་བ་དང་མི་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང༌། འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་དང༌། བཏང་སྙོམས་དང་ལྡན་ཅིང་ལྟ་བར་རྟོགས་པ་དང་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང༌། འདུ་བྱེད་ལས་བྱུང་བའི་སེམས་བསྐྱེད་པ་དང༌། བཏང་སྙོམས་དང་ལྡན་པ་ལྟ་བར་གྱུར་པ་དང་མི་ལྡན་པ་འདུ་བྱེད་ལས་བྱུང་བ་མ་ཡིན་པའི་སེམས་བསྐྱེད་པ་དང༌། འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་དང༌། ཡིད་མི་བདེ་བ་དང་ལྡན་པ་ཞེ་སྡང་དང་ལྡན་པ་འདུ་བྱེད་ལས་བྱུང་ བ་མ་ཡིན་པའི་སེམས་བསྐྱེད་པ་དང༌། འདུ་བྱེད་དང་བཅས་པ་ལས་བྱུང་བའི་སེམས་བསྐྱེད་པ་དང༌། རྒོད་པ་དང་ལྡན་པའི་སེམས་བསྐྱེད་པ་དང༌། ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པའོ། །འདི་རྣམས་ལ་ལྟ་བར་གྱུར་པ་དང་ལྡན་པའི་སེམས་བསྐྱེད་པ་བཞི་དང་ཐེ་ཚོམ་དང་ལྡན་པའི་ སེམས་བསྐྱེད་པ་དག་ནི་རྒྱུན་དུ་ཞུགས་པའི་ལམ་གྱིས་རབ་ཏུ་སྤོང་ངོ༌། །ཡིད་མི་བདེ་བ་དང་ལྡན་པའི་སེམས་བསྐྱེད་པ་གཉིས་ནི་ལམ་གཉིས་ཀྱིས་བསྲབས་པར་བྱས་ཏེ་ཕྱིར་མི་འོང་བའི་ལམ་གྱིས་ལྷག་མ་མེད་པར་སྤོང་ངོ༌། །ལྟ་བར་གྱུར་པ་མི་ལྡན་པའི་སེམས་བསྐྱེད་པ་བཞི་དང༌། རྒོད་པ་དང་ལྡན་པའི་སེམས་བསྐྱེད་པ་དག་ནི་ལམ་གསུམ་གྱིས་བསྲབས་པར་བྱས་ཏེ་དགྲ་བཅོམ་པའི་ལམ་གྱིས་མ་ལུས་པར་སྤོང་ངོ༌། །སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པའི་སྙོམས་པར་འཇུག་པ་ནི་གཉིས་ཏེ། འདི་ལྟར། འབྲས་བུ་སྙོམས་པར་འཇུག་པ་དང༌། འདུ་ཤེས་ཚོར་བ་འགོག་ པའི་སྙོམས་པར་འཇུག་པའོ། །དེ་ལ་དང་པོ་ལ་ནི་དྲི་བ་བཅུ་སྟེ་འདི་ལྟར། འབྲས་བུ་སྙོམས་པར་འཇུག་གང་ཡིན། །གང་ལས་འབྲས་བུ་སྙོམས་པར་འཇུག །དེ་ལ་སྙོམས་པར་འཇུག་པ་གང༌། །ཅི་ཡི་དོན་དུ་སྙོམས་པར་འཇུག །ཅི་ལྟར་སྙོམས་པར་འཇུག་ཡིད་ལ་བྱེད་པ་ཅི། བསམ་གཏན་པ་ དེའི་སྙོམས་པར་འཇུག་པའི་རྐྱེན་དུ་ཡིན། གནས་པའི་རྐྱེན་དུ་ཡིན། ལྡང་བའི་ཅན་དུ་ཡིན། ཅི་བསམ་གཏན་འདི་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའོ་ཞེ་ན། དེ་ལ་འབྲས་བུ་སྙོམས་པར་འཇུག་པ་གང་ཡིན་ཞེས་པ། དགེ་སྦྱོང་གི་འབྲས་བུའི་སེམས་མྱ་ངན་ལས་འདས་པ་མ་གཏོགས་ པ་དེ་ནི་འབྲས་བུ་སྙོམས་འཇུག་ཞེས་བརྗོད་དོ། །གང་ལས་འབྲས་བུ་སྙོམས་པར་འཇུག་པ་ཞེས་པ། དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལམ་གོང་མའི་རྣམ་པར་སྨིན་པའི་རང་བཞིན་མ་ཡིན། དེའི་ཕྱིར་འབྲས་བུ་སྙོམས་པར་འཇུག་པའོ། །དེ་ལ་སྙོམས་པར་འཇུག་པ་གང་ཞེ་ན། དགྲ་ ༄༅། །བཅོམ་པ་དང་ཕྱིར་མི་འོང་བ་སྟེ། འདི་གཉིས་ཀྱིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པས་སོ། །ཅིའི་དོན་དུ་སྙོམས་པར་འཇུག་ཞེས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་དོན་དུའོ། །དེ་བཞིན་དུའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ གང་གི་ཚེ་དེ་བཞིན་གཤེགས་པ་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་ཚོར་བ་རྣམས་ཀྱི་འགའ་ཞིག་འགགས་ནས། སེམས་མཚན་མ་མེད་པའི་ཏིང་ངེ་འཛིན་ཉེ་བར་བསྒྲུབས་ཏེ་གནས་སོ། །ཀུན་དགའ་བོ་དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་ལ་ཆེས་རེག་པར་འགྱུར་རོ་ཞེས་སོ། །ཅི་ལྟར་ སྙོམས་པར་འཇུག་ཅེ་ན། དེ་དབེན་པར་སོང་སྟེ། འབྲས་བུ་སྙོམས་པར་འཇུག་པའི་དོན་དུ། དེ་དབེན་པར་ཕྱིན་ཏེ། འདུག་པའམ་ཉལ་ནས་སེམས་བསྡུས་ཏེ། སྐྱེ་བ་དང་འགག་པ་ལ་རྗེས་སུ་ལྟ་བ་དང་པོར་བྱས་ནས། འདུ་བྱེད་རྣམས་ལ་རྣམ་པར་ལྟའོ། །དེའི་ཚེ་རིགས་ལ་ལོངས་སྤྱོད་པའི་ཡེ་ ཤེས་གང་ཡིན་པའོ། །རིགས་ལོངས་སྤྱོད་ཀྱི་ཡེ་ཤེས་དེའི་དེ་མ་ཐག་ཏུ་མྱ་ངན་ལས་འདས་པ་འབྲས་བུ་སྙོམས་པར་འཇུག་པ་ལ་གཏོང་བར་བྱེད་དོ། །གང་དང་གང་ལ་བརྟེན་ནས་ལམ་བསྒོམས་པར་གྱུར་པ་དེ་དང་དེ་ལ་མཉམ་པར་བཞག་སྟེ་འབྲས་བུ་སྙོམས་པར་འཇུག་པ་ཉིད་དུ་འགྱུར་རོ། །ཡིད་ ལ་བྱེད་པ་ཅི་ཞེས་པ། འདུས་མ་བྱས་བདུད་རྩིའི་དབྱིངས་ཞིང་ཉིད་ཡིད་ལ་བྱེད་པའོ། །བསམ་གཏན་པ་དེའི་སྙོམས་པར་འཇུག་པའི་རྐྱེན་དུ་ཞེས་པ། བསམ་གཏན་གྱི་རྐྱེན་ནི་གཉིས་ཏེ་འདི་ལྟར། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ། ། གནས་པའི་རྐྱེན་དུ་ཞེས་པ། གནས་པའི་རྐྱེན་གསུམ་སྟེ། འདི་ལྟར། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་དང༌། སྔོན་གྱི་མངོན་པར་འདུ་བྱེད་པའོ། །ལྡང་བའི་རྐྱེན་ཞེས་པ། ལྡང་བའི་རྐྱེན་གཉིས་ཏེ། འདི་ལྟར། མཚན་མ་ཐམས་ཅད་ཡིད་ལ་ བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཡིད་ལ་མི་བྱེད་པའོ། །ཅི་སྙོམས་པར་འཇུག་པ་འཇིག་རྟེན་པའམ་འོན་ཏེ་འཇིག་རྟེན་ལས་འདས་པ་ཞེས་པ་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཇིག་རྟེན་པ་ནི་མ་ཡིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་དྲི་བ་བཅོ་ལྔ་ནི་འདི་ ལྟར། འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་གང་ཡིན་དེ་ལ་སྙོམས་པར་འཇུག་པ་དང༌། སྙོམས་པར་འཇུག་པ་མ་ཡིན་པ་གང༌། སྟོབས་ངུ་དང་ལྡན་པས་སྙོམས་པར་འཇུག །འདུ་བྱེད་དུ་ཞིག་འགགས་ནས་སྙོམས་པར་འཇུག །བསམ་གཏན་པ་འདིའི་སྔོན་དུ་བྱ་བ་དུ་ཡིན། ཅིའི་དོན་དུ་ སྙོམས་པར་འཇུག །ཅི་ལྟར་སྙོམས་པར་འཇུག །དེ་དག་གི་ལྡང་བ་ཅི་ལྟར་འགྱུར། སེམས་གང་གིས་ལྡང༌། ལངས་ནས་སེམས་ཅི་ལ་གཞོལ་བར་འགྱུར། རེག་པ་ངུ་ལ་རེག་པར་འགྱུར། །དང་པོ་འདུ་བྱེད་དུ་ཞིག་འབྱུང་བར་འགྱུར། རོ་དང་འདུ་ཤེས་ཚོར་བ་འགོག་པ་ཐ་དད་པའི་རྒྱུ་ཅི། །ཅི་ སྙོམས་པར་འཇུག །དེ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་ཤེ་ན། འདིར་བརྗོད་པར་བྱ་སྟེ། གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་འཇུག་པ་མེད་པར་གནས་པ་དེ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་སྙོམས་པར་འཇུག་པ་གང་ཞེས་པ། ། དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དག་སྙོམས་པར་འཇུག་གོ། །འདི་དག་གིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱས་པས་སོ། །སྙོམས་པར་འཇུག་པ་མ་ཡིན་པ་གང་ཞེ་ན། སོ་སོ་སྐྱེ་བོ་དང་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་གཟུགས་མེད་དུ་སྐྱེས་པའོ། །དེ་ལ་སོ་སོའི་སྐྱེ་བོ་ནི་མཉམ་ པར་འཇོག་པ་མ་ཡིན་ཏེ། ཡུལ་མ་ཡིན་པས་སོ། །རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་སྙོམས་པར་འཇུག་པ་མ་ཡིན་ཏེ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་རྣམས་ཡང་དག་པར་བཅད་པ་མ་ཡིན་པས་སོ། །གཟུགས་མེད་པར་སྐྱེས་པ་ནི་སྙོམས་པར་འཇུག་པ་ མ་ཡིན་ཏེ། ཕྱིས་ལྡང་བའི་དངོས་པོ་མེད་པའི་ཕྱིར་རོ། །སྟོབས་ངུ་དང་ལྡན་པས་སྙོམས་པར་འཇུག་ཅེས་པ། སྟོབས་གཉིས་ཀྱིས་ཏེ། ཞི་གནས་ཀྱི་སྟོབས་དང༌། ལྷག་མཐོང་གི་སྟོབས་ཀྱིས་སོ། །དེ་ལ་ཞི་གནས་ཀྱི་སྟོབས་ཀྱིས་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་ འཇུག་པ་བཞི་རྣམས་དབང་དུ་འགྱུར་བའོ། །ལྷག་མཐོང་གི་སྟོབས་ཀྱིས་རྗེས་སུ་ལྟ་བ་བདུན་དབང་དུ་འགྱུར་བའོ། །དེ་ལ་རྗེས་སུ་ལྟ་བ་བདུན་ནི་འདི་ལྟར། མི་རྟག་པ་རྗེས་སུ་ལྟ་བ་དང༌། སྡུག་བསྔལ་རྗེས་སུ་ལྟ་བ་དང༌། བདག་མེད་པ་རྗེས་སུ་ལྟ་བ་དང༌། ཡིད་བྱུང་བ་རྗེས་སུ་ལྟ་བ་དང༌། ཆགས་ ༄༅། །པ་བྲལ་བ་རྗེས་སུ་ལྟ་བ་དང༌། འགོག་པ་རྗེས་སུ་ལྟ་བ་དང༌། ངེས་པར་སྤངས་པ་རྗེས་སུ་ལྟ་བའོ། །དེ་ལ་ཞི་གནས་ཀྱི་སྟོབས་ནི་བསམ་གཏན་གྱི་ཡན་ལག་འགོག་པའི་དོན་དུ་དང་མི་གཡོ་བ་ལ་མོས་པའི་དོན་དུའོ། །ལྷག་མཐོང་གི་སྟོབས་ནི་འཇུག་པ་རྣམས་ཉེས་དམིགས་ སུ་མཐོང་བའི་དོན་དང༌། མི་འཇུག་པ་རྣམས་ལ་མོས་པའི་དོན་ཏོ། །འདུ་བྱེད་དུ་འགགས་ནས་སྙོམས་པར་འཇུག་ཞེས་པ། འདུ་བྱེད་གསུམ་འགགས་ནས་སྙོམས་པར་འཇུག་སྟེ། འདི་ལྟར། ངག་གི་འདུ་བྱེད་དང༌། ལུས་ཀྱི་འདུ་བྱེད་དང༌། སེམས་ཀྱི་འདུ་བྱེད་དོ། །དེ་ལ་བསམ་གཏན་གཉིས་ པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི། ངག་གི་འདུ་བྱེད་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་རྒྱུན་ཆད་པར་འགྱུར་རོ། །བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི། ལུས་ཀྱི་འདུ་བྱེད་དང་དབུགས་དབྱུང་བ་དང་དབུགས་འཇུག་པ་དག་རྒྱུན་ཆད་པར་འགྱུར་རོ། །འདུ་ཤེས་དང་ ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སེམས་ཀྱི་འདུ་བྱེད་འདུ་ཤེས་དང་ཚོར་བ་དག་འགོག་པར་འགྱུར་རོ། །འདིའི་སྔོན་གྱི་བྱ་བ་དུ་ཡིན་ཞེས་པ། སྔོན་གྱི་བྱ་བ་ནི་བཞི་སྟེ་འདི་ལྟར། བཅིང་བ་གཅིག་པ་དང༌། རྣམ་པར་འཚེ་བ་མེད་པ་དང༌། དུས་ཡོངས་སུ་ཆད་པ་དང༌། ལས་དང་ལས་ མ་ཡིན་པ་ལ་རྣམ་པར་གཟིགས་པའོ། །དེ་ལ་བཅིང་བ་གཅིག་པ་ཞེས་པ་ནི་ལྷུང་བཟེད་དང་ཆོས་གོས་དག་ལུས་དང་སྡོམ་པ་གཅིག་ཏུ་བྱིན་གྱིས་རློབ་པོ། །རྣམ་པར་འཚེ་བ་མེད་པ་ཞེས་པ་ནི། སྦྱོར་བ་གང་དང་གང་གིས་ལུས་འདི་ལ་ཉེ་བར་གནོད་པ་ཀུན་དུ་འབྱུང་བར་མ་གྱུར་ཅིག་ཅེས་བྱིན་གྱིས་རློབ་ པོ༑ །དུས་ཡོངས་སུ་ཆད་པ་ཞེས་པ་ནི། ལུས་ཀྱི་སྟོབས་ཡོངས་སུ་གཞལ་ནས་དུས་ཡོངས་སུ་གཅད་པ་བགྱིས་ཏེ་གནས་སོ། །དུས་འདི་སྲིད་འདས་པ་ལས་ལྡང་བར་བྱའོ་ཞེས་སོ། །ལས་དང་ལས་མ་ཡིན་པ་རྣམ་པར་གཟིགས་པ་ཞེས་བྱ་བ་དུས་ཡོངས་སུ་ཆད་པ་ཐོབ་པར་དགེ་འདུན་གྱི་ལས་ དང་ལས་མ་ཡིན་པ་འགའ་ཞིག་གི་དོན་དུ་འཚོགས་པ་ལ་གཎྜཱི་སྒྲོགས་པའི་སྒྲ་དེས་ལྡང་བར་བྱའོ་ཞེས་བྱིན་གྱིས་བརླབ་བོ། །ཅིའི་དོན་དུ་སྙོམས་པར་འཇུག་ཅེས་པ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་དོན་དུའོ། མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི། འཕགས་པ་དེ་རྣམས་ཀྱི་ཏིང་ངེ་ འཛིན་ཚོགས་པ་རྣམས་ཤིན་ཏུ་མི་གཡོ་བར་བྱ་བའི་ཕྱིར་རམ་རྫུ་འཕྲུལ་རྣམ་པར་བསྒོམ་པའི་དོན་དུ་སྙོམས་པར་འཇུག་པའོ། །ཅི་ལྟར་སྙོམས་པར་འཇུག་ཅེས་པ་འགོག་པའི་དོན་དུ་འགོག་པའི་མངོན་པར་འདོད་པས་དེ་དག་དབེན་པའི་གནས་སུ་སོང་སྟེ། འདུག་པའམ་ཉལ་ཏེ་སེམས་ བཞུམས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །ལངས་ནས་དེ་མ་ཐག་ཏུ་བསམ་གཏན་དེ་དག་ལ་རྣམ་པར་ལྟ་སྟེ། མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་ནས་འདུ་བྱེད་བཏང་སྙོམས་ཀྱི་ཡེ་ཤེས་ཀྱི་བར་དུའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང༌། བསམ་ གཏན་གསུམ་པ་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ཏེ། ལངས་ནས་དེ་མ་ཐག་ཏུ་སྙོམས་པར་འཇུག་པ་དེ་ལ་རྣམ་པར་ལྟ་སྟེ། མི་རྟག་པ་དང་སྡུག་བསྔལ་དང་བདག་ མེད་པ་ནས་འདུ་བྱེད་བཏང་སྙོམས་པའི་ཡེ་ཤེས་ཀྱི་བར་དུའོ། །དེ་ནས་དེ་མ་ཐག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ལན་གཉིས་ལན་གསུམ་དུ་སེམས་བཞག་སྟེ། སེམས་ཀྱི་འཇུག་པ་མེད་ཅིང་ འགགས་པའོ། །སེམས་མི་འཇུག་པ་དང་འགགས་པ་ལ། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ཞེས་བརྗོད་དོ། །དེའི་ལྡང་བ་ཅི་ལྟར་གྱུར་ཞེས་པ། དེ་ནི་འདི་ལྟར། བདག་ལྡང་བར་བྱའོ་ཞེས་ཡིད་ལ་བྱས་པས་སོ། །འོན་ཀྱང་སྔོན་དུ་བྱས་པའི་དུས་ཡོངས་སུ་ཆད་པ་ཐོབ་པ་ན་ ལྡང་བ་ཉིད་དོ། །སེམས་གང་གིས་ལྡང་ཞེ་ན། ཕྱིར་མི་འོང་བའི་འབྲས་བུའི་སེམས་ཀྱིས་ཕྱིར་མི་འོང་བར་ལྡང་ངོ༌། །དགྲ་བཅོམ་པའི་འབྲས་བུའི་སེམས་ཀྱིས་དགྲ་བཅོམ་པར་ལྡང་ངོ༌། །ལངས་ནས་སེམས་ཅི་ལ་གཞོལ་བར་འགྱུར་ཞེ་ན། དབེན་པ་ལ་གཞོལ་བའོ། །རེག་པར་བྱ་བ་དག་དུ་ ལ་རེག་པར་འགྱུར་ཞེས་པ། གསུམ་ལ་རེག་སྟེ་འདི་ལྟར། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའོ། །དང་པོ་འདུ་བྱེད་དུ་འབྱུང་ཞེས་པ། སེམས་ཀྱི་འདུ་བྱེད་དང༌། དེ་ནས་ལུས་ཀྱི་འདུ་བྱེད་དོ། །ཤི་བ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བདག་ཐ་དད་པའི་རྒྱུ་ཅི་ཞེས་པ། ། ༄༅། །ཤི་རོ་ནི་འདུ་བྱེད་གསུམ་འགགས་ཤིང་རྒྱུན་ཆད་པ་སྟེ། འདི་ལྟར། ཚེ་ཡོངས་སུ་ཟད་པ་དང༌། དྲོ་བ་ཉེ་བར་ཞི་བ་དང༌། དབང་པོ་རྣམས་ཀྱི་རྣམ་འགྱུར་ཞིག་པའོ། །འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ནི་འདུ་བྱེད་གསུམ་མ་འགགས་ཤིང་རྒྱུན་མ་ ཆད་པ་སྟེ། འདི་ལྟར། ཚེ་ཡོངས་སུ་མ་ཟད་པ་དང༌། དྲོད་མ་ཉམས་པ་དང༌། དབང་པོ་རྣམས་རབ་ཏུ་དང་བའོ། འདི་ནི་དེ་དག་ཐ་དད་པའི་རྒྱུའོ། །ཅི་འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་འདུས་བྱས་སམ་ཡང་ན་འདུས་མ་བྱས་ཤེ་ན། སྙོམས་པར་འཇུག་པ་དེ་ནི་འདུས་བྱས་སམ་ འདུས་མ་བྱས་ཞེས་བརྗོད་དུ་མེད་དོ། །སྙོམས་པར་འཇུག་པ་དེ་ནི་ཅིའི་ཕྱིར་འདུས་བྱས་ཞེས་སམ། འདུས་མ་བྱས་ཞེས་བརྗོད་པར་བྱ་བ་མ་ཡིན་ཞེ་ན། གང་གི་ཕྱིར་སྙོམས་པར་འཇུག་པ་དེ་ལ་ནི་འདུས་བྱས་ཀྱི་ཆོས་རྣམས་མི་སྲིད་པས་དང༌། འདུས་མ་བྱས་ལ་ནི་སྙོམས་པར་འཇུག་པ་དང་ ལྡང་བར་ཤེས་པར་བྱར་མེད་པའི་ཕྱིར་རོ། །དེའི་ཕྱིར་སྙོམས་པར་འཇུག་པ་དེ་འདུས་བྱས་ཞེས་སམ། འདུས་མ་བྱས་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ནི་འགོག་པའི་སྙོམས་པར་འཇུག་པའི་མཐའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་ མ་བྱས་རྣམ་པར་ངེས་པ་ལས་འཕགས་པ་གནས་བརྟན་པའི་སྡེ་པའི་ཚུལ་ལུགས་ལས་འཕགས་པའི་བདེན་པ་ལ་མཁས་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅོ་ལྔ་པའོ།། །།འཕགས་པ་མང་པོས་བཀུར་བའི་སྡེ་པའི་ལུང་ལས་འདི་ལྟར་རྣམ་པར་གཞག་སྟེ། བག་ལ་ཉལ་མ་ཡིན་པ་ནི་རྒྱུ་ བཞིས་འགྱུར་ཏེ། འདི་ལྟར། ཆོས་རྣམ་པར་གཞག་པ་དང༌། མཚན་ཉིད་རྣམ་པར་གཞག་པ་དང༌། ཁམས་ཀྱི་དབྱེ་བ་དང༌། སྤང་བྱའི་དབྱེ་བ་ལས་སོ། །དེ་ལ་ཆོས་རྣམ་པར་གཞག་པ་ནི་འདི་ལྟར། མ་དད་པ་དང༌། ངོ་ཚ་བ་མེད་པ་དང༌། སྒྱུ་དང༌། གཡོ་དང༌། མ་བརྟགས་པ་དང༌། རྒོད་པ་དང༌། བག་མེད་པ་ དང༑ རྨུགས་པ་དང༌། ཞུམ་པ་དང༌། ཁྲེལ་མེད་པ་དང༌། ཆེས་འཛིན་པ་དང༌། སྙོམ་ལས་དང༌། གཉིད་དང༌། ཕྲག་དོག་དང༌། འགྱོད་པ་དང༌། འཆབ་པ་དང༌། དྲེགས་པ་དང༌། སེར་སྣ་དང༌། མི་བཟོད་པ་དང༌། ཁོན་དུ་འཛིན་པ་དང༌། ཟས་ཀྱིས་རྒྱགས་པ་སྟེ་ཉེར་གཅིག་གོ། །མཚན་ཉིད་རྣམ་པར་བཞག་པ་ནི་ འདི་ལྟར། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་མེད་པ་ནི། མ་དད་པའོ། །གང་ཞིག་འང་དེ་ཁོ་ན་ཉིད་མ་ཡིན་པ་ལ་མོས་པ་རབ་ཏུ་སྐྱེད་ཀྱང༌། དེ་ཡང་དམན་པ་ཡིན་པས་དད་པ་མ་ཡིན་པར་ཤེས་པར་བྱའོ། །མངའ་བདག་མ་ཡིན་པ་བཞིན་ནོ། །དགེ་བ་སྤྱོད་པ་སྐྱེད་པ་ལ་དབང་པོ་མ་ཡིན་པའམ། ཉོན་མོངས་པ་ཅན་གྱི་སྤྱོད་པ་སྐྱེད་པ་ལ་དབང་ཕྱུག་ཡིན་པས་སོ། །རང་ཉིད་ལ་འཛེམ་པ་མེད་པ་ནི་ངོ་ཚ་བ་མེད་པའོ། །ངོ་ཚ་མི་ཤེས་པ་མེད་པར་ནི་ཉོན་མོངས་པ་སྐྱེ་བ་མ་ཡིན་ནོ། །སྒྱུ་ནི་སླུ་བ་སྟེ། རང་དང་གཞན་ཤིན་ཏུ་བསྒྱུར་བའོ། །འདི་ལ་རང་བཞིན་གྱི་སེམས་སླུ་བར་བྱེད་པའོ། །བསླུ་བ་མེད་པ་ ལ་ཉོན་མོངས་པས་གོ་སྐབས་མི་རེད་དོ། །གཡོ་ནི་སེམས་གཡོ་བ་སྟེ། འདི་ནི་རང་ཉིད་གྱ་གྱུ་ཅན་དུ་གྱུར་ཅིང༌། གཞན་ཡང་གྱ་གྱུ་ཅན་དུ་དྲང་བར་འདོད་པའོ། །དྲང་པོས་འགྲོ་བའི་རྒྱུད་ལ་ཉོན་མོངས་པ་སྐྱེ་བ་མ་ཡིན་ནོ། །མ་བརྟགས་པ་ནི། ཡང་དག་པར་མ་བརྟགས་པར་བྱེད་པའོ། །ཀུན་དུ་ བརྟགས་ནས་བྱེད་པའི་རྒྱུད་ལ་ཉོན་མོངས་པ་སྐྱེ་བ་མ་ཡིན་ནོ། །ཉེ་བར་མ་ཞི་བའི་སེམས་ནི་རྒོད་པའོ། །ཉེ་བར་ཞི་བའི་སེམས་ལ་ཉོན་མོངས་པ་སྐྱེ་བ་ཡོད་པ་མ་ཡིན་ནོ། །བག་མེད་པ་ནི་ཉོན་མོངས་པ་ཅན་གྱི་ཆོས་དང་རྗེས་སུ་ལྡན་པའོ། །བག་ཡོད་པའི་སེམས་ལ་ཉོན་མོངས་པ་སྐྱེ་བ་ནི་མེད་དོ།། འདི་རྣམས་ལ་རྒྱུ་ལ་སོགས་པ་ལྔ་ནི། མཚུངས་པར་ལྡན་པ་དང༌། རབ་ཏུ་མི་ལྡན་པའོ། །དེ་ལ་གང་མཚུངས་པར་ལྡན་པ་དེ་ནི་ཀུན་ནས་དཀྲིས་པ་དང༌། གང་རབ་ཏུ་མི་ལྡན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །ལྔ་གང་ཞེ་ན་འདི་ལྟར། སྒྱུ་དང༌། གཡོ་དང༌། གཟུ་ལུམས་དང༌། རྒོད་པ་དང༌། བག་མེད་པའོ། །གང་ཐམས་ཅད་དུ་ཀུན་ནས་དཀྲིས་པའི་སེམས་ལ་དེ་རྣམས་ཐམས་ཅད་ཀྱང་ཡོད་པའོ། །དེ་ལྟར་ཡང་གང་གི་ཚེ་གཞན་སླུ་བར་བྱེད་པ་དེའི་ཚེ་གཙོ་བོར་སྒྱུ་ལས་བག་ལ་ཉལ་མ་ཡིན་པའི་མཚུངས་ལྡན་ཐམས་ཅད་ཀྱང་སྒྱུ་དང་རྗེས་སུ་ འབྲེལ་པས་འདི་དག་ཀུན་ནས་དཀྲིས་པར་འགྱུར་བ་ཡིན་ནོ། །གང་ཡང་དེའི་ཚེ་རབ་ཏུ་མི་ལྡན་པ་ལུས་དང་དག་གི་རིག་བྱེད་དེ་ཡང་སྒྱུ་ཞེས་བརྗོད་དོ། །རྣམ་པར་རིག་བྱེད་དེ་དག་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ནོ། །རྣམ་པར་རིག་བྱེད་འདི་རྣམས་ཀྱི་རྗེས་སུ་དང་ལྷན་ཅིག་ཏུ་གཞན་སླུ་བར་བྱེད་ ༄༅། །པས༑ དེ་དག་གི་རྗེས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །དེ་བཞིན་དུ་གཡོ་ལ་སོགས་པ་བཞི་ལ་བརྗོད་པར་བྱའོ། །གང་ལུས་དང་སེམས་ཀྱི་ཞེན་པ་དེ་ནི་རྨུགས་པའོ། །གནས་ངན་ལེན་ཞེས་པའི་དོན་ཏོ། །དེ་ལ་གང་སེམས་ཀྱི་ཞན་པ་དེ་ནི་རྣམ་པ་ གཉིས་ཏེ། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་ནི་ཀུན་ནས་དཀྲིས་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་གང་ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དེའོ། །ཞུམ་པ་ནི་ཞན་པའི་མཚན་ཉིད་དེ། སེམས་བཀུམ་[*PA KUM?] པའི་ངོ་བོའོ། །ཞན་ པ་འདི་ནི་དངོས་པོ་གང་ལ་ཆགས་པ་དེ་དག་རྒུད་པ་ལས་ཕལ་ཆེར་སྐྱེའོ། །ཁྲེལ་མེད་པ་ནི་འཇིག་རྟེན་པའི་ཆོས་ལུགས་ལ་སོགས་པ་ལ་ལྟོས་པ་མེད་ཅིང་མི་འཛེམ་པ་སྟེ། སྡིག་པ་སྤྱོད་པ་ལ་སོགས་པ་ལ་རིག་པར་བྱེད་པའོ། །ཆེས་འཛིན་པ་ནི་ལྟ་བ་མི་གཏོང་པ་སྟེ། ལྟ་བར་བགྱིས་པ་ལ་ སོགས་པ་དམ་པ་མ་ཡིན་པའི་འཛིན་པས་མི་གཏོང་བའོ། །སྙོམ་ལས་ནི་ལས་ལྕི་བ་སྟེ། ལྡང་བ་ལྕི་བ་ཉིད་དོ་ཞེས་པའི་དོན་ཏེ། དེ་ཡང་རྣམ་པ་གཉིས་ཏེ་འདི་ལྟར། གང་སེམས་ཀྱི་ལས་ལྗིད་པ་དེ་ནི་ངེས་པར་ཀུན་ནས་དཀྲིས་པའོ། །གང་ལུས་ཀྱི་རྣམ་པར་རིག་བྱེད་ཞན་པ་ནི་རྣམ་པར་རིག་བྱེད་ཀྱི་ རང་བཞིན་ནོ། །གཉིད་ནི་སེམས་སྡུད་པའོ། །དེ་ལ་གཉིད་ནི་འདི་ལྟར། སེམས་དང་བཅས་པ་དང༌། སེམས་དང་མི་ལྡན་པའོ། །དེ་སེམས་དང་ལྡན་པའི་གཉིད་ལ་རྣམ་པ་གཉིས་ཏེ་འདི་ལྟར། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་གཉིད་ཀྱི་བདེ་བ་ལ་མངོན་པར་དགའ་ བས་གཉིད་དུ་ཞུགས་པ་ཉིད་ཀྱི་སེམས་དེ་ནི་ཉོན་མོངས་པ་ཅན་དེ་ཀུན་ནས་དཀྲིས་པའོ། །གང་ལས་སོ་སོར་རྟོག་པའི་དྲན་པ་ཉེ་བར་བཞག་ནས་ལུས་དང་སེམས་ཉེ་བར་བརྟན་པའི་དོན་དུ་གཉེར་བ་དེ་ནི་ཉོན་མོངས་པ་མེད་པའོ། །སེམས་དང་མི་ལྡན་པའི་གཉིད་ནི་རྣམ་པ་ཐམས་ཅད་དུ་སེམས་དང་སེམས་ ལས་བྱུང་བ་སྡུད་པར་བྱེད་པའོ། །དེ་ཡང་རྣམ་པ་གཉིས་ཏེ་འདི་ལྟར། ཉོན་མོངས་པ་ལས་བྱུང་བ་དང༌། ཉོན་མོངས་པ་ལས་བྱུང་བ་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ལས་བྱུང་བ་ནི། གང་ཉོན་མོངས་པ་ཅན་གྱི་སེམས་འགགས་པའི་དེ་མ་ཐག་ཏུ་སྐྱེས་པའོ། །ལྷག་མ་ནི་ཉོན་མོངས་པ་ལས་བྱུང་ བ་མ་ཡིན་པའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་མི་བཟོད་པ་ཉིད་དོ། །འགྱོད་པ་ལ་རྣམ་པ་གཉིས་ནི་འདི་ལྟར། ལེགས་པ་བྱས་པ་ལའམ་བདག་གིས་མ་ལེགས་པར་བྱས་སོ་ཞེས་རྗེས་སུ་གདུང་བ་དང་བྱ་བ་ངན་པ་མ་བྱས་པའམ་བདག་གིས་མ་ལེགས་པ་བྱས་ཞེས་པ་ནི་གང་འདི་དག་མ་བྱས་པ་ ཞེས་རྗེས་སུ་གདུང་བའོ། །འདིའི་གཉིས་པ་ལ་རྣམ་པ་གཉིས་ཏེ་འདི་ལྟར་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའོ། །དེ་ལ་བྱ་བ་མ་ཡིན་པ་ལ་བྱས་པ་དང་བྱ་བ་མ་ཡིན་པ་བྱས་པ་ལ་གང་འགྱོད་ཅིང་ཡིད་ལ་གཅགས་པ་དེ་ནི་ཉོན་མོངས་པ་ཅན་ཀུན་ནས་དཀྲིས་པའོ། །གང་བྱ་བ་མ་ཡིན་པ་བྱས་པ་ དང་བྱ་བ་ཡིན་པ་མ་བྱས་པ་ལ་འགྱོད་པ་ཡིད་ལ་གཅགས་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་ཀུན་ནས་དཀྲིས་པ་མ་ཡིན་པའོ། །སྡིག་པ་ཡོངས་སུ་སྦེད་པ་ནི་འཆབ་པའོ། །ནད་མེད་པ་ལ་སོགས་པས་ཁེངས་པ་ནི་དྲེགས་པ་སྟེ། ཀུན་ནས་དཀྲིས་པའོ། །གང་ཡང་ཆང་ལ་སོགས་པ་རྣམས་ཀྱིས་སེམས་ གཟེངས་བསྟོད་པའི་མཚན་ཉིད་དྲེགས་པ་སྟེ། དེ་ནི་རྣམ་པ་གཉིས་ཏེ་འདི་ལྟར། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་ནི་ཀུན་ནས་དཀྲིས་པ་དང་མཚུངས་པར་ལྡན་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་རྣམ་པ་གསུམ་འདི་ལྟར། དགེ་བ་དང༌། མི་དགེ་བ་དང༌། ལུང་ དུ་མ་བསྟན་པའོ། །དེས་ན་དྲེགས་པ་ནི་མཚུངས་པར་ལྡན་པའོ། །རབ་ཏུ་མི་ལྡན་པའི་དྲེགས་པ་དང༌། དྲེགས་པ་པོའི་རྣམ་པར་རིག་བྱེད་ཀྱི་རང་བཞིན་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །སེར་སྣ་ནི་ནོར་ཡོངས་སུ་གཏོང་བར་འདོད་པ་མེད་པའོ། །མི་བཟོད་པ་ནི་སྡུག་བསྔལ་ལ་སོགས་པ་ སྲན་མི་བཟོད་པའོ། །དེ་ཡང་རྣམ་པ་གཉིས་ཏེ་འདི་ལྟར། གྲང་བ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པ་ཉིད་དང༌། གཞན་གནོད་པ་བྱེད་པ་ལ་མི་བཟོད་པ་ཉིད་དོ། །འདི་དག་ལ་གཞན་གནོད་པ་བྱེད་པ་ལ་མི་བཟོད་པ་ནི་ཀུན་ནས་དཀྲིས་པའོ། །གཞན་ནི་མ་ཡིན་པའོ། །ཁོ་ན་འཛིན་ནི་གཞན་གནོད་ པ་བྱས་པ་སེམས་ལ་འཛིན་པའོ། །ཁ་ཟས་མངས་པས་མྱོས་པ་ནི་ཟས་ཀྱིས་རྒྱགས་པའོ། །དེ་ནི་རྣམ་པ་གཉིས་ཏེ་འདི་ལྟར། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་རང་བཞིན་དང༌། སེམས་ལས་བྱུང་བ་ནི་ཀུན་ནས་དཀྲིས་པའོ། །དེ་རྣམས་ནི་བག་ལ་ཉལ་མ་ཡིན་པ་རྣམས་ཀྱི་མཚན་ཉིད་དོ། །ཁམས་དང་སྤང་ ༄༅། །བྱའི་རྣམ་པར་གཞག་པ་སྟེ། འདི་ལྟ་སྟེ། མ་དད་པ་དང༌། ངོ་ཚ་མེད་པ་དང༌། སྒྱུ་དང༌། གཡོ་དང༌། མ་བརྟགས་པ་དང༌། རྒོད་པ་དང༌། བག་མེད་པ་དང༌། དྲེགས་པ་སྟེ་བརྒྱད་པོ་རྣམས་སོ། །དེ་ལ་ཡང་དེ་རྣམས་རྣམ་པ་ལྔ་སྟེ་འདི་ལྟར། འདོད་པའི་ཁམས་སུ་སྡུག་བསྔལ་གེགས་ དང༑ ཀུན་འབྱུང་གེགས་དང༌། འགོག་པའི་གེགས་དང༌། ལམ་གྱི་གེགས་དང༌། བསྒོམ་པས་སྤང་བར་བྱ་བའོ། །འདི་ནི་བརྒྱད་པ་ལྔ་སྟེ་བཞི་བཅུ་ཐམ་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་བརྒྱད་པ་ལྔ་སྟེ་བཞི་བཅུ་ཐམ་པའོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་བཞི་བཅུའོ། །བཞི་ བཅུ་ལ་གསུམ་ནི་བརྒྱ་དང་ཉི་ཤུར་འགྱུར་རོ། །ཁྲེལ་མེད་པ་དང་ཆེས་འཛིན་པ་དང་མི་སྟོན་པ་སྟེ། འདོད་པའི་ཁམས་སུ་འདི་རྣམས་ལ་རེ་རེ་ལ་ལྔ་ལྔ་སྟེ་ལྔ་པ་གསུམ་ནི་བཅོ་ལྔར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་བཅོ་ལྔར་འགྱུར་རོ། །གཟུགས་མེད་པའི་ཁམས་ན་ནི་མེད་དོ། །རྨུགས་པ་དང་ ཞུམ་པ་དང་སྙོམ་ལས་དང་གཉིད་དང་ཕྲག་དོག་དང་འགྱོད་པ་དང་སེར་སྣ་དང་མི་བཟོད་པ་དང་ཁོན་དུ་འཛིན་པ་སྟེ། དགུ་པོ་འདི་རྣམས་ནི་འདོད་པའི་ཁམས་ཁོ་ནའོ། །དེ་བཞིན་དུ་ལྔར་བྱེ་སྟེ་ལྔ་པ་དགུ་ནི་བཞི་བཅུ་རྩ་ལྔར་འགྱུར་རོ། །ཟས་ཀྱིས་རྒྱགས་པའང་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་ བ་ཁོ་ནའོ། །བག་ལ་ཉལ་མ་ཡིན་པ་ནི་ཁམས་དང་སྤང་བྱའི་དབྱེ་བ་ཐ་དད་བརྒྱ་དང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཡང་གསུངས་པ། མ་དད་ངོ་ཚ་མེད་དང་སྒྱུ། གཡོ་དང་རྒོད་དང་མ་བརྟགས་དང༌། །བག་མེད་པ་དང་དྲེགས་པ་རྣམས། །རྣམ་པ་ལྔ་སྟེ་ཁམས་གསུམ་སྐྱེས། །མི་སྟོན་ཁྲེལ་མེད་ ཆེས་འཛིན་རྣམས། །འདོད་དང་གཟུགས་སུ་རྣམ་པ་ལྔ། །སེར་སྣ་མི་བཟོད་འགྱོད་པ་དང༌། །རྨུགས་དང་སྙོམ་ལས་ཁོན་དུ་འཛིན། །ཕྲག་དོག་གཉིད་དང་ཞུམ་པ་རྣམས། །རྣམ་ལྔ་འདོད་པའི་ཁམས་སུ་སྐྱེ། །ཟས་ཀྱིས་རྒྱགས་པ་བསྒོམ་སྤང་ངོ༌། །ཡང་དག་ལ་ཉལ་མིན་དེ་རྣམས་རྣམ་པ་ གསུམ་སྟེ། འདི་ལྟར། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང༌། ས་ཆུང་ངུ་བའོ། །དེ་ལ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི་བདུན་ཏེ། འདི་ལྟར། མ་དད་པ་དང༌། ངོ་ཚ་མེད་པ་དང༌། སྒྱུ་དང༌། གཡོ་དང༌། མ་བརྟགས་པ་དང༌། རྒོད་པ་དང༌། བག་མེད་པའོ། །ཐམས་ཅད་དུ་འགྲོ་བ་ ཆུང་ངུ་ནི་དྲུག་སྟེ་འདི་ལྟར། གཉིད་དང༌། ཞུམ་པ་དང༌། ལེ་ལོ་དང༌། ཆེས་འཛིན་པ་དང༌། རྨུགས་པ་དང༌། ཁྲེལ་མེད་པའོ། །ས་ཆུང་ངུ་བ་ནི་བརྒྱད་དེ། འདི་ལྟར། མི་བཟོད་པ་དང༌། ཁོན་དུ་འཛིན་པ་དང༌། ཕྲག་དོག་དང༌། འགྱོད་པ་དང༌། དྲེགས་པ་དང༌། སེར་སྣ་དང༌། མི་སྟོན་པ་དང༌། ཟས་ཀྱིས་རྒྱགས་པའོ། ། ཡང་སྤང་བྱ་ལས་རྣམ་པ་ལྔར་འགྱུར་ཏེ། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང༌། ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་མཚུངས་པ་དང༌། ས་ཆུང་ངུ་བའོ། །དེ་ལ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི། བདུན་པ་དྲུག་སྟེ་འདི་ལྟར། མ་དད་པ་ལ་ སོགས་པ་བག་མེད་པའི་མཐར་ཐུག་པ་རྣམས་འདོད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་དང༌། གཟུགས་ཀྱིས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་ དང༑ གཟུགས་མེད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བདུན་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་ཏེ། ཐམས་ཅད་དུ་འགྲོ་བ་ཆེན་པོའོ། །དེ་རྣམས་ཉིད་ནི་ཁམས་གསུམ་གྱི། །འགོག་པའི་གེགས་དང༌། ལམ་གྱི་གེགས་ནི། བདུན་པ་དྲུག་སྟེ་ཐམས་ཅད་དུ་འགྲོ་བ་ ཆེན་པོ་ལྟ་བུའོ། །གཉིད་ལ་སོགས་པ་དྲུག་ནི། གང་སྡུག་བསྔལ་གྱི་གེགས་དང༌། ཀུན་འབྱུང་གི་གེགས་རྣམས་ནི་ཐམས་ཅད་དུ་འགྲོ་བ་ཆུང་ངུའོ། །འདི་ཉིད་འགོག་པའི་གེགས་དང༌། ལམ་གྱི་གེགས་ནི། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང་མཚུངས་པའོ། །བསྒོམ་པས་སྤང་བར་བྱ་བ་མི་བཟོད་པ་ ལ་སོགས་པ་བརྒྱད། བསྒོམ་པས་སྤང་བར་བྱ་བ་མ་དད་པ་ལ་སོགས་པ་བདུན་དང༌། གཉིད་ལ་སོགས་པ་དྲུག་ནི་ས་ཆུང་ངུ་བའོ། །བག་ལ་ཉལ་མིང་འདི་རྣམས་ལ། །གང་ཐམས་ཅད་དུ་འགྲོ་བ་ཆེན་པོ་དེ་རྣམས་དངོས་སུ་དང་གང་ཐམས་ཅད་དུ་འགྲོ་བ་ཆུང་ངུ་དེ་ནི་དངོས་ཆགས་ལ་སོགས་པ་གཞན་ ལ་བརྟེན་ནས། གེགས་ཀྱི་སྒོ་ནས་བདེན་པའི་གེགས་བྱེད་དོ། །དེ་ལ་བདེན་པ་རྣམས་ཀྱི་གེགས་ཀྱི་སྒོ་བཅུ་ནི་འདི་ལྟར། སྡུག་བསྔལ་བདེན་པའི་གེགས་ཀྱི་སྒོ་ནི་བཞི་སྟེ། མི་རྟག་པ་ལ་སྐུར་བ་འདེབས་པའི་སྒོ་དང༌། བདག་མེད་པ་ཉིད་ལ་སྐུར་བ་འདེབས་པའི་སྒོ་དང༌། ཤེས་པར་བྱ་བ་ཉིད་ལ་སྐུར་བ་འདེབས་ ༄༅། །པའི་སྒོ་དང༑ ལུང་དུ་མ་བསྟན་པ་ཉིད་ལ་སྐུར་བ་འདེབས་པའི་སྒོའོ། །ཀུན་འབྱུང་གི་གེགས་ཀྱི་སྒོ་ནི་བཞི་སྟེ། རྒྱུ་ལ་སྐུར་བ་སྨྲ་བའི་སྒོ་དང༌། ལས་བདག་གིར་བྱ་བ་ལ་སྐུར་བ་སྨྲ་བའི་སྒོ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་བ་སྨྲ་བའི་སྒོ་དང༌། རྣམ་པར་བྱང་བ་ལ་སྐུར་བ་སྨྲ་ བའི་སྒོའོ། །འགོག་པའི་གེགས་ཀྱི་སྒོ་གཅིག་ནི། །རྟག་པ་ཉིད་ལ་སྐུར་བ་སྨྲ་བའི་སྒོའོ། །ལམ་གྱི་གེགས་ཀྱི་སྒོ་ནི་གཅིག་སྟེ། ངེས་པར་འབྱིན་པ་ལ་སྐུར་བ་སྨྲ་བའོ། །མིག་གི་རྣམ་ཤེས་ལ་སོགས་པ་ལྔ་ཆར་ནི་ཉོན་མོངས་པ་ལྡན་པ་མ་ཡིན་ཞིང་བསྐྱེད་པ་ཡང་མ་ཡིན་ནོ། །འོན་ཀྱང་ལྷན་ ཅིག་ཏུ་ཚོར་བ་ལ་སོགས་པ་དང་ལྡན་པས་བསྐྱེད་པར་འགྱུར་བ་དང་ལྡན་པར་འགྱུར་རོ། །གང་གི་དབང་པོ་དང་བཅས་པའི་རྣམ་པར་ཤེས་པ་སྐྱེ་བ་ན། བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སུན་ཕྱུང་བའི་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དེ་དང་དེའི་རྣམ་པར་ཤེས་པ་ནི་བདེན་པ་མཐོང་བ་དང་ བསྒོམ་པ་དེ་དང་དེའི་སྤང་བྱའོ། །སོ་སོར་སྤྱོད་པ་ཡང་སྤང་བར་བྱ་བ་གང་གིས་རྣམ་པ་ཅི་ལྟར་སུན་ཕྱུང་བ་དེ་ལྟར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དག་པའམ་མ་དག་པ་ནི་འཁོར་ལོའི་ཚོགས་པས་དྲུག་པ་ཆེན་པོ་ལས་འོངས་པ་སྟེ། གང་གི་ཕྱིར་ཞེ་ན། དྲུག་པ་ཆེན་པོ་ འདི་ནི་ས་བཞིར་གྱུར་པས་སོ། །དེའི་ཕྱིར་མིག་གི་དབང་པོ་ལ་སོགས་པའི་གཟུགས་ཅན་རྣམས་ཀྱང༌། དྲུག་པ་ཆེན་པོ་ལ་ལྟོས་ནས་སྦས་པའམ་སྦས་པ་མ་ཡིན་པར་འགྱུར་རོ། །འཁོར་ལོ་ཅན་གྱི་ཚོགས་པའང་ཅི་ལྟར་འགྱུར་པ་དེ་ལྟར་བཤད་པར་བྱ་སྟེ། དེ་ལྟར་ཡང༌། འདོད་ཆགས་ཀྱིས་ ཆགས་པར་འདོད་པའི་སྐྱེས་བུས་མིག་གིས་གཟུགས་མཐོང་བ་ན། དེའི་མངོན་པར་ཚོགས་པ་དང་པོ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་ནི། རང་བཞིན་ལུང་མ་བསྟན་དུ་འགྱུར་རོ། །སྐྱེས་བུ་དེ་འདྲ་བའི་མིག་གི་རྣམ་པར་ཤེས་པ་དེའི་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པ་ཞེས་པ་རྣམ་པར་ཤེས་པ་ སྐྱེའོ། །འདི་ཅིའང་ཅི་འདྲ་བ་ཞེས་དམིགས་ཀྱིས་འཛིན་པར་བྱེད་པ་སྟེ། རང་བཞིན་ལུང་དུ་མ་བསྟན་པ་ཉིད་དོ། །དེ་མ་ཐག་ཏུ་སོ་སོར་སྤྱོད་པ་ཞེས་པའི་རྣམ་པར་ཤེས་པ་སྐྱེ་སྟེ། འདི་ཞེས་བྱ་བ་འདི་ལྟ་བུ་ཞེས་ངེས་པ། རང་བཞིན་ལུང་མ་བསྟན་ཉིད་དོ། །སོ་སོར་སྤྱོད་པ་དེས་གཟུགས་དེ་ངེས་པའི་ ཕྱིར༑ དེ་མ་ཐག་ཏུ་དྲུག་པ་ཆེན་པོ་ཞེས་བྱ་བའམ་མིང་གཞན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་སྡུག་པའི་མཚན་མར་འཛིན་པའི་རྣམ་པར་ཤེས་པ་སྐྱེའོ། །སྐྱེས་བུ་དེ་ནི་དྲུག་པ་ཆེན་པོ་དེས་གཟུགས་དེ་ལ་ཆགས་པར་བྱས་ཏེ་ཉོན་མོངས་པ་འདོད་ཆགས་ཞེས་པ་དེ་དང་ལྷན་ཅིག་ཏུ་མིག་གི་དབང་ པོ་སྦས་པ་མ་ཡིན་པ་མི་ལྡན་པ་སྐྱེ་བར་འགྱུར་རོ། །དྲུག་པ་ཆེན་པོ་ནི་སྦས་པ་མ་ཡིན་པ། མཚུངས་པར་ལྡན་པ་དང་རབ་ཏུ་མི་ལྡན་པའོ། །སྐྱེས་བུ་དེའི་དྲུག་པ་ཆེན་པོ་དེ་མ་ཐག་ཏུ་དེ་ལས་གཟུགས་དེ་ཉིད་མཐོང་བའམ་དེ་དང་འདྲ་བ་མཐོང་བ་ལས། དྲུག་པ་ཆེན་པོའི་ས། བདག་པོ་སུན་ཕྱུང་ པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དུ་འགྱུར་རོ། །སྡོམ་པ་མ་ཡིན་པ་དང་ལྡན་པའོ། །དེ་ནས་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། གཟུགས་ངེས་པའི་ཕྱིར་རོ། །སོ་སོར་དཔྱོད་པ་ནི་སྐྱེ་སྟེ། གཟུགས་དེ་ཉིད་ནི་འདི་ཡིན་ནོ་ཞེས་དྲན་པ་ཙམ་ཉེ་བར་སད་པར་བྱེད་དོ། ། ཉོན་མོངས་པ་ཅན་མ་ཡིན་ཞིང་སྡོམ་པ་མ་ཡིན་པ་དང་ལྡན་པའོ། །སྐྱེས་བུ་དེའི་ཡང་དེ་ནས་དེ་མ་ཐག་ཏུ་ཉོན་མོངས་པ་ཅན་སྡོམ་པ་མ་ཡིན་པ་དྲུག་པ་ཆེན་པོ་རྣམས་སྔོན་བཞིན་དུ་དེ་ཐམས་ཅད་དུས་རིན་དུ་ཡང་དང་ཡང་དུ་རྣམ་པར་ཤེས་པ་འཁོར་ལོ་འབྱུང་སྟེ། འཁོར་ལོ་མ་ཞིག་གི་བར་དུའོ། །དེ་ བཞིན་དུ་ཞེ་སྡང་ཀྱིས་ཀྱང་སུན་འབྱིན་པར་བྱེད་དོ། །ང་རྒྱལ་གྱིས་ཀྱང་ངོ༌། །གཏི་མུག་གིས་ཀྱང་ངོ༌། །ཐེ་ཚོམ་གྱིས་ཀྱང་ངོ༌། །ལྟ་བ་རྣམས་ཀྱིས་ཀྱང་ཅི་ལྟར་རིགས་པར་ཆ་ཤས་སུན་འབྱིན་པར་བྱེད་དོ། །ཅི་ལྟར་མིག་གི་རྣམ་པར་ཤེས་པ་སུན་ཕྱུང་བ་དེ་བཞིན་དུ་བགལ་ཉལ་བཅུས་རྣ་འདི་རྣམ་པར་ ཤེས་པ་སྐལ་པ་མཐུན་པའི་སྒྲ་རྣམས་སུན་འབྱིན་པར་བྱེད་དོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་ཤེས་ནི། བསྒོམ་པས་སྤང་བར་བྱ་བ་བགལ་ཉལ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞིས་དྲི་དང་རོ་དང་རེག་བྱ་རྣམས་ལ་ཅི་རིགས་པར་སུན་འབྱིན་པར་བྱེད་དོ། །གཞན་གྱིས་ནི་མ་ཡིན་ལོ། །ཅི་ལྟར་ འཁོར་ལོ་ཅན་གྱི་ཚོགས་པའི་ཉོན་མོངས་པས། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་སུན་ཕྱུང་བར་གྱུར་པ་དང་སྡོམ་པ་མ་ཡིན་པ་སྐྱེས་པ། །དེ་བཞིན་དུ་རྣམ་པར་དག་པ་ཡང་འཁོར་ལོ་ཅན་གྱི་ཚོགས་པ་དགེ་བའི་རྩ་བས་ཅི་ལྟར་རིགས་པར་སྡོམ་པ་སྐྱེ་བར་རིག་པར་བྱའོ། །དེ་ལ་ཅི་ལྟར་ ༄༅། །རིགས་པའི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། འཁོར་བའི་ཆགས་པ་ལས་ལྡོག་པར་འདོད་པའི་སྐྱེས་བུ་འགའ་ཞིག་མིག་གིས་གཟུགས་མཐོང་བ་ན། དེའི་མངོན་པར་ཚོགས་པ་དང་པོ་ལས་བྱུང་བ་མིག་གི་རྣམ་པར་ཤེས་པ་ནི་རང་བཞིན་ལུང་མ་བསྟན་དུ་འགྱུར་རོ། །སྐྱེས་ བུ་དེའི་མིག་གི་རྣམ་པར་ཤེས་པ་ལས་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པ་སྐྱེ་བར་འགྱུར་ཏེ། འདི་ཅི་འམ་ཅི་ལྟ་བ་ཞེས་སྤྱི་ནས་འཛིན་པར་བྱེད་པ་སྟེ་རང་བཞིན་ལུང་མ་བསྟན་ཉིད་དོ། །རྗེས་སུ་སྤྱོད་པའི་དེ་མ་ཐག་ཏུ་སོ་སོར་སྤྱོད་པ་སྐྱེ་བར་འགྱུར་ཏེ། འདི་ཞེས་བྱ་བ་དང་འདི་ལྟ་བུ་ཞེས་ངེས་པ་ནི་རང་བཞིན་ ལུང་མ་བསྟན་ཉིད་དོ། །སྐྱེས་བུ་དེའི་གཟུགས་དེ་ངེས་པའི་ཕྱིར། དེ་ནས་དེ་མ་ཐག་ཏུ་མི་སྡུག་པའི་མཚན་མར་འཛིན་པ་དྲུག་པ་ཆེན་པོ་སྐྱེ་བར་འགྱུར་རོ། །མི་སྡུག་པའི་མཚན་མར་འཛིན་པའི་དྲུག་པ་ཆེན་པོ་དེས་གཟུགས་དེ་ལ་ཆགས་པ་དང་བྲལ་བར་བྱས་ཏེ། སྐྱེས་བུ་དེས་ཆགས་བྲལ་དང་ལྷན་ ཅིག་ཏུ་མིག་གི་དབང་པོ་སྤས་པ་མི་ལྡན་པ་སྐྱེ་བར་འགྱུར་རོ། །དྲུག་པ་ཆེན་པོས་ཡང་སྦས་པ་མཚུངས་པར་ལྡན་པ་དང་རབ་ཏུ་མི་ལྡན་པའོ། །སྐྱེས་བུ་དེའི་དྲུག་པ་ཆེན་པོ་ལས་དེ་མ་ཐག་ཏུ་གཟུགས་དེ་ཉིད་དམ་དེ་དང་འདྲ་བའི་གཟུགས་མཐོང་བ་ལས། སའི་བདག་པོའི་དྲུག་པ་ཆེན་པོ་དག་པ་ཡིན་ པ་ཉིད་པས། མིག་གི་རྣམ་པར་ཤེས་པ་ཉོན་མོངས་ཅན་མ་ཡིན་པ་དག་པར་འགྱུར་རོ། །སྡོམ་པ་དང་ལྡན་པའོ། །དེ་ནས་དེ་མ་ཐག་ཏུ་རྗེས་སུ་སྤྱོད་པ་ནི་མི་སྐྱེ་སྟེ། གཟུགས་ངེས་པའི་ཕྱིར་རོ། །སོ་སོར་སྤྱོད་པ་ནི་སྐྱེ་སྟེ། གཟུགས་དེ་ཉིད་ནི་འདི་ཡིན་ནོ་ཞེས་དྲན་པ་ཙམ་སད་པར་བྱེད་པ་ཉོན་མོངས་ཅན་ མ་ཡིན་པ་སྡོམ་པ་དང་ལྡན་པའོ། །སྐྱེས་བུ་དེའི་དེ་ནས་སོ་སོར་སྤྱོད་པ་བས་ཡང་དྲུག་པ་ཆེན་པོ་ཉོན་མོངས་ཅན་མ་ཡིན་པ་སྡོམ་པར་གྱུར་པའོ། །དེ་ལྟར་སྔོན་བཞིན་དུ་ཡང་ནས་ཡང་དུ་དུས་རིང་པོར་ཡང་རྣམ་པར་ཤེས་པའི་འཁོར་ལོ་འཁོར་ཏེ་འཁོར་ལོ་མ་ཞིག་གི་བར་དུའོ། །དེ་བཞིན་དུ་མི་ སྡང་བ་དང་མ་རྨོངས་པ་དང་འདོད་ཆགས་དང་བྲལ་བ་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་ལུང་དུ་མ་བསྟན་པ་ལ་སྦྱར་བར་བྱའོ། །ཡང་གསུངས་པ། འཁོལ་ལོ་བཅིང་བ་ལྔ་རྣམས་ཀྱིས། །ས་རྣམས་དག་དང་མ་དག་ཕྱིར། །དྲུག་པ་ལས་སྐྱེས་དག་མ་དག །གཟུགས་ཅན་རྣམས་ཀྱིས་སྦས་མ་ སྦས༑ །ཞེས་སོ། །མི་དགེ་བ་དང་དགེ་བ་དང་ལུང་དུ་མ་བསྟན་པའི་འཁོར་ལོའི་འཇུག་པ་རྣམ་པ་གསུམ་གྱི་འཇིག་པའི་རྒྱུ་ལྔ་ནི། འདི་ལྟ་སྟེ། རྣམ་པ་སྤངས་པ་དང༌། དམིགས་པ་བཏང་པ་དང༌། བཟུང་བ་འགྲིབ་པ་དང༌། བཟུང་བ་འཕེལ་བ་དང༌། དྲུག་པ་ལས་དྲུག་པར་འགྲོང་པའོ། །དེ་ ལས་སྡུག་པ་བསམས་ནས་མི་རྟག་པ་ཉིད་བསམས་པ་ལས་རྣམ་པ་སྤངས་པའོ། །བུད་མེད་ཀྱི་ལུས་བསམས་ནས་སྐྱེས་པའི་ལུས་བསམས་པ་ལས་དམིགས་པ་བཏང་བའོ། །མང་པོ་བསམས་ནས་ཉུང་ངུ་བསམས་པ་ལས་བཟུང་བ་འགྲིབ་པའོ། །ཆུང་ངུ་བསམས་ནས་ཆེན་པོ་བསམས་ པ་ལས་བཟུང་བ་འཕེལ་བའོ། །འཁོར་ལོ་འཇུག་པ་ལ་དྲུག་པ་ཆེན་པོས་མི་སྡུག་པ་བསམས་ནས་དེ་མ་ཐག་ཉིད་དུ་དྲུག་པ་ཆེན་པོ་སྐྱེ་བ་ནི་དྲུག་པ་ལས་དྲུག་པར་བགྲོད་པའོ། །དེ་ལྟར་འཁོར་ལོ་ཞིག་པ་ལའང༌། ཡང་གཟུགས་དེ་ཉིད་མཐོང་བ་ལས་རང་བཞིན་གྱི་ལུང་མ་བསྟན་མིག་གི་རྣམ་པར་ ཤེས་པ་འབྱུང་ངོ༌། །དེ་ལ་རྣམ་པར་སྤངས་པ་དང་དྲུག་པ་བགྲོད་པ་དག་ནི་དྲུག་པ་ཁོ་ན་ལ་སྲིད་དོ། །མིག་གི་རྣམ་ཤེས་ལ་སོགས་པ་ལྔ་ལ་ནི་མ་ཡིན་ན། །དམིགས་པ་བཏང་བ་དང༌། བཟུང་བ་འགྲིབ་པ་དང༌། བཟུང་བ་འཕེལ་བ་རྣམས་ནི། དྲུག་པའམ་མིག་གི་རྣམ་ཤེས་ལ་སོགས་པ་ལྔ་ ལ་སྲིད་པ་ཡིན་ནོ། །འཁོར་ལོ་ཐམས་ཅད་མྱུར་བར་འཇིག་པ་ནི་སེམས་འདུན་པ་ལ་ཡིན་ནོ། །འདི་ལྟ་སྟེ། དང་པོ་འཕྲད་པ་ལས་བྱུང་བའི་མིག་གི་རྣམ་ཤེས་དང༌། དེ་ནས་རྗེས་སུ་སྤྱོད་པ་དང༌། དེ་ནས་སོ་སོར་སྤྱོད་པ་དང༌། དེ་ནས་དྲུག་པ་ཆེན་པོ་དང༌། དེ་ནས་ཡང་མིག་གི་རྣམ་ཤེས་ དང༑ དེ་ནས་སོ་སོར་སྤྱོད་པ་དང༌། དེ་ནས་དྲུག་པ་ཆེན་པོའོ། །དྲུག་པ་ཆེན་པོའི་དུས་དེ་ལ་འཁོར་ལོ་འཇིག་གོ། །སྒྲིབ་པ་ལུང་མ་བསྟན་གྱི་འཁོར་ལོ་ཡང༌། གཟུགས་ཁམས་སུ། དགེ་བའི་ཡུལ་ལ། མི་དགེ་བའི་ཡུལ་ལ། ལུང་དུ་མ་བསྟན་པའི་ཡུལ་ལ། མི་སྒྲིབ་པའི་ཡུལ་ལ། སྒྲིབ་པའི་ ཡུལ་རྣམས་ལ། སོ་སོ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ནི། འདོད་ཆགས་ལ་སོགས་པ་རྣམས་ཀྱི་སུན་འབྱིན་པ་སྦྱར་བར་བྱའོ། །དེ་བཞིན་དུ་འདོད་པའི་ཁམས་སུ་སྒྲིབ་པའི་འཁོར་ལོ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་ ༄༅། །པར་ལྟ་བ་དག་གི་སུན་འབྱིན་པའོ། །ཀུན་ནས་དཀྲིས་པས་སུན་ཕྱུང་བ་ནི། སྒྲིབ་པའི་ལུང་མ་བསྟན། མིག་གི་རྣམ་པར་ཤེས་པ་ཡིན་ནོ། །སོ་སོར་སྤྱོད་པ་ཡང་ངོ༌། །མི་སྒྲིབ་པའི་ལུང་མ་བསྟན་གྱི་འཁོར་ལོ་ནི། དགེ་བའི་སྤྱོད་པ་ལ་ཞེན་པ་ཀུན་དུ་སྤྱོད་པ་ཉིད་ཀྱིས་སྒྲུབ་པ་ ཞན་པར་འགྱུར་བཞིན་པའི་དྲུག་པ་དང་ལྷན་ཅིག་ཏུ་མིག་གི་དབང་པོའི་སྦས་པ་དང་སྒྲིབ་པའི་ལུང་མ་བསྟན་སྐྱེའོ། །དྲུག་པའི་ཡང་མི་སྒྲིབ་པའི་ལུང་མ་བསྟན་དང་དགེ་བ་སྐྱེའོ། །དྲུག་པ་ལས་དེ་མ་ཐག་ཏུ་གཟུགས་དེ་ཉིད་དམ་དེ་དང་འདྲ་བ་མཐོང་བ་ལས་མིག་གི་རྣམ་ཤེས་མི་སྒྲིབ་པ་ལུང་མ་ བསྟན་སྐྱེའོ། །དེ་ནས་བར་མེད་པར་སོ་སོར་སྤྱོད་པ་ཡང་མི་སྒྲིབ་པ་ཉིད་དོ། །དེ་ནས་དྲུག་པ་མི་སྒྲིབ་པའོ། །འདི་ནི་ཟད་པར་འགྱུར་བཞིན་པ་ན། དྲུག་པ་ཉིད་སྒྲུབ་པ་ཞན་པར་འགྱུར་པ་དང་འཕེལ་བར་གྱུར་པའོ། །དགེ་བ་ཉིད་སྒྲུབ་པ་ཞན་པར་འགྱུར་བཞིན་པ་ནི་མི་སྒྲིབ་པའི་ལུང་མ་བསྟན་དུ་ འགྱུར་རོ། །ཡང་གསུངས་པ། ད་ལྟར་འདི་ཡི་གསུམ་པ་ལ། །མྱུར་དུ་ཟད་དང་སྦས་པ་དང༌། དཀར་པོ་ཉམས་པའི་འདུ་བྱེད་ནི། །མང་དུ་མི་སྒྲིབ་པར་འདོད་དོ། །ཞེས་སོ། །དེ་ལྟར་ཡང༌། སྐྱེས་བུ་འགའ་ཞིག་འཁོར་བ་ལས་ལྡོག་པར་འདོད་པས་མིག་གིས་གཟུགས་མཐོང་བ་ལས། དང་པོ་མངོན་ པར་འདུས་པ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་རང་བཞིན་ལུང་མ་བསྟན་ཡིན་ནོ། །དེ་ནས་རྗེས་སུ་སྦྱོར་བ་རང་བཞིན་ལུང་མ་བསྟན་ཉིད་དོ། དེ་ནས་སོ་སོར་སྤྱོད་པ་རང་བཞིན་ལུང་མ་བསྟན་ཉིད་དོ། །དེ་ནས་བཞི་བ་དྲུག་པ་ཆེན་པོ་དགེ་བའོ། །དེ་ནས་མིག་གི་རྣམ་ཤེས་དགེ་བ་ཉིད་དོ། །དེ་ ནས་བདུན་པ་དྲུག་པ་ཆེན་པོ་ལ་དགེ་བའི་འདུ་བྱེད་ཞན་དུ་གྱུར་པ་ལ། དགེ་བའི་ས་ཆེན་པོ་བ་ནི་ལོག་ཅིང༌། སྡོམ་པ་འབའ་ཞིག་འཇུག་པ་ཉིད་དོ། །འདི་ནི་སྒྲུབ་པ་ཞན་པ་ཡིན་ནོ། །སྡོམ་པ་རྗེས་སུ་འཇུག་པའི་ཕྱིར་མི་སྒྲིབ་པའི་ལུང་མ་བསྟན་ནོ། །གང་གི་ཚེ་འང་སྡོམ་པས་ཀྱང་སྤང་བར་འགྱུར་པ་དེའི་ ཚེ་རང་བཞིན་ལུང་མ་བསྟན་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྒྲུབ་པ་ཞན་པའང་ངོ༌། །གང་གི་ཚེ་རང་བཞིན་ལུང་མ་བསྟན་སེམས་གཅིག་ཉིད་ལས་དེ་མ་ཐག་ཏུ་སྟོན་པར་བྱེད་དོ། །དེ་ནས་ཡང་འདི་མི་སྒྲིབ་པའི་ལུང་མ་བསྟན་དུ་འགྱུར་རོ། །ཡང་ན་སེམས་གཅིག་གིས་བར་ཆོད་ནས་སྟོན་པར་བྱེད་ན། དེ་ནས་དགེ་བའི་སེམས་ཉིད་དུ་འགྱུར་ཏེ། མི་སྒྲིབ་པའི་ལུང་མ་བསྟན་ནི་མ་ཡིན་ནོ། །དེ་ཡང་སྟོད་པར་བྱེད་དོ་ཞེས་པ་ནི། དྲུག་པ་ཆེན་པོ་འཕེལ་བར་འགྱུར་བ་གང་གི་ཚེ་རབ་ཏུ་བསྔགས་པ་ཉིད་ཀྱི་གནས་སྐབས་ཐོབ་པར་གྱུར་པའོ། །གང་ལས་ཡོངས་སུ་ཉམས་པ་དེ་ལས་དགེ་བར་འགྱུར་བ་ནི། དྲུག་ པ་ཆེན་པོ་འོག་མ་མིན་ཞེས་པའོ། །ཡང་གང་ལས་སྒྲུབ་པ་ཞན་པར་གྱུར། དམིགས་པ་སྒྲུབ་པ་ཞེན་པ་ཅི་ཞེ་ན། བརྗོད་པར་བྱ་སྟེ། བསྒོམ་པའི་རང་བཞིན་གྱི་སེམས་ཀྱི་སྤྱོད་པ་རེས་འགའ་འདུ་བྱེད་ཞན་པར་གྱུར་པ་ནི་སྒྲུབ་པ་ཞན་པའོ། །དེ་ཡང་དྲུག་པ་ཆེན་པོ་ཡིད་ཀྱི་རྣམ་ཤེས་སོ། །མིང་ལ་དམིགས་པ་ དང༑ མཚན་མ་ལ་དམིགས་པ་དང༌། ཡོངས་སུ་དག་པ་ལ་དམིགས་པ་སྒྲུབ་པ་ཞན་པ་སྟེ། དོན་ལ་དམིགས་པ་ནི་མ་ཡིན་ནོ། །ཡང་སྒྲུབ་པ་ཞན་པ་ཅི་ཡིན་ཞེ་ན། སྒྲུབ་པ་དེ་ནི་བསམ་གཏན་མ་ཡིན། བསམ་གཏན་ལམ་མ་ཡིན་ནོ། །སྒྲུབ་པ་ཞན་པ་དེ་མཚན་མ་དང་ཡོངས་སུ་དག་པ་དག་སྒྲུབ་པ་ ཞན་པར་གྱུར་པ་ཅི་སྲིད་དུ་བསྒོམ་པའི་རང་བཞིན་དུའང་འགྱུར་རོ། །མིང་ལ་དམིགས་པ་སྒྲུབ་པ་ཞན་པ་རང་བཞིན་སྤྱོད་པ་ཅན་ནི་མ་ཡིན་ནོ། །ཡང་སྒྲུབ་པ་ཞན་པ་བསམ་གཏན་མ་ཡིན་བསམ་གཏན་ལམ་མ་ཡིན་པ་ཅིའི་དོན་དུ་ཞེན་བརྗོད་པར་བྱ་སྟེ། སྙོམས་པར་འཇུག་པ་དང་ལམ་ཐམས་ཅད་ནི་ ཡོངས་སུ་རྫོགས་པའི་བདེ་བའི་དངོས་པོ་དང་ལྡན་པའི་ཕྱིར་རོ། །བདེ་བའི་དོན་ཡང་དགེ་བའི་དོན་ཏོ། །བདེ་བའི་དོན་ནི་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པ་དང་ཡོངས་སུ་རྫོགས་པ་མ་ཡིན་པའོ། །དེ་ལ་གང་གི་ཚེ་ཡོངས་སུ་རྫོགས་པ་དེའི་ཚེ་དགེ་བའོ། །གང་གི་ཚེ་ཡོངས་སུ་མ་ རྫོགས་པ་དེའི་ཚེ། མི་སྒྲིབ་པའི་ལུང་མ་བསྟན་དུ་འགྱུར་རོ། །གང་གི་ཚེ་གང་དུ་དམར་པའི་དངོས་པོ་ཡོངས་སུ་རྫོགས་པ་དེ་ལ་དམར་པོ་ཞེས་བརྗོད་དོ། །གང་ཡོངས་སུ་མ་རྫོགས་པ་དེ་ནི་པདྨའི་དམར་པོ་ཞིག་བརྗོད་དོ། །གཉི་ག་དམར་པོ་ཡིན་པ་དེ་བཞིན་དུ་དགེ་བ་དང་མི་སྒྲིབ་པའི་ལུང་མ་བསྟན་ དག་རྟོགས་པར་བྱའོ། །ཡང་བདེ་བའི་དངོས་པོ་མ་ཡིན་པ་གང་ཞེ་ན། བདེ་བ་ཡིན་པའི་དངོས་པོ་དེ་དག་གང་དུ་ཡོངས་སུ་རྫོགས་པ་དེ་ནི་མི་དགེ་བའོ། །གང་དུ་ཡོངས་སུ་མ་རྫོགས་པ་དེ་ནི་སྒྲིབ་པའི་ལུང་མ་བསྟན་པའོ། །དཔེར་ན་བུང་བ་དང་ཟར་མའི་མེ་ཏོག་དག་ནག་པ་ཉིད་ཐ་དད་པ་དེ་བཞིན་ནོ། །ཡང་ ༄༅། །གང་དུ་བདེ་བའི་དངོས་པོ་མེད་པ་བདེ་བ་མ་ཡིན་པའི་དངོས་པོ་མེད་པ་དེ་རུ་ཅི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། གང་ལ་གཉི་ག་ཡང་མེད་པ་དེ་ནི་རང་བཞིན་གྱི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ། །ནམ་མཁའི་ངང་བཞིན་ནོ། །དེ་ལ་བདེ་བའི་དོན་ནི་མིང་གཞན་དགེ་བའི་དོན་ཏོ། ། ཐམས་ཅད་ཀུན་ནས་དཀྲིས་པ་མ་ཡིན་ཞིང་སྡོམ་པ་ཡིན་ནོ། །བདེ་བ་མ་ཡིན་པའི་དངོས་པོ་ཉིད་ནི་མིང་གཞན་མི་དགེ་བའོ། །ཐམས་ཅད་ཀུན་ནས་དཀྲིས་པ་ཡིན་ཞིང་སྡོམ་པ་མ་ཡིན་པ་ཡིན་ནོ། །ཅི་ལྟར་འཁོར་ལོ་འདི་རྣམ་ཕ་བཞིར་བསྟན་པ། དེ་བཞིན་དུ་རང་བཞིན་གྱིས་ལུང་མ་བསྟན་འཁོར་ ལོ་ཡང་བརྗོད་པར་བྱའོ། །དེ་ལ་རང་བཞིན་ལུང་མ་བསྟན་འཁོར་ལོ་ལ་ཡང་སྔོན་བཞིན་དུ་རྗེས་སུ་སྤྱོད་པ་མི་སྐྱེའོ། །ཅི་ལྟར་མིག་གི་རྣམ་ཤེས་ཀྱི་དེ་བཞིན་དུ་རྣ་བའི་རྣམ་ཤེས་ལ་ཡང་འཁོར་ལོ་རྣམ་པ་ལྔ་དང༌། འཁོར་ལོ་འཇིག་པ་བརྗོད་པར་བྱའོ། །འདི་ལྟར། དགེ་བའི་འཁོར་ལོ་དང༌། མི་སྒྲིབ་ པའི་འཁོར་ལོ་དང༌། མི་དགེ་བའི་འཁོར་ལོ་དང༌། སྒྲིབ་པའི་འཁོར་ལོ་དང༌། རང་བཞིན་ལུང་མ་བསྟན་གྱི་འཁོར་ལོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་སྔོན་བཞིན་དུ་རྣམ་པ་ལྔའོ། །དེ་ལ་འདོད་པའི་ཁམས་སུ་སྒྲིབ་པ་སྤངས་པའོ། །གཟུགས་ཁམས་སུ་མི་དགེ་བ་སྤངས་པའོ། །གཉི་ག་གཅིག་ཏུ་ བྱས་པས་རྣམ་པ་ལྔར་འགྱུར་རོ། །དེ་ལྟ་ན་ཡང༌། འདོད་པའི་ཁམས་ཀྱི་དང་གཟུགས་ཀྱི་དང་གཟུགས་ཀྱི་ཁམས་ཀྱི་དག་གཅིག་ཏུ་བྱས་ཏེ་དགེ་བ་གཅིག་གོ། །འདོད་པའི་ཁམས་ཀྱི་དང་གཟུགས་ཀྱི་ཁམས་ཀྱི་དག་གཅིག་ཏུ་བྱས་ཏེ་མི་སྒྲིབ་པ་ནི་གཉིས་པའོ། །འདོད་པའི་ཁམས་ཀྱི་མི་དགེ་བ་ནི་ གསུམ་པའོ། །གཟུགས་ཁམས་ཀྱི་སྒྲིབ་པ་ནི་བཞི་བའོ། །འདོད་པའི་ཁམས་ཀྱི་དང་གཟུགས་ཀྱི་ཁམས་ཀྱི་དག་གཅིག་ཏུ་བྱས་ཏེ། རང་བཞིན་གྱི་ལུང་མ་བསྟན་ནི་འཁོར་ལོ་ལྔ་པའོ། །ཁམས་དང་བཅས་པའི་རེག་བྱ་ལ་ལུས་ཀྱི་རྣམ་པར་ཤེས་པ་དེ་ནི་འཁོར་ལོ་རྣམ་པ་ལྔར་འགྱུར་རོ། །ཡིད་ཀྱི་ རྣམ་པར་ཤེས་པ་ལ་ཡང་རྣམ་པ་ལྔའོ། །དེའི་ཡང་རྗེས་སུ་སྤྱོད་པ་དང་སོ་སོར་སྤྱོད་པའི་རྣམ་པར་གཞག་པ་ནི་ཡོད་པ་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་རང་རྒྱུད་ཅན་ཡིན་པའི་ཕྱིར་དང༌། དྲུག་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྣའི་རྣམ་ཤེས་ནི་སྒྲིབ་པ་སྤངས་པས་རྣམ་པ་བཞིའོ། །ལྕེའི་རྣམ་ ཤེས་ནི། དེ་བཞིན་དུ་རྣམ་པ་ལྔའོ། །དེ་དག་འཁོར་ལོ་རྣམ་བཞིར་བྱ། །ཞེས་སོ། །ཡང་གཟུགས་ལ་སོགས་པ་ལ་དགེ་བ་ལ་སོགས་ཅི་ལྟར་འགྱུར་ཞེ་ན། བརྗོད་བྱ་སྟེ། གཟུགས་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་རྣམས་ནི་སེམས་ཀྱིས་བྱས་པ་སྟེ། དེ་ལྟར་ཡང་རྣམ་པར་རིག་བྱེད་ གང་ཞིག་དགེ་བས་བྱས་པ་དེ་རྣམས་ནི་དགེ་བའོ། །དེ་བཞིན་དུ་རང་བཞིན་གྱི་སེམས་ཀྱི་སྐྱེད་པ་ནི་རང་བཞིན་ནོ་ཞེས་པའི་བར་དུའོ། །དེ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་དང༌། སྒྲ་ནི་དགེ་བ་ལ་སོགས་པ་རྣམ་པ་ལྔའོ། །ལྷག་མ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཐམས་ཅད་ ནི་རང་བཞིན་གྱི་ལུང་མ་བསྟན་ཏོ། །ཆོས་ནི་དགེ་བ་ལ་སོགས་པ་རྣམ་པ་ལྔའོ། །ཡང་གསུངས་པ། གཟུགས་དང་སྒྲ་དང་ཆོས་རྣམས་ལ། །དགེ་ལ་སོགས་པ་རྣམ་པ་ལྔ། །དྲི་རོ་རེག་བྱའི་ཁམས་རྣམས་ནི། རང་བཞིན་ལུང་དུ་མ་བསྟན་པའོ། །ཞེས་སོ། །འདི་ལྟར་འང༌། རྣམ་པར་ཤེས་པའི་ ཚོགས་ལྔ་པོ་འདི་རྣམས་ཀྱི་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་གི་དགེ་བ་ལ་སོགས་པ་ནི་དྲུག་པས་བྱས་པའོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ཡང་དྲུག་པས་བྱས་པའོ། །གང་གི་ཕྱིར་ཞེ་ན། གང་དག་རྣམ་པར་རིག་བྱེད་ཀྱི་གཟུགས་དང་སྒྲ་དག་དང༌། རྣམ་ པར་ཤེས་པའི་ཚོགས་རྣམས་སྡུག་བསྔལ་མཐོང་པས་སྤང་བར་བྱ་བའི་སེམས་ལས་སྐྱེས་པ་དེ་རྣམས་སྡུག་བསྔལ་མཐོང་པས་སྤང་བར་བྱ་བ་ཡིན་པས་དང༌། དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་སེམས་ལས་སྐྱེས་པ་ནི་བསྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེད་པའི་སེམས་ལས་སྐྱེས་པ་ནི་ སྤང་བར་བྱ་བ་མ་ཡིན་པའི་བར་དུའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །མིག་གི་རྣམ་པར་ཤེས་པ་ནི་སྤང་བྱ་ལས་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། འགོག་པ་མཐོང་བས་སྤང་ བར་བྱ་བ་དང༌། ལམ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། སྤང་བྱ་མ་ཡིན་པའོ། །དེ་བཞིན་དུ་རྣ་བའི་རྣམ་ཤེས་དང༌། ཡིད་ཀྱི་རྣམ་ཤེས་དང༌། ཆོས་རྣམས་ལ་སོ་སོར་དྲུག་གོ། །ཡང་གསུངས་པ། མིག་སྣ་ཡིད་ཀྱི་སེམས་ཆོས་ལ། །ཡང་མིན་བཟུང་བས་དྲུག་ཡིན་ནོ། ། ༄༅། །ཞེས་སོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་རྣམས་ཀྱི་ཡང༌། གང་ཉོན་མོངས་པ་ཅན་དང་རང་བཞིན་ནི་དེ་ཉོན་མོངས་པ་ལས་འབྱུང་བ་ཞེས་བརྗོད་དོ། །དེ་ལ་རྣམ་པ་ལྔ་སྟེ་འདི་ལྟར། སྡུག་བསྔལ་གེགས་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཅི་རིགས་པར་ སྲིད་པའོ། །ཡང་གང་ཉོན་མོངས་པ་མ་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བ་དང་སྤང་བྱ་མ་ཡིན་པའོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ནི་རྣམ་པ་གཉིས་ཏེ་འདི་ལྟར། བསྒོམ་པས་སྤང་བར་བྱ་བ་དང༌། སྤང་བྱ་མ་ཡིན་པའོ། །ཡང་གསུངས་པ། སྣ་སོགས་སེམས་ལ་རྣམ་པ་ གཉིས། །ཞེས་སོ། །རྣམ་པར་རིག་བྱེད་ཀྱི་གཟུགས་དང༌། སྒྲའི་ཕྱོགས་གཅིག་ནི་བསྒོམ་པས་སྤང་བར་བྱ་བའོ། །ཡང་གསུངས་པ། བྱ་མིན་གཟུགས་ནི་བསྒོམ་སྤང་ངོ༌། །ཞེས་སོ། །ལུས་ཀྱི་རྣམ་པར་རིག་བྱེད་དང་དག་གི་རྣམ་པར་རིག་བྱེད་དག་སྤང་བྱ་ལས་རྣམ་པ་ལྔའོ། །ཡང་གསུངས་པ། རྣམ་པར་རིག་བྱེད་གང་རྣམ་ལྔ། །ཞེས་སོ། །སྡོམ་པ་མ་ཡིན་པ་ཡང་སྤང་བྱ་ལས་རྣམ་པ་ལྔའོ། །དེ་ལ་གཟུགས་ཅན་གྱི་དབང་པོ་ལྔ་རྣམས་ཀྱི་མི་ལྡན་པ་ཉིད་སྡོམ་པ་མ་ཡིན་པའོ། །རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱི་དང༌། སོ་སོར་སྤྱོད་པའི་མཚུངས་པར་ལྡན་པ་ཉིད་སྡོམ་པ་མ་ཡིན་པའོ། དྲུག་པ་ཆེན་པོ་ཡང་མཚུངས་པར་ལྡན་པ་དང་རབ་ཏུ་མི་ལྡན་པའོ། །དྲི་དང་རོ་དང་རེག་བྱ་གསུམ། །འདི་རྣམས་བསྒོམ་པས་སྤང་བྱ་ཉིད། །ཅེས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་འཕགས་པ་མང་པོས་ བཀུར་བའི་སྡེ་བའི་ལུང་གི་ཚུལ་ལས་བག་ལ་ཉལ་མ་ཡིན་པ་རྣམ་པར་དེས་པ་ཞེས་བྱ་བ་ལེའུ་བཅུ་དྲུག་པའོ།། །།བག་ལ་ཉལ་ཡང་རྣམ་པར་གཞག་པ་བཞི་སྟེ། འདི་ལྟར། ཆོས་རྣམ་པར་གཞག་པ་དང༌། མཚན་ཉིད་རྣམ་པར་གཞག་པ་དང༌། ཁམས་ཀྱི་དབྱེ་བ་དང༌། སྤང་བྱའི་དབྱེ་བའོ། ། དེ་ལ་ཆོས་རྣམ་པར་གཞག་པ་ནི་བག་ལ་ཉལ་བཅུ་སྟེ། འདི་ལྟར། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལོག་པར་ལྟ་བ་དང༌། རང་ལུས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །མཚན་ཉིད་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། འདོད་ཆགས་ནི་ཞེན་པའི་མཚན་ཉིད་དོ། །ཁོང་ཁྲོ་ནི་ཞེ་སྡང་བའི་མཚན་ཉིད་དོ། །ང་རྒྱལ་ནི་མཐོན་པོའི་མཚན་ཉིད་དོ། །མ་རིག་ནི་ཀུན་དུ་རྨོངས་པའི་མཚན་ཉིད་དོ། །ལོག་པར་ལྟ་བ་ནི་རྣམ་པ་གཉིས་ཏེ། འདི་ལྟར། སྦྱིན་པ་མེད་ཅེས་པ་ལ་ སོགས་པའི་མཚན་ཉིད་ཡོད་པ་འཇིག་པར་བྱེད་པའི་ལོག་པར་ལྟ་བ་དང༌། གཟུགས་མི་རྟག་ཞེས་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་རྟོགས་པའི་ལོག་པར་ལྟ་བའོ། །ཆོས་དང་སེམས་པ་ལ་བདག་ཏུ་བརྟགས་པ་ནི་རང་ལུས་ལ་ལྟ་བའོ། །གང་ཟག་ལ་རྟག་པ་དང་རྟག་པ་མ་ཡིན་པར་བརྟགས་ པ་ནི་མཐར་འཛིན་པར་ལྟ་བའོ། །ཟག་པ་དང་བཅས་པའི་ཆོས་ལ་མཆོག་འབའ་ཞིག་ཏུ་རྟོག་པ་ནི་ལྟ་བའི་མཆོག་ཏུ་འཛིན་པའོ། །ཟག་པ་དང་བཅས་པའི་ཆོས་ལ་དག་པར་བརྟགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་ནི་རྣམ་པ་གཉིས་ཏེ། བདེན་པ་ལ་སྐུར་བ་ སྨྲ་བ་དང༌། རྣམ་པར་བྱ་བ་ལ་སྐུར་བ་སྨྲ་བའོ། །དེ་ལ་བདེན་པ་ལ་སྐུར་བ་འདེབས་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་ལ་སྐུར་བ་འདེབས་པ་དང༌། ཀུན་འབྱུང་ལ་སྐུར་བ་དང༌། འགོག་པ་ལ་སྐུར་པ་དང༌། ལམ་ལ་སྐུར་བ་འདེབས་པའོ། །རྣམ་པར་བྱང་བ་ལ་སྐུར་བ་ནི་རྣམ་པ་གསུམ་སྟེ། འདི་ལྟར། སངས་རྒྱས་ལ་སྐུར་བ་འདེབས་པ་དང༌། ཆོས་ལ་སྐུར་བ་སྨྲ་བ་དང༌། དགེ་འདུན་ལ་སྐུར་བ་སྨྲ་བའོ། །དེ་ལ་སངས་རྒྱས་དང་དགེ་འདུན་ལ་ཐེ་ཚོམ་ཟ་བ་ནི་སྡུག་བསྔལ་གྱི་གེགས་ཉིད་དེ། །ཆོས་ལ་ཐེ་ཚོམ་ཟ་བ་ནི་འགོག་པའི་གེགས་སོ། །བདེན་པ་ལ་སྐུར་པ་ཡང་སོ་སོར་བཞི་སྟེ་འདི་ལྟར། སྡུག་ བསྔལ་གྱི་གེགས་དང༌། ཀུན་འབྱུང་གེགས་དང༌། འགོག་པའི་གེགས་དང༌། ལམ་གྱི་གེགས་སོ། །ཁམས་ཀྱི་དགེ་བས་རྣམ་པ་གསུམ་སྟེ་འདི་ལྟར། འདོད་པས་བསྡུས་པ་དང༌། གཟུགས་ཀྱི་བསྡུས་པ་དང༌། གཟུགས་མེད་པས་བསྡུས་པའོ། །དེ་ལ་འདོད་པས་བསྡུས་པ་ནི་བཅུ་སྟེ། འདི་ལྟར། གཟུགས་ཀྱིས་བསྡུས་པ་དགུ་སྟེ། དེ་ཉིད་ཁོང་ཁྲོ་སྤངས་པའོ། །གཟུགས་མེད་པས་སྡུས་པ་དགུ་སྟེ། དེ་ཉིད་ཁོང་ཁྲོ་སྤངས་པའོ། །སྤང་བྱའི་དབྱེ་བས་བག་ལ་ཉལ་རྣམ་པ་ལྔར་འགྱུར་རོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། འགོག་པ་མཐོང་ ༄༅། །བས་སྤང་བར་བྱ་བ་དང༌། ལམ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །དེ་ལ་འདོད་པའི་ཁམས་སུ་འདོད་ཆགས་རྣམ་པ་ལྔ་སྟེ། འདི་ལྟར། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བསྒོམ་པས་སྤང་བྱའོ། །དེ་བཞིན་དུ་གཟུགས་ཁམས་སུ་རྣམ་པ་ལྔའོ། ། དེ་བཞིན་དུ་གཟུགས་མེད་ཁམས་སུ་རྣམ་པ་ལྔའོ། །ལྔ་པ་གསུམ་ནི་འདོད་ཆགས་བཅོ་ལྔར་འགྱུར་རོ། །དེ་བཞིན་དུ་ང་རྒྱལ་རྣམ་པ་བཅོ་ལྔ་དང༌། དེ་བཞིན་དུ་རྨོངས་པ་བཅོ་ལྔ་དང༌། བཅོ་ལྔ་ལ་གསུམ་ནི་བཞི་བཅུ་རྩ་ལྔར་འགྱུར་རོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས་སུ་རྣམ་པ་བཞི་སྟེ། འདི་ ལྟར༑ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་མཐོང་བས་སྤང་བར་བྱ་བའོ། །དེ་བཞིན་དུ་གཟུགས་སུ་རྣམ་པ་བཞིའོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་བཞིའོ། །འདི་ནི་ལོག་པར་ལྟ་བ་བཞི་པ་གསུམ་སྟེ་བཅུ་གཉིས་སོ། །དེ་བཞིན་དུ་ལྟ་བ་མཆོག་ཏུ་འཛིན་པ་བཅུ་གཉིས་ སོ༑ །ཐེ་ཚོམ་རྣམ་པ་བཅུ་གཉིས་དང༌། བཅུ་གཉིས་པ་གསུམ་ནི་སུམ་ཅུ་དྲུག་གོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་འདོད་པའི་ཁམས་རྣམ་པ་གཉིས་ཏེ། འདི་ལྟར་སྡུག་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བ་དང༌། དེ་བཞིན་དུ་གཟུགས་ཁམས་སུ་རྣམ་པ་གཉིས་ དང༌། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་གཉིས་སོ། །འདི་ནི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་པ་གསུམ་སྟེ་དྲུག་གོ། །དེ་ལ་གཟུགས་མེད་པའི་ཁམས་སུ་ཚུལ་ཁྲིམས་མེད་པས་བརྟུལ་ཞུགས་འབའ་ཞིག་ཏུ་རིག་པར་བྱའོ། །རང་གི་ལུས་ལ་ལྟ་བ་ནི་ཁམས་ གསུམ་དུ་ལུས་དམ་པར་ལྟ་བ་གསུམ་ནི་སྡུག་བསྔལ་མཐོང་བས་སྤང་བྱ་ཁོ་ནའོ། །དེ་བཞིན་མཐར་འཛིན་པར་ལྟ་བ་གསུམ་མོ། །གཉིས་པོ་འདི་ལས་ཁམས་གསུམ་དུ་དྲུག་ཏུ་འགྱུར་རོ། །ཞེ་སྡང་ནི་འདོད་པའི་ཁམས་སུ་རྣམ་པ་ལྔ་སྟེ། འདི་ལྟར། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ བསྒོམ་པས་སྤང་བར་བྱ་བའོ། །དེ་ལྟར་བག་ལ་ཉལ་དེ་རྣམས་ནི་ཁམས་དང་སྤང་བྱའི་དབྱེ་བས་ཕྱེ་བ་ན་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །ཡང་བག་ལ་ཉལ་རྣམ་པ་གསུམ་སྟེ་འདི་ལྟར། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང༌། ས་ཆུང་ངུ་བའོ། །ཀུན་དུ་འགྲོ་བ་ཆེན་ པོ་ནི་གཏི་མུག་སྟེ། ཁམས་རེ་རེ་ལ་སྤང་བྱའི་དབྱེ་བ་ཐ་དད་པ་རྣམ་པ་ལྔའོ། །ཀུན་དུ་འགྲོ་བ་ཆུང་ངུ་ནི་དྲུག་སྟེ། འདི་ལྟར། ལོག་པར་ལྟ་བ་དང༌། རང་ལུས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ ཚོམ་མོ། །ས་ཆུང་ངུ་བ་ནི་གསུམ་སྟེ། འདི་ལྟར། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་ལོ། །ཡང་གསུངས་པ། ཀུན་འགྲོ་ཆེན་པོ་རྨོངས་པའོ། །ཡིད་གཉིས་དང་ནི་ལྟ་བ་ལྔ། །ཀུན་འགྲོ་ཆུང་ངུའོ་ལྷག་མ་ནི། །ཉོན་མོངས་ཆུང་ངུའི་ས་པའོ། །ཞེས་སོ། །ཡང་རྣམ་པ་ལྔ་སྟེ། འདི་ལྟར། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང༌། ཐམས་ཅད་དུ་འགྲོ་བ་ཆེན་པོ་དང་མཚུངས་པ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་དང༌། ཐམས་ཅད་དུ་འགྲོ་བ་ཆུང་ངུ་ལྟ་བུ་དང༌། ས་ཆུང་ངུ་བའོ། །གང་ཀུན་དུ་འགོ་བ་ཉིད་དུ་གསུངས་པ། ཁམས་གསུམ་གྱི་སྡུག་བསྔལ་གྱི་གེགས་དང་ཀུན་འབྱུང་གི་གེགས་ དག་བག་ལ་ཉལ་དེ་ནི་ཀུན་དུ་འགྲོ་བ་ཆེན་པོ་ཉིད་དོ། །བག་ལ་ཉལ་དེ་ཉིད་འགོག་པའི་གེགས་དང་ལམ་གྱི་གེགས་དག་ནི་ཀུན་དུ་འགྲོ་བ་ཆེན་པོ་ལྟ་བུའོ། །གང་ཀུན་དུ་འགྲོ་བ་ཆུང་ངུ་གསུངས་པ། ལྟ་བ་ལྔ་དང་ཐེ་ཚོམ་དེ་ནི་སྡུག་བསྔལ་གྱི་གེགས་དང་ཀུན་འབྱུང་གི་གེགས་དག་ནི་ཀུན་དུ་འགྲོ་བ་ཆུང་ ངུའོ༑ །དེ་ཉིད་འགོག་པའི་གེགས་དང་ལམ་གྱི་གེགས་ཅི་ལྟར་སྲིད་པ་ནི་ཀུན་དུ་འགྲོ་བ་ཆུང་ངུ་ལྟ་བུའོ། །འདིར་ཅི་ལྟར་སྲིད་པའི་དོན་ཅི་ཞེ་ན། བརྗོད་པར་བྱ་སྟེ། རང་ལུས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་ལྟ་བ་གསུམ་ནི་ཐམས་ཅད་དུ་ ཡོད་པ་མ་ཡིན་པས་ཐམས་ཅད་དུ་འགྲོ་བ་ལྟ་བུ་ཞེས་པའི་དོན་ཏོ། །ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བ་མ་རིག་པ་དང༌། འདོད་པའི་ཁམས་སུ་འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་རྣམས་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རྣམ་པ་ལྔའོ། །གཟུགས་ ཀྱི་ཁམས་སུ་འདོད་ཆགས་དང་ང་རྒྱལ་དག་དེ་བཞིན་དུ་རྣམ་པ་ལྔའོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་རྣམ་པ་ལྔའོ། །འདི་རྣམས་ནི་ས་ཆུང་ངུ་བའོ། །ཡང་གསུངས་པ། ཀུན་དུ་འགྲོ་བར་གསུངས་དེ་གང༌། །ཀུན་འགྲོ་ཆུང་ངུ་དང་བཅས་པ། །དེ་དག་སྡུག་བསྔལ་རྒྱུ་མཐོང་བས། །སྤང་བྱར་ ༄༅། །ཅི་ལྟར་གསུངས་ཤེས་བྱ། །དེ་འདིར་འགོག་པའི་གེགས་དང་ནི། །ལམ་གེགས་ཅི་ལྟར་སྲིད་པ་རྣམས། །ཀུན་འགྲོ་ལ་སོགས་ལྟ་བུའོ། །ལྷག་མ་གང་དེ་ས་ཆུང་བ། །ཞེས་སོ། །ཡང་འདི་རྣམས་རྣམ་པ་ལྔར་ཅི་ལྟར་གཞག་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། གང་ལས་དེ་རྣམས་ ཀྱི་བྱེད་པ་རྣམ་པ་ལྔ་སྟེ། ཡུལ་ཆེན་པོ་དང༌། ཡུལ་ཆེན་པོ་དང་འདྲ་བ་དང༌། ཡུལ་ཆུང་ངུ་དང༌། ཡུལ་ཆུང་ངུ་དང་འདྲ་བ་དང༌། ཆུང་ངུ་བའོ། །ཡུལ་ཀུན་དུ་འགྲོ་བ་ལ་སོགས་པ་དེ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ཐམས་ཅད་དུ་འགྲོ་བ་ཆེན་པོ་རྣམས་ནི་ཆེན་པོ་ཉིད་རྣམ་པ་བཞི་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དང༌། རྒྱུ་ཆེན་པོ་ཉིད་དང༌། བག་ལ་ཉལ་བ་ཆེན་པོ་ཉིད་དང༌། ཀུན་དུ་ལྡན་པ་ཆེན་པོ་ཉིད་དོ། །དེ་ལ་ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི། ཤེས་བྱ་ཐམས་ཅད་ཀྱང་དམིགས་པར་བྱེད་པས་འདིའི་དམིགས་པ་ཆེན་པོ་ཉིད་དོ། །ཐམས་ཅད་དུ་འགྲོ་བ་ཆེན་པོ་ནི། ཁམས་མཐུན་པ་ དང་སྐལ་པ་མཐུན་པ་དང་མི་མཐུན་པ་རྣམས་ཀྱི་རྒྱུར་གྱུར་པ་དེ་ནི་རྒྱུ་ཆེན་པོ་ཉིད་དོ། དེ་ཐམས་ཅད་དུ་རྗེས་སུ་ཉལ་བར་བྱེད་པས་འདི་ནི་བག་ལ་ཉལ་ཆེན་པོ་ཉིད་དོ། །ཐམས་ཅད་དུ་འགྲོ་བ་ནི་སྐལ་པ་མཐུན་པ་ཐམས་ཅད་ཀྱིས་ཀྱང་ཀུན་དུ་སྦྱོར་བར་བྱེད་པས་འདི་ནི་ཀུན་དུ་ལྡན་པ་ཆེན་པོ་ཉིད་དོ། ། བྱེད་པ་ཆེན་པོ་ཉིད་རྣམ་པ་བཞི་དང་ལྡན་པ་འདིས་ན། རྨོངས་པ་དྲུག་ནི་ཀུན་དུ་འགྲོ་བ་ཆེན་པོ་སྟེ། འདི་ལྟར། འདོད་པ་རུ་སྡུག་བསྔལ་གེགས་དང༌། ཀུན་འབྱུང་གེགས་དང༌། གཟུགས་སུ་སྡུག་བསྔལ་གེགས་དང༌། ཀུན་འབྱུང་གེགས་དང༌། གཟུགས་མེད་པ་ལ་སྡུག་བསྔལ་གེགས་དང་ཀུན་ འབྱུང་གེགས་སོ། །ཐམས་ཅད་དུ་འགྲོ་བ་ཆུང་ངུའི་བག་ལ་ཉལ་རྣམས་ནི་ཆེན་པོ་ཉིད་རྣམ་པ་བཞི་སྟེ་འདི་ལྟར། དམིགས་པ་ཆེན་པོ་ཉིད་དང༌། རྒྱུ་ཆེན་པོ་ཉིད་དང༌། བག་ལ་ཉལ་བ་ཆེན་པོ་ཉིད་དོ། །ཀུན་དུ་ལྡན་པ་ཆེན་པོ་ཉིད་མེད་པས་ཐམས་ཅད་དུ་འགྲོ་བ་ཆུང་ངུ་ཞེས་བརྗོད་དོ། །མ་རིག་པ་ འབའ་ཞིག་གི་ཀུན་དུ་ལྡན་པ་སྟེ། ཕན་ཚུན་ནི་མ་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུ་དང་ཐམས་ཅད་དུ་འགྲོ་བ་ཆུང་ངུ་ལྟ་བུ་རྣམས་ཀྱི་ནི་ཆེན་པོ་ཉིད་ནི་གཉིས་ཏེ། འདི་ལྟར། ཁམས་གསུམ་པ་དང་སྐལ་པ་མཐུན་པ་དག་གི་རྒྱུ་ཆེན་པོ་ཉིད་དང༌། བག་ལ་ཉལ་བ་ཆེན་པོ་ཉིད་དོ། །མ་རིག་པ་ ནི་ཆེན་པོ་ཉིད་གཉིས་ཏེ། འདི་ལྟར་དམིགས་པ་མེད་པ་ཆེན་པོ་ཉིད་དང༌། ཀུན་དུ་སྦྱོར་བ་ཆེན་པོ་ཉིད་དོ། །ལྟ་བ་རྣམས་དང་ཐེ་ཚོམ་དག་ནི་ཆེན་པོ་ཉིད་གཅིག་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དོ། །དེ་ནས་འདི་ནི་འགོག་པ་དང༌། ལམ་གེགས་རྣམས་ནི་དེ་ལྟ་བུའོ། །དེ་ལ་མ་རིག་པ་ནི་ཁམས་ གསུམ་གྱི་འགོག་པ་དང་ལམ་གྱི་གེགས་དག་ཐམས་ཅད་དུ་འགྲོ་བ་ཆེན་པོ་ལྟ་བུའོ། །རང་ལུས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཅེས་པ་ལྟ་བ་གསུམ་དང༌། ཐེ་ཚོམ་དག་འགོག་པ་དང་ལམ་གྱི་གེགས་ནི་དེ་དང་འདྲ་བ་སྟེ། ཐམས་ཅད་ དུ་འགྲོ་བ་ཆུང་ངུ་དེ་དང་མཚུངས་པའོ། །ས་ཆུང་ངུ་བའི་བག་ལ་ཉལ་རྣམས་ནི། །ཆེན་པོ་ཉིད་རྣམ་པ་བཞི་སྟེ། ཁམས་མཐུན་པ་སྐལ་པ་མཐུན་པ་ལའོ། །ས་ཅུང་ཞིག་པ་དེ་ཡང༌། ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བ་མ་རིག་པ་དང་འདོད་ཆགས་དང་ང་རྒྱལ་རྣམས་འདོད་པའི་ཁམས་ སུ་སྔོན་བཞིན་དུ་རྣམ་པ་ལྔའོ། །གཟུགས་ཁམས་དང་གཟུགས་མེད་པའི་ཁམས་སུ་སྔོན་བཞིན་དུ་རྣམ་པ་ལྔར་རིག་པར་བྱའོ། །བག་ལ་ཉལ་མ་ཡིན་པ་རྣམས་ནི་ཆེན་པོ་ཉིད་གསུམ་སྟེ། འདི་ལྟར། དམིགས་པ་ཆེན་པོ་ཉིད་དང༌། རྒྱུ་ཆེན་པོ་ཉིད་དང༌། ཀུན་དུ་ལྡན་པ་ཆེན་པོ་ཉིད་དོ། །གང་གི་ཕྱིར་དེ་ ནི་གང་དུ་རྗེས་སུ་ཉལ་བར་མི་བྱེད་ཅིང༌། ཀུན་ནས་དཀྲིས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །ཡང་གསུངས་པ། ཐམས་ཅད་ལ་ནི་དམིགས་པ་དང༌། །རང་གི་ཁམས་ཀྱི་རྒྱུ་ཉིད་དང༌། །རང་ལ་རྗེས་སུ་ཉལ་ཉིད་དང༌། །སྐལ་མཐུན་ཀུན་གྱི་སྦྱོར་བ་ནི། །ཀུན་འགྲོ་ཆེན་པོའི་མཚན་ཉིད་ནི། །ཀུན་དུ་འགྲོ་བ་ ཆུང་ངུ་ནི། །དེ་མ་ཐག་ཏུ་རྣམ་པ་གསུམ། །ཀུན་དུ་སྦྱོར་བ་མེད་ཤེས་བྱ། །འདྲ་བ་རྣམས་དང་ཆུང་རྣམས་ཀྱི། ཐམས་ཅད་སྐལ་པ་མཉམ་ཉིད་དེ། །མ་རིག་ཙམ་དང་ལྡན་པ་ཉིད། །རྒྱུ་དོན་བག་ལ་ཉལ་འདོན་དང༌། །རང་གི་སྐལ་ལ་སྔོན་བཞིན་གཉིས། །འདོད་ཆགས་ལ་སོགས་གསུངས་ རྣམས་ཀྱི། །མཚན་ཉིད་དེ་རྣམས་ཉིད་ཡིན་ནོ། །ཞེས་སོ། །ཉོན་མོངས་པའི་བདུད་ཀྱི་སྡེ་ཚོགས་དེ་རྣམས་ནི་གང་འགྲོ་བ་མ་ལུས་པའི་ཀུན་ནས་ཉོན་མོངས་པའི་རྒྱུའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་ ༄༅། །འཕགས་པ་མང་པོས་བཀུར་བའི་སྡེ་བའི་ལུང་གི་ཚུལ་ལས་བག་ལ་ཉལ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་བདུན་པའོ།། །།དེ་ལྟར་གྲོལ་བ་འདོད་པས་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་དང་རྣམ་པ་དང་རྒྱུ་ཤེས་པས། བདེ་བ་འབད་པ་མེད་པ་ལ་སོགས་པ་རྣམ་ པར་བསལ་བར་བྱས་ཏེ། རྣམ་པ་མི་ལྡན་པའི་བག་ལ་ཉལ་རྣམས་མེད་པར་བྱེད་པའི་རྒྱུ་ལ་འབད་པ་བརྩམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། གང་ལས་སྒྲིབ་པ་མ་ལུས་པ་རྣམ་པར་བསལ་ཡང༌། རྣམ་པར་མི་ལྡན་པའི་བག་ལ་ཉལ་དང་ལྡན་པར་གྱུར་ན། ཁམས་གསུམ་པའི་ལས་རྣམས་རྒྱས་ པར་གྱུར་པ་ལས། ཡང་སྲིད་སྐྱེ་བ་ལ་ནུས་པ་ཅན་དུ་འགྱུར་རོ། །དེ་ལྟར་ཡང༌། སྲོག་ཆགས་འདི་རྣམས་རྒྱུ་ཡི་འཁོར་ལོ་གཉིས་ཀྱིས་ཡང་དག་ལྡན་པ་ལས། །སྡུག་བསྔལ་རང་བཞིན་འཁོར་བའི་ཤིང་རྟ་ཉེ་བར་སྡོད་པ་མེད་པར་བསྐྱོད། །འདི་ལྟ་སྟེ། ཉོན་མོངས་པའི་འཁོར་ལོས་དང༌། ཉོན་མོངས་ པ་ལས་སྐྱེས་པའི་ལས་ཀྱི་འཁོར་ལོས་སོ། །ཡང་གསུངས་པ། དེ་རྣམས་ཡོད་ལས་འཕེལ་འགྱུར་བའི། །ལས་གང་ལས་ནི་འཇིགས་པ་འབྱུང༌། །འཁོར་ལོ་གཉིས་ཀྱིས་རྟག་ཏུ་ནི། །སྡུག་བསྔལ་རང་བཞིན་ཤིང་རྟ་འབྱུང༌། །ཞེས་སོ། །ཉོན་མོངས་པའི་འཁོར་ལོ་ནི་སྐྱེས་བུ་བྱེད་པས་མ་ ཚང་བར་བྱེད་ནུས་ཏེ། ལས་ཀྱི་འཁོར་ལོ་རྣམས་ཡིན་ནོ། །ལས་ཀྱི་འཁོར་ལོ་ཡང་སྐྱེ་བ་སྔོན་མ་ཡིན། མངོན་པར་འདུ་བྱེད་པ་རང་ཉིད་རྣམ་པར་སྨིན་པ་ལས་མི་ཚང་བར་འགྱུར་རོ། །ཟག་པ་དང་བཅས་པའི་རྒྱུ་དང་འབྲལ་བས་གསར་དུ་སྐྱེ་བར་མི་འགྱུར་རོ། །དེ་ནི་སྡུག་བསྔལ་གྱི་མཐའ་ཉིད་དོ། ། དེ་ལ་ཉོན་མོངས་པའི་རྒྱུ། ལས་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའོ། །དེ་ལ་བསོད་ནམས་མ་ཡིན་པ་ནི། འདོད་པས་བསྡུས་པའི་ཉོན་མོངས་པ་ཅན་ལ་རྣམ་པ་གསུམ་ནི་འདི་ལྟར། ལུས་ཀྱི་དང༌། ངག་གི་དང༌། སེམས་ཀྱིའོ། །འདི་ ནི་བསོད་ནམས་མ་ཡིན་པའི་ལས་ཀྱི་ཚུལ་མདོར་བསྡུས་པའོ། །དེ་ལ་བསོད་ནམས་མ་ཡིན་པ་ནི་མི་གཙང་བ་དང་མ་དག་པ་དང་མི་དགེ་བའོ། །བསོད་ནམས་ནི་རྣམ་པ་བཞི་སྟེ། འདི་ལྟར། འདོད་པའི་ཁམས་པ་དང༌། གཟུགས་ཀྱི་ཁམས་པའོ། །འདོད་པས་བསྡུས་པའི་ལས་ལ་རྣམ་པ་ གཉིས་ནི་འདི་ལྟ་སྟེ། དགེ་བའི་ལས་དང་སྒྲིབ་པ་མ་ཡིན་པའི་ལས་སོ། །གཟུགས་ཀྱིས་བསྡུས་པ་ཡང་གཉིས་ཏེ། འདི་ལྟ་སྟེ། དགེ་བ་དང༌། སྒྲིབ་པ་མ་ཡིན་པའོ། །འདི་གཉི་ག་ཡང་སྒོམ་པའི་རང་བཞིན་ཏེ། གང་ན་དབུགས་འབྱུང་འཇུག་ཡོད་པ་ན་ཡོད་དོ། །འདི་ནི་བསོད་ནམས་ཀྱི་ ལས་ཀྱི་ཚུལ་མདོར་བསྡུས་པའོ། །བསོད་ནམས་ནི་གཙང་བ་དང༌། དག་པ་དང་དགེ་བའོ། །གང་ན་སྒོམ་པའི་རང་བཞིན་གྱི་ལས་དབུགས་འབྱུང་འཇུག་གི་དངོས་པོ་མེད་པ་དེ་ནི་མི་གཡོ་བའི་ལས་སོ། །འདི་ནི་མི་གཡོ་བའི་ལས་ཀྱི་ཚུལ་མདོར་བསྡུས་པའོ། །སྤྱོད་པར་བྱ་བ་མེད་པའི་མི་གཡོ་ བའི་ལས་སོ། །ཡང་གསུངས་ཏེ། བསོད་མིན་བསོད་ནམས་མི་གཡོ་བ། །ལས་དེ་རྣམ་པ་གསུམ་དུ་འདོད། །དབུགས་དང་བཅས་དང་མཉམ་གཞག་དང༌། །དག་པ་གང་འདི་བསོད་ནམས་སོ། །འབྱུང་དང་འཇུག་ལས་རྣམ་པར་གྲོལ། །བསྒོམ་པའི་རང་བཞིན་མི་གཡོ་བའོ། །ཞེས་སོ། ། ཡང་དེ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱིས་བསྡུས་པ་དང༌། ཀུན་འབྱུང་གེགས་དང་འགོག་པའི་གེགས་དང༌། ལམ་གྱི་གེགས་དང༌། བསྒོམ་པས་སྤང་བར་བྱ་བའོ། །བསོད་ནམས་མ་ཡིན་པ་དང་བསོད་ནམས་དག་གི་རྒྱུ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ཀའོ། །འདི་ལྟ་སྟེ། མིག་ གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །མི་གཡོ་བའི་རྒྱུ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ། །དེ་ལ་ལུས་ཀྱི་བསོད་ནམས་མ་ཡིན་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། མ་བསྡུས་པའོ། །ངག་ གི་རྣམ་པ་བཞི་ནི་འདི་ལྟ་སྟེ། བརྫུན་དུ་སྨྲ་བ་དང༌། དབྱེན་དང༌། ཚིག་རྩུབ་དང༌། ངག་ཀྱལ་བའོ། །ཡིད་ཀྱི་ལས་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བརྣབ་སེམས་ཏེ་འདོད་པའི་མཚན་ཉིད་འདོད་པས་བསྡུས་པ་དང་མཚུངས་པར་ལྡན་པའི་སུན་ཕྱུང་བའི་སེམས་པའོ། །གནོད་སེམས་ཏེ་ཞེ་སྡང་གི་ མཚན་ཉིད་ཀྱི་མཚུངས་པར་ལྡན་པས་སུན་ཕྱུང་བའི་སེམས་པའོ། །ལོག་པར་ལྟ་བ་སྟེ། རྨོངས་པའི་མཚན་ཉིད་ཀྱིས་མཚུངས་པར་ལྡན་པའི་སུན་ཕྱུང་བའི་སེམས་ཏེ་ཡིད་ཀྱི་ལས་སོ། །དེ་སྐད་དུ་ཡང༌། སྲོག་གཅོད་པ་དང་རྐུ་བ་དང༌། །འདོད་ལོག་གཡེམ་དང་རྣམ་འཚེ་བ། །བརྫུན་དང་ ༄༅། །དབྱེན་དང་ཚིག་རྩུབ་དང༌། །དགོས་པ་མེད་པའི་བརྗོད་པ་དང༌། །བརྣབ་སེམས་དང་ནི་གནོད་སེམས་དང༌། །ལོག་ལྟ་དེ་རྣམས་བསོད་ནམས་མིན། །ཞེས་སོ། །ཡང་ནི། འདོད་ཁམས་ཀྱིས་བསྡུས་ཉོན་མོངས་ཅན། །ལུས་ངག་ཡིད་ནི་བསོད་མིན་ནོ། །ཞེས་སོ། །དེ་ལ་ལུས་ ཀྱི་རྣམ་པར་རིག་བྱེད་སྲོག་གཅོད་པ་ནི་མཚན་ཉིད་ལྔ་དང་ལྡན་པའོ། །འདི་ལྟ་སྟེ། རང་ལས་གཞན་ཡིན་པ་དང༌། སེམས་ཅན་ཡིན་ཞིང་སེམས་ཅན་མིན་པ་མ་ཡིན་པ་དང༌། སེམས་ཅན་དུ་འདུ་ཤེས་པ་ཡིན་པ་དང༌། བསད་པའི་ཆེད་དུ་སྤངས་པ་དང༌། ཤི་བར་གྱུར་པའི། །སྲོག་གཅོད་པ་ནི་ གསོད་པ་པོའི་ལུས་ཀྱི་རྣམ་པར་རིག་བྱེད་དོ། །ཡང་གསུངས་པ། གཞན་གྱུར་སེམས་ཅན་དེར་འདུ་ཤེས། །སྤངས་དང་གང་ཚེ་འདིར་འདས་པའོ། །ཞེས་སོ། །ལུས་ཀྱི་རྣམ་པར་རིག་བྱེད་ན། །བྱིན་པར་ལེན་པ་ནི་མཚན་ཉིད་ལྔ་ཉིད་དེ། འདི་ལྟ་སྟེ། གཞན་གྱི་ནོར་དུ་གྱུར་པ་དང༌། །གཞན་ནོར་ དུ་འདུ་ཤེས་པ་མིན་པ་དང༌། རྐུ་བའི་སེམས་སྐྱེས་པ་དང༌། གཡོ་ལས་གཡོས་པ་དང༌། བདག་གིར་བྱས་པའོ། །ཡང་གསུངས་པ། གཞན་ནོར་དེ་བློ་རྐུ་སེམས་དང༌། །འཕོས་དང་བདག་གིར་བྱས་པའོ། །ཞེས་སོ། །འདོད་པས་ལོག་པར་གཡེམ་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། བགྲོད་བྱ་ མིན་པ་ལ་མངོན་པར་བགྲོད་པའི་འདོད་པས་ལོག་པར་སྤྱོད་པ་དང༌། བགྲོད་བྱ་མིན་ལ་ཅི་འགྲོ་བྱ་འམ་འགྲོ་བྱ་མིན་ཞེས་ཐེ་ཚོམ་ཟ་ཞིང༌། གང་སུ་དག་རུང་ཞེས། བགྲོད་བྱ་མ་ཡིན་པ་ཉིད་ལ་མངོན་པར་བགྲོད་པའི་འདོད་པས་ལོག་པར་གཡེམ་པའོ། །གཞན་གྱི་བུད་མེད་དང་སྐྱེས་པ་དང་མ་ནིང་ དང༌། རང་གི་ཆུང་མ་ཡང་ལུས་ལས་སྐྱེས་པ་ལས་ཡན་ལག་གཞན་དུ་ཡན་ལག་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པ་སྟེ། བཤད་པའི་ལམ་ལ་སོགས་པར་མངོན་པར་བགྲོད་པའི་འདོད་པས་ལོག་པར་སྤྱོད་དོ། །ཡང་གསུངས་པ། བགྲོད་བྱ་མིན་དང་སེམས་གཉིས་དང་ནི་གནས་སྤངས་པའོ། །ཞེས་ སོ། །མ་བསྡུས་པ་ནི་ཁྲོས་བས་སམ་དྲེགས་པས་གསད་པའི་བསམ་པ་མེད་པར་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །དེ་ནི་རྣམ་པ་མང་ངོ༌། །འདི་ལྟ་སྟེ། སེམས་ཅན་གཞན་ལ་བརྡེག་པ་དང༌། །འཇོག་པ་དང༌། འཇར་པ་དང༌། རྐང་པ་དང་ལག་པ་གཅོད་པ་དང༌། ཤིང་གདོས་དང་ལྕགས་ སྒྲོག་ལ་སོགས་པས་འཆིང་བ་དང༌། བཙོན་རར་འཛུད་པ་དང༌། ཆང་འཐུང་བ་དང༌། ཆང་སྐྱེད་པ་དང༌། ཆང་འཚོང་བ་དང༌། ཆང་སྦྱིན་པ་གཏོང་བ་དང༌། ཕབས་བྱེད་པ་དང༌། སྲོག་ཆགས་འཚོང་བ་དང༌། སྲིན་བུའི་སྦུབས་འཚོང་བ་དང༌། རྒྱ་སྐྱེགས་འཚོང་བ་དང༌། མ་བཏགས་པར་ཏིལ་དང་ཡུངས་ཀར་འཚོང་ བ་དང༌། བགྲོད་བྱ་ལ་མི་ཚངས་པར་སྤྱོད་པ་དང༌། གར་དང༌། གླུ་དང༌། སིལ་སྙན་དང༌། རྒོད་པ་སྒྲེག་པ་དང༌། འཚོང་བ་དང༌། རྐྱལ་པ་དང༌། སྡང་བའི་སེམས་ཀྱིས་གདོས་དང་སྒྲོག་ལ་སོགས་པ་སྦྱིན་པ་དང༌། མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་སྦྱིན་པ་དང༌། མི་ཚངས་པར་སྤྱོད་པའི་བསམ་ པས་རང་གི་བུ་མོ་སྦྱིན་པ་དང༌། ལོག་པར་ལྟ་བ་ཅན་ནམ། གཞན་ལ་ལོག་ལྟ་གསལ་བར་བྱེད་པའི་བསྟན་བཅོས་སྦྱིན་པ་གཏོང་བའམ་འདྲི་བའམ་བཤད་པ་ལ་སོགས་པ་དང༌། བསྟན་བཅོས་དེ་ལ་ཡང་དག་པར་འཇོག་པའོ། །གང་ཅུང་ཟད་དེའི་ལས་ཀྱིས་ཡོངས་སུ་འགྱུར་པ་དེ་ཐམས་ཅད་ནི་མ་ བསྡུས་པའི་ལས་སོ། །བརྫུན་དུ་སྨྲ་བའི་གཞི་ལ་བཞི་ནི་འདི་ལྟ་སྟེ། མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། སྣ་ལྕེ་ལུས་ཀྱིས་བསྣོམས་མྱངས་རེག་འདོད་པ་དང༌། ཡིད་ཀྱིས་རྣམ་པར་ཤེས་པའོ། །བརྫུན་སྨྲ་བ་ལ་རྣམ་པ་བཅུ་གཉིས་ནི་འདི་ལྟ་སྟེ། མཐོང་ཞིང་མཐོང་བར་འདུ་ཤེས་ལམ་མཐོང་ ཞེས་སྨྲ་བ་དང༌། མཐོང་ཞིང་མཐོང་བར་འདུ་ཤེས་ལ་ཡིད་གཉིས་སྨྲ་བ་དང༌། མཐོང་ཞིང་བརྗོད་དོ་མ་མཐོང་བར་འདུ་ཤེས་ཏེ་མཐོང་ཞེས་སྨྲ་བ་དང༌། ཡིད་གཉིས་སྨྲ་བ་དང༌། མ་མཐོང་ཞིང་ཐེ་ཚོམ་ཟ་བ་མཐོང་བ་སྨྲ་བ་དང༌། མ་མཐོང་བ་སྨྲ་བ་དང༌། མཐོང་བ་ལ་ཡང་ཐོས་ཞེས་པ་སྨྲ་བ་དང༌། མཐོང་བ་ལ་འདོད་ བར་སྨྲ་བ་དང༌། མཐོང་བ་ལ་རྣམ་པར་ཤེས་པ་སྨྲ་བ་དང༌། ཐོས་ལ་ཡིད་གཉིས་སྨྲ་བ་དང༌། འདོད་ལ་ཡིད་གཉིས་སྨྲ་བ་དང༌། རྣམ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བའོ། །དེ་རྣམས་ལས་བཟློག་པས་ཡང་བརྫུན་སྨྲ་བ་རྣམ་པ་བཅུ་གཉིས་ནི་འདི་ལྟ་སྟེ། མ་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་མཐོང་བ་ སྨྲ་བ་དང༌། ཐེ་ཚོམ་སྨྲ་བ་དང༌། མ་མཐོང་ཞིང་བརྗོད་དེ་མཐོང་བར་འདུ་ཤེས་ཤིང་མ་མཐོང་བ་སྨྲ་བ་དང༌། ཐེ་ཚོམ་སྨྲ་བའོ། །མ་མཐོང་ལ་ཐེ་ཚོམ་ཟ་ཞིང་མ་མཐོང་བ་སྨྲ་བ་དང༌། མཐོང་བ་སྨྲ་བ་དང༌། མ་མཐོང་བ་ཐོས་པ་སྨྲ་བ་དང༌། འདོད་པ་སྨྲ་བ་དང༌། རྣམ་པར་ཤེས་ལ་སྨྲ་བ་དང༌། མ་མཐོང་ལ་ཡིད་གཉིས་ ༄༅། །སྨྲ་བ་དང༌། འདོད་པ་ལ་ཡིད་གཉིས་སྨྲ་བ་དང༌། རྣམ་པར་ཤེས་པ་ལ་ཡིད་གཉིས་སྨྲ་བའོ། །དེས་ན་མཐོང་བའི་རྟེན་ལ་བརྫུན་ནི་སྨྲ་བ་ཉེར་བཞིར་འགྱུར་རོ། །དེ་བཞིན་དུ་ཐོས་པ་ལ་རྟེན་པའི་ཉེར་བཞི་དང༌། འདོད་པ་ལ་བརྟེན་པ་ཉེར་བཞི་དང༌། རྣམ་པར་ཤེས་པ་ལ་ བརྟེན་པའི་ཉེར་བཞིའོ། །ཉི་ཤུ་བཞི་པ་བཞི་སྟེ་བརྫུན་དུ་སྨྲ་བ་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དབྱེན་ནི་གང་དག་མཛའ་བདག་བདེན་པས་འབྱེད་པ་ཉེ་བར་སྒྲུབ་པའི་ངག་གོ། །གནད་འཇོམས་པའི་ངག་ནི་རྩུབ་པོའོ། །ངག་གསུམ་པོ་དེ་ལས་རྣམ་པར་གྲོལ་བ། གང་ཉོན་མོངས་པ་ཅན་གྱི་ ངག་དེ་ནི་ངག་ཀྱལ་པའོ། །ཡང་གསུངས་པ། འདུ་ཤེས་ཕྲོག་དང་འབྱེད་པ་དང༌། །འཇོམས་དང་ཉོན་མོངས་ཅན་གྱི་སེམས། །ངག་ནི་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །ཡང་རྣམ་པ་གཞན་གྱིས་སྲོག་གཅོད་པ་ལ་སོགས་པ་རྣམས་རྣམ་པ་གསུམ་ནི། དེ་ལ་སྲོག་གཅོད་པ་ནི་རྣམ་པ་གསུམ་ མོ༑ །འདི་ལྟ་སྟེ། སྲོག་གཅོད་པའི་བསམ་པ་དང༌། སྲོག་གཅོད་པའི་ཕྱིར་གཞན་ལ་བཀའ་བསྒོ་བ་དང༌། སྲོག་གཅོད་པ་ཉམས་སུ་ལེན་པའོ། །དེ་ལ་སྲོག་གཅོད་པའི་བསམ་པ་ལ་རྣམ་པ་གསུམ་མོ། །འདི་ལྟ་སྟེ། སྲོག་གཅོད་པར་འདོད་པ་དང༌། སྲོག་གཅོད་པ་བྱེད་དུ་འཇུག་པར་འདོད་པ་ དང༑ གཞན་གྱིས་སྲོག་གཅོད་པར་བྱས་པ་ལ་ཡང་དག་པར་མགུ་པའོ། །དེ་ལྟར་ཡང༌། སྲོག་གཅོད་པ་གསད་པར་བྱའོ་ཞེས་འདོད་པ་ཙམ་གྱི་སེམས་བསྐྱེད་པའོ། །དེའི་སེམས་དེ་དང་ལྷན་ཅིག་ཏུ་སྲོག་གཅོད་པ་ལ་མི་ལྡོག་པ་སྐྱེ་སྟེ། དེ་ནས་ཀུན་དུ་མི་དགའ་བའི་བར་དུ་ནི་ཉིན་མོ་དང་མཚན་ མོ་རུ་ཉེ་བར་སྐྱེ་བའི་ངོ་བོ་མི་དགེ་བ་དང་རྗེས་སུ་འབྲེལ་པའི་རྒྱུན་གྱི་རང་བཞིན་རབ་ཏུ་འཇུག་གོ། །བྱེད་དུ་འཇུག་པར་འདོད་པ་ཡང་འདི་ལྟ་སྟེ། གཞན་གྱིས་སྲོག་གཅོད་དུ་འཇུག་པར་བགྱིའོ་ཞེས་སེམས་བསྐྱེད་པའོ། །འདི་ཡང་སྔོན་བཞིན་དུ་ལྡོག་པ་མ་ཡིན་པ་ཉིན་མཚན་དུའོ། །གཞན་གྱིས་བྱས་ པ་ལ་མགུ་བ་ནི། འདི་ལྟ་སྟེ། ཁ་ཅིག་འདིས་སྲོག་གཅོད་ཞེས་མཐོང་བའམ་ཐོས་པ་ན། གང་ལས་བསད་པ་འདི་ནི་ལེགས་པ་བྱས་སོ་ཞེས་དེ་ལ་དེ་ལས་སྐྱེས་པའི་མགུ་བ་སྐྱེའོ། །འདི་ཡིད་སྔོན་བཞིན་དུ་མི་སྤོང་བ་མ་ཡིན་པ་ཉིན་མཚན་དུའོ། །བཀའ་བསྒོ་བ་ཡང་རྣམ་པ་གསུམ་མོ། །འདི་ལྟ་སྟེ། བསླུས་ཏེ་འཇུག་པ་དང༌། ངེས་པར་སྦྱོར་བ་དང༌། རྗེས་སུ་གནང་བའོ། །དེ་ལ་བསླུས་ཏེ་འཇུག་པ་ནི། འདི་ལྟ་སྟེ། གཞན་དག་ཁ་ཅིག་ལ་རང་གསོད་པའམ་གཞན་གསོད་པ་ལ་རབ་ཏུ་འཛུད་པའོ། །འདིར་ཡང་སྔོན་བཞིན་མི་ལྡོག་པ་ཉིན་མཚན་དུའོ། །ངེས་པར་སྦྱོར་བ་ནི་འདི་ལྟ་སྟེ། གཡོག་པོ་ཁ་ ཅིག་ལའམ་རྗེ་པོའམ་གཞན་ལ་སོག་ཆགས་ངན་པ་འདི་སོང་ཅེས་ངེས་པར་སྦྱོར་བའོ། །འདིར་ཡང་མི་ལྡོག་པའི་ངོ་བོ་སྐྱེ་བར་འགྱུར་བ་ཉིད་སྔོན་བཞིན་ནོ། །སྲོག་གཅོད་པ་རྗེས་སུ་གནང་བ་ནི་འདི་ལྟ་སྟེ། སྲོག་གཅོད་པར་འདོད་པ་ཁ་ཅིག་སྲོག་གཅོད་པར་བགྱིའོ་ཞེས་སྤྱི་ནས་དྲི་བའི་མ་བརྗོད་པ་ ནི་དེ་ལྟར་མཛོད་དོ་ཞེས་རྗེས་སུ་གནང་བའམ། མི་སྨྲ་བར་གྱུར་པས་ཀྱང་རྗེས་སུ་གནང་བའོ། །དེའི་མི་སྤོང་བ་ཡང་ལེགས་པར་ཕྱིར་བཅོས་ཀྱི་བར་དུ་ཉིན་མཚན་དུའོ། །ཉམས་སུ་ལེན་པའི་སྲོག་གཅོད་པ་ནི་རྣམ་པ་གསུམ་མོ། །འདི་ལྟ་སྟེ། ལུས་ཀྱིས་སྲོག་གཅོད་པ་ཉམས་སུ་ལེན་པ་དང༌། ངག་ གིས་སྲོག་གཅོད་པ་ཉམས་སུ་ལེན་པ་དང༌། ཡིད་ཀྱིས་སྲོག་གཅོད་པ་རྗེས་སུ་སྒྲུབ་པའོ། །དེ་ལྟར་མ་བྱིན་པར་ལེན་པ་ལ་སོགས་པ་ངག་ཀྱལ་པའི་མཐར་ཐུག་པ་རྣམས་ལ་སོ་སོར་རྣམ་པ་གསུམ་དུ་བརྗོད་པར་བྱའོ། །ཡང་ན་སོ་སོར་རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་ཡང་དག་པར་ ལེན་པ་དང༌། གཞན་སྲོག་གཅོད་པ་ཡང་དག་པར་ལེན་དུ་འཇུག་པ་དང༌། གཞན་གྱིས་སྲོག་གཅོད་པ་བྱས་པ་ལ་རྗེས་སུ་ཡི་རང་བ་དང༌། རང་ཉིད་སྲོག་གཅོད་པ་ལ་ལྷག་པར་སྤྱོད་པའོ། །དེ་བཞིན་དུ་ངག་ཀྱལ་པའི་བར་དུའོ། །དེ་ལ་གང་ཞིག་མི་དགེ་བའི་སེམས་ཀྱིས་ཡང་དག་པར་ལེན་པ་ནས་ ལྷག་པར་གཅོད་པའི་བར་དུ་བྱེད་ན། དེ་ནི་མི་དགེ་བ་འཆལ་བའི་ཚུལ་ཁྲིམས་སྡོམ་པ་མ་ཡིན་པ་ཉིན་དང་མཚན་དུ་འབྱུང་བར་འགྱུར་རོ། །གང་ཡང་འཇིག་ཚོགས་ལ་ལྟ་བས་དང་མཐར་འཛིན་པར་ལྟ་བས་ཡོངས་སུ་བསླད་ནས། ཡང་དག་པར་ལན་པ་ནས་ལྷག་པར་སྤྱོད་པའི་བར་དུ་བྱེད་ན། དེ་ནི་སྒྲིབ་ པའི་ལུང་དུ་མ་བསྟན་པ་སྡོམ་པ་མ་ཡིན་པ་ཉིན་དང་མཚན་དུ་སྟེ། ཅི་ལྟར་རིགས་པར་བརྗོད་པར་བྱའོ། །ཡང་གསུངས་པ། ཡང་དག་ལན་ལ་སོགས་པའི་རྒྱུས། །སོ་སོར་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །ཡང་གང་ཞིག་ཚུལ་ཁྲིམས་འཆལ་བ་ཐམས་ཅད་སྤྱད་པར་བྱའོ་ཞེས་པ་ནི། དེ་ནི་ཅི་ལྟར་ ༄༅། །འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཉེས་པར་སྤྱད་པ་ཐམས་ཅད་སྤྱད་པར་བགྱིའོ་ཞེས་ཡང་དག་པར་བླངས་པའི་སེམས་དེ་དང་ལྷན་ཅིག་ཏུ་འདོད་པས་བསྡུས་པའི་འཆལ་བའི་ཚུལ་ཁྲིམས་སྡོམ་པ་མ་ཡིན་པ་བརྒྱད་དང༌། གཟུགས་ཀྱིས་བསྡུས་པ་ལུས་ཀྱིས་ཡང་དག་པར་ མ་བསྡུས་པ་དང་ངག་གི་ངག་ཀྱལ་པ་དང་གཉིས་ནི། ཁམས་གཉི་གར་ཐམས་ཅད་ཀྱང་དུས་གཅིག་ཏུ་སྐྱེ་བར་འགྱུར་རོ། །འདོད་པས་བསྡུས་པ་དང་གཟུགས་ཀྱིས་བསྡུས་པའི་སྡོམ་པ་མ་ཡིན་པ་དག་འདི་ན་གནས་པ་ལ་ཡང་འབྱུང་སྲིད་པའི་ཕྱིར་རོ། །ཡང་གསུངས་ཏེ། ཁྲིམས་ འཆལ་ཐམས་ཅད་བླངས་མི་ལ། །འདོད་དུ་སྐྱེས་པ་བརྒྱད་དང་ནི། །གཟུགས་ཀྱིས་བསྡུས་པ་ཐ་མ་གཉིས། །ཁྲིམས་འཆལ་སྡོམ་མིན་ཅིག་ཅར་དུའོ། །ཞེས་སོ། །འདོད་པས་བསྡུས་པ་ཁོ་ནའི་སྡོམ་པ་མ་ཡིན་པ་བར་ཆད་མེད་པར་ཉིན་མཚན་དུ་སྐྱེ་བ་ནི། སོ་སོར་སྡོམ་པ་མ་ཡིན་པ་ཉེ་ བར་སྐྱེ་བར་འགྱུར་རོ། །གཟུགས་ཀྱིས་བསྡུས་པའི་བར་མེད་དག་ལ་ནི་མ་ཡིན་ནོ། །གཟུགས་ཀྱིས་བསྡུས་པའི་སྡོམ་མིན་དེ་དག་ནི་གེགས་དེ་སྲིད་པ་ཡིན་པས་སོ། །གེགས་དེ་སྲིད་པ་ལ་ནི་ཉེ་བར་འཕེལ་བ་ཡོད་པ་མ་ཡིན་ནོ། །ཡང༌། དེ་ནས་འདོད་བསྡུས་བརྒྱད་རྣམས་ལས། །སོ་སོར་ཅི་ བཞིན་ཉེ་བར་སྐྱེ། །ཞེས་གསུངས་སོ། །སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་ཡན་ལག་གང་དང་གང་ཡང་དག་པར་བླངས་པ་དེ་དང་དེ་ཉིད་སྡོམ་པ་མ་ཡིན་པ་ཉིན་དང་མཚན་དུ་འབྱུང་བ་སྔོན་བཞིན་ནོ། །ཡང་ན། ཡང་དག་བླངས་པའི་ཡན་ལག་གང༌། །རྣམ་པར་རིག་བྱེད་རྗེས་ཁོ་ནའོ། །ཞེས་སོ། ། དེ་བཞིན་དུ་ཡང་དག་པར་ལེན་དུ་འཇུག་པ་དང་ཡང་དག་པར་རྗེས་སུ་གནང་བ་ལ་ཡང་སྦྱར་བར་བྱའོ། །ལྷག་པར་སྤྱོད་པ་ནི་གང་དང་གང་ལྷག་པར་སྤྱད་པ་དེ་དང་དེར་ཤེས་པར་བྱའོ། །གང་དག་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལྷན་ཅིག་པ་དང་ངག་གི་རྣམ་པར་རིག་བྱེད་དང་ལྷན་ཅིག་ཏུ་ཡང་དག་པར་ལེན་ པའམ། ཡང་དག་པར་ལེན་དུ་འཇུག་པའམ་ཡང་དག་པར་རྗེས་སུ་གནང་བར་གྱུར་པ་ནི། དེའི་ལུས་ཀྱི་རྣམ་རིག་གམ། ངག་གི་རྣམ་རིག་ནི་ལྷག་པར་གྱུར་པ་ཡིན་ནོ། །ལུས་དང་ངག་གི་རྣམ་རིག་དེ་དག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་གྲིབ་མ་ལྟ་བུར་གནས་པའོ་ཞེས་སོ། །གང་ཡང་ལུས་ཀྱི་ རྣམ་པ་བཞི་རྣམས་ངག་གིས་ལྷག་པར་སྤྱོད་པ་དང་ཡི་དམ་ལེན་པ་དང་ཡང་དག་པར་ལེན་དུ་འཇུག་པ་དང་བསམ་པ་དང་བཀའ་འགོད་པ་དང༌། ངག་གི་རྣམ་པ་བཞི་རྣམས་ལུས་ཀྱིས་ལྷག་པར་སྤྱོད་པ་ལ་སོགས་པ་དང༌། དེ་རྣམས་ནི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ནོ། །འོན་ཀྱང་བསམ་ པའི་དབང་གིས་མཚན་ཉིད་ཡོངས་སུ་རྫོགས་པ་ཡང་འབྲས་བུ་མཉམ་པའི་ལྷག་པ་འབྱུང་བར་འགྱུར་བ་ནི་ཅི་རིགས་པར་བརྗོད་པར་བྱའོ། །ཡང༌། ཡང་དག་ལེན་ལ་སོགས་སྐྱེས་པའི། །ལུས་ཀྱི་བྱ་བ་ངག་གིས་དང༌། །གང་ཡང་ལུས་ཀྱིས་ངག་གི་ནི། །གང་དེ་མཚན་ཉིད་མ་རྫོགས་པའོ། ། ཞེས་གསུངས་སོ། །ཅི་ལྟར་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ཞིང་ཅི་འདྲ་བ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གང་ལས་ལུས་ཀྱི་ལུས་ཀྱིས་དང༌། །གང་དག་ངག་གི་ངག་ཉིད་ཀྱིས། །བྱས་ཏེ་བྱ་བ་བྱས་པ་གང༌། །ཐམས་ཅད་མཚན་ཉིད་རྫོགས་པའོ། །ཞེས་སོ། །གལ་ཏེ་སྲོག་གཅོད་པ་ལ་སོགས་ པའི་སྒྲས་བརྗོད་པའི་རྣམ་པར་རིག་བྱེད་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། སྲོག་གཅོད་པ་ནི་གང་ལས་འདས་པའི་སྦྱོར་བ་གང་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གསད་བྱ་ཤི་བ་དེ་ལ་སྲོག་གཅོད་པའི་སྒྲ་ཐོབ་པའོ། །དེ་ནི་སྐད་ཅིག་ཡིན་པས་དེའི་ཚེ་འདས་པ་ཡིན་ནོ། །འགའ་ཞིག་ནི་ད་ལྟར་བ་ཉིད་དེ། རྣམ་པར་རིག་བྱེད་འབྱུང་བཞིན་པ་གང་དག་གིས། གཞན་གང་དག་གི་སྲོག་ཉེ་བར་འགག་པའི་ཕྱིར་རོ། །མ་བྱིན་པར་ལེན་པ་ཡང་འདས་པའི་ལུས་ཀྱི་རྣམ་པར་རིག་བྱེད་ཉིད་དོ། །འགའ་ཞིག་ཀྱང་ད་ལྟར་བའོ། །འདོད་པས་ལོག་པར་གཡེམ་པ་ནི་འདས་པ་དང་ད་ལྟར་བ་སྟེ། ད་ལྟར་བ་ནི་ཆེས་མང་བ་ཉིད་དོ། ། དེ་བཞིན་དུ་མ་བསྡུས་པ་ལྷག་པར་སྤྱོད་པ་ལ་ཡང་སྦྱར་བར་བྱའོ། །ངག་གི་ལས་རྣམ་པ་བཞི་ནི། ངག་གི་རྣམ་པར་རིག་བྱེད་ད་ལྟར་བ་ཉིད་བརྫུན་དུ་སྨྲ་བ་ལ་སོགས་པའི་སྒྲས་བརྗོད་པ་ཡིན་ཏེ། གང་ལས་བརྫུན་གྱི་ཚིག་རྗོད་པར་བྱེད་པ་ཉིད་ན་ཕ་རོལ་གྱིས་མ་ཐོས་ཀྱང་བརྫུན་ཡིན་ནོ། །དེ་བཞིན་དུ་ཕྲ་མ་ དང་ཚིག་རྩུབ་དང་ངག་ཀྱལ་པའོ། །ཡང༌། སྲོག་གཅོད་པ་ནི་ལུས་ངག་གིས། །བྱ་བ་འདས་དང་དབུ་མ་ཉིད། །རྐུ་སོགས་ངག་གིས་བརྫུན་སོགས་ཀྱང༌། །ད་ལྟ་བ་ནི་ཁོ་ནའོ། །ཞེས་གསུངས་སོ། །གལ་ཏེ་གང་རྣམ་པར་རིག་པ་མང་པོ་རྣམས་ཀྱིས་ཕ་རོལ་གྱི་ཚེ་ཉེ་བར་འགག་པ་ན་དེ་ཅི་ལྟར་ཞེ་ན། བརྗོད་ ༄༅། །པར་བྱ་སྟེ། གང་ཞིག་རྣམ་རིག་ཅི་སྙེད་པ་རྣམས་ཀྱིས་ཕ་རོལ་གྱི་ཚེ་ཉེ་བར་འགགས་པས་ཤི་བར་གྱུར་པ། དེའི་རྣམ་པར་རིག་བྱེད་དེ་སྙེད་པ་དེ་ཐམས་ཅད་ནི་སྲོག་གཅོད་པའོ། །རྣམ་པར་རིག་བྱེད་གཅིག་གིས་མང་པོ་བསད་པ་ནི་སྲོག་གཅོད་པ་གཅིག་ཉིད་དོ། ། ཁ་ན་མ་ཐོ་བ་ནི་སེམས་ཅན་གྱི་ཚད་ཙམ་མོ། །གང་ཡང་རྣམ་པར་རིག་བྱེད་ཅི་སྙེད་རྣམས་ཀྱིས་གཞན་གྱི་ནོར་ཕྲོགས་པ་ན། དེའི་རྣམ་པར་རིག་བྱེད་དེ་ཐམས་ཅད་ཀྱང་རྫས་ཕྲོགས་པར་གྱུར་པ་ན་མ་བྱིན་པར་ལེན་པ་ཡིན་ནོ། །རྣམ་པར་རིག་བྱེད་གཅིག་གིས་ཕྲོགས་པ་ན་མ་བྱིན་པར་ལེན་པ་ གཅིག་ཉིད་དོ། །ཁ་ན་མ་ཐོ་བ་ནི་རྫས་ཀྱི་ཚད་དོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་དང་ཡང་དག་པར་མ་བསྡུས་པ་ལ་ཅི་རིགས་སུ་ཤེས་པར་བྱའོ། །ངག་གིའང་སྨྲ་བའི་རྣམ་པར་རིག་བྱེད་ཅི་སྙེད་པ་དེ་སྙེད་ནི་བརྫུན་ཚིག་དང་ཕྲ་མ་དང་རྩུབ་པོ་དང་མ་འབྲེལ་པའི་བརྗོད་པའོ་ཞེས་ཅི་རིགས་སུའོ། ། ཡང༑ གང་ཅི་སྙེད་ཀྱིས་དམག་སོགས་ལ། །གསོད་པ་རབ་ཏུ་འཇུག་པ་ན། །ཤི་བ་ལ་སོགས་དེ་ཡིས་དེ། །ཐམས་ཅད་སྲོག་གཅོད་ལ་སོགས་ཉིད། །ཅེས་གསུངས་སོ། །གང་ཡང་གསད་བྱས་དང་ལྷན་ཅིག་ཏུ་ཤི་བའམ་སྔོན་དུ་ན། དེ་ལ་ཡང་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ། །གསད་བྱ་འཚོ་བ་ ཐ་མའི་སྐད་ཅིག་ལ་མཚོན་བསྣུན་པ་ལ་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ། །ཡང༌། གསད་བྱ་ལྷན་ཅིག་དང་སྔོན་ནམ། །ཤི་ལ་སྲོག་གཅོད་དེ་ཡོད་མིན། །འཚོ་བ་ཕྱི་མའི་སྐད་ཅིག་ལ། མཚོན་བསྣུན་པ་ལ་སྲོག་གཅོད་མེད། །ཞེས་གསུངས་སོ། །གང་ཡང་གཉིས་དག་མཉམ་དུ་མཐོང་བར་གྱུར་པ་དག་ གིས་གཞན་ལ་བརྡེག་པས་གཞན་གསོད་པར་བྱེད་པ་དེ་ལ་སྲོག་གཅོད་པ་ཡོད་པ་མ་ཡིན་ནོ་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །གང་གི་ཚེ་འདས་པ་དང་ད་ལྟར་བའི་རྣམ་པར་རིག་བྱེད་ནི་སྲོག་གཅོད་པ་ལ་སོགས་པ་ཡིན་པ་དེའི་ཚེ་འདས་པའམ་ད་ལྟར་བ་ལས་ལྡོག་པར་ནུས་པ་མ་ཡིན་ཏེ། ལུས་ བྱས་ཟིན་པའི་ཕྱིར་རོ། །དེས་ན་དེ་ལས་ཅི་ལྟར་ལྡོག་པར་བྱ་ཞེ་ན། བརྗོད་དེ་འདས་པའམ་ད་ལྟར་བའི་ཚུལ་ཁྲིམས་ངན་པ་ལས་ལྡོག་པ་ནི་འགའ་ཡང་མེད་དོ། །འོན་ཀྱང་དུས་དེ་ནས་མ་འོངས་པར་མི་བྱེད་པའི་བསམ་པས་ལྡོག་པའོ། །དེས་ན་མ་འོངས་པའི་བརྒྱད་པོ་དེ་ལས་ལྡོག་པ་སྐྱེ་བ་ཉིད་དོ། །གང་ ལས་དེ་རྣམས་དུས་གསུམ་པར་རྣམ་པར་གཞག་གོ། །ཡང༌། འདས་སམ་མ་འོངས་པ་དག་ལས། །ལྡོག་མིན་འོན་ཀྱང་མ་འོངས་ལས། །མཚན་ཉིད་དེ་ལས་ལྡོག་པ་ནི། །དེ་རྣམས་དུས་གསུམ་པ་གང་ལས། །ཞེས་གསུངས་སོ། །བརྣབ་སེམས་ནི་གཞན་གྱི་ནོར་ལ་འདོད་ཆགས་པའོ། སེམས་ཅན་ལ་གསད་པའི་བསམ་པ་མེད་པར་ཞེ་སྡང་ཤ་སྟག་གིས་སྡུག་བསྔལ་འདི་དང་སེམས་ཅན་ནམ་ཡང་ཕྲད་པར་འགྱུར་ཞེས་པ་འདི་ནི་གནོད་སེམས་སོ། །གང་ཡོད་པའི་ངོ་བོ་རྣམས་ལ་མེད་པར་རྟོགས་པ་དེ་ནི་འདིར་ལོག་པའི་ལྟ་བའོ། །བརྣབ་སེམས་ལ་སོགས་པ་དེ་གསུམ་ཡང་ ངན་འགྲོ་རྣམས་ཀྱི་ལས་དང་ལམ་ནི་མ་ཡིན་ནོ། །འོན་ཀྱང་འདི་གསུམ་གྱིས་མཚུངས་པར་ལྡན་པའི་སེམས་པ་ནི་ངན་འགྲོའི་རྒྱུ་དང་ལམ་ཡིན་པར་རིག་པར་བྱའོ། །འོ་ན་ཅི་སེམས་པ་རྣམ་པ་འདི་གསུམ་ཁོ་ན་ཡིད་ཀྱི་ལས་ཡིན་ཞེ་ན། མ་ཡིན་ཏེ་གང་ཉོན་མོངས་པ་གཞན་གྱིས་མཚུངས་པར་ལྡན་ པའི་སེམས་པ་དེ་ཡང་བསོད་ནམས་མ་ཡིན་པའོ། །གང་ཡང་གཞན་ཉོན་མོངས་པའི་སེམས་གང་ལ་ཉོན་མོངས་པ་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་དང་སོ་སོར་སྤྱོད་པའོ། །གང་འདི་རྣམས་ཀྱིས་ཀྱང་མཚུངས་པར་ལྡན་པའི་སེམས་པ་དེ་ཡང་བསོད་ ནམས་མ་ཡིན་པར་རིག་པར་བྱའོ། །གང་ལས་ལུས་དང་ངག་དང་ཡིད་ཀྱི་ལས་དེ་ནི་ཉོན་མོངས་པ་ལས་བྱུང་བའོ། །དེ་ནས་ཉོན་མོངས་པ་དང་ལས་ལས་དམན་པའི་འགྲོ་བ་ངན་པ་བཞི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། དམྱལ་བའི་འགྲོ་བ་དང༌། ཡི་དྭགས་ཀྱི་འགྲོ་བ་དང༌། དུད་འགྲོའི་འགྲོ་བ་ དང༑ ལྷ་མ་ཡིན་གྱི་འགྲོ་བའོ། །དེ་ལ་ཞེ་སྡང་ཡོངས་སུ་གོམས་པའི་བསོད་ནམས་མ་ཡིན་པས་དམྱལ་བའི་གནས་དང་དེར་གནས་པའི་སེམས་ཅན་དུ་སྐྱེ་བར་འགྱུར་རོ། །ཆགས་པ་ཡོངས་སུ་གོམས་པས་ཡི་དྭགས་ཀྱི་གནས་དང་ཡི་དྭགས་སོ། །གཏི་མུག་ཡོངས་སུ་སྤྱད་པས་དུད་འགྲོའི་ གནས་དང་དུད་འགྲོའོ། །ང་རྒྱལ་ཡོངས་སུ་སྤྱད་པས་ལྷ་མ་ཡིན་གྱི་གནས་དང་ལྷ་མ་ཡིན་ནོ། །དེ་ལ་དམྱལ་བ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དམྱལ་བ་ཆེན་པོ་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཉི་ཚེ་བའི་དམྱལ་བའོ། །དེ་ལ་དམྱལ་བ་ཆེན་པོ་ལ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། གྲང་བའི་ ༄༅། །དམྱལ་བ་དང༌། ཚ་བའི་དམྱལ་བའོ། །དེ་ལ་གྲང་བའི་དམྱལ་བ་ལ་བཅུ་སྟེ། འདི་ལྟ་སྟེ། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་དང༌། སོ་ཐམས་ཐམས་པ་དང༌། ཧ་ཧ་པ་དང༌། ཧུ་ཧུ་པ་དང༌། ཨུཏྤལ་ལྟ་བུ་དང༌། ཀུ་མུ་ཏ་ལྟ་བུ་དང༌། སཽ་གན་དྷི་ཀ་ལྟ་བུ་དང༌། པུཎྜ་རཱི་ཀ་ལྟ་བུ་དང༌། པདྨ་ལྟ་བུའོ། །འདི་རྣམས་སུ་མང་དུ་འཕགས་པ་ལ་སྐུར་པ་འདེབས་པ་རྣམས་སྐྱེ་བར་འགྱུར་རོ། །ཚ་བའི་དམྱལ་བ་ལ་དགུ་སྟེ། འདི་ལྟ་སྟེ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། དུ་འབོད་དང༌། དུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་དང༌། མནར་ མེད་ཆེན་པོའོ། །འདི་རྣམས་སོ་སོ་ལ་ཉེ་འཁོར་གྱི་དམྱལ་བ་བཅུ་དྲུག་ནི་སྔོན་བཞིན་ནོ། །གཤིན་རྗེའི་འཇིག་རྟེན་ཡང་དམྱལ་བ་ཆེན་པོ་རྣམས་དང་མིང་མཚུངས་པ་དགུ་ཉིད་དོ། །དེ་བཞིན་དུ་ཉེ་འཁོར་བ་བཅུ་དྲུག་གོ། །ཡང་སོས་ཀྱི་སྟེང་ལས་སྟེང་ནས་སྟེང་དུ་གནས་སོ། །ཉི་ཚེ་བའི་དམྱལ་བ་ནི་ ཡང་འཛམ་བུའི་གླིང་གི་རི་དང་ཆུ་ཀླུང་དང་ངམ་གྲོག་དང་དགོན་པ་ལ་སོགས་པ་ཉི་ཚེ་བའི་ས་གཞི་ལ་གནས་པའི་ཕྱིར་ཉི་ཚེ་བ་ཞེས་བརྗོད་དོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས། མང་པོས་བཀུར་བའི་སྡེ་པའི་ལུང་ གི་ཚུལ་ལས་བསོད་ནམས་མ་ཡིན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའོ།། །།གང་འདིར་བསོད་ནམས་མ་ཡིན་པ་དེ་ནི་མི་ལྡོག་པའི་རང་བཞིན་རྣམ་པ་བརྒྱད་དུ་གསུངས་སོ། །དེའི་ཕྱིར་བསོད་ནམས་མ་ཡིན་པ་ལས་ལྡོག་པ་མི་བྱེད་པའི་སྡོམ་པ་རྣམ་པ་བརྒྱད་ཉིད་དོ། །དེ་ནི་ ཉོན་མོངས་པ་མ་ཡིན་པས་བསོད་ནམས་སུ་རིག་པར་བྱའོ། །ཡང༌། ལུས་ཀྱི་རྣམ་གསུམ་དེ་དང་ཡང༌། །མ་བསྡུས་པ་དང་དེ་བཞིན་དུ། །ངག་གི་རྣམ་པ་བཞི་རྣམས་ཀྱི། །བསོད་མིན་ལས་ལྡོག་བསོད་ནམས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་ལྡོག་པའི་ཚུལ་ཁྲིམས་རྣམ་པ་བརྒྱད་དང་དེ་ ལས་སྐྱེས་པ་ཉེ་བར་སྐྱེ་བ་དག་ཉིན་མཚན་དུ་འགྱུར་རོ། །ཡོངས་སུ་ལོངས་སྤྱོད་པ་ཡང་ངོ༌། །རྣམ་པར་ལྡོག་པའི་རང་བཞིན་རྣམ་པ་བརྒྱད་ཡིན་པ་དེ་བཞིན་དུ་རྣམ་པར་སྤོང་བའི་ཚུལ་ཁྲིམས་རྣམ་པ་བརྒྱད་དོ། །འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པ་དང༌། མ་བསྡུས་པ་ལས་ལྡོག་པ་དང༌། བརྫུན་དུ་སྨྲ་བ་ལས་ལྡོག་པ་དང༌། ཕྲ་མ་ལས་ལྡོག་པ་དང༌། ཚིག་རྩུབ་པོ་ལས་ལྡོག་པ་དང༌། མ་འབྲེལ་པའི་བརྗོད་པ་ལས་ལྡོག་པའོ། །གང་ཞིག་འདོད་པས་བསྡུས་པའི་སེམས་ཀྱིས་ཚུལ་ཁྲིམས་ངན་པ་ ཐམས་ཅད་ལས་སོ་སོར་ལྡོག་པར་བགྱིའོ་ཞེས་ཡང་དག་པར་བླངས་པ་ནས། དེའི་འདོད་པས་བསྡུས་པ་བརྒྱད་དང་གཟུགས་ཀྱིས་བསྡུས་པ་ལུས་ཀྱིས་མ་བསྡུས་པ་དང༌། ངག་གིས་མ་འབྲེལ་པའི་ལས་རྣམ་པར་ལྡོག་པ་སྡེ་རྣམ་པར་སྤོང་བ་བཅུའོ། །ཡང་དག་པར་བླངས་པའི་སེམས་ཀྱི་དེ་མ་ ཐག་སོ་སོར་ཉིན་མཚན་དུ་ཉེ་བར་སྐྱེ་བ་ཉིད་སྐད་ཅིག་སྐད་ཅིག་ལ་སྐྱེ་བར་འགྱུར་རོ། །ཅི་སྲིད་དུ་ཡི་དམ་མ་སྤངས་པའམ། ཅི་སྲིད་འཚེ་བའམ་འདོད་ཆགས་དང་བྲལ་བ་ཐོབ་ཀྱི་བར་དུའོ། །དེ་བཞིན་དུ་ཡང་དག་པར་འཇོག་པ་དང༌། ཡང་དག་པར་རྗེས་སུ་གནང་བའོ། །ལྷག་པར་སྤྱོད་པ་ཡང་ལྷག་པར་ སྤྱོད་པའི་བར་དུའོ། །ཡང༌། སྡིག་པ་ཁྲིམས་ངན་ལས་ལྡོག་པ། །དེ་ཡི་སྡོམ་པ་བརྒྱད་དང་གཉིས། །བརྒྱད་ཉིད་ཡང་ཡང་ཉིན་མཚན་དུའོ། །ཞེས་གསུངས་སོ། །དེ་ལ་སྲོག་གཅོད་པ་ལས་ལྡོག་པ་ནི་རྣམ་པ་གསུམ་མོ། །འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པའི་ཕྱིར་བསམ་པ་དང༌། སྲོག་གཅོད་ པ་ལས་བཟློག་པའི་ཕྱིར་བཀའ་འགོད་པ་དང༌། སྲོག་གཅོད་པ་ལས་ལྡོག་པའི་ཕྱིར་རྗེས་སུ་གནས་པའོ། །བསམ་པ་ལ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འདོད་པ་དང༌། བྱེད་དུ་འཇུག་པ་ལ་འདོད་པ་དང༌། གཞན་གྱིས་བྱས་པ་ལ་མགུ་བའོ། །བཀའ་འགོད་པ་ལ་ཡང་རྣམ་པ་གསུམ་ནི་འདི་ལྟ་སྟེ། དྲངས་ ཏེ་འཛུད་པ་དང༌། ངེས་པར་སྦྱོར་བ་དང༌། རྗེས་སུ་གནང་བའོ། །རྗེས་སུ་གནས་པ་ལ་རྣམ་པ་གསུམ་ནི། འདི་ལྟ་སྟེ། ལུས་ཀྱིས་རྗེས་སུ་སྒྲུབ་པ་དང༌། ངག་གིས་རྗེས་སུ་སྒྲུབ་པ་དང༌། ཡིད་ཀྱིས་རྗེས་སུ་སྒྲུབ་པའོ། །སྔོན་བཞིན་དུ་ཅི་རིགས་པར་བརྗོད་པར་བྱའོ། །ཡང༌། ལྡོག་པ་བསམ་དང་བཀའ་ འགོད་དང༌། །དེ་དག་རྗེས་སུ་སྒྲུབ་པ་ཉིད། །རེ་རེ་ལ་ཡང་རྣམ་གསུམ་མོ། །ཞེས་གསུངས་སོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །ཡང་རྣམ་པ་གཞན་གྱིས་སྲོག་གཅོད་པ་ལས་ལྡོག་པ་རྣམ་པ་བཞི་ནི་འདི་ལྟ་སྟེ། སྲོག་གཅོད་པ་ལ་ལྡོག་པར་བྱའོ་ཞེས་ཡང་དག་པར་ལེན་ ༄༅། །པ་དང༌། སྲོག་གཅོད་པ་ལས་ལྡོག་པ་ལ་གཞན་དག་ཡང་དག་པར་འཇོག་པ་དང༌། གཞན་རྣམས་ལ་སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་རྗེས་སུ་གནང་བར་འགྱུར་བ་དང༌། རང་ཉིད་ཆུ་འཛག་པ་ལ་སོགས་པ་སྲོག་གཅོད་པ་ཡོངས་སུ་སྤོང་བར་བྱེད་ཅིང༌། སྲོག་ཆགས་ རྣམས་འཚོ་བྱེད་ལས་སྐྱོབ་པའོ་ཞེས་དེ་ལྟ་བུ་ལ་སོགས་པའོ། །དེ་བཞིན་དུ་ལྷག་མ་ལས་ལྡོག་པ་ཡང་དག་པར་ལེན་པ་དང༌། གཞན་ཡང་དག་པར་འཇོག་པ་དང༌། ཡང་དག་པར་གནང་པར་འགྱུར་བ་དང༌། ལྷག་པར་སྤྱོད་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་བརྒྱད་ཚན་བཞི་འདི་ནི་ཚུལ་ཁྲིམས་ སྡོམ་པ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །འདི་ཉིད་དེ་རང་བཞིན་རྣམ་པར་ཉམས་པ་ལས་སྐྱེས་པའི་གཉེན་པོ་སུམ་ཅུ་རྩ་གཉིས་དང༌། འཚོ་བའི་གཉེན་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གཉིས་པ་གཉིས་ནི། །སྡོམ་པ་རྣམ་པ་དྲུག་ཅུ་རྩ་བཞི་ཡིན་ནོ། །སྡོམ་པ་ཐམས་ཅད་ལས་དེ་མ་ཐག་ཏུ་ཉེ་ བར་སྐྱེ་བ་ཉིན་མཚན་དུ་ཉེ་བར་འཕེལ་བར་འགྱུར་རོ། །ཅི་སྲིད་དུ་མ་སྤངས་ཀྱི་བར་དུ་ཞེས་པ་ལ་སོགས་པ་སྔོན་བཞིན་ནོ། །སྡོམ་པ་དེ་རྣམས་དགེ་བའི་སེམས་ཀྱིས་ཡང་དག་པར་བླངས་ན་དགེ་བར་འགྱུར་བ་དང་ཉིན་མཚན་དུ་འབྱུང་བ་ཡང་ངོ༌། །སྒྲིབ་མིན་གྱི་སེམས་ཀྱིས་བླངས་པ་ནི་སྒྲིབ་མིན་དུ་ འགྱུར་བ་དང་ཉིན་མཚན་དུ་འབྱུང་བ་ཡང་ངོ༌། །འོ་ན་སྦྱིན་པའི་སྡོམ་པ་ཅི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དགེ་བའི་སེམས་ཀྱིས་སྦྱིན་པ་བྱིན་པ་ལས་ལུས་ཀྱི་སྡོམ་པ་ཉིད་སྐྱེ་བའོ། །སྦྱིན་བྱ་ཡོངས་སུ་གཏོང་བར་བྱེད་པ་ནས་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བ་ནི་བསོད་ནམས་ཡིན་ཅིང་དགེ་ བ་ཉིད་དོ། །དགེ་བའི་སྡོམ་པ་ལས་སྐད་ཅིག་སོ་སོ་ལ་འཕེལ་ལོ། །དེ་དག་ཀྱང་ལུས་ཀྱིས་ཚུལ་ཁྲིམས་མ་བསྡུས་པ་ལས་ལྡོག་པས་བསྡུས་པ་ཉིད་དོ། །ཡང༌། དངོས་གཞི་ཉོན་མོངས་མེད་སྦྱིན་སྐྱེ། །དེ་ལས་ཡོངས་སུ་ལོངས་སྤྱོད་སྐྱེ། །སྦྱིན་བྱ་ལོངས་སྤྱོད་པ་ཉིད་ན། །དགེར་གྱུར་ཞེས་གསུངས་སོ། །དེ་ལ་ སྦྱིན་པ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་བཟའ་བཏུང་ལ་སོགས་པ་སྦྱིན་པའོ། །མི་འཇིགས་པའི་སྦྱིན་པ་ནི་འཇིགས་པས་གཟིར་བ་རྣམས་ཡོངས་སུ་སྐྱོབ་པ་དང༌། འཇིགས་པའི་རྒྱུ་ལས་ལྡོག་པའོ། །ཆོས་ཀྱི་སྦྱིན་པ་ནི་ གཞན་དོན་དུ་གཉེར་བ་ལ་དགེ་བའི་སེམས་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་དེ་ཉེ་བར་སྟོན་པའོ། །དེ་ལ་མི་འཇིགས་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་ནི་དགེ་བར་འགྱུར་བའམ་སྒྲིབ་པ་མིན་པའི་ལུང་དུ་མ་བསྟན་པར་འགྱུར་རོ། །དགེ་བ་དེ་ལས་སྡོམ་པ་དང་ཉིན་མཚན་དུ་འབྱུང་ བ་ནི་དགེ་བའོ། །སྒྲིབ་པ་མིན་པའི་ལུང་དུ་མ་བསྟན་པ་ལས་སྡོམ་པ་དང་ཉིན་མཚན་དུ་འབྱུང་བ་ནི་སྒྲིབ་མིན་གྱི་ལུང་དུ་མ་བསྟན་པའོ། །ཟང་ཟིང་གི་སྦྱིན་པ་ཡང་སྡོམ་པ་དང་ལྷན་ཅིག་པས་མཐའ་གཅིག་ཏུ་དགེ་བའོ། །དེ་ལས་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བ་ཡང་བསོད་ནམས་དགེ་ བ་ཉིད་ཉེ་བར་འཕེལ་བའོ་ཞེས་རྒྱུ་བཅུ་གཉིས་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བའི་བསོད་ནམས་འཕེལ་བར་མི་འགྱུར་ཏེ། འདི་ལྟ་སྟེ། ཀུན་དུ་ལོངས་སྤྱོད་པ་ལ་སྦྱིན་པ་དང༌། བཅིངས་པ་ལ་སོགས་པ་གྲོལ་བའི་དོན་དུ་སྦྱིན་པ་དང༌། དུས་ཅི་ལྟ་བར་སྡོམ་པ་སྐྱེད་པ་དང༌། རང་ཉིད་ ཉེ་བར་ལོངས་སྤྱོད་པ་དང༌། ལོག་པར་ཡོངས་སུ་ལོངས་སྤྱོད་པ་དང༌། མ་གནང་བར་ལོངས་སྤྱོད་པ་དང༌། ཡོངས་སུ་ལོངས་སྤྱོད་པ་དང༌། གཞན་དུ་ལོངས་སྤྱོད་པ་དང༌། ཕྲོགས་པ་དང༌། དགེ་བའི་རྩ་བ་ཀུན་དུ་ཆད་པ་དང༌། འདོད་ཆགས་དང་བྲལ་བ་ལ་བགྲོད་པ་དང༌། ཤི་བར་གྱུར་པའོ། །ཟག་པ་དང་ བཅས་པའི་ལས་རྣམས་བཤད་དོ། །ཟག་པ་མེད་པའི་ལས་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལམ་གྱི་ཚུལ་ཁྲིམས་དང༌། གཉེན་པོའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་སོ། །ལམ་གྱི་ཚུལ་ཁྲིམས་ནི། མངོན་དུ་བྱེད་པའི་སྤྱད་བྱ་སྤྱོད་པ་དག་སྐྱེ་བར་འགྱུར་ཏེ། འདོད་པའི་ཁམས་སམ་ གཟུགས་ཀྱི་ཁམས་སུ་སྐྱེ་བ་ཐམས་ཅད་བྱང་ཆུབ་ཡན་ལག་གི་སེམས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པས་བག་ལ་ཉལ་བཅུ་དང་བག་ལ་ཉལ་མ་ཡིན་པ་ཉི་ཤུ་སྟེ་ཉོན་མོངས་པ་སུམ་ཅུ་རབ་ཏུ་སྤོང་བའོ། །ཉོན་མོངས་པ་དེ་རྣམས་ཀྱི་རེ་རེ་ལ་ཀུན་ནས་དཀྲིས་པ་འདོད་པས་བསྡུས་པའི་སེམས་ ཅན་ཚུལ་ཁྲིམས་ངན་པ་རྣམ་པ་བཅུ་དྲུག་ཏུ་བྱའོ། །དེ་ཡང༌། སྲོག་གཅོད་པ་ལ་སོགས་པ་ཅི་ལྟར་གསུངས་པ་རྣམས་རང་བཞིན་རྣམ་པར་ཉམས་པ་ལས་སྐྱེས་པ་བརྒྱད་དང༌། འཚོ་བའི་རྒྱུ་རྣམ་པ་བརྒྱད་དེ་རྣམ་པ་བཅུ་དྲུག་དུ་འགྱུར་རོ། །དེ་རྣམས་རབ་ཏུ་སྤངས་པ་ལ། །ཡང་དེ་རྣམས་མི་བྱའོ་ཞེས་དེ་ ༄༅། །རྣམས་སྤངས་པ་ལས་ཚུལ་ཁྲིམས་སྡོམ་པ་བཅུ་དྲུག་སྐྱེ་བར་འགྱུར་ཏེ། འདི་ལྟར། རང་བཞིན་ཉམས་པ་ལས་སྐྱེས་པའི་གཉེན་པོ་བརྒྱད་དང༌། འཚོ་བའི་གཉེན་པོ་བརྒྱད་དོ། །དེ་བཞིན་དུ་ཉོན་མོངས་པ་རེ་རེ་ལ་ཤེས་པར་བྱའོ། །རྣམ་པ་འདིས་ཚུལ་ངན་པ་རྣམ་པ་བཅུ་དྲུག་ ཀྱང་སྤངས་པའོ་ཞེས་པ་ནི་བཅུ་དྲུག་པ་གཅིག་གོ། །ཡང་ཉོན་མོངས་པ་རེ་རེས་སྐྱེད་པའི་ཉེས་སྤྱོད་ཀྱི་གཉེན་པོས་ཉོན་མོངས་པ་སྤངས་པའི་དབང་ལས་བཅུ་དྲུག་པ་སུམ་ཅུའོ། །ལམ་གྱི་ཚུལ་ཁྲིམས་བཅུ་དྲུག་པ་སུམ་ཅུ་གཅིག་སྐྱེ་བར་ཏེ། དེ་ལྟར་ལམ་གྱི་ཚུལ་ཁྲིམས་དགུ་བཅུ་རྩ་དྲུག་ལྷག་ པའི་བརྒྱ་ཕྲག་བཞི་རུ་འགྱུར་རོ། །དེ་བཞིན་དུ་སྡུག་བསྔལ་ལ་སོ་སོར་རྟོག་པའི་ཤེས་པ་ལའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། །གཟུགས་ཀྱིས་བསྡུས་པའི་བག་ལ་ཉལ་དགུ་དང་བག་ལ་ཉལ་མ་ཡིན་པ་བཅུ་གཅིག་སྟེ། ཉོན་མོངས་པ་ཉི་ཤུ་རབ་ཏུ་སྤངས་པའོ། །དེ་ལ་ཉོན་མོངས་པ་སོ་སོ་ ལ་ཉེ་བར་སྤྱོད་པ་གཉིས་འབྱུང་སྟེ། འདི་ལྟ་སྟེ། མ་བསྡུས་པ་དང༌། མ་འབྲེལ་བའི་བརྗོད་པའོ། །སྔོན་དུ་བཤད་པའི་རིགས་ཉེས་སྤྱོད་གཉིས་ཚན་སྤོང་བ་ནི་གཅིག་གོ། །ཉེས་སྤྱོད་ཉི་ཤུ་ཚན་གཉིས་ཀྱི་གཉེན་པོ་ཉི་ཤུ་ཚན་གཉིས་ཏེ། གཉིས་ཚན་ཉེར་གཅིག་སྡོམ་པ་སྐྱེ་བའོ། །དེ་བཞིན་དུ་ཡེ་ཤེས་ ལྷག་མ་དང་སྒོམ་པའི་ས་དག་ལ་ཅི་རིགས་པར་བརྗོད་པར་བྱའོ། །གཉེན་པོའི་ཚུལ་ཁྲིམས་ནི། གང་དང་གང་དུ་ཁམས་མཉམ་པ་སྐལ་བ་མཉམ་པའི་ཉོན་མོངས་ཐམས་ཅད་སྤངས་པ། དེ་དང་དེ་རུ་ཉིང་མཚམས་དང་སྤྱད་བྱས་སྤྱོད་པ་ཉེ་བར་སྐྱེའོ། །དེ་ཡང་ཉོན་མོངས་པ་འཇིག་བྱེད་ཀྱི་ཡེ་ཤེས་ སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དང་བསྒོམ་པའི་ས་དག་གི་ལམ་གྱི་ཚུལ་ཁྲིམས་བཞིན་དུ་ཅི་རིགས་སུ་ཤེས་པར་བྱའོ། །སྡོམ་པའི་ཚུལ་ཁྲིམས་ནི། ཐམས་ཅད་ཟག་པ་མེད་པ་སྟེ་དགྲ་བཅོམ་པའི་འོ། །འདི་ལྟ་སྟེ། དགྲ་བཅོམ་པ་ཉེས་སྤྱོད་ཐམས་ཅད་ལས་ལྡོག་པར་བྱའོ་ཞེས་དེ་ལྟར་ སེམས་བསྐྱེད་པ་ན། སེམས་དེ་དང་ལྷན་ཅིག་ཏུ་ཟག་པ་མེད་པའི་ཚུལ་ཁྲིམས་སྡོམ་པ་བརྒྱད་སྐྱེ་བའོ། །དེ་ལ་ཉིན་མཚན་དུ་འབྱུང་བ་ནི་མེད་དོ། །དེ་བཞིན་དུ་འདིར་ལུས་ངག་གི་རྣམ་པར་རིག་བྱེད་དག་གིས་ཡང་དག་པར་འཇོག་པར་བྱེད་པ་དང༌། ཡང་དག་པར་གནང་བ་དང་ལྷག་པར་སྤྱོད་པ་ཐམས་ ཅད་ནི་ཟག་པ་མེད་པའོ། །འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བས་ཉེས་སྤྱོད་ཐམས་ཅད་ལས་ལྡོག་པ་ལས་འདོད་པས་བསྡུས་པའི་ཉེས་སྤྱོད་ཀྱི་གཉེན་པོ་དང་གཟུགས་ཀྱིས་བསྡུས་པ་ལུས་ཀྱིས་མ་བསྡུས་པ་དང༌། ངག་གིས་མ་འབྲེལ་བའི་བརྗོད་པ་དག་གི་གཉེན་པོ་རྣམས་ ནི་ཟག་པ་མེད་པའོ། །ཁམས་གཉིས་ལ་ཆགས་བྲལ་གྱི་ཕྱིར་མི་འོང་བ་ནི་དགྲ་བཅོམ་པ་ཅི་བཞིན་ནོ། །རྗེས་ཀྱི་ལུས་ངག་གི་རྣམ་པར་རིག་བྱེད་ཐམས་ཅད་ཀྱང་ཟག་པ་མེད་པ་ཉིད་དོ། །ཡང༌། འདོད་པ་ཆགས་བྲལ་འཕགས་པ་ཡི། །ཐམས་ཅད་ལས་ལྡོག་པའི་བརྒྱད་དང༌། །གཟུགས་ སྐྱེས་གཉིས་ནི་དྲི་མེད་པའོ། །གཟུགས་ལ་ཐམས་ཅད་ཀྱང་ཟག་མེད། །ཅེས་གསུངས་སོ། །ལམ་གྱི་ཚུལ་ཁྲིམས་དང་གཉེན་པོའི་ཚུལ་ཁྲིམས་དག་ཁྱད་པར་ཅི་ཞེ་ན། བརྗོད་པར་བྱ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་ནི། སྤོང་བ་ལས་དང་རྗེས་སུ་མཐུན་པའི་སྟོབས་ལས་ཚུལ་ཁྲིམས་སྐྱེའོ། ། དེ་ཡང་སྐད་ཅིག་ཉིད་ཡིན་པས་འགག་པར་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་འང་ཡང་རེ་ཞིག་དེ་བཞིན་དུ་སྐྱེ་སྟེ། སྔོན་དུ་སྤངས་པའི་སྟོང་ས་ལས་དང༌། རྗེས་སུ་མཐུན་པའི་སྟོབས་ལས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། །སྤངས་པའི་རྒྱུ་ལས་དང༌། རྗེས་སུ་མཐུན་པའི་ སྟོབས་ལས་སྐྱེའོ། །གང་དག་ཆོས་ཤེས་པ་ནི། །སྤངས་པའི་སྟོབས་ལས་དང་རྗེས་སུ་མཐུན་པའི་དབང་དེ་དག་ལས་སྐྱེའོ་ཞེས་ཀྱང་ཁ་ཅིག་གོ། །དེ་བཞིན་དུ་ལྷག་མ་དང་བསྒོམ་པའི་ས་དག་ལ་ཅི་རིགས་སུ་བརྗོད་དོ། །གཉེན་པོའི་ཚུལ་ཁྲིམས་ནི་ཉོན་མོངས་འཇིག་བྱེད་བཞིན་དུ་དངོས་སུ་ སྤོང་བའི་རྒྱུ་ལས་དང་སྔོན་དུ་སྤངས་པའི་སྟོབས་དག་ལས་སྐྱེ་བར་འགྱུར་གྱི། གཞན་ནི་མ་ཡིན་ནོ། །སྤངས་པ་སོ་སོའི་མཚམས་སུ་སྔོན་སྤངས་པའི་སྟོབས་ཉིད་ལས་སོ། །དེ་སྲིད་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་ལྡོག་པའི་ཚུལ་ཁྲིམས་བརྒྱད་ཉེ་བར་བསྟན་པའོ། །བཅས་པའི་ཁ་ན་མ་ཐོ་[*MTHO?] བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱང༌། དགེ་སློང་དང༌། དགེ་སློང་མ་དང་དགེ་ཚུལ་ཕོ་མོ་དང་བྱ་རོག་སྐྲོད་བྱེད་དང་དགེ་བསྙེན་དང་དགེ་བསྙེན་མོ་རྣམས་ཀྱིས་སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དང་ཡོངས་སུ་བསྲུང་བ་ལས་སྐྱེས་པའོ། །དེ་ལ་དགེ་སློང་གིས་བསླབ་ ༄༅། །པའི་གཞི་ཐམས་ཅད་ནི། འདུལ་བ་ལས་གསུངས་པའི། ཉི་ཤུ་ལྷག་པའི་བཞི་བརྒྱའོ། །བསླབ་པའི་གཞི་དེ་རྣམས་ལ་ཕལ་ཆེར་ནི་བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པའི་ཚུལ་ཁྲིམས་སོ། །སྡོམ་པ་ཐམས་ཅད་ལས་ཀྱང་ཡིད་མ་བླངས་པའི་སེམས་ཀྱིས་དེ་མ་ཐག་ཏུ་ཉེ་ བར་སྐྱེ་བ་ན་རྣམ་པར་མ་སྤངས་ཀྱི་བར་དུའོ་ཞེས་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་སློང་མ་ཡི་ཅི་རིགས་པར་རོ། །དགེ་ཚུལ་ཕོ་མོའི་བསླབ་པའི་གཞི་རྩ་དགུ་དང༌། བྱ་རོག་སྐྲོད་པའི་བརྒྱད་དང༌། དེ་བཞིན་དུ་བསྙེན་གནས་ཀྱིའོ། །དགེ་བསྙེན་དང་དགེ་བསྙེན་མ་དག་གིས་བསླབ་པའི་གཞི་ གཏན་དུ་བ་ལྔའོ། །དེ་རྣམས་ཀྱང་ཡང་དག་པར་བླངས་པའི་སེམས་ཀྱིས་དེ་མ་ཐག་ཏུ་ཉེ་བར་སྐྱེ་བ་ན། སེམས་ཀྱི་སྐད་ཅིག་དུས་ཀྱིས་ཡང་དག་པར་འཕེལ་བ་སྟེ། མ་སྤངས་ཀྱི་བར་དུའོ་ཞེས་སོ། །ཡང༌། གང་དུ་དགེ་སློང་གིས་བཅས་པའི། །ཉེས་པ་ལས་ལྡོག་སྡོམ་པ་དེའི། གྲངས་ནི་བརྒྱ་ཕྲག་ བཞི་དང་ནི། །ཉི་ཤུས་ལྷག་པ་ཁོ་ནའོ། །དགེ་སློང་མ་ཡི་དེ་དང་གཞན། །དགེ་ཚུལ་དང་ནི་གསོ་སྦྱོང་དང༌། རྟག་པའི་དགེ་བསྙེན་སྡོམ་པ་ནི། །དགུ་དང་བརྒྱད་དང་ལྔ་རིམ་བཞིན། །དངོས་གཞི་དེ་ལས་ཉེས་སྐྱེ་ནི། །ཡང་དག་ལེན་སོགས་རྒྱུ་ལས་སོ། །ཞེས་གསུངས་སོ། །དེས་ན་ཉོན་མོངས་པ་ཅན་ མ་ཡིན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་མངོན་པར་བསྡུ་ན། རྒྱུ་བཅུ་གཉིས་ཀྱིས་སྐྱེ་སྟེ། འདི་ལྟ་སྟེ། ཡང་དག་པར་བླངས་པ་དང༌། ཡང་དག་པར་ལེན་དུ་འཇུག་པ་དང༌། ཡང་དག་པར་གནང་བ་དང༌། ལྷག་པར་སྤྱོད་པ་དང༌། སྡོམ་པའི་རྩ་བ་ཉེ་བར་མ་ཆད་པ་དང༌། དགེ་བའི་རྩ་བ་བསྐྱེད་པ་དང༌། ཉེས་ སྤྱོད་ཀྱི་རྒྱུ་སྤངས་པ་དང༌། བདེན་པ་དང་རྗེས་སུ་མཐུན་པའི་སྟོབས་དང༌། བསྒོམ་པའི་སྟོབས་དང༌། སྔོན་སྤངས་པའི་སྟོབས་དང༌། དངོས་པོ་ཡོངས་སུ་ཤེས་པ་དང༌། ཁས་བླངས་པ་ལས་ཏེ་ཅི་རིགས་པར་བརྗོད་པར་བྱའོ། །ཅི་ལྟར་གསུངས་པའི་ཉོན་མོངས་ཅན་དང་ཉོན་མོངས་མེད་པའི་ཚུལ་ཁྲིམས་ དེ་རྣམས་ཀྱི་ཀུན་ནས་གཡོ་བ་ནི་རྣམ་པ་བཞི་ཡིན་ནོ། །འདི་ལྟ་སྟེ། གང་དང་གང་དུ་ཚུལ་ཁྲིམས་ཀྱི་ཡན་ལག་སྤངས་པ་དེ་དང་དེ་ནི་ཀུན་ནས་གཡོས་པའོ་ཞེས་མི་མཐུན་པའི་ཕྱོགས་ཀྱིས་དང༌། ཉེས་སྤྱོད་ཐམས་ཅད་བགྱིའོ་ཞེས་ཡི་དམ་བླངས་པ་བྱེད་པའོ་ཞེས་ཐམས་ཅད་ཀུན་ནས་གཡོས་པ་དང༌། ཚུལ་ ཁྲིམས་ཐམས་ཅད་སྤང་བར་བགྱིའོ་ཞེས་བསླབ་པའི་གཞི་སྤངས་པས་དང༌། དགེ་བའི་རྩ་བ་ཡང་དག་པར་ཆད་པའོ། །ཉེས་པར་སྤྱོད་པ་ཡང་སྤོང་ཞིང་ཀུན་ནས་གཡོ་བར་བྱེད་པ་ནི་བཞི་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་བླངས་པ་ལས་ཚུལ་ཁྲིམས་ངན་པ་གཡོ་བར་ བྱེད་པ་དང༌། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་ལེན་དུ་འཇུག་པ་དང༌། སྲོག་གཅོད་པ་ལས་ལྡོག་པ་ཡང་དག་པར་རྗེས་སུ་གནང་བ་དང༌། སྲོག་གཅོད་པ་ལྷག་པར་མི་སྤྱོད་པའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པ་ལ་ཡང་ཅི་ལྟར་རིགས་པར་བརྗོད་པར་བྱའོ། །ཉེས་ སྤྱོད་ཐམས་ཅད་ལས་ལྡོག་པར་བགྱིའོ་ཞེས་པའམ། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་ལེན་པའམ། བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པའི་གཞི་ཅི་སྙེད་པ་དེ་ལ་ཡང་དག་པར་གཞུག་བར་བགྱིའོ་ཞེས་པ་ཐམས་ཅད་སྤོང་བར་བྱེད་པའོ། །ཡང་ན། འདུས་བྱས་ཐམས་ཅད་ མི་རྟག་པའོ། །འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་གྱི་རྒྱུའོ་ཞེས་པ་འདིས་ཀྱང་ཚུལ་ཁྲིམས་ངན་པ་ཀུན་ནས་སྤོང་བར་བྱེད་པའོ། །གཞན་དུ་ན་བརྟེན་པ་དང་འབྲེལ་པ་ལས་སྒྲོ་འདོགས་ཀྱི་ཁང་པ་ལ་སོགས་པའོ། །ཡང༌། མ་ལུས་པ་ཡི་འདུས་བྱས་རྣམས། །མི་རྟག་པ་དང་རྒྱུར་བསམས་ པས། །ཉེས་པ་ཐམས་ཅད་སྤོང་བར་བྱེད། །དེ་བཞིན་བརྟན་པ་མ་རྟོགས་པའོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་སེམས་པའི་ལས་དང༌། སེམས་པས་བསླང་བའི་ལས་སོ་ཞེས་གསུངས་སོ། །དེ་ལ་སེམས་ཀྱིས་བསླང་བའི་ལས་ནི། ལུས་ཀྱི་དང་ངག་གིའོ་ཞེས་བཤད་དོ། མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་ཀྱི་ནང་ནས་སེམས་པ་གཅིག་པུ་ནི་ཡིད་ཀྱི་ལས་བསོད་ནམས་སོ། །སེམས་པ་དེ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། དགེ་བ་དང༌། སྒྲིབ་པ་མ་ཡིན་པའི་ལུང་དུ་མ་བསྟན་པའོ། །གང་འདོད་པས་བསྡུས་པ་དེ་དགེ་བ་དང༌། སྒྲིབ་མིན་ལུང་ དུ་མ་བསྟན་པའོ། །གང་གཟུགས་ཀྱིས་བསྡུས་པའི་སེམས་པ་དེ་བསམ་གཏན་སྔོན་མ་གསུམ་མོ། །གང་ཡང་བསམ་གཏན་གསུམ་དང་སྟོབས་མཚུངས་པའི་སྙོམས་པར་འཇུག་པའི་མཚུངས་པར་ལྡན་པའི་སེམས་པ་དེ་བསོད་ནམས་སུ་མངོན་པར་འདོད། བསམ་གཏན་དང་སྟོབས་ ༄༅། །སྙོམས་པའི་སྙོམས་འཇུག་དེ་གང་ཞེ་ན། བརྗོད་དེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང༌། བཏང་སྙོམས་དང་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང༌། མི་སྡུག་པ་བརྒྱད་ལ་སོགས་པའོ། །ཡང༌། དེ་བཞིན་ཡིད་ཀྱི་བསོད་ནམས་ནི། །འདོད་དུ་ཀར་དང་ཞན་པ་ཡི། ། སེམས་པའོ་གཟུགས་སུ་བསམ་གཏན་གསུམ། །དེ་རུ་གནས་པ་ཡང་དག་བསྡུ། །ཞེས་གསུངས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བསོད་ནམས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་བཅུ་དགུ་པའོ།། །། མི་གཡོ་བའི་ལས་ནི་སེམས་པ་ཉིད་དོ། །དེ་ཡང་བསམ་གཏན་བཞི་པ་དང༌། མཚུངས་པར་ལྡན་པ་དང༌། གང་དག་ཟག་པ་དང་བཅས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མཚུངས་པར་ལྡན་པ་དང༌། གང་དག་བསམ་གཏན་བཞི་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ དང་སྟོབས་མཚུངས་པའི་སྙོམས་པར་འཇུག་པས་མཚུངས་པར་ལྡན་པ་དེ་མི་གཡོ་བའི་ལས་སུ་རིག་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་ལ་སོགས་པས་བསྐྱེད་པར་བྱ་བ་མ་ཡིན་པས་ན་འདི་ནི་མི་གཡོ་བའོ། །དེ་ཡང་གཡོ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཏེ། དེ་ཡང་རྣམ་པ་བདུན་ནོ། །འདི་ ལྟ་སྟེ། རྣམ་པར་རྟོག་པ་དང༌། རྣམ་པར་སྤྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། འཇུག་པ་དང༌། བྱུང་བའོ། །བསམ་གཏན་བཞི་པ་དང་གཟུགས་མེད་པ་ནི་དེ་རྣམས་ཀྱིས་བསྐྱོད་པར་བྱ་བ་མ་ཡིན་པས་ན་མི་གཡོ་བའོ། །མི་གཡོ་སེམས་པ་ཉིད་དུ་འདོད། །བསམ་གཏན་བཞི་པ་དང་གཟུགས་ མེད། མཚུངས་ལྡན་དེ་འདྲའི་སྟོབས་ཉམས་ཀྱིས། །ཞེས་གསུངས་སོ། །གང་འདིར་ཉོན་མོངས་པ་ཅན་མ་ཡིན་པའི་ལས་དེ་རྣམས་གསུངས་སོ། །བསོད་ནམས་ཀྱི་ལས་དེ་ལས། གླིང་བཞི་ལ་གནས་པའི་མི་རྣམས་སུ་སྐྱེའོ། །འདི་ལྟ་སྟེ། མ་ཆགས་པ་ཡོངས་སུ་བསྒོམས་པའི་བསོད་ནམས་ལས་བྱང་ གི་སྒྲ་མི་སྙན་གྱི་མིའོ། །དེས་ན་འདི་ནི་ཡོངས་སུ་འཛིན་པ་མེད་པ་དང༌། ཉེ་བར་ལོངས་སྤྱོད་པ་ཐམས་ཅད་ཕུན་སུམ་ཚོགས་པའོ། །ཞེ་སྡང་མེད་པ་ཡོངས་སུ་བསྒོམས་པ་ལས་ཤར་གྱི་ལུས་འཕགས་པའོ། །དེ་ཉིད་ཀྱིས་ན་དེ་རྣམས་ནི་སྲོག་ཆགས་རྣམས་མི་གསོད་དོ་ཞེས་སོ། །ང་རྒྱལ་མེད་པ་ ཡོངས་སུ་བསྒོམས་པའི་བསོད་ནམས་ལས་ནུབ་ཀྱི་བ་ལང་སྤྱོད་པའོ། །དེ་ཉིད་ཀྱིས་ན་དེ་རུ་རིགས་གཅིག་ཉིད་དོ། །དེ་རྣམས་ནི་ཚད་དང་གཟུགས་མཉམ་པ་ཉེ་བར་ལྡན་པའོ། །མ་རྨོངས་པ་ཡོངས་སུ་བསྒོམས་པའི་བསོད་ནམས་ལས་འཛམ་བུ་གླིང་པའོ། །དེ་ཉིད་ཀྱིས་ན་དེ་རྣམས་ནི་དྲན་ པ་དང་བློ་ཕུན་སུམ་ཚོགས་ཤིང་སེམས་པ་དང་ལྡན་པའོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་གོ། །འདི་ལྟ་སྟེ། རྒྱལ་ཆེན་རིས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ། དེ་ནི་ཡང་མ་རྨོངས་པ་མང་དུ་ཡོངས་སུ་གོམས་པ་ལས་ལྷའོ། །བསོད་ནམས་ཀྱི་ལས་ལས་དབྱིབས་དང་གདན་དང་ གཞལ་ཡས་ཁང་ལ་སོགས་པ་འབྱུང་བར་འགྱུར་རོ། །བསམ་གཏན་དང་པོའི་དམན་པ་དང་འབྲིང་དང་མཆོག་གི་བསོད་ནམས་བསྒྲུབས་པ་ལས། བསམ་གཏན་དང་པའི་དམན་པ་དང་འབྲིང་དང་གྱ་ནོམ་པའི་ས་གསུམ་སྟེ། རིམ་པ་བཞིན་དུ་ཚངས་པའི་མདུན་ན་འདོན་གྱི་ལྷ་དང༌། ཚངས་ རིས་ཀྱི་ལྷ་དང༌། ཚངས་འཁོར་གྱི་ལྷ་རྣམས་སུ་སྐྱེའོ། །དེ་ཁོ་ན་བཞིན་དུ་བསམ་གཏན་གཉིས་པའི་གསུམ་དུ། འོད་ཆུང་གི་ལྷ་དང༌། ཚད་མེད་འོད་ཀྱི་ལྷ་དང༌། འོད་གསལ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་གསུམ་དུ། དགེ་ཆུང་དང༌། ཚད་མེད་དང༌། དགེ་ རྒྱས་ཀྱི་ལྷ་རྣམས་སུ་སྐྱེའོ། །མི་གཡོ་བའི་ལས་ཀྱང་བསམ་གཏན་བཞི་པ་དང་སོ་སོར་ལྡན་པའི་དམན་པ་དང་འབྲིང་དང་མཆོག་ལས་འབྲས་བུ་ཆེ་བའི་ལྷ་རྣམས་སོ། །མི་གཡོ་བའི་ལས་བསམ་གཏན་བཞི་པ་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་གོམས་པ་དང་འཁོར་དད་པའི་དབང་ པོ་ལས་ཀྱང་གྱ་ནོམ་སྣང་གི་ལྷའོ། །དེ་ཉིད་དང་འཁོར་བརྩོན་འགྲུས་ཀྱི་དབང་པོ་ལས་ཤིན་ཏུ་མཐོང་བའི་ལྷ་རྣམས་སོ། །དེ་ཉིད་འཁོར་དྲན་པའི་དབང་པོ་ལས་མི་ཆེ་བའི་ལྷ་རྣམས་སོ། །དེ་ཉིད་དང་ཏིང་ངེ་འཛིན་གྱི་དབང་པོའི་འཁོར་ལས་མི་གདུང་བའི་ལྷ་རྣམས་སོ། །དེ་ཉིད་དང་འཁོར་ཤེས་རབ་ཀྱི་ དབང་པོ་ལས་འོག་མིན་གྱི་ལྷ་རྣམས་སོ། །སོ་སོའི་སྐྱེ་བོ་ནི་བསམ་གཏན་བཞི་པ་དང་ལྡན་པའི་མི་གཡོ་བ་ལས་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བའོ། །ནམ་མཁའ་རྣམ་ཤེས་ཅུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་སོ་སོར་ལྡན་པའི་མི་གཡོ་བའི་ ༄༅། །ལས་ལས་རིམ་པ་བཞིན་དུ་གཟུགས་མེད་པ་བཞིའོ། །དེ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་ནི་ལས་ལས་སྐྱེས་པའི་ལུས་ཅན་རྣམས་སྐྱེ་བའི་རྟེན་ཡིན་ནོ། །ཡང༌། དེ་ཕྱིར་བསོད་ནམས་ལས་མི་ཀུན། །འདོད་ན་སྤྱོད་པའི་ལྷ་དྲུག་ དང༑ །དེ་བཞིན་དང་པོའི་བསམ་གཏན་གསུམ། །མི་གཡོ་བ་ལས་ལྷག་མའི་ལྷ། །ཞེས་གསུངས་སོ། །འོ་ན་ཅི་ལྟར་གསུངས་པའི་ལས་དེ་རྣམས་ཅི་ཐམས་ཅད་ཐམས་ཅད་ཀྱི་སྐྱེ་བ་སྐྱེད་པར་བྱེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ཡང༌། འདོད་ཆགས་དང་བཅས་པའི་ལས་བསོད་ནམས་དང་ བསོད་ནམས་མ་ཡིན་པ་མི་གཡོ་བ་དེ་ནི་ཡང་སྲིད་སྐྱེ་བའི་རྒྱུར་འགྱུར་རོ། །འདོད་ཆགས་དང་བྲལ་བའི་ནི་ཁམས་མཐུན་པ་རུའོ། །འདོད་པས་བསྡུས་པའི་ལས་འདོད་པར་གཏོགས་པའི་སྐྱེ་བའོ། །དེ་བཞིན་དུ་གཟུགས་ཀྱིས་བསྡུས་པ་གཟུགས་སུ་གཏོགས་པའི་འོ། །གཟུགས་མེད་པས་བསྡུས་ པ་གཟུགས་མེད་པའི་འོ། །བགྲོད་པ་འཕེལ་བའི་ལས་དེ་ནི་ཡང་སྲིད་སྐྱེ་བར་བྱེད་པའོ། །གེགས་དེ་སྲིད་པའི་ལས་ནི་མ་ཡིན་ནོ། །ཡང༌། བགྲོད་པ་འཕེལ་དང་ཆགས་བཅས་པའི། །ལས་དེ་མཚུངས་པའི་ཁམས་རྣམས་སུ། །ཡང་སྲིད་ལྗོན་ཤིང་ས་བོན་རྒྱུ། །ཞེས་གསུངས་སོ། །ལས་ ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། །ཡང་སྲིད་སྐྱེད་པ་ལ་ནུས་པ་ཉིད་ཀྱིས་བགྲོད་པ་འཕེལ་བའི་ལས་དང༌། ཕལ་ཆེར་བྱ་བའི་དུས་ཉིད་དུ་རྣམ་པར་སྨིན་པ་ཕྱུང་ནས་ཡང་སྲིད་མངོན་པར་འདུ་བྱེད་པ་ལ་ནུས་པ་མེད་པའི་ཕྱིར་གེགས་དེ་སྲིད་པའི་ལས་སོ། །དེ་ལ་བགྲོད་པ་འཕེལ་བའི་ལས་ནི་བརྒྱད་དེ། འདི་ལྟ་སྟེ། འདོད་པས་བསྡུས་པའི་དགེ་བ་དང༌། སྒྲིབ་པ་མ་ཡིན་པ་དང༌། མི་དགེ་བ་དང༌། སྒྲིབ་པ་དང༌། གཟུགས་ཀྱིས་བསྡུས་པའི་དགེ་བ་དང༌། སྒྲིབ་པ་མ་ཡིན་པ་དང༌། གཟུགས་མེད་པས་བསྡུས་པའི་དགེ་བ་དང༌། སྒྲིབ་པ་མ་ཡིན་པའོ། །ཡང༌། འདོད་སྐྱེས་བཞི་དང་གཟུགས་སྐྱེས་གཉིས། ། གཉིས་ནི་གཟུགས་མེད་སྐྱེས་པའོ། །ཞེས་གསུངས་སོ། །གེགས་དེ་སྲིད་པ་ནི་བརྒྱད་དེ། འདི་ལྟ་སྟེ། རྨི་ལམ་ནང་གི་ལས་དང༌། སྲིད་པ་བར་མའི་ལས་དང༌། བྱས་པའི་གནས་སྐབས་སུ་བྱས་པ་དང༌། ཡོངས་སུ་ཤེས་པ་སྐྱེས་པ་དང༌། ཟག་པ་མེད་པ་དང༌། རང་བཞིན་གྱིས་ལུང་མ་བསྟན་དང༌། ཆགས་བྲལ་གྱིས་ཉེ་བར་བསགས་པ་དང༌། གཟུགས་དང་གཟུགས་མེད་པའི་བསྒོམ་པའི་རང་བཞིན་མ་ཡིན་པའི་ལས་སོ། །ཡང༌། རྨི་ལམ་བར་སྲིད་རྣམ་མི་ཤེས། །ཡོངས་ཤེས་སྐྱེས་དང་ཟག་མེད་དང༌། །རང་བཞིན་ལུང་མེད་མ་ཆགས་བསྡུས། །གཟུགས་དང་གཟུགས་མེད་ལམ་མ་ ཡིན༑ །ཞེས་གསུངས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་མི་གཡོ་བའི་ལས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་པའོ།། །།འདོད་ཆགས་ལ་སོགས་སྐྱོན་རྣམས་འདིས། །ལས་སོ་དེ་ལས་ཡང་ སྲིད་དོ། །ཡང་སྲིད་ལས་ནི་སྐྱེ་བའོ། །དེ་ནས་རྒ་ཤི་ཀུན་དུ་འབྱུང༌། །དེ་ལས་མྱ་ངན་སོགས་དེ་ལས། །ཡང་ནི་ཉེས་རྣམས་འབྱུང་བར་འགྱུར། །དེ་ནས་དེ་བཞིན་འཁོར་འགྱུར་བའི། །སྔོན་གྱི་མཐའ་ནི་ཡོད་པ་མིན། །ཞེས་གསུངས་སོ། །འདིའི་དོན་ནི་དེ་ལྟར་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་ པ་ལས་སྐྱེས་པའི་ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །དེ་ལས་སྐྱེ་བའོ། །ལས་ཀྱི་རྣམ་པར་སྨིན་པ་དེ་ལས་བདག་དང་གཞན་གྱི་ཉེ་བར་འཚེ་བ་ལས་སྐྱེས་པ་དང༌། གྲང་བ་དང་རླུང་ལ་སོགས་པའི་ཁམས་ལས་སྐྱེས་པའི་བདེ་བ་དང་སྡུག་བསྔལ་དང་བདེ་མིན་ སྡུག་མིན་ཚོར་བ་ཉམས་སུ་མྱོང་བ་ཉིད་མ་རིག་པའི་དབང་དུ་གྱུར་པས་བདེ་བས་ཀུན་དུ་རྨོངས་པ་རྣམས། བདེ་བ་དང་ཕྲད་པར་སྲེད་པ་དང༌། བདེ་བ་དང་མི་འབྲལ་བར་སྲེད་པ་ཉེ་བར་སྐྱེའོ། །དེ་བཞིན་དུ་སྡུག་བསྔལ་གྱིས་ཀུན་དུ་རྨོངས་པ་རྣམས་སྡུག་བསྔལ་དང་བྲལ་བར་སྲེད་པ་དང༌། སྡུག་བསྔལ་ དང་མི་ཕྲད་པར་སྲོད་པ་ཉེ་བར་སྐྱེའོ། །དེ་བཞིན་དུ་སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའི་ཚོར་བས་ཀུན་དུ་རྨོངས་པ་རྣམས་སྲིད་པའི་སྲེད་པ་ཉེ་བར་སྐྱེའོ། །དེ་ལས་ལྟ་བ་རྣམས་དང་ཐེ་ཚོམ་རྣམས་ཉེ་བར་སྐྱེའོ། །དེ་ལས་ཡང་ལས་སོ། །དེ་ལས་སྐྱེ་བ་དང་སྡུག་བསྔལ་སྐྱེ་བར་འགྱུར་རོ། །དེ་ བཞིན་དུ་མ་རིག་པའི་སྒྲིབ་པའི་རྒྱུད་དང༌། སྲེད་པའི་སྦྱོར་བར་བྱེད་པ་ལས་སེམས་ཅན་རྣམས་ནི་ཟོ་བ་དྲུག་གི་འཁྲུལ་འཁོར་ལ་ཞོན་ཏེ་འཁོར་བ་ནི་སྔོན་གྱི་མཐའ་མེད་པ་ཉིད་དོ། །དེ་ཡང༌། དམྱལ་བ་རྣམས་སུ་སྲེག་པ་དང་གཅོད་པ་ལ་སོགས་པ་མྱོང་བའི་སྡུག་བསྔལ་དང༌། ཡི་དྭགས་རྣམས་ལ་ ༄༅། །བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང༌། དུད་འགྲོ་རྣམས་ལ་སྐྱོ་བའི་སྡུག་བསྔལ་དང༌། ལྷ་མ་ཡིན་རྣམས་ལ་ང་རྒྱལ་གྱི་སྡུག་བསྔལ་དང༌། མི་རྣམས་ལ་ཚོལ་བའི་སྡུག་བསྔལ་དང༌། ལྷ་རྣམས་རྒ་བ་དང་ཤི་བའི་སྡུག་བསྔལ་ཉམས་སུ་མྱོང་བའོ། །གང་ལས་དེ་ལྟར་ ཉོན་མོངས་པ་ལས་འབྱུང་ངོ༌། །ལས་ལས་སྐྱེ་བའོ། །སྐྱེ་བ་ལས་སྡུག་བསྔལ་ལོ། །དེ་ལས་ཡང་ཉོན་མོངས་ཡང་ལས། སྐྱེ་བ་ཀུན་དུ་འབྱུང་ངོ༌། །དེའི་ཕྱིར་དེ་ལྟར་འཁོར་བའི་རྒྱུའི་གཙོ་བོ་ནི་ཉོན་མོངས་པའོ། །ཉོན་མོངས་པའི་ས་བོན་དུ་གྱུར་པ་ནི་བག་ལ་ཉལ་ལོ། །བག་ལ་ཉལ་མེད་པ་ལས། ལས་དང་སྐྱེ་བ་ཟད་པར་འགྱུར་ཞིང་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །བག་ལ་ཉལ་ཟད་པར་བྱ་བའི་དོན་དུ་བག་ལ་ཉལ་ཟད་པའི་རྒྱུ་དབང་པོ་ལ་སོགས་པ་བརྟེན་པར་བྱའོ། དབང་པོ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ་ཐབས་དང་རིམ་པ་ནི་འདིའོ། །འདི་ལྟ་སྟེ། དང་པོ་དང་ལྟ་བ་རྣམ་ པར་དག་པར་བྱའོ། །བཅོམ་ལྡན་འདས་ཀྱིས། མོས་པ་ཅན་དེ་ལྟ་མོད་ཀྱི་ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་དང་པོ་ཉིད་རྣམ་པར་དག་པར་བྱའོ། །ཚངས་པར་སྤྱོད་པ་ལ་གནས་པའི་ཕྱིར་དང་པོ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ལྟ་བ་དྲང་པོའོ་ཞེས་ཅི་སྐད་དུ་གསུངས་ པའོ༑ །དེ་བཞིན་དུ་རྟ་ལ་དཀྱུས་ས་སྟོན་པའི་རིགས་པས་རྣམ་པར་དག་པའི་ལྟ་བ་དང་ཚུལ་ཁྲིམས་དང་ལྡན་པས་བདེན་པ་བཞིའི་ཉེ་བར་སྤྱོད་པར་གྱུར་པ། བཟོད་པའི་རྣམ་པ་བཞི་བསྒོམ་པར་བྱའོ། །ཡང༌། །དེ་ཕྱིར་བག་ཉལ་མེད་པ་ལས། །ལས་སྐྱེ་ཟད་པ་དོན་གཉེར་བས། །རྣམ་དག་ལྟ་ བ་ཚུལ་ཁྲིམས་ནི། །བརྟེན་བྱ་དང་པོར་བཟོད་པའོ། །ཞེས་གསུངས་སོ། །དེས་ན་བཟོད་པ་དཔྱད་པའི་དོན་དུ་བདེན་པ་ལ་འཇུག་པའི་སྒོ་བརྗོད་པར་བྱ་སྟེ། དེ་ལ་བདེན་པ་ནི་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་ པའོ༑ །དེ་ལ་བདེན་པ་རྣམ་པར་གཞག་པ་ནི་གཉིས་ཏེ། འདི་ལྟ་སྟེ། ཆོས་རྣམ་པར་གཞག་པ་དང༌། མཚན་ཉིད་རྣམ་པར་གཞག་པའོ། །དེ་ལ་ཆོས་ཀྱི་དབང་གིས་ཐ་དད་དུ་ངེས་པར་འགྱུར་བ་དེ་ནི་ཆོས་རྣམ་པར་གཞག་པའོ། །གང་མཚན་ཉིད་ཀྱི་རྣམ་པར་གཞག་པ་ངེས་པ་དེ་ནི་མཚན་ཉིད་རྣམ་པར་ གཞག་པའོ། །དེ་ལ་ཆོས་ཀྱི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། སྲེད་པ་སྤངས་པའི་ཁམས་གསུམ་གྱི་ཟག་པ་དང་བཅས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཁམས་གསུམ་གྱི་སྲེད་པ་ནི་སྡུག་བསྔལ་ཀུན་འབྱུང་བའོ། །སྲེད་པ་དངོས་པོ་མེད་པ་ནི་སྡུག་བསྔལ་འགོག་པའོ། ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལམ་མོ། །ཡང༌། སྲེད་སྤངས་ཟག་བཅས་སྡུག་བསྔལ་ལོ། །འདིའི་རྒྱུ་སྲེད་པ་གཅིག་པུ་སྟེ། །སྲེད་པ་ཟག་པ་འགོག་པ་དང༌། །ཡན་ལག་བརྒྱད་ནི་དེ་ཐོབ་ལམ། །འདི་ནི་ཆོས་སུ་རྣམ་གཞག་གོ། །མཚན་ཉིད་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལོ་ཞེས་རྣམ་པར་གཞག་གོ། །སྡུག་བསྔལ་གྱི་དོན་ནི། མི་རྟག་པའི་དོན་ཉིད་དོ། །ཅི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་ནི་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་ བསྔལ་ལོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའོ་ཞེས་གསུངས་སོ། །དེ་ལྟར་ཡང༌། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་དང་འགག་པའི་ཆོས་ཅན་ནི། །སྐྱེ་ཞིང་འགག་པར་འགྱུར་བའོ། །ཞེས་སོ། །དེ་བཞིན་དུ་ཟག་པ་བཅས་པའི་འདུ་བྱེད་སྐྱེད་པར་བྱེད་པའི་ཕྱིར་ཀུན་འབྱུང་སྟེ། ཀུན་འབྱུང་ གི་དོན་ནི་སྐྱེད་བྱེད་ཀྱི་དོན་ཏོ། །ཅི་སྐད་དུ་བཅོམ་ལྡན་འདས་ཀྱིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། གང་འདིར་རྒྱུ་ཉིད་དོ་ཞེས་སོ། །འདུ་བྱེད་ཐམས་ཅད་འཇུག་པ་མེད་ཅིང་སྐྱེ་བ་མེད་པ་ནི་འགོག་པའོ། །ཅི་སྐད་དུ་བཅོམ་ལྡན་འདས་ཀྱིས་གང་དུ་མིང་དང་གཟུགས་མ་ལུས་པར་ཉེ་ བར་འགགས་པ་ཉིད་དོ་ཞེས་གསུངས་སོ། །ཐམས་ཅད་ཀྱང་ངེས་པར་འབྱུང་བའི་ཆོས་མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་ལམ་མོ། །ཅི་སྐད་དུ་བཅོམ་ལྡན་འདས་ཀྱིས་གང་སུ་དག་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་སོ་ཞེས་གསུངས་སོ། །དེ་ལ་ངེས་པར་འབྱུང་བའི་ཆོས་ནི་འདི་ལྟ་སྟེ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དོ། །མྱ་ངན་ལས་འདས་ ༄༅། །པར་བགྲོད་པའི་རང་བཞིན་ཡིན་པའི་ཕྱིར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ། །གཞན་ཡང་བདེན་པ་རྣམས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ནི་གཉིས་ཏེ། འདི་ལྟ་སྟེ། སྤྱིའི་མཚན་ཉིད་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་སྤྱིའི་མཚན་ཉིད་ནི། །ཐམས་ཅད་ བདག་མེད་པ་ཉིད་དང༌། །མི་རྟག་པ་ཉིད་ལ་སོགས་པའོ། །གཉིས་པ་ནི། སྡུག་བསྔལ་མི་རྟག་པ་ཉིད་དང༌། ཀུན་འབྱུང་ནི་རྒྱུ་ཉིད་དང༌། འགོག་པ་ནི་རྟག་པ་ཉིད་དང༌། ལམ་ནི་ངེས་པར་འབྱིན་པར་བྱེད་པ་ཉིད་དོ་ཞེས་སོ། །ཡང་སོ་སོའི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། དྲང་པོ་མ་ ཡིན་པའི་མཚན་ཉིད་དང༌། དྲང་པོའི་མཚན་ཉིད་དོ། །དེ་ལ་དྲང་པོ་མིན་པའི་མཚན་ཉིད་ནི། སྡུག་བསྔལ་ནི་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་པའོ། །ཀུན་འབྱུང་ནི་རྐྱེན་དང་རབ་ཏུ་སྐྱེ་བ་དང་ཁུངས་ཉིད་དོ། །འགོག་པ་ནི་གནས་ཉིད་དང་འདྲེན་པ་ཉིད་ལ་སོགས་པའོ། །ལམ་ནི་སྒོ་དང་ཐེག་པ་ དང་སྟེགས་དང་སྨན་ལ་སོགས་པར་རིག་པར་བྱའོ། །མཚན་ཉིད་དྲང་པོ་ནི། སྡུག་བསྔལ་ནི་མི་རྟག་པའོ། །ཀུན་འབྱུང་ནི་རྒྱུའོ། །འགོག་པ་ནི་རྟག་པའོ། །ལམ་ནི་ངེས་པར་འབྱིན་པར་བྱེད་པའོ། །གང་ལས་དེ་ལྟར་བདེན་པའི་རང་བཞིན་དངོས་སུ་བཟུང་བར་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ན་ མཚན་ཉིད་དྲང་པོར་བདེན་པ་མངོན་པར་རྟོགས་པའི་ཤེས་པས་རང་བཞིན་བཟུང་བར་གྱུར་པའོ། །ཁ་ཅིག་ན་རེ། འགོག་པ་ནི་སྐྱེ་བ་མེད་པར་ཡང་བལྟའོ་ཞེས་སེམས་སོ། །གང་ལས་ཐར་པ་འདོད་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར། སྡུག་བསྔལ་གྱིས་འཇིགས་པ་དང༌། ཀུན་ནས་ཉོན་མོངས་ པས་འཇིགས་པའོ། །དེ་ལ་དང་པོ་ནི་སྡུག་བསྔལ་བདེན་པའི་གཉེན་པོ་འགོག་པ་ཞི་བར་འདུ་ཤེས་པར་གྱུར་པ་ཡིན་ནོ། །དེས་ན་དེས་འགོག་པ་དེ་རྟག་པ་ཉིད་དུ་ལྟ་བའོ། །གཉིས་པ་ནི་ཀུན་འབྱུང་བདེན་པའི་གཉེན་པོ་འགོག་པ་ཞི་བར་ཤེས་ཅིང༌། འགོག་པ་དེ་སྐྱེ་བ་མེད་པར་ལྟ་བའོ། །གང་ལས་ མཚན་ཉིད་དྲང་པོ་འདིས་བདེན་པ་རྣམས་མངོན་དུ་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་གྲོལ་བ་འདོད་པས་བཟོད་པ་དྲང་པོ་བསྒོམ་པར་བྱའོ། །གལ་ཏེ་ཆོས་རྣམ་པར་གཞག་པས་ཡིད་ལ་བྱེད་པ་རབ་ཏུ་སྦྱར་བས་བདེན་པ་མངོན་པར་རྟོགས་སམ། འོན་ཏེ་མཚན་ཉིད་རྣམ་པར་གཞག་པས་ཤེ་ན། བརྗོད་པར་ བྱ་སྟེ། མཚན་ཉིད་རྣམ་པར་གཞག་པས་སོ། །གང་ཚེ་དེ་ལྟ་ན་ཆོས་རྣམ་པར་གཞག་པ་དེའི་ཚེ་ཅི་བྱ་ཞེ་ན། བརྗོད་པར་བྱ་སྟེ། གདུལ་བྱ་ནི་རྣམ་པ་གཉིས་ཏེ། དབང་པོ་ཞན་པ་དང༌། དབང་པོ་རྣོན་པོའོ། །དེ་ལ་དབང་པོ་ཞན་པ་རྣམས་མཚན་ཉིད་རྣམ་པར་གཞག་པ་མ་འདྲེས་པར་ཤེས་པ་དང་མ་རྨོངས་ པར་བྱ་བའི་དོན་དུ་ཆོས་རྣམ་པར་གཞག་པ་གསུངས་སོ། །ཆོས་རྣམ་པར་གཞག་པ་བཟུང་བས། །བདེ་བར་མཚན་ཉིད་རྣམ་པར་གཞག་པ་འཛིན་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་ལོ་ཞེས་གསུངས་པ་ལ་སྐྲག་པ་སྤངས་པའི་ཡང་ཕྱིར་རོ། །བློ་གསལ་ བ་ཡང་མཚན་ཉིད་རྣམ་པར་གཞག་པ་ལ་སྐྲག་པར་འགྱུར་ཏེ། འདུ་བྱེད་འདི་རྣམས་ཙམ་ཞིག་གིས་ཅི་ལྟར་ཡོངས་སུ་ཤེས་པར་ནུས། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀུན་འབྱུང་ངོ་ཞེས་གསུངས་པ་ལ་བདག་གིས་འདུ་བྱེད་འདི་ཙམ་ཞིག་ཅི་ལྟར་སྤོང་བར་འགྱུར་ཞེས་སོ། །དེས་ན་དབང་པོ་ཞན་པ་ རྣམས་མ་རྨོངས་པར་བྱ་བའི་དོན་དང་མི་སྐྲག་པར་བྱ་བའི་དོན་དུ་ཆོས་རྣམ་པར་གསུངས་སོ། །ཡང༌། ཆོས་རྣམས་གཞག་པ་དམན་པ་རྣམས། །སྐྲག་པ་སྤང་བའི་དོན་དུ་བསྟན། །ཞེས་གསུངས་སོ། །འོ་ན་རྣལ་འབྱོར་པས་བདེན་པའི་དོན་དུ་སྒོ་གང་ནས་འཇུག་པར་བྱ་ཞེ་ན། བརྗོད་དེ། བདེན་པ་ མངོན་པར་རྟོགས་པ་ལ་འཇུག་པའི་སྒོ་ནི་བཞི་སྟེ། འདི་ལྟ་སྟེ། ཕུང་པོའི་སྒོ་དང༌། སྐྱེ་མཆེད་ཀྱི་སྒོ་དང༌། ཁམས་ཀྱི་སྒོ་དང༌། མིང་དང་གཟུགས་ཀྱི་སྒོའོ། །སྒོ་ནི་གཙོ་བོ་ཞེས་པའི་དོན་ཏོ། །ཁ་ཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་འཇུག་གོ། །བྱང་ ཆུབ་སེམས་དཔའ་ཐམས་ཅད་ནི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ཉིད་ནས་འཇུག་པའོ། །སྤུངས་པའི་དོན་གྱིས་ཕུང་པོ་སྟེ། །འབྲས་ཕུང་བཞིན་ནོ། །འབྱུང་གནས་ཀྱི་དོན་གྱིས་ན་སྐྱེ་མཆེད་དོ། གསེར་གྱི་འབྱུང་ཁུངས་བཞིན་ནོ། །སྐྱེ་མཆེད་ནི་སྒོའི་དོན་ཏེ་བཟོའི་གནས་ཁང་བཞིན་ནོ། །ཁམས་ ཀྱི་དོན་ནི་རང་བཞིན་གྱི་དོན་ཏེ་ས་ལ་སོགས་པའི་ཁམས་བཞིན་ནོ། །རང་བཞིན་ཞེས་པ་ནི་རང་གི་ངོ་བོ་སྟེ། དེ་ཉིད་ཀྱིས་རྣམ་པར་ཉམས་པར་བྱེད་པས་འདི་ནི་ཁམས་སོ། །མྱོང་བར་བྱ་བའི་དངོས་པོ་དེ་ལ་འདུད་པའམ། སེམས་ཅན་ལ་འདུད་པས་མིང་ངོ༌། །གཟུགས་ནི་གཟུགས་པར་བྱ་བས་ན་ ༄༅། །འདི་ནི་གཟུགས་སོ། །གང་གིས་གཟུགས་པར་བྱ་ཞེ་ན། དབྱུག་པ་རེག་པས་རྡེག་པ་ལ་སོགས་པ་ཐམས་ཅད་རྣམ་པར་བྱ་བ་ཡིན་པས་ཞེས་པའི་དོན་ཏོ། །མིང་ཞེས་པ་དང་གཟུགས་ཞེས་པ་ནི་མིང་དང་གཟུགས་སོ། །འོ་ན་གཟུགས་ལ་སོགས་པ་དེ་རྣམས་ཆོས་དུ་ཡིན་ཞེ་ན། བརྗོད་དེ། དབང་པོ་ལྔ་དང་ཡུལ་ལྔ་ནི་གཟུགས་ཀྱི་ཕུང་པོའོ། །བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་མིན་བདེ་བ་མིན་པའི་ཚོར་བ་ནི་ཚོར་བའི་ཕུང་པོའོ། །ཁྱད་པར་གྱི་རྣམ་པ་རྣམས་སོ་སོར་འཛིན་པའི་བདག་ཉིད་ཅན་ཆོས་ནི་འདུ་ཤེས་ཀྱི་ཕུང་པོའོ། །སེམས་པ་ལ་སོགས་པའི་ཆོས་ནི་འདུ་བྱེད་ ཀྱི་ཕུང་པོའོ། །མིག་གི་རྣམ་ཤེས་ལ་སོགས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །འདི་ནི་ཕུང་པོ་ལྔའོ། །དབང་པོ་དྲུག་དང་ཡུལ་དྲུག་ནི་སྐྱེ་མཆེད་བཅུ་གཉིས་སོ། །དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་ནི་ཁམས་བཅོ་བརྒྱད་དོ། །མིང་དང་གཟུགས་ཞེས་པ་མིང་ནི་ཆོས་བསྡུ་བ་བར་ མ་ལས་ཆོས་བརྒྱ་དང་བདུན་ཅུ་རྩ་བརྒྱད་དུ་གསུངས་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་སྟེ། གཞུང་མང་བར་འགྱུར་བའི་འཇིགས་པས་བདག་གིས་མ་བྲིས་སོ། །གཟུགས་ནི་གང་ཅུང་ཟད་བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པའོ། །དེ་ལ་འདོད་ཆགས་ལ་སྤྱོད་པ་ཕལ་ཆེར་ནི་ སྡུག་བསྔལ་གྱི་འཇིགས་པ་ཉིད་ཡིན་པས་ཕུང་པོའི་སྒོ་ནས་འཇུག་པའོ། །ཞེ་སྡང་ལ་སྤྱོད་པ་ཕལ་ཆེར་ནི་ཀུན་ནས་ཉོན་མོངས་པས་འཇིགས་པ་ཉིད་པས་སྐྱེ་མཆེད་ཀྱི་སྒོ་ནས་འཇུག་པའོ། །དེས་ན་དེས་ཐོག་མར་ཀུན་ནས་ཉོན་མོངས་པར་གྱུར་པའི་སྐྱེ་མཆེད་ཀྱི་སྒོ་ནས་བཟོད་པ་བསྒོམ་པར་ བྱའོ། །ཆ་མཉམ་པ་ལ་སྤྱོད་པ་ཕལ་ཆེར་ནི་སྡུག་བསྔལ་དང་ཀུན་ནས་ཉོན་མོངས་པ་དག་གིས་འཇིགས་པས་ཁམས་ཀྱི་སྒོ་ནས་འཇུག་པའོ། །དེའི་ཕྱིར་དེས་ན་ཐོག་མར་སྡུག་བསྔལ་དང་ཀུན་ནས་ཉོན་མོངས་པར་གྱུར་པ་ཁམས་ཀྱི་སྒོ་ནས་བཟོད་པ་བསྒོམ་པར་བྱའོ། །གཏི་མུག་ལ་སྤྱོད་པ་ མིང་དང་གཟུགས་ཀྱི་སྒོ་ནས་དང་པོར་བཟོད་པ་བསྒོམ་པར་བྱའོ། །གཏི་མུག་ལ་སྤྱོད་པ་ནིའང་རྨོངས་ཤེས་ཆེས་པས་སེམས་སྤང་བ་ཆུང་བ་དང་དབང་པོ་ཞན་པར་འགྱུར་བའོ། །དེ་ནི་མིང་དང་གཟུགས་ཙམ་ཉིད་ཤེས་པ་དང་སྤོང་བ་དང༌། མི་དངང་[?] བ་དང་མི་རྨོངས་པར་འགྱུར་བའོ། །སེམས་པ་ དང་དབང་པོ་རྒྱ་ཆེ་བ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ནི་མཆོག་ཏུ་ཟབ་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་ནས་འཇུག་ཅིང་བཟོད་པ་གཅད་པ་བསྒོམ་པའོ། །དེ་ལ་ཕུང་པོའི་སྒོ་ནས་བཟོད་པ་སྒོམ་པའི་རྣལ་འབྱོར་པས། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པའི་བདེན་པ་ལ་སོ་སོར་སུམ་ཅུ་རྩ་གཅིག་ སྦྱར་བར་བྱའོ། །ཅི་ལྟར་སྦྱར་ཞེ་ན་བརྗོད་དེ། རྣམ་པ་གཉིས་ཀྱིས་བཟོད་པ་བསྒོམ་པར་བྱའོ། །འདི་ལྟ་སྟེ། རྒྱས་པ་དང༌། བསྡུས་པའོ། །དེ་ལ་སོ་སོ་ནི་དང་པོ་ཉིད་དུ་རེ་ཞིག་རྣལ་འབྱོར་པས། །སྐྱེ་བ་དང་འགག་པའི་ཆོས་ཅན་ཡིན་པའི་ཕྱིར་དང༌། རྒྱུའི་སྟོབས་ཀྱིས་རྣམ་པར་གནས་པའི་ཕྱིར་དང༌། མ་བྱུང་བ་ སྐྱེས་པས་དང༌། བྱུང་བ་རྣམ་པར་ཉམས་པས་དང༌། རྡུལ་ཕྲན་བསགས་པ་ཡིན་པས་དང༌། །ཡན་ལག་དུ་མ་མ་བསྡུས་པས་དང༌། སྐྱེ་བ་གནས་པ་མི་རྟག་པའི་རྗེས་སུ་བགྲོད་པའི་ཕྱིར་གཟུགས་ནི་མི་རྟག་པའོ་ཞེས་ངེས་པས་བསམ་པར་བྱའོ། །ཚོར་བ་ཡང་མ་བྱུང་བ་སྐྱེ་བས་དང༌། གསུམ་ཉིད་ཉེ་བར་ དམིགས་པས་དང༌། གཅིག་ཉམས་སུ་མྱོང་བ་དང༌། གཟུགས་ལ་སོགས་པ་ཐ་དད་པ་དང༌། སྤྱོད་ཡུལ་དམིགས་པའི་རྣམ་པར་རྟོག་པའི་དབང་གིས་སྐྱེ་བས་དང༌། འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་མི་རྟག་པའོ་ཞེས་སྤྱད་པར་བྱའོ། །འདུ་ཤེས་ནི་ཉེ་བར་མཚོན་པ་དཀའ་བས་ཚོར་བའི་རྒྱུའི་དམིགས་པའི་རྣམ་ པར་ཁྱད་པར་འཛིན་པ་ནི་ཉེ་བར་མཚོན་པའི་ཕྱིར་དང༌། ཚོར་བ་དང་གྲུབ་བདེ་གཅིག་པ་ཉིད་ཀྱིས་སོ། །ཚོར་བ་སྐྱེ་བ་དང་འཇིག་པའི་རྗེས་སུ་འབྲེལ་བའི་ཕྱིར་མི་རྟག་པའོ་ཞེས་བསྒོམ་པར་བྱའོ། །དེ་ནས་འདུ་བྱེད་ནི་སེམས་ཀྱི་འདུ་བྱེད་སོ་སོར་འབྲེལ་པས། སེམས་ཀྱི་འདུ་བྱེད་སྐྱེ་བ་དང་ཉམས་པའི་རྗེས་སུ་ འབྲེལ་པ་དང༌། སེམས་ཀྱི་འདུ་བྱེད་ནི་ཚོར་བ་དང་འདུ་ཤེས་སོ། །ལྷག་མ་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ནི་དེ་དག་དང་སོ་སོར་འབྲེལ་པའི་ཕྱིར། ཚོར་བ་དང་འདུ་ཤེས་བཞིན་དུ་མི་རྟག་པའོ་ཞེས་བདེ་བར་སྤྱད་པར་བྱའོ། །དེས་ན་རྣམ་པར་ཤེས་པ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཀྱི་སྔོན་དུ་ ཡིད་འགྲོ་བས་གང་ལས་ཡིད་གྱུར་པ་དེ་ལས་དེ་རྣམས་སོ། །རྣམ་པར་ཤེས་པ་རྟག་པ་ན་མི་རྟག་པའི་ཚོར་བ་ལ་སོགས་པ་མི་འཚོགས་པ་ཉིད་དོ། །དེས་ན་རྣམ་པར་ཤེས་པ་དེ་ཡང་ཚོར་བ་ལ་སོགས་པ་བཞིན་དུ་མི་རྟག་པའོ་ཞེས་མི་བརྩོན་པར་སྐྱེའོ། །ཕྱིས་ནི་རྣམ་པར་ཤེས་པ་མི་རྟག་པའོ་ཞེས་བསམ་ ༄༅། །པར་བྱའོ། །དེ་ལྟར་དེ་རྣམས་ལ་རེ་རེ་ནས་མི་རྟག་པ་ཉིད་དོ་ཞེས་དགའ་བ་བྱུང་བ་ན། ཡང་གཉིས་གཉིས་མི་རྟག་པ་ཉིད་དོ་ཞེས་ཀྱང་སྒོམ་པར་བྱེད་དོ། །འདི་ལྟ་སྟེ། གཟུགས་ནི་ཚོར་བ་དང༌། གཟུགས་ནི་འདུ་ཤེས་དང༌། གཟུགས་ནི་འདུ་བྱེད་དང༌། གཟུགས་ནི་རྣམ་པར་ཤེས་པ་དང༌། ཚོར་བ་ནི་འདུ་ཤེས་དང༌། ཚོར་བ་ནི་འདུ་བྱེད་དང༌། ཚོར་བ་ནི་རྣམ་པར་ཤེས་པ་དང༌། འདུ་ཤེས་ནི་འདུ་བྱེད་དང༌། འདུ་བྱེད་ནི་རྣམ་པར་ཤེས་པ་དང༌། འདུ་བྱེད་ནི་རྣམ་པར་ཤེས་པ་དང་མི་རྟག་པ་ཉིད་དོ་ཞེས་བསམ་མོ། །ཡང་གསུམ་གསུམ་མི་རྟག་པར་བསམ་མོ་འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་ དང༑ གཟུགས་ཚོར་བ་འདུ་བྱེད་དང༌། གཟུགས་ཚོར་བ་རྣམ་ཤེས་དང༌། གཟུགས་འདུ་ཤེས་འདུ་བྱེད་དང༌། གཟུགས་འདུ་ཤེས་རྣམ་ཤེས་དང༌། གཟུགས་འདུ་བྱེད་རྣམ་ཤེས་དང༌། ཚོར་བ་འདུ་ཤེས་འདུ་བྱེད་དང༌། ཚོར་བ་འདུ་ཤེས་རྣམ་ཤེས་དང༌། ཚོར་བ་འདུ་བྱེད་རྣམ་ཤེས་དང༌། འདུ་ཤེས་འདུ་བྱེད་ རྣམ་ཤེས་སོ། །ཡང་བཞི་བཞི་མི་རྟག་པ་ཉིད་དུ་བསམ་མོ་འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་དང༌། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་དང༌། གཟུགས་ཚོར་བ་འདུ་བྱེད་རྣམ་ཤེས་དང༌། གཟུགས་འདུ་ཤེས་འདུ་བྱེད་རྣམ་ཤེས་དང༌། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་སོ། །ཡང་ལྔ་ནི་ མི་རྟག་པ་ཉིད་དུ་བསམ་མོ། །གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་རྣམས་མི་རྟག་པ་ཉིད་དུ་བསམ་པར་བྱའོ། །དེ་ལྟར་རྣལ་འབྱོར་པ་དེ་མི་རྟག་པའི་དོན་དགའ་བ་སྐྱེ་བར་འགྱུར་བ་ན། སོ་སོར་ཐམས་ཅད་ལ་ཡང་བཟོད་པ་ཤེས་པར་བརྗོད་དོ། །གང་གི་ཚེ་ཕུང་པོ་ལྔ་ཆར་ཡང་དེ་ རྣམས་བསྡུས་ཏེ་མི་རྟག་པའོ་ཞེས་དགའ་བ་འབྱུང་བ་དེའི་ཚེ་སྤྱི་ནས་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་བཟོད་པར་རིག་པར་བྱའོ། །སོ་སོར་བཟོད་པ་ནས་ཕྱིའི་བཟོད་པར་འཕོ་བ་ན་བཅོས་པའི་འགྲོན་བུ་དང༌། རྐུ་བ་ཁན་ཏེ་དང་སྲིན་བུའི་བུག་པ་དང་རྐན་ནག་པོའི་དཔེ་བརྗོད་པར་བྱའོ། །དེ་ལྟར་ སྡུག་བསྔལ་ནི་མི་རྟག་པར་ངེས་པ་ན། ཕྱིས་སྡུག་བསྔལ་འདི་གང་ལས་འབྱུང་ཞེས་རྣམ་པར་དཔྱད་པར་བྱའོ། །དེ་ཉིད་ཀྱིས་ན་ཕུང་པོ་ལྔ་ལས་སྡུག་བསྔལ་འབྱུང་བའོ་ཞེས་ངེས་པ་རྙེད་ནས། ཀུན་འབྱུང་ལ་སོ་སོ་དང་སྤྱི་ནས་བཟོད་པ་བསྒོམ་པར་བྱའོ། །འདི་ལ་ཡང་སུམ་ཅུ་རྩ་གཅིག་སྦྱར་བར་བྱའོ། ། དང་པོ་རེ་ཞིག་གཟུགས་ནི་སྡུག་བསྔལ་གྱི་རྒྱུའོ་ཞེས་བསམ་པར་བྱའོ། །གང་ལས་འབྱུང་བ་ཆེན་པོའི་རྡུལ་ཕྲན་རྣམས་ནི་ཕན་ཚུན་རྒྱུ་ཉིད་དོ། །དེ་བཞིན་དུ་ནང་གི་སྐྱེ་བ་ལ་སོགས་པའི་བདུན་གྱི་རྒྱུའོ། །འདི་ལྟ་སྟེ། གཟུགས་ནི་སྐྱེ་བ་དང༌། གནས་པ་དང་མི་རྟག་པ་དང་ཡང་དག་པར་འཚོགས་པ་དང༌། རྒ་བ་དང་ལོག་པའི་རྣམ་གྲོལ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣམས་ཀྱི་རྒྱུའོ། །ལོག་པའི་རྣམ་གྲོལ་དང་ངེས་པར་འབྱིན་པ་མ་ཡིན་པ་སྤངས་ཏེ། གཞན་ལྔ་པོ་རྣམས་ཉིད་ཀྱི་རྣམ་པར་སྨིན་པས་མཚུངས་པར་ལྡན་པའི་ཚུལ་ཁྲིམས་རྣམས་ཀྱིའོ། །ཚོར་བ་ལ་སོགས་པ་ཡང་གང་གི་རྒྱུ་ཡིན་པའི་ཆོས་ དེ་ཅི་རིགས་པར་རྟོགས་པར་བྱའོ། །འདི་ལྟ་སྟེ། ཚོར་བ་སྡུག་བསྔལ་གྱི་རྒྱུའོ། །འདུ་བྱེད་སྡུག་བསྔལ་གྱི་རྒྱུའོ། །རྣམ་པར་ཤེས་པ་སྡུག་བསྔལ་གྱི་རྒྱུའོ། །དེ་བཞིན་དུ་ལྔ་པོ་རྣམས་རེ་རེ་ནས་རྒྱུ་ཉིད་དུ་དགའ་བར་གྱུར་པ་ན། ཡང་གཉིས་གཉིས་ཀྱང་རྒྱུ་ཉིད་དུ་དཔྱད་པར་བྱའོ། །འདི་ལྟ་སྟེ། གཟུགས་ཚོར་བ་ནི་མི་རྟག་པའི་རྒྱུའོ། །དེ་བཞིན་དུ་གཟུགས་འདུ་ཤེས་དང༌། གཟུགས་འདུ་བྱེད་དང༌། གཟུགས་རྣམ་ཤེས་དང༌། ཚོར་བ་འདུ་ཤེས་དང༌། ཚོར་བ་འདུ་བྱེད་དང༌། ཚོར་བ་རྣམ་ཤེས་དང༌། འདུ་ཤེས་འདུ་བྱེད་དང༌། འདུ་ཤེས་རྣམ་ཤེས་དང༌། འདུ་བྱེད་རྣམ་ཤེས་དང༌། །རྒྱུ་ཡིན་ནོ་བསམ་ པར་བྱའོ། །གཞན་ཡང་གསུམ་ཡང་ངོ༌། །འདི་ལྟ་སྟེ། ཚོར་བ་འདུ་ཤེས་དང༌། གཟུགས་ཚོར་བ་འདུ་ཤེས་དང༌། གཟུགས་ཚོར་བ་རྣམ་ཤེས་དང༌། གཟུགས་འདུ་ཤེས་འདུ་བྱེད་དང༌། གཟུགས་འདུ་ཤེས་རྣམ་ཤེས་དང༌། གཟུགས་འདུ་བྱེད་རྣམ་ཤེས་དང༌། ཚོར་བ་འདུ་ཤེས་འདུ་བྱེད་དང༌། ཚོར་ བ་འདུ་ཤེས་རྣམ་ཤེས་དང༌། ཚོར་བ་འདུ་བྱེད་རྣམ་ཤེས་དང༌། འདུ་ཤེས་འདུ་བྱེད་རྣམ་ཤེས་དང༌། ཡང་བཞི་བཞི་ཡང་ངོ༌། །འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་དང༌། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་དང༌། གཟུགས་ཚོར་བ་འདུ་བྱེད་རྣམ་ཤེས་དང༌། གཟུགས་འདུ་ཤེས་འདུ་བྱེད་ རྣམ་ཤེས་དང༌། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་དང༌། རྒྱུ་ཉིད་དུ་བསམ་མོ། །དེ་བཞིན་དུ་དེ་ལ་རྒྱུའི་དོན་དུ་སྲེད་པ་སྐྱེ་བར་འགྱུར་པ་ན། སོ་སོར་བཟོད་པ་ཞེས་བརྗོད་དོ། །གང་གི་ཚེ་ཕུང་པོ་ལྔ་ཆར་ཡང་བསྡུས་ཏེ་སྡུག་བསྔལ་གྱི་རྒྱུའི་ཞེས་སྲེད་པ་དེའི་ཚེ་ཀུན་འབྱུང་བདེན་པ་ལ་དམིགས་པའི་སྤྱི་ ༄༅། །ནས་བཟོད་པར་རིག་པར་བྱའོ། །དེའི་རྗེས་སུ་གཟུགས་ཀྱི་ཕུང་པོའི་མི་འཇུག་པ་དང༌། གཟུགས་ཀྱི་ཕུང་པོའི་མི་སྐྱེ་བ་དང༌། གཟུགས་ཀྱི་ཕུང་པོའི་འགོག་པ་ནི་མྱ་ངན་ལ་འདས་པ་རྟག་པ་ཉིད་དུ་བསམ་མོ། །དེ་ཁོ་ན་བཞིན་དུ་ཚོར་བའི་འགོག་པ་དང༌། འདུ་ཤེས་ཀྱི་འགོག་པ་ དང༌། འདུ་བྱེད་ཀྱི་འགོག་པ་དང༌། རྣམ་པར་ཤེས་པའི་འགོག་པ་དང༌། ཡང་གཉིས་གཉིས་ཏེ། འདི་ལྟ་སྟེ། གཟུགས་ཚོར་བའི་འགོག་པ་དང༌། གཟུགས་འདུ་ཤེས་འགོག་པ་དང༌། གཟུགས་འདུ་བྱེད་འགོག་པ་དང༌། གཟུགས་རྣམ་ཤེས་འགོག་པ་དང༌། ཚོར་བ་འདུ་ཤེས་ཀྱི་འགོག་པ་དང༌། ཚོར་བ་ འདུ་བྱེད་ཕུང་པོའི་འགོག་པ་དང༌། ཚོར་བ་རྣམ་ཤེས་འགོག་པ་དང༌། འདུ་ཤེས་འདུ་བྱེད་ཕུང་པོའི་འགོག་པ་དང༌། འདུ་ཤེས་རྣམ་ཤེས་དག་གི་འགོག་པ་དང༌། འདུ་བྱེད་རྣམ་ཤེས་ཀྱི་འགོག་པ་རྟག་པ་ཞེས་བསམ་མོ། །ཡང་གསུམ་གསུམ་མོ་ཡང་ངོ༌། །འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་ འགོག་པ་དང༌། གཟུགས་ཚོར་བ་འདུ་བྱེད་འགོག་པ་དང༌། གཟུགས་ཚོར་བ་རྣམ་ཤེས་འགོག་པ་དང༌། གཟུགས་འདུ་ཤེས་འདུ་བྱེད་འགོག་པ་དང༌། གཟུགས་འདུ་ཤེས་རྣམ་ཤེས་འགོག་པ་དང༌། གཟུགས་འདུ་བྱེད་རྣམ་ཤེས་འགོག་པ་དང༌། ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་དང༌། ཚོར་ བ་འདུ་ཤེས་རྣམ་ཤེས་འགོག་པ་དང༌། ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་དང༌། འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་དང༌། ཡང་བཞི་བཞི་སྟེ། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་དང༌། གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་འགོག་པ་དང༌། གཟུགས་ཚོར་བ་འདུ་བྱེད་ རྣམ་ཤེས་འགོག་པ་དང༌། གཟུགས་འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་དང༌། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་དང༌། མྱ་ངན་ལས་འདས་པ་མི་རྟག་པ་ཞེས་བསམ་མོ། །དེ་རྣམས་ཀྱི་འགོག་པ་རྟག་པ་ཞེས་སྲེད་པ་སྐྱེ་བར་གྱུར་པ་ན། སོ་སོར་ཐམས་ཅད་ལ་ཡང་བཟོད་པ་ཞེས་ བརྗོད་དོ། །གང་གི་ཚེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡང་འགོག་པ་འདི་ནི་མི་རྟག་པ་ཞེས་སྲེད་པ་བྱུང་བ་དེའི་ཚེ་སྡོམ་པའི་འགོག་པའི་བདེན་པ་དམིགས་པའི་བཟོད་པ་ཞེས་བརྗོད་དོ། །ལམ་ལ་བཅོ་ལྔ་སྦྱར་བར་བྱའོ། །ལམ་ནི་ཕུང་པོ་བཞིའི་ངོ་བོ་སྟེ། གང་ལས་གཟུགས་ནི་ངེས་ པར་འབྱིན་པ་མ་ཡིན་ཞིང་ཟག་པ་མེད་པ་ཡང་མ་ཡིན་ནོ། །དེས་ན་ལམ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞིས་བཅོ་ལྔར་འགྱུར་རོ་འདི་ལྟ་སྟེ། ཚོར་བ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ། །དེ་བཞིན་དུ་འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། དེ་ལྟར་ རེ་རེ་ནས་ལམ་ཉིད་དུ་སྲེད་པ་འབྱུང་བ་ན་ཡང་གཉིས་གཉིས་ཡང་ངོ༌། །འདི་ལྟ་སྟེ། ཚོར་བ་འདུ་ཤེས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བསམ་མོ། །དེ་བཞིན་དུ་ཚོར་བ་འདུ་བྱེད་དང༌། ཚོར་བ་རྣམ་ཤེས་དང༌། འདུ་ཤེས་འདུ་བྱེད་དང༌། འདུ་ཤེས་རྣམ་ཤེས་དང༌། འདུ་བྱེད་རྣམ་ཤེས་ དང༑ ཡང་གསུམ་གསུམ་ཡང་སྟེ། འདི་ལྟ་སྟེ། ཚོར་བ་འདུ་ཤེས་འདུ་བྱེད་དང༌། ཚོར་བ་འདུ་ཤེས་རྣམ་ཤེས་དང༌། ཚོར་བ་འདུ་བྱེད་རྣམ་ཤེས་དང༌། འདུ་ཤེས་འདུ་བྱེད་རྣམ་ཤེས་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ། །དེ་བཞིན་དུ་དེ་ལ་སྲེད་པ་འབྱུང་བ་ན། ལམ་གྱི་བདེན་པ་ཐམས་ཅད་ལ་ཡང་དམིགས་པ་སོ་སོར་བཟོད་པ་ཞེས་བརྗོད་དོ། །གང་གི་ཚེ་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ཆར་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་སྲེད་པ་དེའི་ཚེ་ལམ་གྱི་བདེན་པ་དམིགས་པ་བསྡོམས་པའི་བཟོད་པ་ཞེས་བརྗོད་དོ། །གང་གི་ཚེ་ གཟུགས་འགོག་པར་འགྲོ་བ་ངེས་པར་འབྱིན་པའི་ལམ་མོ་ཞེས་འདོད་ན། ཚོར་བ་འགོག་པར་འགྲོ་བའོ། །འདུ་ཤེས་འགོག་པར་འགྲོ་བའོ། །འདུ་བྱེད་འགོག་པར་འགྲོ་བའོ། །རྣམ་ཤེས་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ། །དེ་བཞིན་དུ་རེ་རེ་ནས་སྡུག་བསྔལ་འགོག་པ་བགྲོད་པའི་ ལམ་ཉིད་དུ་སྲེད་ནས། ཡང་གཉིས་གཉིས་སོ། །འདི་ལྟ་སྟེ། གཟུགས་ཚོར་བ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བསམ་མོ། །གཟུགས་འདུ་ཤེས་འགོག་པར་འགྲོ་བའོ། །གཟུགས་འདུ་བྱེད་འགོག་པར་འགྲོ་བའོ། །གཟུགས་རྣམ་ཤེས་འགོག་པ་བགྲོད་པའོ། །ཚོར་བ་འདུ་ ཤེས་འགོག་པ་བགྲོད་པའོ། །ཚོར་བ་འདུ་བྱེད་འགོག་པ་བགྲོད་པའོ། །ཚོར་བ་རྣམ་ཤེས་འགོག་པ་བགྲོད་པའོ། །འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའོ། །འདུ་ཤེས་རྣམ་ཤེས་འགོག་པ་བགྲོད་པའོ། །འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ལམ་མོ་ཞེས་བསམ་མོ། །ཡང་གསུམ་སྟེ། ༄༅། །འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འགོག་པ་བགྲོད་པའི་ལམ་མོ་ཞེས་བསམ་མོ། །གཟུགས་ཚོར་བ་འདུ་བྱེད་འགོག་པ་བགྲོད་པའོ། །གཟུགས་ཚོར་བ་རྣམ་ཤེས་འགོག་པ་བགྲོད་པའོ། །གཟུགས་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའོ། །གཟུགས་འདུ་ཤེས་ རྣམ་ཤེས་འགོག་པ་བགྲོད་པའོ། །གཟུགས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ། །ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའོ། །ཚོར་བ་འདུ་ཤེས་རྣམ་ཤེས་འགོག་པ་བགྲོད་པའོ། །ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ། །འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ ལམ་མོ་ཞེས་བསམ་མོ། །ཡང་བཞི་བཞི་སྟེ། འདི་ལྟ་སྟེ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་འགོག་པ་བགྲོད་པའི་ལམ་མོ་ཞེས་བསམ་མོ། །གཟུགས་ཚོར་བ་འདུ་ཤེས་རྣམ་ཤེས་འགོག་པ་བགྲོད་པའི་ལམ་དང༌། གཟུགས་ཚོར་བ་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ལམ་མོ། །གཟུགས་ འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའོ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་འགོག་པ་བགྲོད་པའི་ལམ་ངེས་པར་འབྱིན་པའོ་ཞེས་བསམ་མོ། །དེ་བཞིན་དུ་རྣལ་འབྱོར་པ་ངེས་པར་འབྱིན་པའི་དོན་ལ་སྲེད་པ་སྐྱེ་བ་དེའི་ཚེ་ལམ་གྱི་བདེན་པ་ལ་དམིགས་པ་སོ་སོར་བཟོད་པ་ཞེས་བརྗོད་དོ། ། གང་གི་ཚེ་བསྡུས་ནས་ཕུང་པོ་ལ་འགོག་པ་བགྲོད་པའི་ལམ་ངེས་པར་འབྱིན་པ་ཞེས་སྲེད་པ་འབྱུང་བ་དེའི་ཚེ་ལམ་གྱི་བདེན་པ་དམིགས་པ་བསྡུས་པའི་བཟོད་པར་འགྱུར་བ་ཡིན་ནོ་ཞེས་པ་ནི་སུམ་ཅུ་རྩ་གཅིག་སྦྱར་བར་བྱའོ། །འདིར་གྲོལ་བ་འདོད་པས་བཟོད་པ་རྣམ་པ་བཞི་རྣམས་འདི་ནི་རྣམ་པའི་དབྱེ་ བ་གཉིས་ཀྱིས་བསྒོམ་པར་བྱའོ། །འདི་ལྟ་སྟེ། ཆོས་ཤེས་པའི་རྣམ་པ་དང༌། རྗེས་སུ་ཤེས་པའི་རྣམ་པའོ། །དེ་ལ་འདོད་པས་བསྡུས་པའི་གཟུགས་མི་རྟག་ཞེས་པ་ནི་ཆོས་ཤེས་པའི་རྣམ་པའོ། །གཟུགས་ན་སྤྱོད་པའི་གཟུགས་མི་རྟག་ཞེས་པ་ནི་རྗེས་སུ་ཤེས་པའི་རྣམ་པའོ། །དེ་བཞིན་དུ་ཕུང་པོ་ ལྷག་མ་ལ་སོ་སོ་དང་སྤྱི་ནས་སྔོན་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཀུན་འབྱུང་ལ་སོགས་པ་ལ་ཅི་རིགས་པར་སྔོན་བཞིན་དུ་སྦྱར་བར་བྱའོ། །ཅིའི་དོན་དུ་བཟོད་པ་རྣམ་པ་གཉིས་བསྒོམ་པར་བྱ་ཞེ་ན། བརྗོད་དེ། གང་ལས་བསྡུས་སམ་ཤེས་པ་རྣམ་པ་གཉིས་ཀྱིས་བདེན་པ་མངོན་པར་རྟོགས་པའོ། ། དེས་ན་བདེན་པ་རྣམས་ཀྱི་རྗེས་སུ་མཐུན་པར་བྱ་བའི་དོན་དུ་བཟོད་པ་རྣམ་པ་གཉིས་ཀྱང་བསྒོམ་པར་བྱའོ། །འོ་ན་བསྡུས་ནས་བཟོད་པ་བསྒོམ་པའི་རྟགས་ཅི་ཞེ་ན། བརྗོད་དེ། བཟོད་པ་རྣམ་པ་བཞི་སྔོམ་[?] པའི་རྟགས་དེ་ནི། འདི་ལྟ་སྟེ། ཕུང་པོ་ནི་མི་རྟག་པའོ་ཞེས་སྲེད་པ་དང༌། ཕུང་པོ་ནི་སྡུག་བསྔལ་ གྱི་རྒྱུའོ་ཞེས་སྲེད་པ་དང༌། སྡུག་བསྔལ་འགོག་པ་ནི་རྟག་པའོ་ཞེས་སྲེད་པ་དང༌། སྡུག་བསྔལ་འགོག་པ་བགྲོད་པའི་ལམ་ནི་མ་ངེས་པར་འབྱིན་པའོ་ཞེས་དྲེགས་པའོ། །ཡང༌། དེ་ལྟར་གོམས་པའི་རྣལ་འབྱོར་པ། །བཟོད་པའི་སྤྱད་པ་ལེགས་གོམས་པས། །ཀུན་ནས་སྐྱོ་དང་བརྩོན་པ་དང༌། ། འཁོར་ལོ་བཞི་དང་ཡང་དག་ལྡན། །དུས་གསུམ་ལ་ནི་མཁས་པ་དང༌། །སྒྲིབ་པ་ཐམས་ཅད་ནི་གྲོལ་ཞིང༌། །བདག་གི་ཚོགས་རྣམས་སོགས་པ་དང༌། །རྟག་ཏུ་དམ་པ་བྱེད་ལྡན་དང༌། །མཆོག་ཏུ་ངེས་པར་འབྱུང་འདོད་པའི། །གསལ་བའི་བཟོད་པ་སྐྱེ་བར་འགྱུར། །འདུས་བྱས་ཐམས་ཅད་མི་ རྟག་ཞེས། །སྡུག་བསྔལ་རྣམ་པར་གཞིལ་བ་ཡི། །བདེན་པ་མངོན་རྟོགས་མངོན་དུ་བྱེད། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་ནི་འདི་ཡིན་ཏེ། བཟོད་པའི་སྤྱད་པ་ལེགས་གོམས་པས། །ཞེས་པ་ནི། གང་གིས་བཟོད་པའི་དོན་དུ་ཤིན་ཏུ་གོམས་པར་གྱུར་པ་དེ་ལ། ཀུན་དུ་སྐྱོ་བ་ཞེས་པ་ནི། །གང་ལ་ ཡང་དག་པར་སྐྱོ་བ་ཡོད་པ་སྟེ། མགོའི་ཐོད་ལ་མེ་འབར་བ་བཞིན་ནོ། །བརྩོན་པ་ནི་ཁུར་མ་བོར་བའོ། །འཁོར་ལོ་བཞི་ཞེས་པ་ནི། འཁོར་ལོ་ཆེན་པོ་བཞི་སྟེ། འདི་ལྟར། མཐུན་པའི་ཡུལ་དུ་གནས་པ་དང༌། །སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། བདག་གི་སྨོན་ལམ་ཡང་དག་པ་དང༌། སྔོན་བསོད་ནམས་ བྱས་པ་དེ་དང་ཡང་དག་པར་ལྡན་པའོ། །དུས་གསུམ་ལ་ནི་མཁས་པ་ཞེས་པ་ནི། །དུས་གསུམ་ནི་འདི་ལྟ་སྟེ། ཞི་གནས་ཀྱི་དུས་དང༌། རབ་ཏུ་བསླབ་པའི་དུས་དང༌། བཏང་སྙོམས་ཀྱི་དུས་སོ། །ཡང་ན་སྙོམས་པར་འཇུག་པའི་དུས་དང༌། སྙོམས་པར་འཇུག་པའི་གནས་པའི་དུས་དང༌། སྙོམས་པར་ འཇུག་པ་ལས་ལྡང་བའི་དུས་སོ། །གསུམ་པོ་ལ་མཁས་པའོ། །སྒྲིབ་པ་ཐམས་ཅད་ནི་གྲོལ་ཞེས་པ་ནི། བདེན་པ་མཐོང་བའི་སྒྲིབ་པ་ནི་བཞི་སྟེ། འདི་ལྟ་སྟེ། ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། རྣམ་པར་སྨིན་པའི་སྒྲིབ་པ་དང༌། འགྲོ་བའི་སྒྲིབ་པའོ། །དེ་ལས་གྲོལ་བའོ། །བདག་ ༄༅། །གི་ཚོགས་ནི་འཚོགས་པ་དང༌། །ཞེས་པ་ནི། ཚོགས་ནི་གཉིས་ཏེ་འདི་ལྟ་སྟེ། །བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ཚུལ་ཁྲིམས་བསྒོམས་པའི་རང་བཞིན་གྱི་ཡོན་ཏན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་ཐོས་བསམ་བསྒོམས་ པའི་རང་བཞིན་གྱི་ཡོན་ཏན་དང༌། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཡེ་ཤེས་ཏེ། དེའི་རང་བཞིན་གྱི་ཡོན་ཏན་ནོ། །ཡང་ཚོགས་ལ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་ཚོགས་དང༌། ལྟ་བ་རྣམ་པར་དག་པའི་ཚོགས་སོ། །དེ་ལ་གཞན་ལ་ཉེ་བར་མི་གནོད་ པའི་མཚན་ཉིད་དང༌། གཞན་རྗེས་སུ་འཛིན་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་སོ། །དེ་བདག་བདེན་པ་དང་སྤོང་བ་རྣམ་པར་དག་པ་ཡིས། །གང་ཞིག་རྣམ་པར་དག་པ་འདི་ནི་ཚུལ་ཁྲིམས་རྣམ་པར་དག་པའོ། །ཉེ་བར་ཞི་བ་དང་ཤེས་རབ་དག་གིས་ལྟ་བ་རྣམ་པར་དག་པའོ། །ཤེས་རབ་མེད་ལ་བསམ་ གཏན་མེད། །བསམ་གཏན་མེད་ན་ཤེས་རབ་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་དེ་ནི་བྱིན་རླབས་རྣམ་པ་བཞིར་རྣམ་པར་གཞག་སྟེ། འདི་ལྟར། ཚུལ་ཁྲིམས་རང་བཞིན་ཡོན་ཏན་ནི་བདེན་པའི་བྱིན་རླབས་སོ། །སྦྱིན་པའི་རང་བཞིན་ཡོན་ཏན་ནི་སྤོང་བའི་བྱིན་རླབས་སོ། ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་ཡོན་ཏན་ནི་ཉེ་བར་ཞི་བའི་བྱིན་རླབས་སོ། །ཐམས་ཅད་ཤེས་པའི་རང་བཞིན་ཡོན་ཏན་ནི་ཤེས་རབ་ཀྱི་བྱིན་རླབས་སོ། །ཚོགས་དེ་རྣམས་དམན་པས་ཉན་ཐོས་ཀྱི་བྱང་ཆུབ་པོ། །འབྲིང་གིས་རང་རྒྱལ་གྱི་བྱང་ཆུབ་པའོ། །ཁྱད་པར་དུ་འཕགས་པས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་བྱེད་དོ། །རྟག་ཏུ་དམ་པར་བྱེད་པ་དང༌། །མཆོག་ཏུ་ངེས་འབྱུང་ཚོར་བའོ། །ཞེས་པ་ནི། རྣམ་པར་ཆད་པ་མེད་པར་ངེས་འབྱུང་ཚོལ་བ་དང༌། གུས་པས་ངེས་འབྱུང་ཚོལ་བ་དང༌། མཆོག་ཏུ་ཞེས་པ་ནི་གོང་དུ་འཕགས་པའི་ངེས་འབྱུང་ཚོལ་བའོ་ཞེས་རིམ་པ་བཞིན་ དུ་སྦྱར་བར་བྱའོ། །གསལ་བ་ཞེས་པ་ནི་བདེན་པའི་རང་བཞིན་རྟོགས་པར་རྣོ་བའོ། །བདེན་པ་མངོན་རྟོགས་མངོན་དུ་བྱེད། །ཅེས་པ་ནི། བདེན་པའི་མངོན་པར་རྟོགས་པ་ནི་སོ་སོར་ངེས་པའོ། །ཅི་ལྟར་ངེས་ཤེ་ན། བརྗོད་དེ། འདུས་བྱས་ཐམས་ཅད་མི་རྟག་ཞེས་པ་དང༌། །སྡུག་བསྔལ་རྣམ་པར་ གཞིལ་པ་ཞེས་སྨོས་ཏེ། སྡུག་བསྔལ་ལས་ཡང་དག་པར་འདོན་པ་སྟེ་སྡུག་བསྔལ་གྱི་རྣམ་པར་ཞེས་པའི་དོན་ཏོ། །འདིར་བཟོད་པ་དཔྱད་པ་ངེས་པར་བྱེད་པ་ཀུན་དུ་སྤྱོད་པ་འཇུག་ན་འདུ་ཤེས་གསུམ་སྟེ། འདི་ལྟ་སྟེ། དངོས་པོའི་འདུ་ཤེས་དང༌། སྐྱེ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་སོ། ། སྡུག་བསྔལ་ཡང་དག་པར་གཞིལ་བའི་བཟོད་པ་ལ་ནི་འགག་པའི་འདུ་ཤེས་གསལ་བའོ། །ཅིག་ཤོས་འདུ་ཤེས་གཉིས་ནི་ཞན་པའོ། །མིང་གི་འདུ་ཤེས་ལ་ནི་སྐྱེ་བའི་འདུ་ཤེས་ནི་མེད་དེ། འགག་པའི་འདུ་ཤེས་ཁོ་ནའོ། །འགག་པ་ནི་དངོས་པོ་ལ་བརྟེན་པའི་ཕྱིར་དངོས་པོ་འདུ་ཤེས་ནི་རྗེས་སུ་འཇུག་ པའོ༑ །དེ་བཞིན་དུ་མཚན་མའི་འདུ་ཤེས་ལ་སོགས་པའོ། །དེ་ལྟར་དེའི་སྡུག་བསྔལ་ཡང་དག་པར་གཞིལ་བའི་བཟོད་པ་དེ་དག་བསྒོམས་པ་ན། ཞི་གནས་དང་གཟེངས་བསྟོད་པ་དང་བཏང་སྙོམས་ཀྱི་དུས་ལ་མཁས་པ་ཆེས་མང་དུ་འགྱུར་ཏེ། དེ་ཡང༌། སེམས་རྒོད་པ་ན་མི་རྒོད་པར་བྱ་བའི་ཆེད་དུ་འདི་ནི་ ཞི་བར་གནས་པའི་དུས་སོ་ཞེས་ཤེས་པར་བྱ་སྟེ། རྒོད་པ་ཉེ་བར་ཞི་བའི་དོན་དུ་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སེམས་བྱིང་བར་གྱུར་པའམ་སོམ་ཉིར་གྱུར་པ་ན། འདི་ནི་རབ་ཏུ་གཟེངས་བསྟོད་པའི་དུས་སོ་ཞེས་ཤེས་པར་བྱ་སྟེ། སེམས་གཟེངས་བསྟོད་པའི་དོན་དུ་ཆོས་རྣམ་པར་ འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་བསྒོམ་པར་བྱའོ། །སེམས་མཉམ་པ་ཉིད་ཐོབ་པ་ན་ཟུང་འཇུག་གི་རྒྱུ་བ་རྟག་ཏུ་བསྒོམས་པས་གཉི་ག་རེངས་པར་གྱུར་པ་ན། འདི་ནི་བཏང་སྙོམས་ཀྱི་དུས་སོ་ཞེས་ཤེས་པར་བྱ་སྟེ། བཏང་སྙོམས་བསྒོམ་པར་བྱའོ། །དེ་ལས་ཕྱོགས་གཉི་ག་རྩོལ་བ་མེད་ ཅིང་མྱུར་བར་དམིགས་པ་མངོན་དུ་འགྱུར་བ་དང་རབ་ཏུ་དང་བར་འགྱུར་རོ། །དྲན་པ་ནི་དུས་ཐམས་ཅད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་བཟོད་པ་སྤྱད་པ་འདི་རྫོགས་པས་དགེ་བའི་རྩ་བ་ཉེ་བར་བསྟན་པ་ཕན་པའི་སེམས་ཀྱི་རྒྱུད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་བསྐྱེད་པའི་དོན་དུ་དབང་པོ་གསལ་ ལམ་སྤྱོད་ཡུལ་གྱི་ཤུགས་ལས་སྡུག་བསྔལ་ལ་ཡིད་ཡང་དག་པར་དཀྲིས་ཏེ། དུས་གསུམ་པའི་ཡང་འདོད་པའི་ཁམས་མི་རྟག་པའོ་ཞེས་འཇོག་པའོ། །དེ་ལྟར་སྒོམ་པར་བྱེད་པ་ན། གང་གི་ཚེ་ཡི་གེ་གཅིག་ཉིད་ཀྱིས་འདོད་པའི་ཁམས་མི་རྟག་པ་ཉིད་དུ་འཛིན་པ་སྟེ། ཚིགས་བཅད་ལེགས་པར་ ༄༅། །གོམས་པའི་རིགས་པའོ། །སྤྱོད་ཡུལ་དེ་ལ་འདུ་ཤེས་གང་ཡིན་པ་དེ་ནི་མིང་གི་འདུ་ཤེས་ཞེས་བཤད་དོ། །མིང་གི་འདུ་ཤེས་ལས་ཕ་རོལ་ཡི་གེ་མེད་པར་འདོད་པའི་ཁམས་མི་རྟག་པ་ཉིད་རྗོད་པར་བྱེད་པའི་མཚན་མ་ཀུན་དུ་སྐྱེས་པ་གང་ཡིན་པའི་འདུ་ཤེས་དེ་ནི་མཚན་མའི་འདུ་ ཤེས་ཞེས་བཤད་དོ། །དེ་ཡང་དམན་པ་ལ་སོགས་པའི་དབྱེ་བས་གསུམ་དུ་འགྱུར་རོ། །འདི་ལྟ་སྟེ། དམན་པའི་མཚན་མའི་འདུ་ཤེས་དང༌། འབྲིང་དང་ཁྱད་པར་ཅན་གྱི་མཚན་མའི་འདུ་ཤེས་སོ། །ཡང་སོ་སོར་དམན་པའི་དམན་པ་ལ་སོགས་པའི་དབྱེ་བས་ཕྱེ་བས་མཚན་མའི་འདུ་ཤེས་ནི་དབྱེ་བ་ དགུའོ། །དམན་པའི་དམན་པ་མཚན་མའི་འདུ་ཤེས་དང༌། དམན་པའི་འབྲིང་པོ་དང༌། དམན་པའི་ཁྱད་པར་ཅན་དང༌། འབྲིང་གི་དམན་པ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཁྱད་པར་ཅན་དང༌། ཁྱད་པར་ཅན་དམན་པ་དང༌། ཁྱད་པར་ཅན་འབྲིང་དང༌། ཁྱད་པར་ཅན་གྱི་ཁྱད་པར་ཅན་ནོ། །འདིར། འདི་ ལ་གནས་པའི་རྣལ་འབྱོར་པ་ནི། དང་པོ་གསུམ་ལས་དང༌། འབྲིང་པོ་གསུམ་ལས་བརྒྱ་ལམ་ན་ཉམས་པ་ཡང་ངོ༌། །ཕྱི་མ་འདུ་ཤེས་རྣམ་པ་གསུམ་ནི་ཡང་ངེས་པར་མི་གཡོ་བའོ། །དེས་ནི་ཉམས་པར་མི་འགྱུར་རོ། །ཁྱད་པར་ཅན་ཁྱད་པར་ཅན་གྱི་འདུ་ཤེས་ནི་ཟག་པ་དང་བཅས་པའི་ཆོས་མཆོག་གོ། ཆོས་མཆོག་དེའི་རྗེས་སུ་འགྲོ་བ་ནི་སྒོམ་པའི་རང་བཞིན་མཚུངས་པར་ལྡན་པ་དང་མི་ལྡན་པའོ། །དེ་ཡང་མཚུངས་ལྡན་ནི་དགེ་བའི་རྩ་བ་ལ་སོགས་པའོ། །འོ་ན་གང་གི་ཕྱིར་འདི་ལ་ཆོས་མཆོག་ཅེས་བརྗོད་ཅེ་ན། བརྗོད་དེ། གང་ལས་དེ་ཟག་པ་དང་བཅས་པ་ཐམས་ཅད་ཀྱི་ནང་ན་འདི་ནི་སྙིང་པོར་ གྱུར་པ་སྟེ། མར་གྱི་ཉིད་ཁུ་བཞིན་ནོ། །དེས་ན་དེའི་ཕྱིར་ཆོས་མཆོག་ཅེས་བརྗོད་དོ། །འདིར་ཡང་མངོན་པར་རྟོགས་པའི་ཉེ་བར་སྤྱོད་པ་ལ་བཅུ་གཉིས་པ་གསུམ་སྟེ་སུམ་ཅུ་རྩ་དྲུག་ཏུ་བཤད་དོ། །འདི་ལྟ་སྟེ། འདོད་པ་ལ་ཆགས་བྲལ་མིན་པར་གྱུར་པའི་འདོད་པས་བསྡུས་པའི་བཟོད་པ་དང༌། འདོད་ པས་བསྡུས་པའི་མིང་གི་འདུ་ཤེས་དང༌། འདོད་པས་བསྡུས་པའི་མཚན་མའི་འདུ་ཤེས་དང༌། ཆོས་མཆོག་གོ། །འདོད་པ་ལ་ཆགས་བྲལ་མིན་པར་གྱུར་པའི་གཟུགས་ཀྱིས་བསྡུས་པའི་བཟོད་པ་དང༌། མིང་གི་འདུ་ཤེས་དང༌། མཚན་མའི་འདུ་ཤེས་དང༌། ཆོས་མཆོག་གོ། །འདོད་པ་ལ་ཆགས་བྲལ་ མིན་པར་གྱུར་པའི་གཟུགས་མེད་པས་བསྡུས་པའི་བཟོད་པ་དང༌། མིང་གི་འདུ་ཤེས་དང༌། མཚན་མའི་འདུ་ཤེས་དང༌། ཆོས་མཆོག་གོ་ཞེས་པ་སྟེ་བཅུ་གཉིས་སུ་འགྱུར་རོ། །དེ་བཞིན་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་བཅུ་གཉིས་སོ། །འདི་ནི་བཅུ་གཉིས་པ་གསུམ་ནི། སུམ་ཅུ་རྩ་ དྲུག་ཏུ་འགྱུར་ཞེས་ཅི་རིགས་པར་བརྗོད་པར་བྱའོ། །འོ་ན་དེ་ལྟར་མངོན་པར་རྟོགས་པའི་ཉེ་བར་སྤྱོད་པ་ཡོངས་སུ་སྦྱངས་པའི་རྣལ་འབྱོར་ལ། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱི་བོར་གནས་པ་ཉིད་དོ། །འདི་ལས་ཕན་ཆད་དུ་ཅི་འབྱུང་ཞེ་ན་བརྗོད་དེ། ཆོས་མཆོག་དེ་ལས་པར་མེད་པར་ རྣལ་འབྱོར་པས་ཡང༌། བདེན་པ་རྣམས་རྗེས་སུ་མཐུན་པར་བྱེད་པ་ལས། འདོད་པས་བསྡུས་པའི་སྡུག་བསྔལ་ལ་ཆོས་ཤེས་པ་ཟག་པ་མེད་པ་སྐྱེ་བར་འགྱུར་རོ། །དེ་ལ་ཆོས་ནི་ཆོས་ཉིད་ཁོ་ན་སྟེ། དེ་ལས་སྐྱེ་ཞིང་སེམས་པ་ལས་མ་ཡིན་པས། དེ་ལས་ཆོས་ཤེས་པ་སྐྱེའོ། །ཆོས་ནི་སྡུག་ བསྔལ་བདེན་པ་སྟེ། དེ་ནི་དང་པོ་ཉིད་དུ་ཤེས་པ་ནི་ཆོས་ཤེས་པའམ། ཆོས་ཏེ་འཕགས་པའི་བདེན་པ་བཞིའོ། །གང་དེ་རྣམས་དང་པོའི་ཉིད་དུ་འདོད་པའི་ཁམས་མི་རྟག་པའོ་ཞེས་པ་ཟག་པ་མང་པའི་ཤེས་པ་དེ་ནི་ཆོས་ཤེས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པ་ཡང་དག་པར་རྫོགས་ཏེ་གནས་ པའི་རྣལ་འབྱོར་པ་དེ་ནི། སོ་སོ་སྐྱེ་བོ་ཉིད་འགག་ཅིང༌། །དེ་འགགས་པ་ལས། རྒྱུ་འཕགས་པ་བརྒྱད་ཀྱི་དང་པོར་གྱུར་པས་བརྒྱད་པ་ཞེས་བརྗོད་དེ། རྒྱུན་དུ་ཞུགས་པའི་འབྲས་བུའི་ཆེད་དུ་ཞུགས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ཡང་དག་པར་ཐོབ་པ་ན། འཁོར་བའི་རྒྱུ་འདོད་པ་ན་སྤྱོད་པའི་ སྡུག་བསྔལ་གྱིས་བསྡུས་པ་བག་ལ་ཉལ་ཉོན་མོངས་པ་བཅུ་སྤོང་བ་སྟེ། འདི་ལྟར། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལོག་པར་ལྟ་བ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་བརྟུལ་མཆོག་ཏུ་འཛིན་པ་ དང༑ ཐེ་ཚོམ་མོ། །བག་ལ་ཉལ་མ་ཡིན་པ་ཉི་ཤུ་ཟད་པར་གྱུར་ཏེ། འདི་ལྟར། མ་དད་པ་དང༌། ངོ་ཚ་མེད་པ་དང༌། སྒྱུ་དང༌། གཡོ་དང༌། མི་བརྟན་པ་དང༌། རྒོད་པ་དང༌། བག་མེད་པ་དང༌། དྲེགས་པ་དང༌། ཁྲེལ་མེད་པ་དང༌། ཤིན་ཏུ་འཛིན་པ་དང༌། འཆབ་པ་དང༌། རྨུགས་པ་དང༌། ཕྱིང་བ་དང༌། ལེ་ལོ་དང༌། ༄༅། །གཉིད་དང༌། ཕྲག་དོག་དང༌། འགྱོད་པ་དང༌། སེར་སྣ་དང༌། མི་བཟོད་པ་དང༌། འཁོན་དུ་འཛིན་པ་སྟེ། དེ་ཉོན་མོངས་པ་དེ་རྣམས་རབ་ཏུ་སྤོང་བར་འགྱུར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་དེ་མ་ཐག་ཏུ་རྗེས་སུ་ཤེས་པ་སྐྱེ་བའི་དོན་དུ་སྡུག་བསྔལ་ལ་སོ་སོར་རྟོག་པའི་ཤེས་ པ་སྐྱེའོ། །ཅི་ལྟར་ཞེ་ན། དེ་དག་བཞིན་དུ་འདིས་དེ་བཞིན་དུ་ལྷག་མའོ་ཞེས་པ་མེད་པར་སྐྱེ་བ་ནི་མ་ཡིན་ནོ། །དེས་ན་རྗེས་སུ་ཤེས་པ་འགྲུབ་པའི་དོན་དུ། སོ་སོར་རྟོག་པའི་ཤེས་པ་སྐྱེའོ། །དེ་ཡང་སྤངས་པ་ལ་ལྟ་བས་ཉོན་མོངས་པ་འཇིག་བྱེད་ནི་མ་ཡིན་པའོ། །སོ་སོར་རྟོག་པའི་ཤེས་པའི་ བར་མེད་པར་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྐྱེ་བའོ། །དེ་སྐྱེས་པ་ན། བག་ལ་ཉལ་དེ་ཉིད་ལ་ཁོང་ཁྲོ་སྤངས་པའི་གཟུགས་ཀྱིས་བསྡུས་པ་དགུ་དང༌། བག་ལ་ཉལ་མ་ཡིན་པ་བཅུ་གཅིག་སྤོང་ངོ༌། །འདི་ལྟ་སྟེ། མ་དད་པ་དང༌། ངོ་ཚ་མེད་པ་དང༌། སྒྱུ་དང༌། གཡོ་དང༌། མི་བརྟན་པ་དང༌། རྒོད་ པ་དང༑ བག་མེད་པ་དང༌། དྲེགས་པ་དང༌། ཁྲེལ་མེད་པ་དང༌། ཤིན་ཏུ་འཛིན་པ་དང༌། འཆབ་པའོ། །དེ་དང་འདི་སྟེ་ཉོན་མོངས་པ་ཉི་ཤུར་འགྱུར་རོ། །གཟུགས་མེད་པས་བསྡུས་པ་བག་ལ་ཉལ་དགུ་པོ་དེ་གཉིས། བག་ལ་ཉལ་མིན་བརྒྱད་དེ་འདི་ལྟར། མ་དད་པ་ལ་སོགས་པ་དེ་ཉིད་དོ། །དེང་ འདི་སྟེ་ཉོན་མོངས་བཅུ་བདུན་སྤོང་ངོ༌། །དེ་ལྟར་སྡུག་བསྔལ་ལ་ཤེས་པ་གསུམ་པོ་འདི་སྐྱེའོ། །དེས་ན་ཁམས་གསུམ་གྱི་ཉོན་མོངས་པ་དྲུག་ཅུ་རྩ་བདུན་རབ་ཏུ་སྤོང་ངོ༌། །གཞན་བདེན་པ་གསུམ་ལ་སོ་སོར་ཤེས་པ་གསུམ་གསུམ་སྐྱེའོ། །དེའི་རྗེས་སུ་ཀུན་འབྱུང་ལ་ཆོས་ཤེས་པ་ཡང་དག་གྲུབ་ པ་ན༑ ལུས་ལ་དམ་པ་དང༌། མཐར་འཛིན་པ་དང༌། ཚུལ་ཁྲིམས་བརྟུལ་མཆོག་ཏུ་འཛིན་པ་སྤངས་པའི་འདོད་པས་བསྡུས་པའི་བག་ལ་ཉལ་བདུན་པོ་དེ་ཉིད་དང༌། བག་ལ་ཉལ་མིན་མ་དད་པ་ལ་སོགས་པ་ཉི་ཤུ་སྟེ་ཉོན་མོངས་པ་ཉི་ཤུ་བདུན་པོ་དེ་རྣམས་རབ་ཏུ་སྤོང་ངོ༌། །དེའི་རྗེས་སུ་ཀུན་འབྱུང་ ལ་རྗེས་སུ་ཤེས་པ་སྐྱེས་པ་ན། ལུས་དམ་པ། མཐར་འཛིན་ཚུལ་ཁྲིམས་བརྟུལ་མཆོག་འཛིན་ཞེ་སྡང་སྤངས་པ་བག་ལ་ཉལ་དྲུག་དང༌། བག་ལ་ཉལ་མིན་བཅུ་གཅིག་ཟད་དེ། འདི་ལྟར། མ་དད་པ། ངོ་ཚ་མེད་པ། སྒྱུ་དང༌། གཡོ་དང༌། མི་བརྟན་པ་དང༌། རྒོད་པ་དང༌། བག་མེད་པ་དང༌། དྲེགས་ པ་དང༌། ཁྲེལ་མེད་པ་དང༌། ཤིན་ཏུ་འཛིན་པ་དང༌། འཆབ་པའོ། །གཟུགས་མེད་པས་བསྡུས་པ་བག་ལ་ཉལ་དྲུག་པོ་དེ་ཉིད་དང༌། བག་ལ་ཉལ་མིན་བརྒྱད་དེ། འདི་ལྟར། མ་དད་པ། ངོ་ཚ་མེད་པ། སྒྱུ་གཡོ། མི་བརྟན་པ། རྒོད་པ། བག་མེད། དྲེགས་པ་སྟེ། ཉོན་མོངས་པ་བཅུ་བཞི་པོ་རྣམས་རབ་ ཏུ་སྤོང་ངོ༌། །ཀུན་འབྱུང་གི་ཤེས་པ་ཐམས་ཅད་ལ་ཉོན་མོངས་པ་ལྔ་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེའི་རྗེས་སུ་འགོག་པའི་ཤེས་པ་ལ་ལྔ་བཅུ་རྩ་བརྒྱད་དོ། །དེའི་རྗེས་སུ་ལམ་ལ་ཆོས་ཤེས་པ་ཡང་དག་ཐོབ་པ་ན། དེ་ཉིད་ལ་རང་ལུས་དམ་པ། མཐར་འཛིན་ལྟ་བ་སྤངས་པ། འདོད་པས་བསྡུས་ པའི་བག་ལ་ཉལ་བརྒྱད་དང༌། བག་ལ་ཉལ་མིན་ཉི་ཤུ་སྟེ། ཉོན་མོངས་པ་ཉི་ཤུ་ཉེར་བརྒྱད་རབ་ཏུ་སྤོང་ངོ༌། །དེ་རྗེས་སུ་ལམ་ལ་རྗེས་སུ་ཤེས་པ་སྐྱེས་ན། དེ་ཉིད་ལ་རང་ལུས་ལ་དམ་པ་དང༌། མཐར་འཛིན་པར་ལྟ་བ་དང༌། ཞེ་སྡང་སྤངས་པ་གཟུགས་ཀྱིས་བསྡུས་པའི་བག་ལ་ཉལ་བདུན་དང༌། བག་ལ་ཉལ་མིན་བཅུ་གཅིག་པོ་དེ་ཉིད་དོ། །དེ་དང་འདི་སྟེ་གཟུགས་མེད་པས་བསྡུས་པ་བག་ལ་ཉལ་བདུན་དང་བག་ལ་ཉལ་མིན་མ་དད་པ་ལ་སོགས་པ་ནས་བག་མེད་པའི་མཐར་ཐུག་པ་བརྒྱད་དོ། །དེ་འདི་སྟེ། ལམ་གྱི་ཤེས་པ་ལ་ཉོན་མོངས་པ་དྲུག་ཅུ་རྩ་གཅིག་རབ་ཏུ་སྤོང་ངོ༌། །དེས་ན་ སྡུག་བསྔལ་ཆོས་ཤེས་པ་ནས་བཟུང་སྟེ་བགྲངས་ན་ལམ་ལ་རྗེས་སུ་ཤེས་པ་བཅུ་གཉིས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་སོ་སོར་རྟོག་པའི་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་ལ་སོ་སོར་ རྟོག་པའི་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་སོ་སོར་རྟོག་པའི་ཤེས་པ་དང༌། འགག་པ་ལ་རྗེས་སུ་ཤེས་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་སོ་སོར་རྟོག་པའི་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པའོ། །དེ་མ་ཐག་དུ་བཅུ་ གསུམ་པ་ནི་འབྲས་བུའི་སེམས་ཏེ་ཉོན་མོངས་པ་འཇོམས་བྱེད་ནི་མ་ཡིན་ནོ། །དེས་ན་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་རྣལ་འབྱོར་པ་ངེས་པ་ལ་ཞུགས་པ་རྒྱུན་དུ་ཞུགས་པ་འབྲས་བུའི་སེམས་སུ་རྣམ་པར་གཞག་གོ། །འབྲས་བུའི་སེམས་དེ་ཉིད་ནི། འཇིག་རྟེན་པའི་ལམ་གྱིས་འདོད་ ༄༅། །པའི་ཁམས་ལ་ཆགས་བྲལ་ཕྱེད་པ་ངེས་པ་ལ་ཞུགས་པ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སེམས་སུ་རྣམ་པར་གཞག་གོ། །བཅུ་གསུམ་པའི་སེམས་དེ་ཉིད་ནི། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པ་ངེས་པ་ལ་ཞུགས་པ་ཕྱིར་ མི་འོང་བའི་འབྲས་བུའི་སེམས་སུ་རྣམ་པར་གཞག་གོ། །དེ་བཞིན་དུ་འདོད་པ་དང་གཟུགས་ལ་འདོད་ཆགས་དང་བྲལ་བའི་ངེས་པ་ལ་ཞུགས་པའི་རྣལ་འབྱོར་པའི། གང་བཅུ་གསུམ་པའི་འབྲས་བུའི་སེམས་ནི་ཕྱིར་མི་འོང་བ་འབྲས་བུའི་སེམས་སུ་རྣམ་པར་གཞག་གོ། །ཡང༌། དེ་ལས་བར་ མེད་སྡུག་བསྔལ་ལ། །ཆོས་ཤེས་ཟག་པ་མེད་པ་ནི། །དེར་གནས་སོ་སོར་སྐྱེ་བོ་ཡི། །ས་མཚམས་ཤིན་ཏུ་རྒལ་བར་འགྱུར། །བརྒྱད་པར་འགྱུར་རོ་འགས་པ་ཡི། །འབྲས་བུ་དོན་དུ་རྒྱུན་ཞུགས་པའོ། །ཆོས་ཤེས་སོ་སོར་རྟོག་པ་ཞེས། །དེ་ནས་ཤེས་པ་རྗེས་སུ་སྐྱེས། །དེ་ལྟར་རྒྱུ་དང་ཞི་བ་ ཐབས། །གསུམ་ལ་བློ་གསུམ་རིམ་པས་སོ། །དེ་མ་ཐག་ཏུ་བཅུ་གསུམ་པ། །ཤེས་པ་དག་པ་སྐྱོན་སྤོང་མིན། །སེམས་དེ་འབྲས་བུ་གསུམ་དུ་འགྱུར། །ཆགས་བཅས་ཕྱེད་བཅས་ཆགས་བྲལ་ལོ། །ཞེས་གསུངས་སོ། །མངོན་པར་རྟོགས་པའི་དོན་གང་ཞེ་ན། བརྗོད་དེ། འཇིག་རྟེན་པའི་མཆོག་ དང་བཅུ་གསུམ་པ་འབྲས་བུའི་སེམས་དང་ཤེས་པ་བཅུ་གཉིས་དང་འཕགས་པའི་བདེན་པ་རྣམས་ཀྱི་ཤེས་བྱ་རྣམས་རྣལ་འབྱོར་པས་མངོན་སུམ་དུ་རྟོགས་པའོ། །ཡང༌། འདི་རུ་དེ་སྙེད་མངོན་རྟོགས་ནི། །ཤེས་བྱ་མཉམ་རྟོགས་ཉིད་ཅེས་གསུངས། །མངོན་པར་རྟོགས་པ་དེ་ཡང་རྣམ་པ་ལྔ་ སྟེ༑ མཐོང་བའི་མངོན་རྟོགས་དང༌། སྤངས་པའི་མངོན་རྟོགས་དང༌། མངོན་དུ་བྱེད་པའི་མངོན་རྟོགས་དང༌། ཡོངས་སུ་ཤེས་པའི་མངོན་རྟོགས་དང་སྒོམ་པའི་མངོན་རྟོགས་སོ། །ཡང་དེ་ནི་རྣམ་པ་ལྔ་རུ་འདོད། །མཐོང་བ་དང་ནི་སྤོང་བ་དང༌། །མངོན་དུ་བྱེད་པ་ཉིད་དང་ནི། །ཡོངས་སུ་ཤེས་དང་ བསྒོམ་པའོ། །ཞེས་གསུངས་སོ། །དེ་ལ་མཐོང་བ་ནི་རྣམ་པ་བཞི་སྟེ། འདི་ལྟར། དམིགས་སུ་འཛིན་པའི་མཐོང་བ་དང༌། །མངོན་པར་འཛིན་པ་མཐོང་བ་དང༌། །དོན་གྱི་རྟོགས་པ་མཐོང་བ་དང༌། །མཚན་ཉིད་མཐོང་བའོ། །སྤོང་བ་རྣམ་པ་བཞི་སྟེ། འདི་ལྟར། རྣམ་པར་རེངས་པའི་སྤོང་བ་དང༌། བདུན་ པ་འདོད་ཆགས་ཀྱི་སྤོང་བ་དང༌། འགྲིབ་པའི་སྤོང་བ་དང༌། འགོག་པའི་སྤོང་བའོ། །མངོན་དུ་བྱེད་པ་རྣམ་པ་གཉིས་ཏེ། འདི་ལྟར། ལུས་ཀྱིས་མངོན་དུ་བྱེད་པ་རྙེད་པ་དང༌། ཤེས་རབ་ཀྱིས་སོ་སོར་རྟོག་པའོ། །ཡོངས་སུ་ནི་ཐམས་ཅད་དོ། །དེ་ཁོ་ན་ཉིད་མཁྱེན་ཅིང་ཟག་པ་དང་བཅས་པ་རྣམ་པར་ འབྲལ་བ་དེ་ནི་ཡོངས་སུ་ཤེས་པའོ་སྟེ་རྣམ་པ་དགུའོ། །ཀུན་འབྱུང་ལ་ཆོས་ཤེས་པ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པ་ཡོངས་སུ་ཤེས་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང༌། ལམ་ལ་ཆོས་ཤེས་ པ་ཡོངས་སུ་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པ་ཡོངས་སུ་ཤེས་པ་དང༌། བསྒོམ་པའི་ལམ་ལ་འདོད་པའི་ཆགས་པ་བྲལ་བ་ཡོངས་སུ་ཤེས་པ་དང༌། བསྒོམ་པའི་ལམ་ལ་གཟུགས་ཀྱི་ཆགས་པ་བྲལ་བ་ཡོངས་སུ་ཤེས་པ་དང༌། བསྒོམ་པའི་ལམ་ལ་གཟུགས་མེད་པའི་ཆགས་པ་བྲལ་ བ་ཡོངས་སུ་ཤེས་པའོ། །དེ་བསྒོམ་པ་སྒོམ་པ་བཞི་སྟེ། འདི་ལྟར། སྐྱེ་བ་སྒོམ་པ་དང༌། ཀུན་དུ་བརྟེན་པ་སྒོམ་པ་དང༌། སྤས་[?] པ་སྒོམ་པ་དང༌། རྣམ་པར་ལྡོག་པ་སྒོམ་པའོ། །འདིར་བཅུ་གསུམ་པས་འབྲས་བུ་སེམས་ལ་གནས་པའི་རྣལ་འབྱོར་པ་ནི་རྒྱུན་དུ་ཞུགས་པ་སྲིད་པ་ཐ་མ་ལན་བདུན་པའོ།། ཐོག་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ལས། སྲིད་པའི་རྟེན་བདུན་ཕྲག་བཞི་ཉིད་དོ་ཞེས་པའི་དོན་ཏོ། །དེ་ལ་བདུན་ཕྲག་བཞི་ནི། འདི་ལྟ་སྟེ། མིའི་སྲིད་པ་བདུན་དང༌། མིའི་བར་གྱི་སྲིད་པ་བདུན་དང༌། ལྷ་རུ་སྲིད་པ་བདུན་དང༌། ལྷའི་བར་མའི་སྲིད་པ་བདུན་ནོ། །འདིར་རྒྱུན་དུ་ཞུགས་པའི་འབྲས་བུ་ སེམས་ལ། འབྲས་བུ་བསྡུས་པ་བསམ་གཏན་གྱི་ལམ། ཟག་པ་མེད་པ་ཐོབ་པར་གྱུར་ཅིང༌། དེའི་བཅུ་གསུམ་པ་འབྲས་བུ་སེམས་ལས་ཕ་རོལ་དུ་འདོད་པས་བསྡུས་པའི་ཀུན་ནས་དཀྲིས་པ་སྐྱེ་བར་གྱུར་ན། གང་ལས་ཟག་པ་མེད་པའི་བསམ་གཏན་གྱི་ལམ་ཐོབ་པ་དེ་འགག་གོ། །ཆ་ཤས་ ལྷག་མ་ནི་མ་ཡིན་ནོ། །ཡང༌། བསམ་གཏན་ལམ་གྱི་འབྲས་ཐོབ་པ། །ཉམས་འགྱུར་འདིར་ཡང་འགའ་ཞིག་གོ། །དེ་ལ་བརྟེན་པའི་འབྲས་ཐོབ་པའི། །ཉོན་མོངས་སྐྱེད་པར་བྱེད་པའོ། །ཞེས་གསུངས་སོ། །འདིས་ནི་ལམ་རྣམ་པ་གཉིས་གསུངས་པར་འགྱུར་བ་ཡིན་ཏེ། འདི་ལྟར། ཟག་པ་དང་ ༄༅། །བཅས་པ་དང༌། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི་བཞི་སྟེ། འདི་ལྟར། བཟོད་པ་སྤྱད་པ་དང༌། མིང་གི་འདུ་ཤེས་དང༌། མཚན་མའི་འདུ་ཤེས་དང༌། ཆོས་མཆོག་གོ། །ཟག་པ་མེད་པའི་ལམ་ནི་གཉིས་ཏེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་མོ། །དེ་ ལ་མཐོང་བའི་ལམ་ནི་སྡུག་བསྔལ་བདེན་པ་ལ་སོགས་པ་ཤེས་པ་བཅུ་གཉིས་བཤད་ཟིན་ཏོ། །བསྒོམ་པའི་ལམ་བཤད་པར་བྱའོ། །གལ་ཏེ་དེའི་རྗེས་སུ་རྣལ་འབྱོར་པ་བདེན་པ་མཐོང་བ་ཐོབ་པ་དེས། དེ་བཞིན་དུ་མཐོང་བས་སྤང་བར་བྱ་བ་བག་ལ་ཉལ་ལ་སོགས་པ་འཁོར་བའི་རྒྱུ་དང་ བཅས་པ་རྣམས། འདུན་པ་ཆགས་པ་སྤང་བ་དང་ཡོངས་སུ་ཤེས་པའི་སྤང་བ་དག་གི་རྩ་བ་མེད་པས་ན་ཅི་བྱེད་ཅེ་ན། བརྗོད་དེ། ཅི་སྲིད་དུ་འཁོར་བ་འཇུག་པ་དེ་སྲིད་དུ་སྡུག་བསྔལ་འཇུག་གོ་ཞེས་ཤེས་པར་བྱ་སྟེ། བསྒོམ་པས་སྤང་བར་བྱ་བ་ཡང་འཁོར་བའི་རྒྱུ་ཡིན་པས་བག་ལ་ཉལ་ལ་སོགས་ པ་རྒྱུ་དང་བཅས་པ་རྣམས་སྤང་བའི་ཕྱིར། མཐོང་བའི་དེ་ཁོ་ན་ཉིད་ཡང་དང་ཡང་དུ་རྩོལ་བའི་མཚན་ཉིད་ཀྱིས་བསྒོམ་པའི་ལམ་གོམས་པའི་དོན་དུ་རྩོམ་པའོ། །བསྒོམ་པའི་ལམ་དེ་ནི་རྣམ་པ་གཉིས་ཏེ། འདི་ལྟར། བྱང་ཆུབ་ཀྱི་ཡན་ལག་ལས་བྱུང་བ་དང༌། བྱང་ཆུབ་ཀྱི་ཡན་ལག་ལས་བྱུང་བ་མ་ ཡིན་པའོ། །དེ་ལ་གང་བསྒོམ་པའི་ལམ་འཕགས་པའི་བདེན་པ་བཞིའི་གཞན་གང་ཡང་རུང་བ་དང་དམིགས་སུ་འཛིན་པ་དང་མངོན་པར་ངེས་འཛིན་དག་གི་བརྩམས་པས་སྐྱེ་བ་དེ་ནི་ཡན་ལག་ཅན་ནོ། །གང་ཡང་བསྒོམ་པའི་ལམ་རགས་པ་དང་ཞི་བའི་རྣམ་པ་ལ་སོགས་པས་དམིགས་པ་བསྒོམ་ པའི་ལམ་གང་དག་གི་མཚན་མ་འམ་ཡོངས་སུ་དག་པས་མངོན་པར་ངེས་འཛིན་ནི་བྱང་ཆུབ་ཡན་ལག་ཅན་མ་ཡིན་པའོ། །དེ་ལ་ཐམས་ཅད་ཞེན་པའི་ལམ་གྱིས་ཀྱང་སེམས་གསུམ་ཉེ་བར་བསམས་པས་ཀུན་དུ་སྦྱོར་བ་སྤོང་བའོ། །འདི་ལྟ་སྟེ། ཞེན་པའི་བསྒོམ་པའི་ལམ་སྐྱེ་བའི་ཆ་དང༌། གནས་ པའི་ཆ་དང་འགག་པའི་ཆ་རྣམས་བསྡོམས་མས་ཀུན་དུ་སྦྱོར་བ་སྤོང་བའོ། །གསལ་བའི་བསྒོམ་པའི་ལམ་ནི་སྐྱེ་བའི་ཆ་གཉིས་ཀྱི་འདོད་པས་བསྡུས་པ་བསྒོམ་པའི་ལམ་གྱི་སྤང་བྱ་ཀུན་དུ་སྦྱོར་བ་ཐམས་ཅད་སྤོང་བའོ། །དེ་བཞིན་དུ་གཟུགས་ཀྱིས་བསྡུས་པའི་ཀུན་དུ་སྦྱོར་བ་ཐམས་ཅད་སྤོང་བའོ། ། དེ་བཞིན་དུ་གཟུགས་མེད་པས་བསྡུས་པའི་ཀུན་དུ་སྦྱོར་བ་ཐམས་ཅད་སྤོང་པའོ། །དུས་གཅིག་ཏུ་ཁམས་གཉིས་སམ་ཁམས་གསུམ་གྱི་ཀུན་དུ་སྦྱོར་བ་སྤོང་བ་ནི་མེད་དོ། །དེ་ལ་འདོད་པས་བསྡུས་པའི་འདོད་ཆགས་པ་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པའི་མཚན་ཉིད་དང་བག་ལ་ཉལ་མིན་ཉི་ཤུའི་ མཚན་ཉིད་དག་གི་ཉོན་མོངས་པའི་ཕུང་པོ་ཀུན་དུ་བཟླུམས་པ་རྣམས། ལམ་གྱི་དབང་གིས་ཆ་བཅུར་ཕྱེ་བའི། ཆ་དང་པོ་གསུམ་སྤངས་པ་ནི་སྲིད་པ་ཐ་མ་ལན་བདུན་པར་འགྱུར་རོ། །ཆ་བཞི་པ་ཀུན་ཐོབ་པ་ནི་རིགས་ནས་རིགས་སོ། །བཞི་པ་དང་ལྔ་པ་སྤོང་ཞིང་སྤངས་པ་ནི་རིགས་ནས་རིགས་ ཁོ་ནའོ། །ཆ་དྲུག་པ་ཐོབ་པ་ནི་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེའི་ཚེ་རྒྱུན་དུ་ཞུགས་པའི་འབྲས་བུ་འགག་པའོ། །ཆ་བདུན་པ་ཡང་འདི་ཉིད་དོ། །ཆ་ཕྱི་མ་གསུམ་སྤོང་བ་ནི་ས་བོན་གཅིག་པའོ། །འདོད་པས་བསྡུས་པ་ཀུན་དུ་སྦྱོར་བ་མ་ལུས་པ་སྤངས་པ་ནི་གོང་དུ་འཕོ་བ་ཡིན་ཏེ། འདོད་པའི་ཁམས་ ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའོ། །གཟུགས་ཀྱིས་བསྡུས་པ་འདོད་ཆགས་དང་ང་རྒྱལ་དང་མ་རིག་པའི་མཚན་ཉིད་ཐག་ལ་ཉལ་དང༌། མ་དད་པ་དང་ངོ་ཚ་མེད་པ་སྒྱུ་དང་གཡོ་དང་མི་བརྟན་པ་དང་རྒོད་པ་དང་བག་མེད་པ་དང་དྲེགས་པ་དང་ཁ་ཟས་ཀྱིས་རྒྱགས་པའི་མཚན་ཉིད་བག་ ལ་ཉལ་མིན་རྣམས་ཀུན་ནས་བཟླུམས་ཏེ། གཟུགས་ཀྱིས་བསྡུས་པའི་ཀུན་དུ་སྦྱོར་བ་རྣམས་སྔོན་བཞིན་དུ་རྣམ་པ་བཅུར་བྱའོ། །དེ་ལ་ཆ་དང་པོ་གསུམ་སྤངས་པ་ནི་གོང་དུ་འཕོ་བ་ཡིན་ནོ། །ཆ་གཞན་གཉིས་སྤངས་པ་ནི་འདུ་བྱེད་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། གཞན་ཆ་གཉིས་སྤངས་པ་ནི་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གཞན་ཡང་ཆ་གཉིས་སྤངས་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ། །ཆ་བཅུ་པ་ཐོབ་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཆ་བཅུ་པ་བར་དུ་སྤངས་པ་ནི་ཁམས་གཉིས་ ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་བའོ། །གཟུགས་མེད་པ་ཡང་འདོད་ཆགས་དང་ང་རྒྱལ་དང་མ་རིག་པའི་མཚན་ཉིད་བག་ལ་ཉལ་དང་མ་དད་པ་ལ་སོགས་པ་བདུན་དྲེགས་པ་དང་བཅས་པའི་མཚན་ཉིད་ཀྱིས་ཀུན་དུ་སྦྱོར་བ་རྣམས་སྔོན་བཞིན་དུ་རྣམ་པ་བཅུར་བྱའོ། །གང་ཟག་ཀྱང་བཞི་ ༄༅། །སྟེ༑ བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྤངས་པའོ། །གལ་ཏེ་གཟུགས་མེད་པ་ལ་ཆགས་བྲལ་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དམ། མེད་པ་ཉིད་དེ། དེ་བཞིན་དུ། གཟུགས་མེད་ཁམས་སུ་གཟུགས་བྲལ་ཕྱིར། །བགྲོད་བྱ་ཡུལ་དག་མེད་པའི་ ཕྱིར༑ །བར་མའི་སྲིད་པ་མེད་པའོ། །དེས་ན་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའོ། །ཡང༌། གཟུགས་ཀྱི་ཆགས་པ་ཀུན་བྲལ་ཕྱིར། །གཟུགས་མེད་པ་ལ་བར་སྲེད་མེད། །གང་དང་དེ་རུ་ཡོད་མིན་པས། །མྱ་ངན་འདའ་མེད་པར་སྲིད་འདིར། །ཞེས་གསུངས་སོ། །སྤངས་ པའི་གང་ཟག་གི་རྣམ་པར་གཞག་པ་ནི། གཟུགས་ཀྱི་ཁམས་ཅི་བཞིན་ནོ། །ཐ་མའི་ཆ་གསུམ་མ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་པ་ནི་ཁྱད་པར་རོ། །འདིར་བསྒོམ་པའི་ལམ་གང་ཞེ་ན་བརྗོད་དེ། དེ་ལ་འདོད་པས་བསྡུས་པ་ཆོས་རྣམས་ཡོངས་སུ་ཤེས་པ་རྣམས། །དེའི་ ཆ་ཟག་པ་མེད་པ་རྣམས། །མི་རྟག་པ་ལ་སོགས་པའི་རྣམ་པས་ཡིད་ལ་བྱེད་པ་ན། འདོད་པས་བསྡུས་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བའོ། །གཟུགས་མེད་པས་བསྡུས་པའི་ཆོས་རྣམས་ཡོངས་སུ་ཤེས་པ་རྣམས། དེའི་ཆ་ཟག་པ་མེད་པ་རྣམས་མི་རྟག་པ་ལ་སོགས་པའི་ རྣམ་པས་ཡིད་ལ་བྱེད་པས། འདོད་པ་དང་གཟུགས་ཀྱིས་བསྡུས་པ་བསྒོམ་པས་སྤོང་བར་བྱ་བ་ཉོན་མོངས་པ་སྤོང་བའོ། །གཟུགས་མེད་པས་བསྡུས་པའི་ཆོས་རྣམས་ཡོངས་སུ་ཤེས་ཤིང་དེ་བཞིན་དུ་བསམ་པས་ཁམས་གསུམ་གྱི་ཉོན་མོངས་བསྒོམ་པས་སྤོང་བར་བྱ་བ་རྣམས་སྤོང་ངོ༌། །ཁམས་ གསུམ་གྱི་ཉོན་མོངས་པ་རྣམས་སྤངས་པས་བར་ཆད་མེད་པའི་ལམ་སྐྱེའོ། །འདིར་བར་ཆད་མེད་པའི་ལམ་ལ་གནས་པའི་རྣལ་འབྱོར་པ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ། །དགྲ་བཅོམ་པ་ནི་མ་ཡིན་ནོ། །བར་ཆད་མེད་པའི་ལམ་འགགས་པ་ན་འབྲས་བུ་ཐ་མ་དགྲ་བཅོམ་པ་ ཉིད་ཐོབ་བོ། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ཡིན་ནོ་དགྲ་བཅོམ་པ་དེ་ཡང་རྣམ་པ་དྲུག་ཡིན་ཏེ། འདི་ལྟར། ཡོངས་སུ་ཉམས་པའི་ཆོས་ཅན་དང༌། འཆི་བར་སེམས་པའི་ཆོས་ཅན་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་དང༌། གནས་པ་མི་སྐྱོབ་པ་དང༌། མངོན་དུ་ བྱེད་པའི་སྐལ་པ་ཅན་དང༌། མི་གཡོ་བའི་ཆོས་ཅན་ནོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་འབྲས་བུ་ཡོངས་སུ་ཉམས་པའི་སྐལ་པ་ཅན་གང་ཡིན་པའོ། །འཆི་བར་སེམས་པའི་སྐལ་པ་ཅན་ནི་གང་བདག་ཉིད་མྱ་ངན་ལས་འདའ་བར་འདོད་པའི་སྐལ་པ་ཅན་ནོ། །རྗེས་སུ་བསྲུང་བའི་སྐལ་པ་ཅན་ ནི་གང་འབྲས་བུ་རྗེས་སུ་བསྲུང་བའི་སྐལ་པ་ཅན་ནོ། །གནས་པར་རྟོག་པ་ནི་གནས་པའི་སྐལ་པ་ཅན་མི་ཉམས་ཤིང་མངོན་དུ་མི་བྱེད་པའོ། །མངོན་དུ་བྱེད་པའི་སྐལ་པ་ཅན་ནི་གང་མི་གཡོ་བ་མངོན་དུ་བྱེད་པའི་སྐལ་པ་ཅན་ནོ། །མི་གཡོ་བ་ནི་གང་གིས་མི་སྐྱེ་བའི་ཡེ་ཤེས་སྐྱེད་པའོ། །མི་གཡོ་བའི་ ཆོས་ཅན་དེ་ཡང་རྣམ་པ་གསུམ་སྟེ་འདི་ལྟར། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་རྒྱལ་གྱི་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གལ་ཏེ་མི་གཡོ་བ་ཇི་ལྟ་བུ་ཞེ་ན་བརྗོད་དེ། ཉོན་མོངས་པ་མི་སྐྱེ་བར་ཤེས་པ་མི་གཡོ་བ་ནི་ཉན་ཐོས་ཀྱིའོ། །ཀུན་ནས་ཉོན་མོངས་པ་དང་ ཐེ་ཚོམ་མི་སྐྱེ་བར་ཤེས་པ་མི་གཡོ་བ་ནི་རང་རྒྱལ་བྱང་ཆུབ་ཀྱིའོ། །ཀུན་ནས་ཉོན་མོངས་པ་ཐེ་ཚོམ་མི་སྐྱེ་བར་ཤེས་པ་མི་གཡོ་བ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་སོ། །དེ་རྣམས་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡིན་གྱི་དགྲ་བཅོམ་གཞན་ནི་མ་ཡིན་ནོ། ། དེ་ཡང་རྟོགས་པའི་ཁྱད་པར་ལས་ཏེ་སྙོམས་པར་འཇུག་པའི་ཁྱད་པར་ལས་ཞེས་བརྗོད་པ་དེ་ལས་ཡོངས་སུ་ཉམས་པར་འགྱུར་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ལས་ཀྱང་ཡོངས་སུ་ཉམས་པ་མ་ཡིན་ཏེ། ཀུན་ནས་བསྙེལ་བ་མེད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ལུང་ལས་ འབྲས་བུ་བཞི་བརྗོད་དེ། འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །འདིར་འབྲས་བུ་ལ་མང་དུ་བཤད་པ་འགལ་ལོ་ཞེ་ན། བརྗོད་དེ། འགལ་བ་ནི་མེད་དེ། ཅིག་ཤོས་རྣམས་ནི་འབྲས་བུ་བཞི་ཡི་ཁྱད་ པར་ཡིན་འདོད་པས། །འབྲས་བུ་རྣམས་ནི་མང་པོར་འགྱུར་མིན་ཁྱད་པར་ཉེར་སྐྱེ་ཉིད། །ཅེས་སོ། །གང་གི་ཚེ་དེ་ལྟ་ན་འབྲས་བུ་གང་གི་ཁྱད་པར་གང་ཡིན་ཞེ་ན། རྒྱུན་དུ་ཞུགས་པའི་ཁྱད་པར་ནི་རིགས་ནས་རིགས་སོ། །ས་བོན་གཅིག་པ་ནི་ལན་ཅིག་ཕྱིར་འོང་བའི་འོ། །གཟུགས་ཀྱི་ཁམས་སུ་ཕྱིར་མི་ ༄༅། །འོང་བའི་ཁྱད་པར་ལྔ་ནི་འདི་ལྟ་སྟེ། གོང་དུ་འཕོ་བ་དང༌། འདུ་བྱེད་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་མྱ་ངན་ལས་འདའ་བ་དང༌། བར་མ་དོར་མྱ་ངན་ལས་འདའ་བའོ། །གཟུགས་ མེད་པའི་ཁམས་སུ་བར་མ་དོར་མྱ་ངན་ལས་འདའ་བ་སྤངས་ཏེ་བཞི་པོ་དེ་ཉིད་དོ་ཞེས་ཁྱད་པར་དགུའོ། །དགྲ་བཅོམ་པ་རྣམ་པ་དྲུག་ནི་སྔོན་བཞིན་ནོ། །དེས་ན་མཐོང་ལམ་གྱི་སྤང་བྱ་ཉོན་མོངས་པ་སྤངས་པ་ལ་རྫོགས་པའི་སངས་རྒྱས་དང༌། རང་སངས་རྒྱས་རྣམས་ལ་ཁྱད་པར་མེད་དོ། དེ་སྲིད་དུ་འདི་ནི་འཕགས་པའི་ལམ་གྱི་མངོན་པར་རྟོགས་པའི་རིམ་པའོ། །རྣལ་འབྱོར་པ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཕྱོགས་གཅིག་སྤངས་ཏེ། མཐོང་བའི་ལམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་བཅུ་གསུམ་ལ་ འབྲས་བུའི་སེམས་ལ་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །ཕྱོགས་འདི་ལ་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་དུ་ཞུགས་པ་དག་ནི་མེད་དོ། །དེ་བཞིན་དུ་འདོད་པའི་ཁམས་པའི་བསྒོམ་པས་སྤང་བར་བྱ་བ་མ་ལུས་པ་སྤངས་ཏེ། དེ་ཁོ་ན་བཞིན་དུ་མཐོང་ བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་བཅུ་གསུམ་པའི་སེམས་ཕྱིར་མི་འོང་བར་འགྱུར་རོ། །ཕྱོགས་འདི་ལ་ལན་ཅིག་ཕྱིར་འོང་བ་དང་པོ་ས་བོན་གཅིག་པ་མེད་དོ། །དེ་བཞིན་དུ་འདོད་པའི་ཁམས་པ་དང་གཟུགས་ཀྱི་ཁམས་པ་དག་གི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ ནས་ཁམས་གཉིས་ལ་ཆགས་བྲལ་དུ་གྱུར་པ་ཉིད་དེ་ཁོ་ན་བཞིན་དུ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་ནས་བཅུ་གསུམ་པའི་སེམས་ལ་ཕྱིར་མི་འོང་བར་འགྱུར་རོ། །ཕྱོགས་འདི་ལ་གཟུགས་ཁམས་ཀྱི་ཕྱིར་མི་འོང་བ་ལྔ་པོ་མེད་དོ། །འདོད་པའི་ཁམས་སུ་བར་མ་དོར་མྱ་ངན་ ལས་འདའ་བ་སྤངས་ཏེ། ལྷག་མ་ལུས་པ་ནི་ཕྱིར་མི་འོང་བ་བཞི་ཉིད་དོ། །དེས་ན་ཕྱི་རོལ་གྱི་ལམ་གྱི་ཁམས་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ཉིད་དོ། །གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བར་ནུས་པ་ནི་མ་ཡིན་ནོ། །ཆོས་ དེ་ལྟ་བུ་ཡིན་པས་སོ། །འཕགས་པའི་ལམ་གྱིས་ནི་ཁམས་གསུམ་ཀའི་སྤོང་བའོ་ཞེས་རྣམ་པར་གཞག་པ་ནི་ལུགས་བཟང་པོའོ། །འདི་ནི་དེ་སྲིད་ཉན་ཐོས་ཀྱི་བསྒོམ་པའི་ལམ་གྱི་ཉོན་མོངས་པ་སྤོང་བའི་ཚུལ་ལོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་ཡང་ཕྱི་རོལ་གྱི་ལམ་གྱི་འདོད་པ་དང་ གཟུགས་དག་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ནས། དེའི་རྗེས་སུ་མཐོང་བས་སྤང་བ་ཉོན་མོངས་པ་སྤངས་ཏེ། འཕགས་པའི་ལམ་གྱིས་གཟུགས་མེད་པ་ན་སྤྱོད་པ་རྣམས་སྤངས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ ནི་བསྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་དགའ་ལྡན་དུ་གནས་པ་ལ་སོགས་པ་བགྱིས་ཏེ། བྱང་ཆུབ་སྙིང་པོ་ལ་ཞུགས་ཏེ་ལྷའི་བུའི་བདུད་བཏུལ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་མི་མཐུན་ པ་རྣམ་པར་གཟིགས་ནས། བཟོད་པ་སྤྱད་པ་ལ་སོགས་པ་རྫོགས་པར་བྱས་ཏེ། ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་སེམས་བཅུ་གསུམ་པ་ལ་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བའོ། ། བཅུ་བཞི་པ་ལ་གཟུགས་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་པས་གཟུགས་ལ་ཆགས་པ་དང་བྲལ་བའོ། །སེམས་བཅོ་ལྔ་ལ་གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤངས་པར་བྱ་བ་ཉོན་མོངས་པ་སྤངས་པས་གཟུགས་མེད་པའི་ཁམས་སུ་ཆགས་པ་དང་བྲལ་བ་བགྱིས་ ནས༑ སེམས་བཅུ་དྲུག་པ་ནི་བརྩལ་བྱ་ཡིན་པས་ལམ་མོ། །མི་སློབ་པ་འབྲས་བུའི་གནས་སྐབས་ཏེ་རྟོགས་པའི་ཁྱད་པར་ཐམས་ཅད་ཐོབ་པ་དགྲ་བཅོམ་པ་ཉིད་ཐོབ་པའི་སེམས་སོ། །དེ་ཀུན་དུ་སྒྲུབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སོ། །མངོན་པར་རྟོགས་པའི་ཤེས་ པ་བཅུ་གཉིས་པ་དང་བཅུ་གསུམ་པ་ལ་སོགས་པའི་སེམས་བཞི་དང་སྟེ་བཅུ་དྲུག་གིས་སངས་རྒྱས་ཉིད་དུ་རྣམ་པར་གནས་སོ་ཞེས་སོ། །ཡང༌། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན། །རྡོ་རྗེ་ལྟ་བུའི་སེམས་ཀྱི་ཆས། །ཟག་པ་ཐམས་ཅད་སྤོང་ནུས་ཀྱང༌། །མི་སྲིད་ཕྱིར་ན་དེ་དེས་མིན། ། ༄༅། །ཞེས་གསུངས་སོ། །འདིའི་དོན་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་ནི་དེ་བཞིན་གཤེགས་པའོ། །སེམས་ཀྱི་ཆས་ཞེས་པ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཀྱི་སྐྱེ་བའི་ཆ་ཤས་ཀྱིས་སོ། །ཟག་པ་ཐམས་ཅད་ཞེས་པ་ནི་ཉོན་མོངས་པའོ། ། ནུས་ཞེས་པ་ནི་དོན་བྱེད་པའོ། །དེ་དེས་མིན་ཞེས་པ་ནི་དེ་ལྟ་མོད་ཀྱི་མི་སྤོང་ཞེས་པའི་དོན་ཏོ། །གང་ལས་ཤེ་ན། མི་སྲིད་པའི་ཕྱིར་རོ་ཞེས་སོ། །འོ་ན་མི་སྲིད་པའི་དོན་གང་ཞེ་ན་བརྗོད་དེ། གཞན་གྱིས་གཞན་མིན་གོམས་པ་ལས། །གཅིག་གི་སྤོང་མིན་ཁམས་གཉིས་ཀྱི། །སྐལ་མི་ མཉམ་མིན་དེ་ཡི་ཕྱིར། །སངས་རྒྱས་སྐད་ཅིག་བཅུ་དྲུག་ཉིད། །ཅེས་སོ། །འདིའི་དོན་ནི་གང་ལས་གཞན་གྱིས་སྤོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ནུས་ཀྱང་གཞན་གྱི་རྒྱུད་ཀྱིས་ཉོན་མོངས་པ་སེལ་བ་ནི་མ་ཡིན་ནོ། །འོ་ན་སེམས་ཀྱི་ཆ་ཤས་གཅིག་གིས་རང་རྒྱུད་ ཀྱི་སེལ་ལམ་ཞེ་ན་བརྗོད་དེ། གོམས་པ་ལས་གཅིག་གིས་ཁམས་གཉིས་ཀྱི་སྤོང་བ་ནི་མ་ཡིན་ནོ། །གང་ལས་གོམས་པ་ཡིན་ཀྱང་སེམས་གཅིག་གིས་ཁམས་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བ་སྤོང་བ་ནི་མི་སྲིད་དོ། །དེ་བཞིན་དུ་བསྒོམ་པའི་ལམ་གྱི། སྐལ་བ་མི་མཉམ་པ་སྟེ་མཐོང་ བས་སྤང་བར་བྱ་བ་ཉོན་མོངས་པ་སྤོང་བ་ནི་མི་སྲིད་དོ། །དེའི་ཕྱིར་ཞེས་པ་ནི་མི་སྲིད་པའི་ཕྱིར་རོ། །སངས་རྒྱས་ཉིད་སྐད་ཅིག་བཅུ་དྲུག་སྟེ་བཅུ་གསུམ་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་མཐོང་བས་སྤང་བར་བྱ་བ་ཡང་ཕྱི་རོལ་གྱི་ལམ་གྱིས་སྤོང་ངམ་ཞེ་ན་བརྗོད་དེ། འཕགས་པ་ནི་ ལམ་གཉིས་ཀ་དང་འདོད་པས་བསྡུས་པ་དང་གཟུགས་ཀྱིས་བསྡུས་པ་བསྒོམ་པས་སྤང་བར་བྱ་བ་སྤོང་བའོ། །འཕགས་པ་མ་ཡིན་པ་ཡང་ཕྱི་རོལ་གྱི་ལམ་གྱི་འདོད་པས་བསྡུས་པ་བསྒོམ་པས་སྤང་བར་བྱ་བ་དང་གཟུགས་ཀྱིས་བསྡུས་པ་བསྒོམ་པས་སྤང་བར་བྱ་བ་སྤོང་བའོ། ། གཟུགས་མེད་པས་བསྡུས་པ་ནི་མ་ཡིན་ཏེ། དེ་ནི་འཕགས་པའི་ལམ་ཉིད་ཀྱིས་སྤང་བ་ཡིན་པའི་ཕྱིར་རོ། །འོ་ན་ཕྱི་དང་འཕགས་པའི་ལམ་དག་རྣམ་པའི་ཁྱད་པར་གང་ཞེ་ན། བརྗོད་དེ། ཞི་བ་དང་རགས་པའི་རྣམ་པ་ནི་ཕྱི་རོལ་གྱི་ལམ་མོ། །འདི་ལྟར། འདོད་པའི་ཁམས་ནི་རགས་པའོ་ ཞེས་པ་ནི་རགས་པའི་རྣམ་པའོ། །གཟུགས་ཀྱི་ཁམས་ནི་ཞི་བའོ་ཞེས་པ་ནི་ཞི་བའི་རྣམ་པའོ་ཞེས་པ་ལ་སོགས་པ་སྟེ་ཕྱི་རོལ་གྱི་ལམ་ལ་རྣམ་པ་མང་ངོ༌། །འཕགས་པའི་ལམ་ནི་རྣམ་པ་བཞི་སྟེ་འདི་ལྟར། མི་རྟག་པའི་རྣམ་པ་དང༌། རྒྱུ་ཉིད་ཀྱི་རྣམ་པ་དང༌། མི་རྟག་པའི་རྣམ་པ་དང༌། ངེས་པར་འབྱིན་པའི་ རྣམ་པའོ། །འདི་ནི་དེ་མ་ཐག་ཏུ་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། །ཡང༌། དད་བརྩོན་དྲན་པ་ཤེས་རབ་དང༌། །ཏིང་འཛིན་ལ་སོགས་སྔོན་འགྲོ་བའོ། །ལམ་ནི་ཟག་པ་ཀུན་སྤོང་བ། །གང་གིས་སྟོང་པའི་ཕྱིར་རྒོལ་རྣམས། །ཞེས་གསུངས་པའི་ལམ་འདི་ནི་འཕགས་པའི་ལམ་མོ། །གང་གིས་ ཞེས་པ་ནི་འཕགས་པའི་ལམ་གྱིས་སོ། །སྟོང་པ་ཞེས་པ་ནི་མ་ཚང་བའོ། །ཕྱིར་རྒོལ་ཞེས་པ་ནི་ཕྱི་རོལ་པའི་གྲོལ་བས་མངོན་པར་ང་རྒྱལ་བ་དབང་ཕྱུག་ལ་སོགས་པ་དང༌། དྲང་སྲོང་བྱས་དང་བ་ཤི་སྟ་ལ་སོགས་པ་རྣམས་སོ། །དེ་ལྟར་ཡང་ལམ་རྣམ་པ་གཉིས་ཀྱིས་ཀྱང་འདོད་ཁམས་ལ་ཆགས་ པ་དང་བྲལ་བ་ནི་གཟུགས་ཁམས་ཐམས་ཅད་དུ་སྐྱེ་སྟེ། ཚངས་པ་ཆེན་པོ་དང་འདུ་ཤེས་མེད་པའི་སེམས་ཅན་ནི་མ་གཏོགས་སོ། །འཕགས་པ་ཕྱིར་མི་འོང་བ་དེ་ཉིད་གང་གང་གི་ཚེ་གཟུགས་ཁམས་ལ་ཆགས་པ་དང་བྲལ་བ་ཐོབ་པ་དེའི་ཚེ་གཟུགས་མེད་པའི་ཁམས་སུ་ཉེ་བར་སྐྱེའོ། །འོ་ན་ གཟུགས་མེད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་འཕགས་པ་འདི་ཅི་ལྟར་ཞེ་ན། བརྗོད་དེ། དེ་ལྟར་ཡང་རབ་ཏུ་འབར་བའི་ལྕགས་ཀྱི་གོང་བུ་ནི་ཤིན་ཏུ་ཆེས་ཆེ་བའི་བུད་ཤིང་དུ་བཅུག་པ་ན། བུད་ཤིང་དེ་རྣམས་མ་ལུས་པར་བསྲེགས་ཏེ་ཐལ་བར་གྱུར་པ་ཡང་བུད་ཤིང་གི་ཀུན་དུ་ཚང་བ་ཉིད་རིམ་ གྱིས་བསིལ་བར་འགྱུར་རོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་ལྕགས་ཀྱི་གོང་བུ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་ལམ་གྱི་མེ་ཀུན་དུ་འབར་བ། ཉོན་མོངས་པའི་བུད་ཤིང་ཕུང་པོ་ཆེས་ཡང་ཆེ་བ་མཐོང་བ་བསྒོམ་པས་སྤང་བར་བྱ་བར་བཅུག་པ་ན། དེ་རྣམས་མ་ལུས་པ་མཐར་ཐུག་པ་ བསྲེགས་ནས་ཉོན་མོངས་པའི་བུད་ཤིང་རབ་ཏུ་ཞི་བ་ཡང་ཀུན་དུ་འབར་བ་ཉིད་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས་པ་མི་སློབ་པའི་ལམ་གྱི་མེའི་ལྷག་མ་ཡིན་པས་སོ། །རིམ་གྱིས་ལས་ཀྱི་རྣམ་པར་སྨིན་པ་མ་ལུས་པ་ཉེ་བར་ལོངས་སྤྱོད་ནས་རང་གི་ལུས་བོར་ཏེ་ཕུང་ ༄༅། །པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བགྲོད་པས་བསིལ་བར་འགྱུར་བའོ། །རབ་ཏུ་འབར་བའི་ལྕགས་གོང་བཞིན། །ཉོན་མོངས་བུད་ཤིང་ཀུན་བསྲེགས་པས། །དགྲ་བཅོམ་ལྷག་བཅས་ལ་གནས་པ། །རིམ་གྱིས་བསིལ་བར་འགྱུར་བའོ། །དེ་ཚེ་ཕུང་པོ་མེད་པ་ ཡིའང༌། །དེ་ཡི་སྔོན་མའང་འགག་འགྱུར་ཏེ། །སྡུག་བསྔལ་གཞན་ནི་མི་སྐྱེ་སྟེ། །རྒྱུ་རྣམས་ཡང་དག་ཟད་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་གང་གི་ཚེ་དེ་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པ་ན། ཅི་ལྷ་འམ་མི་འམ་གཞན་ཞེས་ཅི་ལྟར་ཐ་སྙད་བྱ་ཞེ་ན་བརྗོད་དེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་གྱི་རྒྱུ་རྣམས་རབ་ཏུ་ཞི་བས་ཉེ་བར་ལེན་པ་མེད་པའི་ཕྱིར་འགྲོ་བ་དྲུག་ཏུ་གནས་པ་མེད་དོ། །འགྲོ་བ་མེད་པས་ཐ་སྙད་ཐམས་ཅད་ལྡོག་པ་ཡིན་ནོ། །ལྷ་དང་མི་ཞེས་པ་ལ་སོགས་པ་ཐ་སྙད་ཀྱི་རྟེན་ནི་འགྲོ་བ་ཡིན་ནོ། །དེའི་ཕྱིར་འགྲོ་བ་ ཐམས་ཅད་མེད་པ་འདིའམ་གཞན་ཞེས་པའི་ཐ་སྙད་ནི་འགྲོ་བ་འདི་ལས་ལྡོག་པའོ། །དཔེར་ན་མེའི་སྲེག་བྱེད་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀྱི་རྟེན་ནི་བུད་ཤིང་ངོ༌། །དེ་བཞིན་དུ་ཉེ་བར་ལེན་པ་དང་བཅས་པའི་གང་ཟག་ལ་ཐ་སྙད་ཐམས་ཅད་ཡིན་ནོ། །ཉེ་བར་ལེན་པ་མེད་པ་ནི་མ་ཡིན་ནོ། །ཡང༌། ཐ་སྙད་བྱ་བ་མ་ལུས་པ། །དེ་ཡི་རྟེན་ནི་འགྲོ་དངོས་སོ། །འགྲོ་བ་མེད་ཕྱིར་ལྡོག་པ་སྟེ། །བུད་ཤིང་ཟད་པའི་མེ་བཞིན་ནོ། །ཞེས་གསུངས་སོ། །འདི་ལྟར་ཡང་དེ་ཉིད་ཀྱིས་ན་འདི་ནི་གཅིག་ཉིད་དམ་གཞན་ཉིད་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །སེམས་ཅན་མ་ཡིན་སེམས་ཅན་མ་ཡིན་པ་མ་ ཡིན་ཐམས་ཅད་དུ་གྲངས་ལས་འདས་པའོ། །མྱ་ངན་ལས་འདས་པ་རྣམས་ལ་ཐམས་ཅད་དུ་ཐ་སྙད་མེད་པ་ཅི་ཞེ་ན་བརྗོད་དེ། ཐ་སྙད་ཡོད་དེ། འོན་ཀྱང་ཉེ་བར་ལེན་པའི་ཐ་སྙད་ཀྱིས་ཐ་སྙད་བྱར་མེད་དོ། །ཉེ་བར་ལེན་པ་མེད་པའི་ཐ་སྙད་ཀྱིས་ཐ་སྙད་དུ་བྱའོ། །ཉེ་བར་ལེན་པ་མེད་པའི་ཐ་སྙད་ནི་ གསུངས་ཏེ། དེ་ཡང༌། གྲོལ་བ་ཞི་བ་བདུད་རྩི་སོན། །སྐྱོན་མེད་ཡོངས་སུ་མྱ་ངན་འདས། །སངས་རྒྱས་བདེ་གཤེགས་སྐྱོབ་པ་རྣམས། །དེ་ཚེ་བརྗོད་ཀྱི་གཞན་དུ་མིན། །ཞེས་སོ། །འདིར་མདོར་བསྡུས་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། བག་ལ་ཉལ་དང༌། བག་ལ་ཉལ་མ་ཡིན་པའོ། །དེ་ ལ་བག་ལ་ཉལ་ཅི་ལྟ་བུ་བག་ལ་ཉལ་མ་ཡིན་པ་ཅི་ལྟར་ཞེ་ན། བརྗོད་དེ། རླན་ཅན་རབ་ཀྱི་རྡུལ་བཞིན་དུ། །བག་ལ་ཉལ་འདི་རྣམས་ཁམས་གསུམ་དུ་ཤིན་ཏུ་བརྟན་པར་རྗེས་སུ་ཐིམ་ཞིང་འབྲེལ་པར་འགྱུར་བས་བག་ལ་ཉལ་ཞེས་བརྗོད་དོ། །ཡང༌། ཁམས་གསུམ་དུ་བག་ལ་ཉལ་དང༌། །འབྲེལ་ ཕྱིར་བག་ལ་ཉལ་ཞེས་བརྗོད། །ཞེས་གསུངས་སོ། །བག་ལ་ཉལ་མ་ཡིན་པ་ནི་ཉོན་མོངས་པ་ཉིད་ཡིན་ཏེ། ཀུན་ནས་དཀྲིས་པ་ཙམ་ཡིན་པས། །དེ་བཞིན་དུ་བག་ལ་ཉལ་བ་ནི་མ་ཡིན་ནོ། །དེའི་ཕྱིར་བག་ལ་ཉལ་བ་མ་ཡིན་པ་ཞེས་བྱའོ། །བག་ལ་ཉལ་ནི་ཡང་གང་ལས་དེ་བཞིན་དུ་རྗེས་སུ་ཉལ་ ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་དེ་ནི་རྣམ་པ་གཉིས་ཡིན་ཏེ་འདི་ལྟར། སེམས་དང་ལྡན་པ་དང༌། སེམས་དང་མི་ལྡན་པའོ། །ཡང༌། དེ་ནི་སེམས་དང་ལྡན་པ་དང༌། །མི་ལྡན་དག་ཏུ་ཤེས་པར་བྱ། །ཞེས་གསུངས་སོ། །འོ་ན་ སེམས་དང་ལྡན་པའི་དོན་ཅི་ཡིན་ཞེ་ན། བརྗོད་དེ། དཔེར་ན་གྲོག་མཁར་གྱི་བརྟེན་པའི་མཐའ་ནི་རྣམ་པར་བརྟེན་པ་སྦྱང་དཀའ་བ་གྲོག་མ་རྣམས་ཀྱི་གནས་རང་གི་མཁར་མཐོ་བའི་རྒྱུ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་མི་ལྡན་པའི་བག་ལ་ཉལ་ནི། དེ་ནི་རྣམ་པར་བརྟེན་པ་སྦྱང་དཀའ་བ་ཉེས་པ་ འབྱུང་བ་རྣམས་ཀྱི་ས་བོན་དུ་གྱུར་པའོ། །གང་གིས་ཉོན་མོངས་པ་ཅན་སྤངས་པ་མ་ཡིན་པའི་སེམས་ཀྱང་བརྒྱལ་བ་དང་གཉིད་མཐུག་པོ་ལོག་པ་ཡང་སེམས་མེད་པའི་གཉིད་ཀྱིས་ནོན་པ་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཞུགས་པ་ཡང་འདུ་ཤེས་མེད་པའི་སེམས་ཅན་ཀྱང་འདུ་ཤེས་ དང་ཚོར་བ་འགོག་པའི་སྙོམས་པར་ཞུགས་པ་ཡང༌། དེ་རྣམས་ནི་མི་ལྡན་པའི་བག་ལ་ཉལ་དང་བཅས་པ་ཡིན་པར་བཤད་དོ། །དཔེར་ན་གྲོག་མཁར་རྣམས་ཀྱི་རྩེ་མོ་ནི་རྣམ་པར་མི་བརྟེན་པ་སྦྱང་སླ་བ་རང་གི་རྟེན་ལས་ཀུན་དུ་བཞེངས་པ་དེ་བཞིན་དུ་མཚུངས་པར་ལྡན་པའི་བག་ལ་ཉལ་ལམ། ཉོན་ མོངས་པ་གཞན་ནམ་ཉེ་བའི་ཉོན་མོངས་པ་ལ་སོགས་པ་རྣམས་ནི་རྣམ་པར་མི་རྟག་པ་ཀུན་དུ་སྤྱོད་པ་ཙམ་དང་སྦྱང་སླ་བ་རང་གི་རྟེན་དུ་རྟོགས་པའི་ས་བོན་དུ་གྱུར་པར་རིག་པར་བྱའོ། །ཡང༌། མི་ལྡན་པ་ཡི་ལྷག་བརྟེན་དོན། །གྲོག་མཁར་རྣམས་ཀྱི་སྟེང་བཞིན་འདོད། །ཞེས་གསུངས་སོ། །དེ་ ༄༅། །བཞིན་དུ། ལྡན་པ་ཀུན་དུ་སྤྱོད་པ་ཙམ། །གོ་བྱ་གྲོག་མཁར་ཅོག་བཞིན་ནོ། །ཞེས་སོ། །གལ་ཏེ་དེ་ལྟར་མི་ལྡན་པའི་བག་ལ་ཉལ་ནི་རྟག་ཏུ་ཡོད་པ་ཉིད་ཡིན་ན་ཅི་ཀུན་ནས་དཀྲིས་པ་རྟག་ཏུ་འབྱུང་བ་མ་ཡིན་ཞེ་ན། བརྗོད་དེ། ཉོན་མོངས་པའི་རྒྱུ་ནི་གསུམ་སྟེ་འདི་ལྟར། ཡུལ་དང༌། ཡུལ་ཅན་ཕྲད་པ་དང༌། །མི་ལྡན་པའི་བག་ལ་ཉལ་མ་སྤངས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གང་ལས་འདི་གསུམ་ནི་ཉོན་མོངས་པའི་རྒྱུ་ཚང་བའོ། །རྒྱུ་རྣམས་ཀྱི་ཚོགས་པ་ནི་རེས་འགའ་བ་ཡིན་པས་ཀུན་ནས་དཀྲིས་པ་དུས་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ། །ཡང༌། ཡུལ་ནི་ ཡུལ་ཅན་གྱིས་ཐོབ་དང༌། །མི་ལྡན་བག་ལ་ཉལ་རྟེན་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་དང༌། །གསུམ་ནི་ཉོན་མོངས་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་འཕགས་པའི་ལམ་མམ་ཕྱི་རོལ་གྱི་ལམ་གྱིས། ཅི་མཚུངས་པར་ལྡན་པ་སྤོང་ངམ་མི་ལྡན་པ་སྤོང་ཞེ་ན་བརྗོད་དེ། མི་ལྡན་པ་རྣམས་སྤོང་ སྟེ༑ ལྡན་པའི་ས་བོན་གྱི་གནས་ཡིན་པ་དང༌། སྒྲུབ་དཀའ་བའི་ཕྱིར་དང་རྣམ་པར་བརྟན་པའི་ཕྱིར་རོ། །དེ་རྣམས་སྤངས་པ་ལས་མཚུངས་པར་ལྡན་པ་ཉིད་སྤོང་བའོ། །ས་བོན་ཟད་པ་ལས་མྱུ་གུ་རྣམས་བཞིན་ནོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་ མ་བྱས་རྣམ་པར་ངེས་པ་ལས་འཕགས་པ་མང་པོས་བཀུར་བའི་སྡེ་པའི་ལུང་གི་ཚུལ་ལས་འཕགས་པའི་བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།བྱང་ཆུབ་སེམས་དཔའི་ཐེག་པའི་ལམ་རབ་ཏུ་དབྱེ་བ་ནི་མང་སྟེ། འདི་ལྟར། ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་དང༌། སྟོང་པ་ཉིད་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང༌། ཟིལ་གྱིས་གནོན་པ་རྣམས་དང༌། ཟད་པ་དང༌། ཏིང་ངེ་འཛིན་རྣམས་དང་ཡེ་ཤེས་དང༌། དབང་པོ་རྣམས་དང༌། ཏིང་ངེ་འཛིན་དང༌། ཚད་མེད་པ་རྣམས་དང༌། ནོར་རྣམས་དང༌། རྣམ་པར་རྟོག་པ་དང༌། སྤྱན་རྣམས་དང༌། མངོན་པར་ཤེས་པ་དང༌། གཟུགས་དང༌། དབང་དུ་གྱུར་པ་ལ་སོགས་པ་རྣམས་དང༌། ཚོར་བ་སེམས་པ་ལ་སོགས་པའི་འདུ་བྱེད་དོ། །འདི་ལྟ་སྟེ། ཚོར་བ་དང༌། སེམས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་ པ་དང༌། འདུན་པ་དང༌། ལྷག་པར་མོས་པ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། བག་ཡོད་པ་དང༌། སྐྱོ་བ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། མི་འཚེ་བ་དང༌། ངོ་ཚ་བ་དང༌། ཁྲེལ་ཡོད་པ་དང༌། རྣམ་ པར་གྲོལ་བ་དང༌། དགེ་བའི་རྩ་བ་དང༌། ཡེ་ཤེས་དང༌། བཟོད་པ་རྣམས་ཏེ་འདི་དག་ལ་སོགས་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ནི་དྲུག་སྟེ། འདི་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་རྒྱུ་མཚན་གཉིས་ལས་སྦྱིན་པ་འབྱུང་སྟེ། འདི་ལྟར། མཆོད་པའི་ཆེད་དུ་སྦྱིན་པ་དང༌། །རྗེས་སུ་འཛིན་པའི་ཆེད་དུ་སྦྱིན་པའོ། །རྒྱུ་བཞིས་སྦྱིན་པ་ངན་པར་འགྱུར་ཏེ། འདི་ལྟར། རྙེད་པ་འདོད་པས་སྦྱིན་པ་དང༌། འཇིགས་ པས་སྦྱིན་པ་དང༌། ཆགས་པས་སྦྱིན་པ་དང༌། བརྟེན་པའི་དོན་དུ་སྦྱིན་པའོ། །ཡང་སྦྱིན་པ་རྣམ་པ་གཉིས་ཏེ། འདི་ལྟར། ཡང་དག་མིན་པའི་སྦྱིན་པ་དང༌། ཡང་དག་པའི་སྦྱིན་པའོ། །དང་པོ་ལ་རྣམ་པ་བདུན་ཏེ། འདི་ལྟར། འཇིགས་པའི་སྦྱིན་པ་དང༌། བདག་ལ་བྱིན་པའི་སྦྱིན་པ་དང༌། བདག་ལ་ སྟེར་བར་འགྱུར་བས་སྦྱིན་པ་དང༌། བདག་གི་སྔོན་མ་རྣམས་ཀྱིས་བྱིན་པས་སྦྱིན་པ་དང༌། སྔོན་མ་ཞེས་པ་ནི་ཕ་དང་མེས་པོ་དང་ཡང་མེས་རྣམས་ཀྱིས་བྱིན་པས་སྦྱིན་པའོ། །བདེ་འགྲོའི་དོན་དུ་སྦྱིན་པ་དང༌། གྲགས་པའི་དོན་དུ་སྦྱིན་པའོ། །ཡང་དག་པའི་སྦྱིན་པ་ནི་བཞི་སྟེ། འདི་ལྟར། སེམས་བརྒྱན་པའི་ དོན་དུ་སྦྱིན་པ་དང༌། སེམས་ཡོངས་སུ་སྦྱངས་པའི་དོན་དུ་སྦྱིན་པ་དང༌། སྦྱོར་བ་ཚོགས་ཀྱི་དོན་དུ་སྦྱིན་པ་དང༌། དམ་པའི་དོན་ཐོབ་པའི་དོན་དུ་སྦྱིན་པའོ། །སྦྱིན་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། འདི་ལྟར། གྲོལ་བ་འབྲས་བུ་དང༌། ལོངས་སྤྱོད་ཆེན་པོ་འབྲས་བུའོ། །དེ་ལ་ཡོངས་སུ་བསྔོ་བ་རྣམ་པ་ གཉིས་ཀྱིས་སྦྱིན་པའི་འབྲས་བུ་ནི་ཐར་པ་སྟེ། འདི་ལྟར་མྱ་ངན་ལས་འདས་པའི་དོན་དུ་བསྔོས་པ་དང༌། སེམས་ཅན་གྱི་དོན་དུ་བསྔོས་པའོ། །རྒྱུ་བརྒྱད་ཀྱིས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར་ཏེ། འདི་ལྟར། ཞིང་དང༌། དངོས་པོ་དང༌། ཡིད་ལ་བྱེད་པ་དང༌། བསམ་པ་དང༌། ༄༅། །དེ་ལས་གཞན་ཡོངས་སུ་འཛིན་པ་དང༌། རྟེན་དང༌། མང་དུ་བྱེད་པ་དང༌། སྐྱེ་བོ་མང་པོ་ལས་སོ། །དེ་ལ་ཞིང་ཞེས་པ་ལ་ཁྱད་པར་བཞིས་འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་ཏེ། འདི་ལྟར། འགྲོ་བའི་ཁྱད་པར་དང༌། སྡུག་བསྔལ་གྱི་ཁྱད་པར་དང༌། ཕན་འདོགས་པ་ཉིད་ཀྱི་ཁྱད་ པར་དང༌། ཡོན་ཏན་དང་ལྡན་པའི་ཁྱད་པར་རོ། །དེ་ལ་འགྲོ་བའི་ཁྱད་ནི་མང་སྟེ། འདི་ལྟར། དུད་འགྲོ་ལ་བྱིན་པས་བརྒྱ་འགྱུར་དང༌། ཚུལ་ཁྲིམས་འཆལ་བར་གྱུར་པའི་མི་ལ་བྱིན་པས་སྟོང་འགྱུར་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་གྱི་ཁྱད་པར་གྱིས་འབྲས་བུ་ལོངས་སྤྱོད་ཆེན་པོར་འགྱུར་ པའི་རྒྱུ་མཚན་ནི། ཉེ་བར་ལྷག་པའི་དངོས་པོ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ཏེ། འདི་ལྟར། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་ཀུན་དགའ་ར་བ་རྩོམ་པ་དང༌། ཀུན་དགའ་ར་བ་དེར་གཙུག་ལག་ཁང་བཞེངས་པ་དང༌། གཙུག་ལག་ཁང་དེར་ཉལ་སྟན་ཁྲི་སྟན་སྦྱིན་པ་དང༌། གཙུག་ལག་ཁང་དེར་རྟག་ཏུ་ཟས་སྦྱིན་པ་དང༌། གཙུག་ལག་ཁང་དེར་འོང་བ་དང༌། འགྲོ་བའི་དོན་དུ་སྦྱིན་པ་དང༌། གཙུག་ལག་ཁང་དེར་དགེ་སློང་ནད་པའི་ཕྱིར་རམ་ནད་པའི་ཉེ་གནས་ཀྱི་ཕྱིར་སྦྱིན་པ་དང༌། གཙུག་ལག་ཁང་དེར་བསིལ་དུས་དང་སྤྲིན་ཁེབས་དུས་སམ། རླུང་གི་དུས་སམ་ཆར་གྱི་དུས་སུ་ ཟས་ལ་སོགས་པ་སྦྱིན་པའོ། །ཕན་འདོགས་པའི་ཁྱད་པར་ནི་གསུམ་སྟེ། འདི་ལྟར། མ་དང༌། ཕ་དང༌། གཞན་ལ་ཕན་འདོགས་པའོ། །ཡོན་ཏན་གྱི་ཁྱད་པར་ནི་བརྒྱད་དེ་འདི་ལྟར། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། སློབ་བཞིན་མ་དང༌། དགེ་སློང་དང༌། དགེ་སློང་ མ་དང༑ བསྙེན་གནས་ཀྱི་སྡོམ་པ་ཅན་ནོ། །ཡོན་ཏན་ཅན་སྦྱིན་གནས་ཀྱི་ཞིབ་ནི་རྣམ་པ་བཞི་སྟེ། འདི་ལྟར། སངས་རྒྱས་དང༌། ཆོས་དང༌། འཕགས་པའི་དགེ་འདུན་དང༌། གང་ཟག་ཁྱད་པར་ཅན་ནོ། །དངོས་པོ་ཞེས་པ་དངོས་པོ་རྣམ་པ་གཉིས་ཏེ། འདི་ལྟར། དངོས་པོ་གྱ་ནོམ་པ་དང༌། དངོས་པོ་རབ་ཏུ་མང་ པོ༑ ཡང་རྣམ་པ་ལྔ་སྟེ། འདི་ལྟར། མདོག་ཕུན་སུམ་ཚོགས་པ་དང༌། དྲི་ཕུན་སུམ་ཚོགས་པ་དང༌། རོ་ཕུན་སུམ་ཚོགས་པ་དང༌། རེག་བྱ་ཕུན་སུམ་ཚོགས་པ་དང༌། དུས་སུ་བདེ་བར་བྱེད་པའོ། །ཡིད་ལ་བྱེད་པ་ལས་འབྲས་བུ་ལོངས་སྤྱོད་ཆེན་པོ་ནི་ལྔ་སྟེ། དད་པས་སྦྱིན་པ་དང༌། དམ་པར་བྱེད་པས་སྦྱིན་ པ་དང༌། རང་གི་ལག་ནས་སྟེར་བ་དང༌། དུས་སུ་སྦྱིན་པ་དང༌། ཉེ་བར་གནོད་པ་མེད་པར་སྦྱིན་པའོ། །བསམ་པ་ལས་འབྲས་བུ་ལོངས་སྤྱོད་ཆེན་པོ་ནི་གཉིས་ཏེ། འདི་ལྟར། མྱ་ངན་ལས་འདས་པའི་བསམ་པས་སྦྱིན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོ་བའོ། །འདི་ལས་གཞན་ སྦྱིན་པ་དམན་པ་ནི་གཉིས་ཏེ། འདི་ལྟར། བདེ་འགྲོའི་དོན་དུ་སྦྱིན་པ་དང༌། །ལོངས་སྤྱོད་ཀྱི་ཆེད་དུ་སྦྱིན་པའོ། །དེ་ལས་གཞན་ཡོངས་སུ་འཛིན་པས་སྦྱིན་པ་ནི། དཔེར་ན་སྦྱིན་བྱེད་ཚུལ་ཁྲིམས་དང་ལྡན་པས་སྦྱིན་པའོ། །བརྟེན་ནས་སྦྱིན་པ་ནི། དཔེར་ན་སྦྱིན་བྱེད་འཇིག་རྟེན་པའི་ལམ་གྱིས་ཆགས་ བྲལ་དུ་གྱུར་པས་སྦྱིན་པའོ། །ལན་མང་དུ་བྱེད་པས་སྦྱིན་པ་ནི་གཉིས་ཏེ། འདི་ལྟར། གང་གི་ཚེ་ཡང་དང་ཡང་དུ་གོམས་པས་སྦྱིན་པ་དང༌། ཡང་དང་ཡང་དུ་རྗེས་སུ་རྣམ་པར་བརྟགས་ཏེ་སྦྱིན་པའོ། །སྐྱེ་བོ་མང་པོ་ལ་སྦྱིན་པ་ནི་གཉིས་ཏེ་འདི་ལྟར། རང་རིགས་བྱས་པའི་སྦྱིན་པ་དང༌། གཞན་བྱེད་དུ་ བཅུག་པའི་སྦྱིན་པའོ། །འདི་ནི་སྦྱིན་པའི་བྱེ་བྲག་རྣམས་སོ། །ཡང་སྦྱིན་པ་རྣམ་པ་གསུམ་སྟེ་འདི་ལྟར། ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པའོ། །འདི་རྣམས་སུ་ཐབས་ཀྱི་སྦྱིན་པ་དང༌། མཁས་པའི་སྦྱིན་པ་དག་བསྡུས་ཏེ་སྦྱིན་པ་རྣམ་པ་ལྔ་ཞེས་གཞན་དག་ གོ༑ །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། དོན་སྦྱིན་པ་དང༌། དོན་མཆོག་སྦྱིན་པ་དང༌། ཡན་ལག་སྦྱིན་པ་དང༌། ཡན་ལག་མཆོག་སྦྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་རྣམ་གསུམ་སྟེ། འདི་ལྟར། ཆོས་སྟོན་པ་དང༌། ཐབས་བཤད་པ་དང༌། མཁས་པར་བྱ་བ་ལ་གཞན་སྦྱོར་ བའོ༑ །སྦྱིན་བྱ་མ་ཡིན་པའི་དངོས་པོ་ནི་གསུམ་སྟེ། འདི་ལྟར། ཆང་དང༌། དུག་དང༌། མཚོན་ཆའོ། །ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། འདི་ལྟར། ལུས་ཀྱི་དང༌། ངག་གིའོ། །དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ། འདི་ལྟར། སྲོག་གཅོད་པ་ལས་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་ལྡོག་པ་དང༌། འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པའོ། །ངག་གི་ལས་ལ་རྣམ་པ་བཞི་སྟེ་འདི་ལྟར། བརྫུན་སྨྲ་བ་ལས་ལྡོག་པ་དང༌། ཚིག་ཕྲ་མ་ལས་ལྡོག་པ་དང༌། ཚིག་རྩུབ་པོ་ལས་ལྡོག་པ་དང༌། ངག་ཀྱལ་པ་ལས་ལྡོག་པའོ། །ཡང་རྣམ་པ་ལྔ་སྟེ་འདི་ལྟར། སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའི་ ༄༅། །མཚན་ཉིད་ལྡོག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་སྡོམ་པའི་ཚུལ་ཁྲིམས་དང༌། འཇུག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་དགེ་བའི་ཆོས་སྡུད་པར་བྱེད་པའི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང༌། ཚོགས་ཀྱི་ཚུལ་ཁྲིམས་དང༌། ཀུན་ནས་སློང་བར་བྱེད་པའི་ ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་རྣམ་པ་བརྒྱད་དེ། འདི་ལྟར། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་བསྙེན་མའི་སྡོམ་པ་དང༌། དགེ་ཚུལ་གྱི་སྡོམ་པ་དང༌། དགེ་ཚུལ་མའི་སྡོམ་པ་དང༌། བར་སློབ་མའི་སྡོམ་པ་དང༌། དགེ་སློང་གི་སྡོམ་པ་དང༌། དགེ་སློང་མའི་སྡོམ་པ་དང༌། བསྙེན་ གནས་ཀྱི་སྡོམ་པའོ། །ཡང་སྡོམ་པ་རྣམ་པ་ལྔ་སྟེ། འདི་ལྟར། སོ་སོར་ཐར་པའི་སྡོམ་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་བསྐུར་བའི་སྡོམ་པ་དང༌། བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པའོ། །ཚོགས་ཀྱི་ཚུལ་ཁྲིམས་ནི་རྣམ་པ་བཞི་སྟེ། འདི་ལྟར། ཉེ་བར་འཚེ་བ་རྣམ་ རྟོག་གི་གཉེན་པོ་དབང་པོ་རྣམས་སྒོ་སྡོམ་པ་དང༌། ཉེ་བར་འཚེ་བརྟེན་ལས་སུ་མི་རུང་བའི་གཉེན་པོ་ཟས་ཀྱི་ཚོད་རིག་པ་དང༌། ཉེ་བར་འཚེ་བ་མངོན་པར་མི་བརྩོན་པའི་གཉེན་པོ་སྲོད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་རྗེས་སུ་ལྡན་པ་ཉིད་དང༌། ཉེ་བར་འཚེ་བ་འགྱོད་པའི་གཉེན་པོ་ཤེས་བཞིན་ ལ་གནས་པའོ། །སློང་བར་བྱེད་པའི་ཚུལ་ཁྲིམས་ནི་སེམས་ལས་བྱུང་བ་སྟེ་རྣམ་པ་གསུམ་མོ། །འདི་ལྟར། བརྣབ་སེམས་ཀྱི་གཉེན་པོ་མ་ཆགས་པའི་རང་བཞིན་བརྣབ་སེམས་མེད་པའོ། །གནོད་སེམས་ཀྱི་གཉེན་པོ་ཞེ་སྡང་མེད་པའི་རང་བཞིན་མི་གནོད་པའི་སེམས་སོ། །ལོག་པར་ ལྟ་བའི་གཉེན་པོ་མ་རྨོངས་པའི་རང་བཞིན་ཡང་དག་པའི་ལྟ་བའོ། །ཚུལ་ཁྲིམས་དྲི་མ་མེད་པ་ནི་དྲུག་སྟེ། འདི་ལྟར། སྐྱོན་མེད་པ་དང༌། མ་ཉམས་པ་དང༌། མ་འདྲེས་པ་དང༌། མ་ནོགས་པ་དང༌། ཐུན་ཚགས་མ་ཡིན་པ་དང༌། རང་དབང་ཅན་ནོ། །གནས་བརྟན་པ་ཆོས་མངོན་པ་པས་གསུངས་ཏེ། ཚུལ་ཁྲིམས་ནི་གསུམ་སྟེ། འདི་ལྟར། སེམས་པའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། མི་འདའ་བའི་ཚུལ་ཁྲིམས་སོ། །ཡང་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། འདི་ལྟར། སྡོམ་པའི་དོན་གྱིས་ན་ཚུལ་ཁྲིམས་དང༌། སྤོང་བའི་དོན་གྱིས་ན་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་དོན་གྱིས་ན་ ཚུལ་ཁྲིམས་ནི་བཞི་སྟེ། འདི་ལྟ་སྟེ། རྣམ་པར་ལྡོག་པའི་ཚུལ་ཁྲིམས་དང༌། སེམས་པའི་ཚུལ་ཁྲིམས་དང༌། ཡང་དག་པར་བསྡམས་པའི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་སོ། །སྤོང་བའི་དོན་གྱིས་ན་ཚུལ་ཁྲིམས་ནི། རྣམ་པ་སུམ་ཅུ་རྩ་བདུན་ཏེ་འདི་ལྟར། ངེས་པར་འབྱུང་བས་འདོད་པ་ལ་ འདུན་པ་སྤངས་པའི་ཚུལ་ཁྲིམས་དང༌། གནོད་སེམས་མེད་པས་གནོད་སེམས་སྤངས་པའི་ཚུལ་ཁྲིམས་དང༌། སྣང་བའི་འདུ་ཤེས་ཀྱིས་རྨུགས་པ་དང་གཉིད་སྤངས་པའི་ཚུལ་ཁྲིམས་དང༌། མི་གཡེང་བས་རྒོད་པ་སྤངས་པའི་ཚུལ་ཁྲིམས་དང༌། ཆོས་རྣམ་པར་བཞག་པས་ཐེ་ཚོམ་སྤངས་པའི་ཚུལ་ ཁྲིམས་དང༌། ཡེ་ཤེས་ཀྱིས་མ་རིག་པ་སྤངས་པའི་ཚུལ་ཁྲིམས་དང༌། རབ་ཏུ་དགའ་བས་མི་དགའ་བ་སྤངས་པའི་ཚུལ་ཁྲིམས་དང༌། བསམ་གཏན་དང་པོས་སྒྲིབ་པ་རྣམས་སྤངས་པའི་ཚུལ་ཁྲིམས་དང༌། བསམ་གཏན་གཉིས་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་རྣམས་སྤངས་པའི་ཚུལ་ ཁྲིམས་དང༌། བསམ་གཏན་གསུམ་པས་དགའ་བ་སྤངས་པའི་ཚུལ་ཁྲིམས་དང༌། བསམ་གཏན་བཞི་པས་བདེ་བ་སྡུག་བསྔལ་དག་སྤངས་པའི་ཚུལ་ཁྲིམས་དང༌། ནམ་མཁའ་མཐའ་ཡས་ལ་སྙོམས་པར་འཇུག་པས་གཟུགས་ཀྱི་འདུ་ཤེས་དང༌། ཐོགས་པའི་འདུ་ཤེས་དང༌། ཐ་དད་པའི་འདུ་ ཤེས་རྣམས་སྤངས་པའི་ཚུལ་ཁྲིམས་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས་དང་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ ཚུལ་ཁྲིམས་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས་དང༌། མི་རྟག་པ་རྗེས་སུ་མཐོང་བས་རྟག་པའི་འདུ་ཤེས་སྤངས་པའི་ཚུལ་ཁྲིམས་དང༌། སྡུག་བསྔལ་རྗེས་སུ་མཐོང་བས་བདེ་བའི་འདུ་ ཤེས་སྤོང་བའི་ཚུལ་ཁྲིམས་དང༌། བདག་མེད་པ་རྗེས་སུ་མཐོང་བས་བདག་གི་འདུ་ཤེས་སྤོངས་བའི་ཚུལ་ཁྲིམས་དང༌། ཡིད་འབྱུང་བ་རྗེས་སུ་མཐོང་བས་དགའ་བ་སྤོང་བའི་ཚུལ་ཁྲིམས་དང༌། ཆགས་བྲལ་རྗེས་སུ་མཐོང་བས་ཆགས་པ་སྤོངས་བའི་ཚུལ་ཁྲིམས་དང༌། འགོག་པ་རྗེས་སུ་མཐོང་བས་ཀུན་ ༄༅། །འབྱུང་སྤོང་བའི་ཚུལ་ཁྲིམས་དང༌། སོ་སོར་སྤོང་བ་རྗེས་སུ་མཐོང་བས་ཉེ་བར་ལེན་པ་སྤོང་བའི་ཚུལ་ཁྲིམས་དང༌། ཟད་པ་རྗེས་སུ་མཐོང་བས་སྡུག་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང༌། འགག་པ་རྗེས་སུ་མཐོང་བས་ཀུན་དུ་འདུ་བྱེད་པ་སྤོང་བའི་ཚུལ་ཁྲིམས་དང༌། ཡོངས་ སུ་འགྱུར་བ་རྗེས་སུ་མཐོང་བས་བརྟེན་པའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང༌། མཚན་མ་མེད་པ་རྗེས་སུ་མཐོང་བས་མཚན་མའི་འདུ་ཤེས་སྤོང་བའི་ཚུལ་ཁྲིམས་དང༌། སྨོན་པ་མེད་པ་རྗེས་སུ་མཐོང་བས་སྨོན་པ་སྤོང་བའི་ཚུལ་ཁྲིམས་དང༌། སྟོང་པ་ཉིད་རྗེས་སུ་མཐོང་བས་བདག་དུ་མངོན་པར་ ཞེན་པ་སྤོང་བའི་ཚུལ་ཁྲིམས་དང༌། ལྷག་པའི་ཤེས་རབ་ཀྱིས་ཆོས་རྣམས་ངེས་པར་མཐོང་བས་དཔའ་ཞུམ་པའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང༌། ཡང་དག་པ་ཅི་ལྟ་བར་ཤེས་པ་མཐོང་བས་རྨོངས་པའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང༌། འཚོ་བ་རྗེས་སུ་མཐོང་བས་ གནས་ལ་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང༌། སོ་སོར་རྟོག་པ་རྗེས་སུ་མཐོང་བས་སོ་སོར་རྟོག་པ་མ་ཡིན་པ་སྤོང་བའི་ཚུལ་ཁྲིམས་དང༌། རྣམ་པར་རྟོག་པ་རྗེས་སུ་མཐོང་བས་ཀུན་དུ་སྦྱོར་བའི་མངོན་པར་ཞེན་པ་སྤོང་བའི་ཚུལ་ཁྲིམས་དང༌། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་གྱིས་ ལྟ་བ་དང༌། གནས་གཅིག་པའི་ཉོན་མོངས་པ་རྣམས་སྤོང་བའི་ཚུལ་ཁྲིམས་དང༌། ལན་ཅིག་ཕྱིར་འོང་བའི་ལམ་གྱིས་ཉོན་མོངས་པ་རགས་པ་རྣམས་སྡོང་བའི་ཚུལ་ཁྲིམས་དང༌། ཕྱིར་མི་འོང་བའི་ལམ་གྱིས་བག་ལ་ཉལ་དུ་གཏོགས་པའི་ཉོན་མོངས་པ་རྣམས་སྤོང་བའི་ཚུལ་ཁྲིམས་དང༌། དགྲ་བཅོམ་ པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ། །བཟོད་པ་རྣམ་པ་གསུམ་སྟེ། གཞན་གྱིས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ། །བརྩོན་འགྲུས་རྣམ་པ་གསུམ་སྟེ། འདི་ལྟར། གོ་ཆ་སྦྱོར་བའི་བརྩོན་འགྲུས་དང༌། དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང༌། སེམས་ཅན་དོན་སྦྱོར་བའི་བརྩོན་འགྲུས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ། །བསམ་གཏན་ལ་ རྣམ་པ་གསུམ་སྟེ། འདི་ལྟར། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། སེམས་ཅན་དོན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། ཉོན་མོངས་པའི་གཉེན་པོ་བདེ་བ་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའོ། །ཤེས་རབ་རྣམ་པ་གསུམ་ སྟེ༑ འདི་ལྟར། ཀུན་རྫོབ་བདེན་པ་ལ་དམིགས་པ་དང༌། དོན་དམ་པའི་བདེན་པ་ལ་དམིགས་པ་དང༌། སེམས་ཅན་གྱི་དོན་ལ་དམིགས་པའོ། །ཡང་ཤེས་རབ་རྣམ་པ་གཉིས་ཏེ། འདི་ལྟར་རྒྱུའི་རང་བཞིན་དང༌། འབྲས་བུའི་ངོ་བོའོ། །དེ་ལ་རྒྱུའི་ངོ་བོ་ཉི་གཉིས་ཏེ། འདི་ལྟར། མོས་པ་ལ་སྤྱོད་པ་ དང༑ ས་ལ་རབ་ཏུ་ཞུགས་པའི་འོ། །དེ་ལ་དང་པོ་གསུམ་སྟེ། འདི་ལྟར། ཐོས་པའི་རང་བཞིན་གྱི་ཤེས་རབ་དང༌། བསམ་པའི་རང་བཞིན་གྱི་ཤེས་རབ་དང༌། སྒོམ་པའི་རང་བཞིན་གྱི་ཤེས་རབ་བོ། །དེ་ལ་སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་དབྱེ་བ་གསུམ་སྟེ། འདི་ལྟར་ཞི་གནས་ཀྱི་ངོ་བོ་དང༌། ལྷག་ མཐོང་གི་རང་བཞིན་དང༌། ཞི་གནས་དང་ལྷག་མཐོང་གི་ངོ་བོའོ། །འབྲས་བུར་གྱུར་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །འཕགས་པ་གནས་བརྟན་པ་ནི་དྲི་བ་དགུ་དང༌། ལན་དགུས་ཤེས་རབ་རྣམ་པར་བཞག་པ་བྱེད་དོ། །དེ་ལ་དྲི་བ་དགུ་ནི་འདི་ལྟར། ཤེས་རབ་གང་ཡིན། ཤེས་རབ་ མཚན་ཉིད་ཅི། རོ་ཅི་ཡིན། ཉེ་བར་གནས་པ་ཅི། ཤེས་རབ་འདིའི་གོ་འཕང་གི་གནས་ཅི། ཤེས་རབ་ཕན་ཡོན་ཅི། ཤེས་རབ་ཅེས་པའི་དོན་གང་ཡིན། ཤེས་རབ་ཐོབ་པའི་ཉེ་བའི་རྟེན་དུ་ཡིན། ཤེས་རབ་དབྱེ་བ་དུ་ཞེ་ན། ལམ་ནི་འདི་ལྟ་སྟེ། ཤེས་རབ་གང་ཡིན་ཅེས་པ་བརྗོད་དེ། ཡིད་ཀྱིས་ཅི་ལྟ་བ་བཞིན་དུ་ དམིགས་པ་མཐོང་བ་འདི་ནི་ཤེས་རབ་ཞེས་བརྗོད་དོ། །ཡང་ན་ཕན་པ་དང་མི་ཕན་པ་ཡིད་ལ་བྱེད་པས་ཡིད་ཀྱི་རྒྱུ་རྣམ་པ་མང་དུ་བྱེད་པ་འདི་ནི་ཤེས་རབ་ཞེས་བརྗོད་དོ། །དེ་ལྟར་ཡང་ཆོས་མངོན་པ་ལས་གསུམ་སྟེ། དེ་ལ་སྨྲས་པ། ཤེས་རབ་གང་ཞེ་ན། གཅིག་མེད་པའི་སུམ་ཅུའི་རྣམ་གྲངས་ཀྱིས་ བརྗོད་དེ། འདི་ལྟར། གང་ཤེས་རབ་བོ། །རབ་ཏུ་ཤེས་པ་དང༌། རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཆོས་རྣམ་པར་འབྱེད་པ་དང༌། ཡང་དག་པར་མཚོན་པ་དང༌། ཉེ་བར་མཚོན་པ་དང༌། སོ་སོར་ཡང་དག་ཉེ་བར་མཚོན་པ་དང༌། རིག་པ་དང༌། མཁས་པ་དང༌། མཐར་ཕྱིན་པ་དང༌། རྣམ་ ༄༅། །པར་འབྲེལ་པ་དང༌། སེམས་ཉེ་བར་ཡོངས་སུ་རྟོགས་པ་དང༌། ཆེན་པོ་དང༌། ཡིད་གཞུངས་པ་དང༌། ཡོངས་སུ་འདྲེན་བྱེད་དང༌། རྣམ་པར་མཐོང་བ་དང༌། ཡང་དག་པར་ཤེས་པ་དང༌། ཤེས་རབ་ལྕག་དང༌། ཤེས་རབ་དབང་པོ་དང༌། ཤེས་རབ་སྟོབས་དང༌། ཤེས་རབ་མཚོན་ཆ་ དང༑ ཤེས་རབ་གསལ་བ་དང༌། ཤེས་རབ་སྣང་བ་དང༌། ཤེས་རབ་སྒྲོན་མ་དང༌། ཤེས་རབ་དེ་ཁོ་ན་ཉིད་དང༌། མ་རྨོངས་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཡང་དག་པའི་ལྟ་བ་འདི་ནི་ཤེས་རབ་ཞེས་བརྗོད་དོ། །མཚན་ཉིད་ཅི་ཞེ་ན་སྨྲས་པ་བརྗོད་དེ། རིགས་པས་མངོན་དུ་བྱེད་པ་ནི་ཤེས་ རབ་པོ། །རོ་ཅི་ཡིན་ཞེས་སྨྲ་བ་བརྗོད་དེ། རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་པོ། །ཉེ་བར་གནས་པ་གང་ཡིན་ཞེས་སྨྲ་བ་བརྗོད་དེ། ཀུན་ནས་མ་རྨོངས་པ་ཉེ་བར་གནས་པ་ནི་ཤེས་རབ་པོ། །ཤེས་རབ་འདིའི་གོ་འཕང་གནས་སོ། །ཡང་ན་ཤེས་རབ་ཀྱི་མཚན་ཉིད་ནི་ཤེས་རབ་རྣམ་པར་གསལ་བའོ། ། ཤེས་རབ་ཀྱི་རོ་ནི་གཏིང་ཡོངས་སུ་དཔག་པའོ། །ཤེས་རབ་ཉེ་བར་གནས་པ་ནི་མ་རིག་པའི་མུན་པ་འཇོམས་པའོ། །ཤེས་རབ་དེའི་གོ་འཕང་གནས་ནི་སོ་སོར་ཡང་དག་པ་རིག་པ་བཞིའོ། །ཕན་ཡོན་གང་ཡིན་ཞེས་སྨྲ་བ་བསྡུས་ནས་བརྗོད་དོ། །ཤེས་རབ་ཀྱིས་ནི་ཚུལ་ཁྲིམས་སྤྱོད་བྱེད་བསམ་གཏན་ ལ་འཇོག་བྱེད། །ཤེས་རབ་ཀྱིས་ནི་ལམ་རྣམས་སྒོམ་བྱེད་འབྲས་བུ་མཐོང་བར་བྱེད། །ཤེས་རབ་ཀྱིས་ནི་ཤེས་རབ་གོང་མ་དགེ་སྤྱན་བླ་མེད་པ། །ཉམས་པའི་ཤེས་རབ་སེལ་ཅིང་བླ་མེད་ཤེས་རབ་འཕེལ། །ཕ་རོལ་རྒོལ་བ་འཇུག་བྱེད་ཅིང༌། །འཇིག་རྟེན་ཆོས་ཀྱིས་མི་གོས་པ། །ཤེས་རབ་ལྡན་ པ་སྨྲ་བ་ན། །ལེགས་པར་སྨྲས་པ་ཤིན་ཏུ་སྲིད། །འཇིག་རྟེན་འདི་དང་འཇིག་རྟེན་གཞན། །གྲོལ་བ་གྲགས་པ་ཐོབ་པ་བདེ། །དོན་དང་རྩོལ་བ་དཔའ་བ་ཉིད། །ཤེས་རབ་ལྡན་པ་རྣམ་པར་རྟག །རྟེན་ཅིང་འབྲེལ་པར་འབྱུང་བ་ན། །མིང་དང་གཟུགས་ནི་སྟོན་པའོ། །སེམས་ཅན་སོ་སོར་བདེན་པ་སྟོན། ། དེ་རྣམས་ཤེས་རབ་ཅན་སྤྱོད་ཡུལ། །ཤེས་རབ་ཀྱིས་ནི་སྡིག་པ་སྤོང༌། །ཤེས་རབ་ཀྱིས་ནི་ཆགས་དང་སྡང༌། །རྨོངས་དང་སྐྱེ་འཆི་མ་ལུས་པ། །ཤིན་ཏུ་རྒྱལ་དཀའ་རྒྱལ་བར་བྱེད། །ཤེས་རབ་ཞེས་པའི་དོན་གང་ཡིན་ཞེ་ན། བརྗོད་དེ། རབ་ཏུ་ཤེས་པ་འདི་ནི་ཤེས་རབ་བམ། ཉེས་པ་ཐམས་ཅད་རབ་ཏུ་སྤོང་ བས་འདི་ནི་ཤེས་རབ་བོ། །ཤེས་རབ་ཏུ་བརྙེས་པའི་ཕྱིར་ཉེ་བའི་རྟེན་གང་ཞེ་ན་ཞེས་པ་བརྗོད་དེ། ཉེ་བའི་རྟེན་བཅུ་གཅིག་སྟེ། འདི་ལྟར། མདོའི་དོན་ཚོལ་བ་ཉིད་དང༌། ཡང་དག་པ་མང་དུ་གཏམ་པ་ཉིད་དང༌། བཏེགས་གནས་སུ་གནས་པ་ཉིད་དང༌། བདེན་པ་ལ་རྟོག་པ་དང༌། དངོས་པོ་དང་རྣམ་པར་དྲང་བའི་བྱ་བ་ ལ་གནས་པའི་ཚུལ་ཁྲིམས་ཉིད་དང༌། བསམ་གཏན་རྗེས་སུ་སྦྱོར་བ་དང༌། སྒྲིབ་པ་རྣམ་པར་བྲལ་བའི་སེམས་ཉིད་དང༌། ཤེས་རབ་འཆལ་པའི་གང་ཟག་ཡོངས་སུ་སྤངས་པ་དང༌། ཤེས་རབ་ཅན་གྱི་གང་ཟག་བསྟེན་པ་དང༌། དེ་ལ་ལྷག་པར་མོས་པའོ། །ཤེས་རབ་རྣམ་པར་དབྱེ་བ་དུ་ཞེ་ན་ཞེས་པ་བརྗོད་དོ། ། ཤེས་རབ་རྣམ་པ་གཉིས་ཏེ། འདི་ལྟར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པའི་ཤེས་རབ་ནི་འཕགས་པའི་ལམ་དང་འབྲས་བུ་དང་མི་ལྡན་པ། ཟག་པ་དང་བཅས་པ། ཀུན་དུ་སྦྱོར་བར་བྱ་བ། འདུད་པར་བྱ་བ། ཀླུང་དུ་འབབ་པར་བྱ་བ། སྒྲིབ་པར་བྱ་བ། མཆོག་ཏུ་བཟུང་བ། ཉེ་ བར་བསླང་བ། ཀུན་ནས་ཉོན་མོངས་པ་ལ་བྱུང་བའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ནི། ལམ་དང་འབྲས་བུ་དང་ལྡན་པ། དེ་ནི་ཟག་པ་མེད་པ། སྦྱོར་བར་བྱ་བ་མ་ཡིན་པ། འདུད་པར་བྱ་བ་མ་ཡིན་པ། ཀླུང་དུ་འབབ་པར་བྱ་བ་མ་ཡིན་པ། སྒྲིབ་པར་བྱ་བ་མ་ཡིན་པ། མཆོག་ཏུ་གཟུང་བར་བྱ་བ་མ་ཡིན་པ། ཉེ་ བར་བླང་བ་མ་ཡིན་པ། ཉོན་མོངས་པ་ཅན་ལ་བྱུང་བ་མ་ཡིན་པའོ། །ཡང་ཤེས་རབ་རྣམ་པ་གསུམ་སྟེ། འདི་ལྟར། བསམ་པའི་རང་བཞིན་དང༌། ཐོས་པའི་རང་བཞིན་དང༌། སྒོམ་པའི་རང་བཞིན་ནོ། །དེ་ལ་གཞན་ལས་མ་ཐོས་པར་རང་གི་ལས་ལས་ཤེས་པའམ། བདེན་པ་དང་རྗེས་སུ་མཐུན་པའི་ཤེས་པ་ སོ་སོར་ཐོབ་པའམ། བཟོའི་སྐྱེ་མཆེད་རིག་པའི་གནས་ལ་ཤེས་རབ་སོ་སོར་ཐོབ་པ་འདི་ནི་བསམ་པའི་རང་བཞིན་གྱི་ཤེས་རབ་ཅེས་བརྗོད་དོ། །དངོས་པོ་དེ་ཉིད་ལ་གཞན་ལས་ཐོས་ནས་ཤེས་རབ་སོ་སོར་ཐོས་པ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཅེས་བརྗོད་དོ། །སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ཤེས་རབ་ ཀྱང་དེ་ནི་སྒོམ་པའི་རང་བཞིན་ཞེས་བརྗོད་དོ། །གཞན་ཡང་རྣམ་པ་གསུམ་སྟེ། འདི་ལྟར། སྐྱེ་བ་ལ་མཁས་པ་དང༌། མི་འབྱུང་བ་ལ་མཁས་པ་དང༌། ཐབས་ལ་མཁས་པའོ། །དེ་འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས་ཡོངས་སུ་སྤོང་བ་དང༌། དགེ་བའི་ཆོས་ཡོངས་སུ་འཕེལ་བའོ་ཞེས་པ་ཤེས་རབ་གང་ཡིན་པ་འདི་ ༄༅། །ནི་སྐྱེ་བ་ལ་མཁས་པའོ། །ཆོས་འདི་ཡིད་ལ་བྱས་པས་མི་དགེ་བའི་ཆོས་མངོན་པར་འཕེལ་ཞིང་དགེ་བའི་ཆོས་ཡོངས་སུ་ཉམས་པའོ་ཞེས་པ་ཤེས་རབ་གང་ཡིན་པ་དེ་ནི་མི་འབྱུང་བ་ལ་མཁས་པའོ། །ཆོས་དེ་རྣམས་ཉེ་བར་བཟུང་སྟེ་ཤེས་རབ་ཐམས་ཅད་ཀྱང་དེ་ནི་ཐབས་ལ་མཁས་པའོ། །ཡང་ ཤེས་རབ་རྣམ་པ་གསུམ་སྟེ། ཀུན་དུ་འཕེལ་བར་བགྲོད་པ་དང༌། འགྲིབ་པར་བགྲོད་པ་དང༌། འགྲིབ་པར་འགྲོ་བ་ཡིན་པའོ། །དེ་ལ་གང་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ས་གསུམ་གྱི་ཤེས་རབ་དེ་ནི་ཀུན་དུ་འཕེལ་བར་བགྲོད་པའོ། །གང་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་ བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པའི་ལམ་བཞིའི་ཤེས་རབ་གང་ཡིན་པ་དེ་ནི་འགྲིབ་པར་བགྲོད་པའོ། །རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པས་བཞིའི་རྣམ་པར་སྨིན་པ་དང༌། ས་བཞིའི་བྱ་བ་ལུང་དུ་མ་བསྟན་པ་ཤེས་རབ་གང་ཡིན་པ་དེ་ནི་ཀུན་འཕེལ་བར་བགྲོད་ པ་མ་ཡིན་པ་འགྲིབ་པར་མ་ཡིན་ནོ། །ཡང་ཤེས་རབ་རྣམ་པ་བཞི་སྟེ་འདི་ལྟར། རང་གི་ལས་ལས་ཤེས་པ་དང༌། བདེན་པ་རྗེས་སུ་མཐུན་པ་ཤེས་པ་དང༌། ལམ་དང་ལྡན་པ་ཤེས་པ་དང༌། འབྲས་བུ་དང་ལྡན་པ་ཤེས་པའོ། །དེ་ལ་རང་གི་ལས་ཀྱིས་ཤེས་པ་ནི་དངོས་པོ་བཅུའི་ཡང་དག་པའི་ལྟ་བའོ། །དེ་ལ་དངོས་ པོ་ནི་བཅུ་སྟེ། འདི་ལྟར། སྡུག་བསྔལ་བདེན་པ་ཤེས་པ་དང༌། །ཀུན་འབྱུང་བདེན་པ་ཤེས་པ་དང༌། །འགོག་པའི་བདེན་པ་ཤེས་པ་དང༌། །ལམ་གྱི་བདེན་པ་ཤེས་པ་དང༌། །འཕགས་པའི་ལམ་བསྒོམས་པ་ལས་གང་མྱ་ངན་ལས་འདས་པའི་ཡེ་ཤེས་མཐོང་བ་དང༌། ཤེས་རབ་ཀྱི་དབང་པོ་དང༌། ཤེས་རབ་ཀྱི་ སྟོབས་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། ཆོས་རྣམ་པ་བྱང་ཆུབ་ཀྱི་ཡན་ལག་དང༌། དཀོན་མཆོག་གསུམ་ལ་ཡིད་ཆེས་པའོ། །བདེན་པ་རྗེས་སུ་མཐུན་པ་ཤེས་པ་ནི། ཕུང་པོ་ལྔ་མི་རྟག་ཞེས་པའམ་སྡུག་བསྔལ་ཞེས་པའམ་བདག་མེད་པའོ་ཞེས་རྣམ་པར་ལྟ་བའོ། །གང་དེ་ལྟ་བུའི་ངོ་བོ་རྗེས་སུ་མཐུན་ པའི་བཟོད་པ་འདི་ནི་བདེན་པ་རྗེས་སུ་མཐུན་པ་ཤེས་པའོ། །ལམ་བཞིའི་ཤེས་རབ་ནི་ལམ་ཡང་དག་པར་ལྡན་པའི་ཤེས་རབ་བོ། །དེ་ལ་ལམ་བཞི་ནི་འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་དང༌། ལན་ཅིག་ཕྱིར་འོང་བ་འབྲས་བུའི་ལམ་དང༌། ཕྱིར་མི་འོང་བའི་འབྲས་བུའི་ལམ་དང༌། དགྲ་བཅོམ་པའི་ འབྲས་བུའི་ལམ་མོ། །འབྲས་བུ་བཞིའི་ཤེས་རབ་ནི་འབྲས་བུ་དང་ལྡན་པའི་ཤེས་པའོ། །དེ་ལ་འབྲས་བུ་བཞི་ནི་འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པ་དང༌། ཡོངས་སུ་མ་བསྡུས་པའོ། །དེ་ལ་འདོད་པ་ན་སྤྱོད་པ་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་ནི་འདོད་པ་ན་སྤྱོད་པའོ། །གཟུགས་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་ནི་གཟུགས་ན་སྤྱོད་པའོ། །གཟུགས་ མེད་པ་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་ནི་གཟུགས་མེད་པ་ན་སྤྱོད་པའོ། །ལམ་དང་འབྲས་བུ་ནི་ཡོངས་སུ་མ་བསྡུས་པའོ། །ཡང་ཤེས་རབ་རྣམ་པ་བཞི་ནི་འདི་ལྟ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པའོ། །དེ་ལ་ལམ་བཞི་དང་ འབྲས་བུ་བཞིའི་ཤེས་རབ་ནི་ཆོས་ཤེས་པའོ། །དེ་ཆོས་ཤེས་པ་འདི་དང་ལྡན་པ་འདས་པ་དང་མ་འོངས་པའི་ཚུལ་ལེན་པའོ། །དེ་ལྟར་ཡང༌། གང་ཁ་ཅིག་འདས་པའི་དུས་ཀྱི་བདེན་པ་མངོན་པར་ཤེས་པ་དེ་ནི་བདེན་པ་མངོན་པར་ཤེས་པ་འདི་ཉིད་དོ། །གང་ཁ་ཅིག་མ་འོངས་པའི་དུས་སུ་བདེན་པ་མངོན་པར་ཤེས་ པར་འགྱུར་བ་དེ་ནི་བདེན་པ་མངོན་པར་ཤེས་པར་འགྱུར་བ་འདི་ཉིད་དོ་ཞེས་པའི་ཤེས་པ་དེ་ནི་རྗེས་སུ་ཤེས་པའོ། །གཞན་གྱི་སེམས་ལ་ཤེས་པ་དེ་ནི་གཞན་གྱི་སེམས་ཤེས་པའོ། །ཤེས་པ་འདི་གསུམ་མ་རྟོགས་པ་ལྷག་མའི་ཤེས་རབ་དེ་ནི་ཀུན་རྫོབ་ཤེས་པའོ། །ཡང་ཤེས་རབ་རྣམ་པ་བཞི་སྟེ་འདི་ལྟར། གང་ འཕེལ་བ་མ་ཡིན་ཞིང་འགྲིབ་པའི་ཤེས་རབ་ཡོད་དོ། །གང་ཉེ་བར་འཕེལ་ཞིང་འགྲིབ་པ་མ་ཡིན་པའི་ཤེས་རབ་ཡོད་དོ། །གང་འགྲིབ་པ་དང་འཕེལ་བ་དག་གི་ཤེས་རབ་ཡོད་དོ། །གང་འཕེལ་བ་ཡང་མ་ཡིན་འགྲིབ་པ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ། །དེ་ལ་འདོད་པ་ན་སྤྱོད་པ་གང་དག་དགེ་བའི་ཤེས་རབ་དེ་ནི་ འགྲིབ་པ་ཡིན་ཞིང་ཉེ་བར་མི་འཕེལ་བའོ། །ལམ་བཞིའི་གང་ཤེས་རབ་དེ་ནི་ཉེ་བར་འཕེལ་ཞིང་འགྲིབ་པ་མ་ཡིན་པའོ། །ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གང་དགེ་བའི་ཤེས་རབ་དེ་ནི་འཕེལ་བ་ཡིན་ཞིང་འགྲིབ་པ་ཡང་ཡིན་ནོ། །ས་བཞིའི་རྣམ་པར་སྨིན་པ་དང༌། ས་གསུམ་གྱི་རྣམ་པར་སྨིན་པ་ལུང་མ་ ༄༅། །བསྟན་པའི་ཤེས་རབ་དེ་ནི་འགྲིབ་པ་མ་ཡིན་ཉེ་བར་འཕེལ་བ་མ་ཡིན་པའོ། །ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། གང་སྐྱོང་ཞིང་མངོན་དུ་བྱེད་པ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ། །གང་མངོན་དུ་བྱེད་ཅིང་སྐྱོ་བ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ། །གང་སྐྱོ་བ་དང་མངོན་དུ་བྱེད་པའི་ ཤེས་རབ་ཡོད་དོ། །གང་སྐྱོ་བ་མ་ཡིན་མངོན་དུ་བྱེད་པ་མ་ཡིན་པ་དག་གི་ཤེས་རབ་ཡོད་དོ། །དེ་ལ་གང་གིས་འདོད་པ་ལས་འདོད་ཆགས་བྲལ་བར་འགྱུར་བའི་ཤེས་རབ་དེ་ནི་མངོན་ཤེས་དང་བདེན་པ་མངོན་དུ་བྱེད་པ་མ་ཡིན་ཞེས་པ་ཤེས་རབ་འདི་ནི་ཡིད་འབྱུང་ཞིང་མངོན་དུ་བྱེད་པ་མ་ཡིན་པའོ། །འདོད་པ་ འདོད་ཆགས་དང་བྲལ་བ་བདེན་པའི་ཤེས་རབ་ཀྱི་མངོན་པར་ཤེས་པ་མངོན་དུ་བྱེད་ཅིང་བདེན་པ་མ་ཡིན་པ་ཤེས་རབ་འདི་ནི་མངོན་དུ་བྱེད་པ་ཡིན་ཅིང་སྐྱོ་བ་མ་ཡིན་པའོ། །ལམ་བཞིའི་ཤེས་རབ་ནི་ཡིད་འབྱུང་བ་དང་མངོན་དུ་བྱེད་པའོ། །ལྷག་མ་ཤེས་རབ་ནི་སྐྱོ་བ་མ་ཡིན་ཅིང་མངོན་དུ་བྱེད་པ་མ་ཡིན་པའོ། ། ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། དོན་སོ་སོར་ཡང་དག་པར་རིག་པ་དང༌། ཆོས་སོ་སོར་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །དེ་ལ་དོན་ཤེས་པ་ནི་དོན་སོ་སོར་ཡང་དག་པར་རིག་པའོ། །ཆོས་ཤེས་པ་ནི་ཆོས་སོ་སོར་ ཡང་དག་པར་རིག་པའོ། །ངེས་པའི་ཚིག་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ། །ཤེས་པ་ཤེས་པ་ནི་སྤོབས་པ་སོ་སོར་ཡང་དག་པར་རིག་པའོ། །ཚུལ་གཞན་ཡང་དེ་ཡང༌། རྒྱུ་དང་འབྲས་བུ་ཤེས་པ་ནི་དོན་སོ་སོར་རིག་པའོ། །རྒྱུ་ཤེས་པ་ནི་ཆོས་སོ་སོར་རིག་པའོ། །ངེས་པའི་ ཚིག་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིག་སོ་སོར་རིག་པའོ། །ཤེས་པ་ཤེས་པ་ནི་སྤོབས་པ་སོ་སོར་རིག་པའོ། །ཚུལ་གཞན་ཡང་དེ་ལྟར་ཡང༌། སྡུག་བསྔལ་དང་འགོག་པ་ཤེས་པ་ནི་དོན་སོ་སོར་རིག་པའོ། །ཀུན་འབྱུང་དང་ལམ་ཤེས་པ་ནི་ཆོས་སོ་སོར་རིག་པའོ། །གཉིས་ནི་སྔོན་བཞིན་ནོ། །ཚུལ་ གཞན་ཡང༌། དེ་ལྟར་ཡང༌། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཚད་དུ་བརྗོད་པའི་སྡེ་དང༌། དེ་ལྟར་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། རྨད་དུ་བྱུང་བའི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་སྟེ་ཆོས་འདི་རྣམས་ཤེས་པ་ནི་ཆོས་སོ་སོར་ཡང་དག་པར་ རིག་པའོ། །དེ་དེ་བཞིན་དུ་གསུངས་པ་ནི་དོན་འདིའི་དོན་ནི་འདིའོ་ཞེས་པ་ནི་དོན་སོ་སོར་ཡང་དག་པར་རིག་པའོ། །དེ་ལ་ཆོས་ངེས་པའི་ཚིག་ལ་མངོན་པར་བརྗོད་པ་ཤེས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའོ། །ཤེས་པ་ཤེས་པ་ནི་སྟོབས་པ་སོ་སོར་ཡང་དག་པར་རིག་པའོ། །ཚུལ་གཞན་ཡང༌། དེ་ལྟར་ཡང༌། མིག་ཤེས་པ་ནི་ཆོས་སོ་སོར་ཡང་དག་པར་རིག་པའོ། །མཐོང་བའི་དོན་གྱིས་མིག་ཤེས་པ་ནི་དོན་སོ་སོར་ཡང་དག་པར་རིག་པའོ། །གཉིས་ནི་སྔོན་བཞིན་ནོ། །ཡང་ཤེས་རབ་རྣམ་པ་བཞི་སྟེ། འདི་ལྟར། སྡུག་བསྔལ་ཤེས་པ་དང༌། སྡུག་བསྔལ་ཀུན་འབྱུང་ཤེས་པ་དང༌། སྡུག་བསྔལ་ འགོག་པ་ཤེས་པ་དང༌། སྡུག་བསྔལ་འགོག་པ་བགྲོད་པའི་ལམ་ཤེས་པ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །དེ་ལ་རྒྱུ་དྲུག་གིས་སྦྱིན་པ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། འདི་ལྟར། བསམ་པ་དམ་པ་ལས་དང༌། གཞི་དམ་པ་ལས་དང༌། ཐབས་ལ་མཁས་པ་དམ་པ་ལས་དང༌། ཡོངས་ སུ་བསྔོ་བ་དམ་པ་ལས་དང༌། རྣམ་པར་དག་པ་དམ་པ་ལས་སོ། །རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་རྣམས་ཀྱི་གོ་རིམས་ངེས་པ་བསྟན་ཏེ། འདི་ལྟར། སྔོན་མ་ལ་ཀུན་དུ་བརྟེན་ནས་ཕྱི་མ་སྐྱེ་བའི་ཕྱིར་དང༌། ཕྱི་མ་མཆོག་ཡིན་པའི་ཕྱིར་རོ། །སྔོན་མ་རགས་པའི་ཕྱིར་དད་ཕྱི་མ་ཕྲ་བའི་ཕྱིར་རོ། །བསླབ་པ་ གསུམ་ནི། འདི་ལྟ་སྟེ། ཚུལ་ཁྲིམས་སུ་རྟོགས་པའི་བསླབ་པ་དང༌། སེམས་སུ་རྟོགས་པའི་བསླབ་པ་དང༌། ཤེས་རབ་ཏུ་རྟོགས་པའི་བསླབ་པའོ། །དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། འདི་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་ པའོ། །གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་སྟེ། འདི་ལྟར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པ་གཅིག་སྟེ། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསླབ་པ་གསུམ་གའི་ཡང་གྲོགས་སུ་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རྣམ་ པ་གཉིས་ཏེ། འདི་ལྟར། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །ཡང་རྣམ་པ་གཉིས་ཏེ། འདི་ལྟར། རྒྱུའི་ངོ་བོ་དང༌། འབྲས་བུའི་ངོ་བོའོ། །ཡང་རྣམ་པ་གསུམ་སྟེ། འདི་ལྟར། མ་དག་པ་དང༌། མ་དག་པ་དག་པ་དང༌། དག་པའོ། །བསོད་ནམས་བྱ་བའི་དངོས་པོ་ནི་གསུམ་སྟེ། འདི་ལྟར། སྦྱིན་པའི་རང་ ༄༅། །བཞིན་གྱི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་གྱི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམ་པའི་རང་བཞིན་གྱི་བསོད་ནམས་བྱ་བའི་དངོས་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང༌། ཕ་རོལ་དུ་འབྱུང་བའི་དངོས་པོ་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟར། གཙོ་བོ་དང༌། ཕལ་པའོ། །དེ་ལ་སྦྱིན་པའི་གཙོ་བོའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། །ཕལ་པ་ནི་བདེ་འགྲོ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་གཙོ་བོའི་འབྲས་བུ་བདེ་འགྲོའོ། །ཕལ་པ་ནི་གཞན་ནོ། །བཟོད་པའི་གཙོ་བོའི་འབྲས་བུ་ནི་ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་ཉིད་དོ། །ཕལ་པ་ནི་གཞན་ནོ། །བརྩོན་འགྲུས་ ཀྱི་གཙོ་བོའི་འབྲས་བུ་ནི་མི་ཆོད་པའི་ལོངས་སྤྱོད་ལ་སོགས་པ་ཉིད་དང༌། ཕལ་པ་ནི་གཞན་ནོ། །བསམ་གཏན་གྱི་གཙོ་བོའི་འབྲས་བུ་ནི་གནོད་པ་མེད་པའི་ལུས་སུ་སྐྱེས་པའོ། །ཕལ་པ་ནི་གཞན་ནོ། །ཤེས་རབ་ཀྱི་གཙོ་བོའི་འབྲས་བུ་ནི་དབང་པོ་ཐམས་ཅད་རྣོ་བ་ཉིད་ཀྱིས་བདེ་ཞིང་ཡིད་དགའ་བ་མང་དུ་གྱུར་པ་ ཉིད་དང༌། སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་གྱུར་པ་ཉིད་དོ། །ཕལ་པ་ནི་གཞན་ནོ། །འདིའི་མཐོང་བའི་ཆོས་ཀྱི་འབྲས་བུ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །ཚོགས་གཉིས་ཏེ། འདི་ལྟར། སྦྱིན་པ་ཚུལ་ཁྲིམས་བཟོད་པ་ཕ་རོལ་ཏུ་ཕྱིན་པ་གསུམ་དང༌། བརྩོན་འགྲུས་བསམ་གཏན་ཕ་རོལ་ཏུ་ཕྱིན་པ་དག་གི་ ཆ་ཤས་ནི། བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་བསམ་གཏན་ཕ་རོལ་ཏུ་ཕྱིན་པ་དག་གི་ཆ་ཤས་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་རྫས་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བཤད་དོ། །མིང་དུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུར་འགྱུར་རོ། །འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉེ་བར་བསགས་པའི་དགེ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ། ཡོངས་སུ་བསྔོ་བ་བླ་ན་མེད་པས་ཡོངས་སུ་བསྔོ་བ་ནི། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་མཐའ་མེད་པ་ནི། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་ པའོ། །དེ་ལ་སྨོན་ལམ་ཆེན་པོ་བཅུ་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོའི་ཕྱིར་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་རྒྱ་ཆེ་བའི་མོས་པ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རྣམ་པར་སྤངས་པ་ནམ་མཁའི་དབྱིངས་ཀྱི་མཐར་ཕྱིན་པ་ཕྱི་མའི་མཐའི་མུར་ཐུག་པ་གྲངས་ཐམས་ཅད་ ཀྱིས་མཆོད་པ་ཆེན་པོ་དང་རིམ་གྲོའི་ཕྱིར་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ་ནི་དང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱི་སྤྱན་ཡང་དག་པར་བཟུང་བའི་ཕྱིར་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བཟུང་བའི་ཕྱིར་དང་རྫོགས་པའི་སངས་ རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ནི་གཉིས་པའོ། །འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་དགའ་ལྡན་གནས་སུ་གནས་པ་ལ་སོགས་པ་བྱས་ཏེ་འཕོ་བ་དང་མངལ་དུ་འཇུག་པ་དང་ལྷུམས་སུ་གནས་པ་དང༌། གཞོན་ནུ་རོལ་པ་དང་ཕོ་བྲང་ནང་དུ་གནས་པ་དང་མངོན་པར་འབྱུང་ བ་དང་དཀའ་བ་སྤྱོད་པ་དང་བྱང་ཆུབ་སྙིང་པོར་བགྲོད་པ་དང་བདུད་བཏུལ་བ་དང་མངོན་པར་བྱང་ཆུབ་པ་དང་བསྐུལ་བ་དང་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོར་ཉེ་བར་ཕྱིན་པའི་སྨོན་ལམ་ནི་གསུམ་པའོ། །བྱང་ཆུབ་སེམས་དཔས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པས་བསྡུས་ པའི་ས་ཡོངས་སུ་སྦྱོང་བ་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པ་ཡོངས་སུ་སྦྱངས་པ་གདམས་པ་རྗེས་སུ་བསྟན་པ་རབ་ཏུ་ལེན་པ་ཉེ་བར་རྒྱས་པའི་སེམས་བསྐྱེད་པ་མངོན་པར་སྒྲུབ་པའི་ཕྱིར་སྨོན་ལམ་ནི་བཞི་པའོ། །ཁམས་འགྲོ་བ་སྐྱེ་གནས་སྐྱེ་བར་གཏོགས་པ་མིང་དང་གཟུགས་ཀྱིས་བསྡུས་པའི་ སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པའི་ཕྱིར་དང་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་ཕྱིར་དང༌། འགྲོ་བ་ཐམས་ཅད་ཀྱི་གྲངས་རྣམ་པར་གཅད་པའི་ཕྱིར་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རབ་ཏུ་གནས་པར་བྱ་བའི་ཕྱིར་སྨོན་ལམ་ནི་ལྔ་པའོ། །འཇིག་རྟེན་གྱི་ཁམས་རྒྱས་པ་བསྡུས་པ་ཚད་ མེད་པ་ཕྲ་བ་རགས་པ་སྣྲེ་[?] ལ་ཞི་སྤྱིའུ་གཙུག་གཞི་མཉམ་འཇུག་པ་ཡང་དག་པར་འབྱམ་ཀླས་པ་རྗེས་སུ་གཞལ་ཏེ། དབང་པོ་དྲ་བ་རྣམ་པར་ཐ་དད་པ་ཕྱོགས་བཅུ་མ་ལུས་པ་དབྱེ་བ་མི་འདྲ་བ་སྣ་ཚོགས་པ་འཇུག་པ་རྣམས་ཐ་དད་པ་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་མངོན་སུམ་དུ་བྱ་བའི་ཕྱིར་སྨོན་ལམ་ནི་དྲུག་པའོ། ། ༄༅། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་གཞོལ་བ་རབ་ཏུ་སྦྱོང་བ་དང༌། ཚད་མེད་པའི་སང་རྒྱས་ཀྱི་ཞིང་འོད་ཟེར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང༌། ཉོན་མོངས་པ་སེལ་བ་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང༌། ཚད་མེད་པའི་ཡེ་ཤེས་ཀྱི་རྣམ་ པའི་སེམས་ཅན་གྱིས་ཡོངས་སུ་གང་བ་དང༌། རྒྱ་ཆེ་བའི་སངས་རྒྱས་ཀྱི་ཞིང་ན་གཞོལ་བའི་སེམས་ཅན་ཐམས་ཅད་བསམ་པ་ཅི་ལྟ་བ་བཞིན་དུ་ཡང་དག་པར་སྟོན་པ་དང་ཀུན་དུ་མཉེས་པར་བྱ་བའི་ཕྱིར་སྨོན་ལམ་ནི་བདུན་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བསམ་པ་དང་སྦྱོར་བ་གཅིག་ པའི་ཕྱིར་དང༌། འགྲན་བཟོད་མེད་པའི་དགེ་བའི་རྩ་བ་བསགས་པའི་ཕྱིར་དང༌། རྟག་ཏུ་བར་མ་ཆད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཡང་དག་པར་འགྲོགས་ཤིང་མི་འབྲལ་བའི་ཕྱིར་དང༌། ཅི་ལྟར་འདོད་པར་སངས་རྒྱས་འབྱུང་བ་ཡང་དག་པར་མཐོང་བའི་ཕྱིར་དང༌། རང་གི་ སེམས་བསྐྱེད་པ་དེ་བཞིན་གཤེགས་པའི་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་བགྲོད་པའི་ཕྱིར་དང༌། མི་ཉམས་པ་རྗེས་སུ་འགྲོ་བའི་མངོན་ཤེས་ཐོབ་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཐུན་པར་རྒྱུ་བར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྣང་བ་ཐོབ་པའི་ ཕྱིར༑ བསམ་དུ་མེད་པའི་ཐེག་པ་ཆེན་པོ་དང་ལྡན་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་ཆད་པ་མེད་པར་སྤྱད་པའི་ཕྱིར་སྨོན་ལམ་ནི་བརྒྱད་པའོ། །ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཕྱིར་དང༌། ལུས་དང་དག་དང་ཡིད་ཀྱི་ལས་ དོན་ཡོད་པའི་ཕྱིར་དང༌། མཐོང་བ་དང་ལྷན་ཅིག་དུ་སངས་རྒྱས་ཀྱི་ཆོས་ངེས་པ་ཉིད་ཀྱི་ཕྱིར་དང༌། དབྱངས་དང་ལྷན་ཅིག་ཏུ་རྒྱ་ཆེ་བའི་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་བགྲོད་པའི་ཕྱིར་དང༌། མཐོང་བ་དང་ལྷན་ཅིག་ཏུ་སེམས་ཅན་རབ་ཏུ་དང་བ་ཐོབ་པ་དང་ཉོན་མོངས་པ་རྣམས་བཟློག་པའི་ཕྱིར་དང༌། སྨན་གྱི་ རྒྱལ་པོ་ལྟ་བུའི་རྟེན་ཐོབ་པའི་ཕྱིར་དང༌། ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ལུས་ཐོབ་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་སྤྱད་པའི་ཕྱིར་སྨོན་ལམ་ནི་དགུ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ ཆུབ་པའི་ཕྱིར་ཏེ། སྐྲའི་ཁྱོན་གཅིག་ལས་མི་འདའ་ཞིང་སྐྲའི་ཁྱོན་ཐམས་ཅད་དུ་སྐྱེ་བ་སྐྱ་བ་གཞོན་ནུ་རོལ་པ་ཕོ་བྲང་ནང་དུ་གནས་པ་མངོན་པར་འབྱུང་བ་དཀའ་བ་སྤྱོད་པ་བྱང་ཆུབ་སྙིང་པོར་ཉེ་བར་འགྲོ་བ་བདུད་འདུལ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྐུལ་བ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་མྱ་ངན་ ལས་འདའ་བ་ཆེན་པོ་ཉེ་བར་བསྟན་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་ཆེན་པོ་མཐུ་སྟོབས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ཡངས་པ་ནམ་མཁའི་མཐས་གཏུགས་པ་ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པའི་གྲངས་ཐམས་ཅད་དུ་སངས་རྒྱས་འབྱུང་བའི་གྲངས་ཆད་པ་མེད་པའི་ཕྱིར་ དང༑ ཡེ་ཤེས་ཆེན་པོ་མངོན་པར་བསྒྲུབ་པའི་ཕྱིར་སྨོན་ལམ་ཆེན་པོ་བཅུ་པ་མངོན་པར་སྒྲུབ་པའོ། །སྨོན་ལམ་ཆེན་པོ་དེ་རྣམས་ནི་འབད་རྩོལ་ཆེན་པོ་བཅུའོ། །དེ་ལ་སོགས་པ་སྨོན་ལམ་རེ་རེ་ལ་འཁོར་ནི་སོ་སོར་ཡོངས་སུ་སྦྱོང་བར་བྱེད་པ་གྲངས་མེད་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དང་གང་གིས་བྱང་ཆུབ་སེམས་ དཔའ་མངོན་པར་སྒྲུབ་པར་བྱེད་པ་ཐོབ་པ་འདི་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཏེ། འདི་ལྟར། སོ་སོར་རྟོག་པའི་སྟོབས་དང༌། བསྒོམ་པའི་སྟོབས་སོ། །ཡང་སྟོབས་བཅུ་གཉིས་ཏེ། འདི་ལྟར། བསམ་པའི་སྟོབས་དང༌། ལྷག་པའི་བསམ་པའི་སྟོབས་དང༌། གཟུངས་ཀྱི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཕུན་སུམ་ཚོགས་པའི་སྟོབས་དང༌། དབང་གི་སྟོབས་དང༌། སྤོབས་པའི་སྟོབས་དང༌། སྨོན་ལམ་གྱི་སྟོབས་དང༌། ཕ་རོལ་ཏུ་ཕྱིན་པའི་སྟོབས་དང༌། བྱམས་པ་ཆེན་པོའི་སྟོབས་དང༌། སྙིང་རྗེ་ཆེན་པོའི་སྟོབས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་བྱིན་གྱི་རླབས་ཀྱི་སྟོབས་སོ་ཞེས་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པའི་ངག་མ་ལུས་པ་དགོངས་པ་དང་བཅས་པ་ངེས་པར་རྟོགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ ངེས་པ་ལས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཕུང་པོ་བདུན་ཏེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པའི་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ༄༅། །འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ནི་བཞི་སྟེ། འདི་ལྟར། ལུས་དྲན་པ་ཉེ་བར་གཞག་དང༌། ཚོར་བ་དྲན་པ་ཉེ་བར་གཞག་དང༌། སེམས་དྲན་པ་ཉེ་བར་གཞག་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པའི་སྤོང་བ་བཞི་སྟེ། འདི་ལྟར། མ་ སྐྱེས་པའི་མི་དགེ་བ་མི་སྐྱེད་པའི་ཕྱིར་འདུན་པ་དང༌། སྐྱེས་པའི་མི་དགེ་བ་རྣམས་སྤང་བའི་ཕྱིར་འདུན་པ་དང༌། མ་སྐྱེས་པའི་དགེ་བ་རྣམས་བསྐྱེད་པའི་ཕྱིར་འདུན་པ་དང༌། སྐྱེས་པའི་དགེ་བ་རྣམས་སྤེལ་བའི་ཕྱིར་འདུན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདི་ལྟ་སྟེ། འདུན་པ་རྫུ་འཕྲུལ་རྐང་པ་དང༌། བརྩོན་ འགྲུས་རྫུ་འཕྲུལ་རྐང་པ་དང༌། སེམས་རྫུ་འཕྲུལ་རྐང་པ་དང༌། དཔྱོད་པ་རྫུ་འཕྲུལ་རྐང་པའོ། །དེ་ལ་བར་དུ་སྤོང་བའི་འདུ་བྱེད་བརྒྱད་སྐྱེ་སྟེ། འདི་ལྟར། འདུན་པ་དང༌། བརྩོན་འགྲུས་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང་བཏང་སྙོམས་སོ། །དབང་པོ་ལྔ་ནི། འདི་ ལྟ་སྟེ། དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི་འདི་ལྟ་སྟེ། དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་སོ། །དེ་ རྣམས་ནི་འཇིག་རྟེན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཡན་ལག་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ལམ་ཡན་ལག་བརྒྱད་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་ དག་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་ཀྱིས་ན་སྤོང་བའི་འདུ་བྱེད་སྤངས་བའི་སུམ་ཅུ་རྩ་བདུན་དུ་འགྱུར་རོ། །སྟོང་པ་ཉིད་ནི་བཅུ་དྲུག་སྟེ། འདི་ལྟར། ནང་གི་ཆོས་ནི་མིག་ལ་སོགས་པ་དྲུག་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ལ་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་ཆོས་ནི་གཟུགས་ལ་སོགས་པ་དྲུག་སྟེ། དེ་ནི་དེའི་རང་ བཞིན་གྱིས་སྟོང་པ་འདི་ནི་ཕྱི་སྟོང་པ་ཉིད་དོ། །དེ་ནི་ནང་ཡིན་ཏེ་སེམས་ཀྱིས་ཟིན་པའི་ཕྱིར་རོ། །ཕྱི་རོལ་ཡིན་ཏེ་དབང་པོས་བསྡུས་པ་མ་ཡིན་པའི་ཕྱིར་རོ། །གང་དབང་པོའི་རྟེན་དུ་གྱུར་པ་ཕྱི་རོལ་དང་ནང་གིས་བསྡུས་པ་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཉེ་བར་དམིགས་ པའི་སྟོང་པ་ཉིད་ནི་དམིགས་པའི་ཤེས་པའི་མཚན་ཉིད་སྟོང་པ་ཉིད་དེ་ནི་སྟོང་པ་ཉིད་དོ། །ཕྱོགས་བཅུ་རང་བཞིན་གྱིས་སྟོང་པ་དང༌། སྣོད་ནི་སྣོད་ཀྱི་རང་བཞིན་གྱིས་སྟོང་པ་འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་ནི་མྱ་ངན་ལས་འདས་པའོ། །དེ་ནི་དེའི་རང་བཞིན་གྱིས་སྟོང་པ་དོན་དམ་པ་སྟོང་པ་ཉིད་དོ། ། འདུས་བྱས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །གང་ལ་སྐྱེ་བ་མེད་འགག་པ་མེད་གནས་པ་མེད་གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་ཏེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། ། གང་གིས་རྟག་པ་དང་ཆད་པའི་མཐའ་ཉེ་བར་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། དབུས་ཞེས་བརྗོད་དེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འཁོར་བའི་ཐ་མ་མེད་པ་ཐོག་མ་མེད་པ་ཉིད་དོ། །དེ་ལ་ནི་དབུས་མེད་པའོ། །དེས་ན་ཐོག་མ་དང་ཐ་མ་དང་ དབུས་ནི་དེའི་རང་བཞིན་གྱིས་སྟོང་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །གང་དགེ་བའི་ཕྱོགས་མི་སྤོང་བ་དེ་ནི་དོར་བ་མེད་པ་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །གང་ཆོས་ཐམས་ཅད་ཀྱི་རང་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མ་བྱས་པ་འམ་མ་བསྒྱུར་བ་ དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ནི་དེའི་རང་བཞིན་གྱིས་ཆོས་ཐམས་ཅད་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་སུ་ཡོད་པའི་མཚན་གྱིས་གཟུགས་ཞེས་པ་ལ་སོགས་པ་རྒྱས་པར་རོ། །ཆོས་དེ་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་ ཀྱི་རང་བཞིན་གྱིས་དང་སྤྱིའི་མཚན་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །དུས་རྣམས་ནི་གདོད་ནས་རྣམ་པར་དག་པའི་ཕྱིར་དང༌། དངོས་པོ་བཏགས་པ་ཙམ་ཡིན་པའི་ཕྱིར་འདས་མ་འོངས་ད་ལྟར་ཉེ་བར་དམིགས་ཏེ་ཞེས་མི་དམིགས་པ་དེའི་གང་སྟོང་པ་ཉིད་དེ་ནི་མི་ ༄༅། །དམིགས་པ་སྟོང་པ་ཉིད་དོ། །ཀུན་ནས་ཚོགས་པ་ལས་བྱུང་བའི་ཆོས་རྣམས་ནི་རང་བཞིན་ཡོད་པ་མ་ཡིན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །དེས་ན་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་ནི་རང་གིས་སྟོང་པས་འདི་ནི་དངོས་པོ་མེད་ པའི་ངོ་བོ་ཉིད་དོ། །དངོས་པོ་ནི་ཕུང་པོ་ལྔ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་དངོས་པོ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་ནི་འདུས་མ་བྱས་ཏེ་ནམ་མཁའ་ལ་སོགས་པའོ། །དེ་ནི་དེའི་རང་བཞིན་གྱིས་སྟོང་པ་འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་དེ། དེ་དེས་སྟོང་པ་འདི་ ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཕ་རོལ་ཞེས་པ་ནི་འདོར་བ་ཉིད་དོ། །ངོ་བོ་ཞེས་པ་ནི་གཞན་གྱིས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཕ་རོལ་ངོ་བོ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཉིད་དོ། །དེ་དེས་སྟོང་པ་འདི་ནི་ཕ་རོལ་ངོ་བོ་སྟོང་པ་ཉིད་དོ། །བསམ་གཏན་ནི་བཞི་སྟེ། འདི་ལྟར། བསམ་གཏན་དང་པོ་ དང༑ བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པའོ། །དེ་ལ་བསམ་གཏན་བཞི་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དེ་ལ་བསམ་གཏན་དང་གཟུགས་མེད་པ་ནི་རྒྱུ་བཞིའི་འཇིག་རྟེན་པར་འགྱུར་ཏེ། འདི་ལྟར། ཀུན་ནས་ཉོན་ མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་བཞག་པ་དང༌། རྣམ་པར་དག་པའོ། །དེ་ལ་ལུང་དུ་མ་བསྟན་པའི་རྩ་བ་བཞི་ནི་ཀུན་ནས་ཉོན་མོངས་པ་སྟེ། དེ་རྣམས་ཀྱིས་ཉོན་མོངས་པའི་སེམས་ཀྱིས་ཉོན་མོངས་པའི་བསམ་གཏན་གྱི་སྒོ་ནས་ཉོན་མོངས་པར་འགྱུར་ཏེ་ཤིན་ཏུ་སྦྱངས་པའི་བདེ་བ་ཀུན་མྱང་བའི་ ཕྱིར་རོ། །ལྟ་བས་ལྟ་བ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་པ་ཅན་དུ་འགྱུར་ཏེ། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པ་ལ་སོགས་པ་ལྟ་བ་ཀུན་ནས་ལྡང་བའི་ཕྱིར་རོ། །ང་རྒྱལ་གྱིས་ང་རྒྱལ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་པ་ཅན་དུ་འགྱུར་ཏེ། དེས་ཁྱད་ པར་ལྷག་པར་རྟོགས་མཐོང་བས་འགྲོ་བའི་ཕྱིར་རོ། །མ་རིག་པ་ཐེ་ཚོམ་མཆོག་གི་བསམ་གཏན་པས་བསམ་གཏན་ཉོན་མོངས་ཅན་དུ་འགྱུར་ཏེ། དེ་ཁོ་ན་ཉིད་མ་རྟོགས་པར་གྲོལ་བ་འདོད་པའི་ཁྱད་པར་ལྷག་པར་རྟོགས་པ་ལ་ཐར་པ་མ་ཡིན་པ་ཞེས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་ སེམས་འདོད་པ་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་འཇུག་གོ། །རྣམ་པར་བྱང་བ་ནི་དཀའ་བའི་བསམ་གཏན་ལ་སོགས་པ་རྣམས་ནི་འཇིག་རྟེན་པ་ཡིན་ཡང་དགེ་བ་ཉིད་དེ། །ཀུན་ནས་ཉོན་མོངས་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །རྒྱུ་གཉིས་ དག་ལས་རྣམ་པར་བྱང་བར་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་ལ་སོགས་པའི་སྐྱོན་དང་བྲལ་བ་དང༌། ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །རྣམ་པར་གཞག་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། ཡན་ལག་རྣམ་པར་གཞག་པ་དང༌། སྙོམས་པར་འཇུག་པ་རྣམ་པར་གཞག་པ་དང༌། ཚད་ བཟུང་བ་རྣམ་པར་གཞག་པ་དང་མིང་དུ་བྱ་བའོ། །དེ་ལ་ཡན་ལག་རྣམ་པར་གཞག་པ་ནི་བསམ་གཏན་དང་པོ་ནི་ཡན་ལག་ལྔའོ་ཞེས་པ་ལ་སོགས་པའོ། །དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔ་སྟེ། འདི་ལྟར། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་ རྩེ་གཅིག་པ་ཉིད་དོ། །དེ་རྣམས་ལ་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དག་གཉེན་པོའི་ཡན་ལག་གོ། །དགའ་བ་དང༌། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་གཉེན་པོའི་ཡན་ལག་དང་ཕན་ཡོན་གྱི་ཡན་ལག་དག་གི་རྟེན་གྱི་ཡན་ལག་གོ། །ཡན་ལག་ལྔ་པོ་དེ་དང་ལྡན་པས་ བསམ་གཏན་དང་པོ་ནི། སྐྱོན་གཉིས་དང་རྣམ་པར་བྲལ་བར་འགྱུར་ཏེ། འདི་ལྟར། འདོད་པས་དབེན་པ་དང༌། སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་དང༌། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ཉེ་བར་ཞི་བའི་ཕྱིར་རྣམ་རྟོག་མེད་ཅིང་རྣམ་པར་དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ནི་ཡན་ལག་བཞི་ སྟེ༑ ཡན་ལག་བཞི་ནི་འདི་ལྟར། ནང་རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །དེ་རྣམས་ལ་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་གོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་རྟེན་གྱི་ཡན་ལག་གོ། །བསམ་གཏན་གསུམ་པ་ནི་ ཡན་ལག་ལྔ་སྟེ། དེ་ལ་ཡན་ལག་ལྔ་ནི་འདི་ལྟ་སྟེ། དགའ་བ་ཡང་བཏང་སྙོམས་སུ་བྱེད་པའི་ཕྱིར་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །དེ་རྣམས་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གཉེན་པོའི་ཡན་ལག་གོ། །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ ༄༅། །གོ༑ །སེམས་རྩེ་གཅིག་པ་ནི་རྟེན་གྱི་ཡན་ལག་གོ། །བསམ་གཏན་བཞི་པ་ནི་ཡན་ལག་བཞི་སྟེ། དེ་ལ་ཡན་ལག་བཞི་ནི་འདི་ལྟ་སྟེ། བཏང་སྙོམས་རྣམ་པར་དག་པ་དང༌། དྲན་པ་རྣམ་པར་དག་པ་དང༌། སྡུག་བསྔལ་ཡིད་དགའ་བ་ཡིད་མི་བདེ་བ་རྣམས་སྔོན་པ་ཞིན་དུ་སྤངས་ པ་ཉིད་ཀྱི་ཕྱིར། སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པའོ། །འདི་རྣམས་ལ་བཏང་སྙོམས་རྣམ་པར་དག་པ་དང་དྲན་པ་རྣམ་པར་དག་པ་ནི་གཉེན་པོའི་ཡན་ལག་གོ། །སྡུག་བསྔལ་མིན་བདེ་བ་མིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ ནི་རྟེན་གྱི་ཡན་ལག་གོ། །འཕགས་པ་གནས་བརྟན་པའི་སྡེ་པའི་ལུང་ལས་བསམ་གཏན་ལྔ་བཤད་དེ། དེ་ལ་རྣམ་རྟོག་དཔྱོད་པ་དགའ་བ་བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་དང་པོ་ནི་ཡན་ལག་ལྔ་ལྡན་ནོ། །དཔྱོད་པ་དགའ་བ་བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་ གཏན་གཉིས་པ་ནི་ཡན་ལག་བཞི་ལྡན་ནོ། །དགའ་བ་བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་གསུམ་པ་ནི་ཡན་ལག་གསུམ་ལྡན་ནོ། །བདེ་བ་སེམས་རྩེ་གཅིག་པ་དང་ལྡན་པའི་བསམ་གཏན་བཞི་པ་ནི་ཡན་ལག་གཉིས་ལྡན་ནོ། །བཏང་སྙོམས་དང་སེམས་རྩེ་གཅིག་པ་དང་ལྡན་པའི་ བསམ་གཏན་ལྔ་པ་ནི་ཡན་ལག་གཉིས་ལྡན་ནོ། །སྙོམས་པར་འཇུག་པ་རྣམ་པར་གཞག་པ་ནི། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུའོ། །དེ་ལ་ཡིད་ལ་བྱེད་པ་བདུན་ནི་འདི་ལྟ་སྟེ། མཚན་ཉིད་ སོ་སོར་རིག་པ་ཡིད་ལ་བྱེད་པ་དང༌། ལྷག་པར་གྲོལ་བ་དང༌། རྣམ་པར་དབེན་པ་དང༌། དགའ་བ་འདུད་པར་བྱེད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐར་ཐུག་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུའོ། །དེ་ལ་མཉམ་པར་གཞག་པའི་ཡིད་ལ་བྱེད་པས་འདོད་པ་ལ་སྐྱོན་དུ་ཡང་དག་པར་མཐོང་བས་ དང༑ རགས་པའི་མཚན་ཉིད་སོ་སོར་མྱོང་བར་བྱེད་དེ། དེ་དག་དངོས་པོ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་སོ་སོར་མྱོང་བར་བྱེད་དོ། །འདི་ནི་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པའོ། །དེ་ཡང་ཐོས་པ་དང་བསམ་པ་མང་བར་ཤེས་པར་བྱའོ། །དེ་ལས་གོང་དུ་ཐོས་བསམ་ལས་ འདས་ཏེ། མཐའ་གཅིག་ཏུ་སྒོམ་པའི་རྣམ་པ་ཡིད་ཞི་བའི་མཚན་ཉིད་ཀྱིས་མཚན་མ་ལ་དམིགས་པའི་ཞི་གནས་ལྷག་མཐོང་བསྒོམས་པ་ནས་ཡང་ཅི་ལྟར་བཙལ་བའི་རགས་པ་དང་ཞི་བ་ཉིད་ལྷག་པར་མོས་པར་བྱེད་པ་འདི་ནི་ལྷག་པར་གྲོལ་བའོ། །དེ་དག་དང་པོ་ཉིད་དུ་གོམས་པའི་ལས་སྤོང་བའི་ལམ་དང་ ལྷན་ཅིག་ཏུ་ཡིད་ལ་བྱེད་པ་ནི། རབ་ཏུ་དབེན་པ་སྟེ། དེས་ཉོན་མོངས་པའི་རྣམ་པ་མཆོག་སྤངས་པའི་ཕྱིར་དང༌། བཏང་སྙོམས་ཀྱི་གནས་ངན་ལེན་སྤངས་པའི་ཕྱིར་རོ། །རྣལ་འབྱོར་པ་དེ་ནི་ལ་གོང་དུ་སྤོང་བ་དང་སོང་བའི་ཕན་ཡོན་མཐོང་བ་ལ་དགའ་བར་འགྱུར་ཞིང༌། རབ་ཏུ་དབེན་པ་ཆུང་ངུ་དགའ་བ་ བདེ་བ་དང་ལྡན་པས། དུས་དང་དུས་སུ་རབ་ཏུ་དང་བའི་ཡིད་ལ་བྱེད་པས། རྨུགས་པ་དང་རྒོད་པ་བསལ་གྱི་བར་དུ་སེམས་ཀུན་དུ་དགའ་བར་བྱེད་པ་འདི་ནི་དགའ་བ་སྡུད་པར་བྱེད་པའོ། །དགེ་བའི་སྦྱོར་བ་ཉེ་བར་བསྟན་པ་ཡང་དག་པར་ལྡན་པའི་རྣལ་འབྱོར་བ་དེ་ཉིད་ཀྱིས། འདོད་པ་ན་སྤྱོད་པའི་ཉོན་ མོངས་པ་ཀུན་ནས་དཀྲིས་པ་ཀུན་དུ་སྤྱོད་པ། དེ་དག་རབ་ཏུ་སྤངས་པ་ཉིད་རྟོགས་པའི་དོན་དུ། དེ་དག་མི་འབྱུང་བའི་རྗེས་སུ་མཐུན་པ་མི་སྡུག་པའི་མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ནི་དཔྱོད་པ་ཡིད་ལ་བྱེད་པའོ། །རྣལ་འབྱོར་པ་དེ་ཉིད་གཉེན་པོ་སྤྱོད་པ་བསྒོམ་པ་ལས། སྦྱོར་བ་དེ་སྲིད་པ་ཡིན་ གྱི༑ འདོད་པ་སྤྱོད་པའི་ཉོན་མོངས་པ་སྤང་པའི་ཕྱིར་ནི་མ་ཡིན་ནོ། །བསམ་གཏན་དང་པོའི་སྦྱོར་བ་མཐར་ཐུག་པར་ཕྱིན་པ་གཉེན་པོ་ཡིད་ལ་བྱེད་པ་ནི་སྦྱོར་བ་མཐར་ཐུག་པའོ། །དེ་མ་ཐག་ཏུ་དངོས་གཞི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་རྟོགས་པའི་ཕྱིར། དེས་ན་སྦྱོར་བ་མཐར་ཐུག་པའི་ འབྲས་བུ་ཞེས་སོ། །ཅི་ལྟར་བསམ་གཏན་དང་པོ་ཐོབ་པའི་ཕྱིར་ཡིད་ལ་བྱེད་པ་དེ་བཞིན་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པའི་ཕྱིར་ཡིད་ལ་བྱེད་པ་ཅི་རིགས་པར་སྦྱར་བར་བྱའོ། །ས་འོག་མ་ཐམས་ཅད་རགས་པའི་མཚན་ཞེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །ཚད་བཟུང་ བ་རྣམ་པར་གཞག་པ་ནི། བསམ་གཏན་དང་པོ་ཆུང་ངུ་ཡོངས་སུ་བསྒོམས་པས་ཚངས་རིས་སུ་སྐྱེ་བའོ། །འབྲིང་པོ་ཡོངས་སུ་བསྒོམས་པས་ཚངས་པའི་མདུན་ན་འདོན་དུའོ། །ཆེན་པོ་ཡོངས་སུ་བསྒོམས་པས་ཚངས་པ་ཆེན་པོར་སྐྱེ་བའོ། །དེ་ལ་སོགས་པ་སྔོན་དུ་གསུངས་པ་ཅི་ལྟ་བ་བཞིན་ནོ། ། ༄༅། །གཟུགས་མེད་པ་ལ་གནས་གཞན་མེད་པར་སྐྱེ་བ་ཐ་དད་པ་མེད་པའོ། །སྙོམས་པར་འཇུག་པ་ཆུང་ངུ་འབྲིང་ཆེན་པོ་ཡོངས་སུ་བསྒོམས་པས་གཟུགས་མེད་པ་རྣམས་ཀྱི་སྐྱེ་བ་ལ་མཐོ་བ་དང་དམའ་བ་དང་དམན་པ་དང་གྱ་ནོམ་པ་ཉིད་ནི་ཤེས་སོ། །དེ་ལ་དམའ་བ་དང་མཐོ་བ་ནི་ཚེ་ལ་ སོགས་པའི་ཁྱད་པར་གྱིས་སོ། །དམན་པ་དང་གྱ་ནོམ་པ་ནི་ཉོན་མོངས་པ་དང་ཉོན་མོངས་པ་མེད་པ་དང་མང་བའི་ཁྱད་པར་གྱིས་སོ། །མིང་དུ་བྱ་བ་རྣམ་པར་གཞག་པ་ནི། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་དེ་སྙེད་ལ་སངས་རྒྱས་བཅོམ་ལྡན་འདས་དང་མཐུ་ཆེན་པོ་ཐོབ་པའི་བྱང་ཆུབ་ སེམས་དཔའ་རྣམས་སྙོམས་པར་འཇུག་གོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཏིང་ངེ་འཛིན་དེ་རྣམས་ཀྱི་མིང་ཡང་མི་ཤེས་ན། སྙོམས་པར་འཇུག་པའམ་གྲངས་ཤེས་པར་ག་ལ་འགྱུར། ཅི་ལྟར་བསམ་གཏན་དང་པོས་བསྡུས་པ་དེ་བཞིན་དུ། ལྷག་མ་བསམ་གཏན་དང་གཟུགས་མེད་པས་བསྡུས་ པ་ཉིད་དོ། །འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པའོ་ཞེས་སོ། །རྣམ་པར་དག་པ་ནི་བསམ་གཏན་དང་པོ་ནི་རབ་ཀྱི་མཐའ་ཕྱིན་པའོ་ཞེས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུའོ། །དེ་ལྟར་བསམ་གཏན་དང་གཟུགས་མེད་པ་དང༌། གཞན་ཏིང་ངེ་འཛིན་རྣམ་པ་དབྱེ་ བ་མཐའ་མེད་པ། བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་ཐམས་ཅད་ནི་འཇིག་རྟེན་པའོ། །གཟུགས་མེད་པ་ནི་བཞི་སྟེ། འདི་ལྟར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ལ་ ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་འདུ་ཤེས་གསུམ་དང་བྲལ་ཏེ། འདི་ལྟར། སྔོན་པོ་ལ་སོགས་པ་གཟུགས་ཀྱི་འདུ་ཤེས་དང༌། རྩིག་པ་མཁར་ལ་སོགས་པ་སྒྲིབ་པའི་འདུ་ཤེས་དང༌། ཕོ་བྲང་སྐྱེད་མོས་ཚལ་རི་མཚོ་ཟླ་བ་ཉི་མ་ལ་སོགས་པ་ཐ་དད་པའི་འདུ་ཤེས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་ནི་ནམ་མཁའི་འདུ་ཤེས་དང་བྲལ་བའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་ཤེས་ཀྱི་འདུ་ཤེས་དང་བྲལ་བའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དང་ཡང་བྲལ་བའོ། །གཟུགས་མེད་པ་དེ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་རྣམ་པར་ དག་པ་དང་རྣམ་པར་གཞག་པ་གསུམ་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །ཡན་ལག་རྣམ་པར་གཞག་པ་འབའ་ཞིག་ནི་མེད་པ་སྟེ། ཞི་གནས་གཅིག་པུའི་རོ་དང་ལྡན་པའི་ཕྱིར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་མ་གཏོགས་པ། གང་བསམ་ གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དེ་ནི་འཇིག་རྟེན་ལས་འདས་པའོ། །གལ་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མ་གཏོགས་པ་ཅི་ལྟར་ཞེ་ན། བརྗོད་དེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་ནི་འཇིག་རྟེན་པ་ཉིད་དུ་འགྱུར་ཏེ། འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་གསལ་བ་མ་ཡིན་པས་ཉེས་པ་འཇོམས་བྱེད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། བཅོམ་ལྡན་འདས་ཀྱིས། ཅི་སྲིད་དུ་འདུ་ཤེས་ཉིད་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་མངོན་དུ་བྱེད་དོ་ཞེས་གསུངས་སོ། །དག་པའི་བསམ་གཏན་ནི་རྣམ་པ་བཞི་སྟེ། འདི་ལྟར། སྤོང་ བའི་ཆ་དང་མཐུན་པ་དང༌། གནས་པའི་ཆ་དང་མཐུན་པ་དང༌། ཁྱད་པར་གྱི་ཆ་དང་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །སྲིད་པའི་རྩེ་མོ་ནི་དག་པ་རྣམ་པ་གཉིས་ཏེ། ཐ་མ་ནི་མི་སྲིད་པས་ཁྱད་པར་གྱི་ཆ་དང་མཐུན་པ་ལས་གཞན་ནོ། །དག་པ་འདིའི་མཚན་ཅི་ཞེ་ན། བརྗོད་དེ། ཉོན་མོངས་ པ་མི་སྐྱེ་བ་དང་རྗེས་སུ་མཐུན་པ་ནི་སྤོང་བའི་ཆ་དང་མཐུན་པའོ། །རང་གིས་དང་རྗེས་སུ་མཐུན་པ་ནི་གནས་པའི་ཆ་དང་མཐུན་པའོ། །ས་གོང་མ་དང་རྗེས་སུ་མཐུན་པ་ནི་ཁྱད་པར་གྱི་ཆ་དང་མཐུན་པའོ། །ཟག་པ་མེད་པ་དང་རྗེས་སུ་མཐུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །ཏིང་ངེ་འཛིན་གྱི་ ཉེས་པ་ནི་དྲུག་སྟེ། འདི་ལྟར། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། མི་རྩོལ་བ་དང༌། རྩོལ་བའོ། །ཏིང་ངེ་འཛིན་གྱི་དྲི་མ་བདུན་ཏེ། འདི་ལྟར། རྣམ་པར་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། བདེ་བ་དང༌། དབུགས་འཇུག་པ་དང༌། དབུགས་ འབྱུང་བའོ། །རྣམ་པར་ཐར་པ་ཞེས་པ་ནི། རྣམ་པར་ཐར་པ་བརྒྱད་དེ། འདི་ལྟར། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པས་ཕྱི་རོལ་གཟུགས་ལ་ལྟ་བ་འདི་ནི་གཉིས་སོ། །སྡུག་པའོ་ཞེས་མོས་པར་གྱུར་པ་འདི་ནི་གསུམ་པའོ། །དེ་གསུམ་ནི་སྤྲུལ་ ༄༅། །པའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པ་སྟེ་གཟུགས་ཅན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་རྣམ་པར་ཐར་པ་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་རྣམ་པར་ཐར་པ་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་རྣམ་པར་ཐར་པ་དྲུག་པའོ། །འདུ་ ཤེས་མེད་འདུ་ཤེས་མེད་མིན་ནི་རྣམ་པར་ཐར་པ་བདུན་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་བརྒྱད་པའོ། །དེ་ལྔ་ནི་གཟུགས་མེད་པའི་རྣམ་པར་ཐར་པའོ། །དེ་ལ་དག་པའི་གཟུགས་མེད་བཞི་ནི། དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པའོ། །ཞི་བ་ལ་གནས་པ་ ཞེས་བརྗོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་འདྲ་བའི་གནས་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་རྟེན་འདས་ནས། གང་སེམས་དང་སེམས་ལས་བྱུང་བ་རྣམས་འགགས་ཏེ། ལྡང་བ་ཚུན་ཆད་དུ་མཆོག་ཏུ་ཞི་བར་གནས་པའི་ཕྱིར་རོ། །དེའི་སྒྲིབ་པ་སྤོང་བའི་ཕྱིར་ རྣམ་པར་ཐར་པ་ཞེས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། འདི་ལྟ་སྟེ། བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་དང་འགོག་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི་འདི་ལྟ་སྟེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་ལ་ ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་ཤེས་ནས་ཕྱི་རོལ་གཟུགས་ཆེན་པོ་ལ་ལྟ་ཞིང༌། དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་གཉིས་པའོ། །ནང་གཟུགས་མེད་པར་འདུ་ ཤེས་ནས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང༌། དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་འདི་ནི་གསུམ་པའོ། །དེ་བཞིན་དུ་ཆེན་པོ་ཞེས་པ་ནི་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གཟུགས་སྔོན་པོ་ལ་ལྟ་ཞིང་དེ་དག་ཞེས་པ་ནི་ལྔ་པའོ། །དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་ པའོ༑ །དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན་པའོ། །དེ་བཞིན་དུ་དཀར་པོ་ཞེས་པ་ནི་བརྒྱད་པའོ། །དེ་ལ་གཟུགས་ཆུང་ངུ་ནི་[?] སེམས་ཅན་དུ་བརྗོད་པ་སྟེ་ཚད་ཆུང་ངུ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོ་ནི་སེམས་ཅན་དུ་བརྗོད་པ་མ་ཡིན་པ་སྟེ་ཁང་པ་དང་གཞལ་ཡས་ཁང་དང་རི་ལ་སོགས་པ་སྟེ། ཚད་ཆེན་པོ་ཉིད་ཡིན་ པའི་ཕྱིར་རོ། །ཟད་པར་བཅུ་ནི་འདི་ལྟ་སྟེ། ཟད་པར་ས་དང༌། ཟད་པར་ཆུ་དང༌། ཟད་པར་མེ་དང༌། ཟད་པར་རླུང་དང༌། ཟད་པར་སྔོན་པོ་དང༌། ཟད་པར་སེར་པོ་དང༌། ཟད་པར་དམར་པོ་དང༌། ཟད་པར་དཀར་པོ་དང༌། ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། ཟད་པར་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་དོ། །ཏིང་ངེ་འཛིན་གསུམ་ནི། རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ནོ། །འདི་ལྟར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །འགའ་ཞིག་དུ་རྣམ་པར་ཐར་པའི་སྒོ་བཞི་པ་ཡང་སྟེ། འདི་ལྟར། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོའོ། །ཤེས་པ་བཅུ་གཉིས་ནི། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཡོངས་སུ་སྦྱངས་པ་ཤེས་པ་དང༌། སྒྲ་ཅི་བཞིན་པ་ཤེས་པའོ། །དབང་པོ་ནི་གསུམ་སྟེ་འདི་ལྟར། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །རིམ་པ་བཞིན་དུ་མཐོང་བ་དང་བསྒོམ་པ་དང་མི་སློབ་པ་ལམ་རྣམས་སུའོ། །ཏིང་ངེ་འཛིན་ནི་གསུམ་སྟེ། འདི་ལྟར། རྟོག་པ་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་ པའི་ཏིང་ངེ་འཛིན་ནོ། །རྗེས་སུ་དྲན་པ་ནི་བཅུ་སྟེ། འདི་ལྟར། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་དང༌། སྐྱོ་བ་རྗེས་སུ་དྲན་པ་དང༌། འཆི་བ་རྗེས་སུ་དྲན་པ་དང༌། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའོ། །དེ་ལ་ལུས་སུ་སོན་པ་རྗེས་སུ་དྲན་པ་ནི། ལུས་ཀྱི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ངེས་པར་སེམས་པ་འདི་ལྟ་སྟེ། ལུས་འདི་ཉིད་ནི་རྐང་པའི་མཐིལ་ནས་སྤྱི་བོ་དང་སྐྲ་དང་ཀླད་པ་ནས་འོག་ཏུ་དང༌། སེན་མོ་དང་སྤུ་དང་ ༄༅། །སྐྲའི་མཐར་ཐུག་པ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བ་རྣམས་ཡང་དག་པ་ཅི་ལྟ་བ་སོ་སོར་རྟོག་པ་སྟེ། འདི་ལྟ་སྟེ། ལུས་འདི་ལ་ཡོད་དེ། སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། སྐྱི་དང༌། པགས་པ་དང༌། ཤ་དང༌། ཆུ་རྒྱུས་དང༌། ཆུ་སེར་དང༌། རུས་པ་དང༌། རྐང་གཞུངས་ དང༌། སྙིང་དང༌། མཁལ་མ་དང༌། མཚོར་བ་དང༌། གློ་བ་དང༌། མཆིན་པ་དང༌། ཕོ་བ་དང༌། རྒྱུ་མ་དང༌། གཉེ་མ་དང༌། གྲོད་པ་དང༌། ཕྱི་ས་དང༌། གཅིན་དང༌། མཆི་མ་དང༌། རྡུལ་དང༌། ཚིལ་དང༌། མཆིལ་མ་དང༌། སྣབས་དང༌། རྣག་དང༌། ཁྲག་དང༌། མཁྲིས་པ་དང༌། བད་ཀན་དང༌། ཞག་དང༌། དྲི་ མ་དང༌། གླང་པ་དང༌། མིག་རྣག་དང༌། རྣ་སྤབས་སོ། །ལུས་འདི་ལ་སོ་སོར་ཡང་དག་པ་ཅི་ལྟ་བ་བཞིན་སོ་སོར་རྟོག་གོ་ཞེས་སོ། །དེ་ལ་དཀོན་མཆོག་གསུམ་ནི་རྟེན་ནོ། །ཚུལ་ཁྲིམས་དང་གཏོང་བ་ནི་གཞིའོ། །ལྷ་ནི་དབང་པོའོ། །ཡིད་འབྱུང་བ་དང་འཆི་བ་དང་དབུགས་མི་འབྱིན་པའོ། །ལུས་སུ་སོན་པ་ དང་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དག་གིས་ན་རྣམ་པར་མི་བརྗེད་པའོ། །དེ་ལ་རྒྱུ་བཞིས་ཉིན་མོ་སངས་རྒྱས་རྗེས་སུ་དྲན་པ་སྟེ། འདི་ལྟར། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དང༌། མཆོད་པའི་ཆོ་ག་དང༌། རྣམ་པ་རྗེས་སུ་དྲན་པ་དང༌། ཕན་འདོགས་པ་རྗེས་སུ་དྲན་པའོ། །ཅི་ལྟར་ ཉིན་མོ་མི་ཉལ་བར་སངས་རྒྱས་རྗེས་སུ་དྲན་པ་གོམས་པ་དེ་ལས་ཉལ་བ་ནའང་དེ་ཁོ་ན་ལྟར་རྨི་ལམ་མཐོང་བའོ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་རྣམས་ནི་ཕན་ཡོན་བདུན་ཏེ། འདི་ལྟར་སྐྱེ་བ་དྲན་པར་འགྱུར་བ་དང༌། རབ་ཏུ་དང་བ་མང་བ་ཉིད་དང༌། དམན་པའི་ཆོས་ལ་འགྱོད་པ་དང་བཅས་པར་ འཆི་བའི་དུས་མི་བྱེད་པ་དང༌། ལུས་ཞིག་ན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེ་བའོ། །འདོད་ཁམས་དང་གཟུགས་ཁམས་ཀྱི་སེམས་ཅན་ལ་དམིགས་པས་ཚངས་པའི་གནས་བཞིའོ། །དེ་ཉིད་ཚད་མེད་པའི་སེམས་ཅན་ལ་དམིགས་པས་ཚད་མེད་པ་བཞིའོ། །འདི་ལྟ་སྟེ། བྱམས་ པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །དེ་ལ་བདེ་བ་དང་ལྡན་པར་འདོད་པས་ནི་བྱམས་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པས་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་འདོད་པས་ནི་དགའ་བའོ། །ཉོན་མོངས་པ་མེད་པར་འདོད་པས་ནི་བཏང་སྙོམས་སོ། །བཞི་པོ་དེ་རྣམས་ ནི་མོས་པས་སྤྱོད་པའི་ས་རུ་ནི་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་དུ་ནི་ཆོས་ལ་དམིགས་པའོ། །དེ་ལས་གོང་དུ་ནི་དམིགས་པ་མེད་པའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བཏང་སྙོམས་རྣམ་པ་གསུམ་བཤད་དེ། འདི་ལྟར། རྙེད་པ་ དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ལ་སོགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཉོན་མོངས་བཏང་སྙོམས་པའོ། །བཟོད་པ་བྱེད་པའི་ཕྱིར་རང་བཞིན་ཀུན་དུ་བསྲུང་བའི་བཏང་སྙོམས་སོ། །དུས་དང་དུས་མ་ཡིན་པའི་བཏང་སྙོམས་སོ། །དུས་དང་དུས་མ་ཡིན་པའི་བཏང་སྙོམས་ ནི་དྲུག་སྟེ། འདི་ལྟར། སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་པའོ། །ཚུལ་ཁྲིམས་དུས་སུ་སྦྱིན་པ་བཏང་སྙོམས་སོ། །བཟོད་པའི་དུས་སུ་བརྩོན་འགྲུས་བཏང་སྙོམས་སོ། །བརྩོན་འགྲུས་དུས་སུ་བསམ་གཏན་བཏང་སྙོམས་སོ། །བསམ་གཏན་དུས་སུ་སྦྱིན་པ་བཏང་སྙོམས་སོ། །ཤེས་ རབ་དུས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་བཏང་སྙོམས་སོ། །ནོར་ནི་བདུན་ཏེ། འདི་ལྟར། དད་པའི་ནོར་དང༌། ཚུལ་ཁྲིམས་ཀྱི་ནོར་དང༌། ཐོས་པའི་ནོར་དང༌། གཏོང་བའི་ནོར་དང༌། ཤེས་རབ་ཀྱི་ནོར་དང༌། ངོ་ཚ་བའི་ནོར་དང༌། ཁྲེལ་ཡོད་པའི་ནོར་རོ། །སྤྱན་ལྔ་ནི་འདི་ལྟ་སྟེ། ཤའི་སྤྱན་དང༌། རྣམ་པར་སྨིན་པའི་ ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །མངོན་པར་ཤེས་པ་དྲུག་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །གཟུངས་ནི་བཞི་སྟེ། འདི་ལྟར། བཟོད་པའི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་སོ། །ཡང་གཟུངས་ནི་བཅུ་སྟེ། འདི་ལྟར། དོན་གྱི་གཟུངས་དང༌། གཞུང་གི་གཟུངས་དང༌། མངོན་ཤེས་ཀྱི་གཟུངས་དང༌། འོད་ཟེར་རྣམ་པར་འགྱེད་པའི་གཟུངས་དང༌། ཕ་རོལ་རྒོལ་བ་ཚར་གཅོད་པའི་གཟུངས་དང༌། དེ་བཞིན་གཤེགས་པའི་མཆོད་པ་དང་དབུལ་པོ་སེམས་ཅན་རྗེས་སུ་བསྒྲུབ་པ་ཉེ་བར་སྒྲུབ་པའི་གཟུངས་དང༌། ཐེག་པ་ཆེན་པོ་ལ་གཞོལ་བའི་སེམས་ཅན་ ༄༅། །ཡང་དག་པར་གཟེངས་བསྟོད་པའི་གཟུངས་དང༌། མ་ཆགས་པའི་སྨོན་ལམ་གྱི་གཟུངས་དང༌། སྤོབས་པ་མི་ཟད་པའི་གཟུངས་དང༌། དོན་སྣ་ཚོགས་པའི་སྤོབས་པའི་གཟུངས་སོ། །འཆི་བ་དང༌། ཉོན་མོངས་པ་དང༌། དབུལ་བ་དང༌། ཉེ་བར་སྤྱོད་པ་དང༌། ངན་འགྲོ་དང༌། ཡོངས་ སུ་ཚོལ་བའི་འབད་པ་དང༌། ཆོས་ཀྱིས་ཕོངས་པའི་ལས་ཀྱི་སྒྲིབ་པ་དང༌། འདོད་པ་རྣམ་པར་ཉམས་པ་དང༌། སྦ་གོང་བ་དང༌། ཐེ་ཚོམ་སྟེ། ཉེ་བར་འཚེ་བ་བཅུའི་གཉེན་པོ་ནི་རིམ་པ་བཞིན་དུ་དབང་བཅུ་སྟེ། འདི་ལྟར། ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། ལས་ ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། ལྷག་པར་མོས་པ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཆོས་ལ་དབང་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ ངེས་པ་ལས་བྱང་ཆུབ་སེམས་དཔའི་ལམ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།བྱང་ཆུབ་སེམས་དཔའི་ཐེག་པ་ལ་རྟོགས་པར་བྱེད་པའི་གང་ཟག་གི་དབྱེ་བས་བྱང་ཆུབ་སེམས་དཔའི་རྣམ་པར་གཞག་པ་གཉིས་ཏེ། འདི་ལྟར། གང་ཟག་རྣམ་པར་གཞག་པ་དང༌། མངོན་པར་ རྟོགས་པ་རྣམ་པར་གཞག་པའོ། །དེ་ལ་གང་ཟག་གི་རྫས་མེད་ཀྱང་རྒྱུ་རྣམ་པ་བཞིས་གང་ཟག་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཐ་སྙད་བདེ་བའི་དོན་དུ་དང༌། མི་སྐྲག་པའི་དོན་དུ་དང༌། བདག་དང་གཞན་གྱི་སྐྱོན་ཅན་ཡོན་ཏན་ཅན་བསྟན་པའི་དོན་དུའོ། །དེ་ལ་ཐ་སྙད་བདེ་བའི་དོན་དུ་ཞེས་པ་ནི། གཟུགས་ལ་སོགས་པ་མང་པོ་རྣམས་ཀྱི་མཚན་ཉིད་ཐ་དད་པ། མིང་ཐ་དད་པ་མང་པོ་རྣམས་གཅིག་ཏུ་བསྡུས་པའི་སེམས་ཅན་གྱི་མིང་གིས་བརྗོད་པས་ཐ་སྙད་ཚེགས་མེད་པའི་ཕྱིར་རོ། །འཇིག་རྟེན་རྗེས་སུ་འཇུག་པའི་དོན་གྱིས་ཞེས་པ་ནི། འཇིག་རྟེན་ཆོས་ཙམ་གྱི་མིང་ནི་སེམས་ཅན་མེད་པར་ཐ་ སྙད་གནས་པ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་ཕལ་ཆེར་ནི་སེམས་ཅན་གྱི་ཐ་སྙད་ཀྱིས་སོ། །དེའི་ཕྱིར་འཕགས་པས་ཀྱང་ངེས་པར་འཇིག་རྟེན་དང་ལྷན་ཅིག་ཏུ་ཐ་སྙད་བྱ་ཞིང༌། དེ་འཇིག་རྟེན་རྗེས་སུ་འཇུག་པའོ། །འཇིག་རྟེན་མི་སྐྲག་པའི་དོན་དུ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་ མི་མཁས་པ་རྣམས་ཐམས་ཅད་དུ་སེམས་ཅན་མེད་པ་ཐོས་ནས་སྐྲག་པར་འགྱུར་བའི་ཕྱིར་རོ། །བདག་གཞན་གྱི་སྐྱོན་ཡོན་བསྟན་པ་ནི། གང་གིས་གང་ཟག་གི་རྣམ་པར་གཞག་པ་མི་བྱེད། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཙམ་བསྟན་མོད། སེམས་ཅན་དུ་བཏགས་པ་མེད་པས་སེམས་ཅན་ འདི་རྣམས་ཀྱི་སྐྱོན་རྣམས་ནི་སྤངས་སོ། །ཡོན་ཏན་འདི་རྣམས་ནི་བསྐྲུན་ནོ་ཞེས་ཤེས་པར་མི་ནུས་སོ། །དེ་ལ་གང་ཟག་རྣམ་པར་གཞག་པ་ནི་རྣམ་པ་བདུན་ཏེ། འདི་ལྟར། སྤྱོད་པའི་དབྱེ་བས་དང༌། ངེས་པར་འབྱུང་བའི་དབྱེ་བས་དང༌། ཉེ་བར་སྟོན་པའི་དབྱེ་བས་དང༌། སྦྱོར་བའི་དབྱེ་བས་དང༌། འབྲས་བུའི་ དབྱེ་བས་དང༌། ཁམས་ཀྱི་དབྱེ་བས་དང༌། བྱ་བའི་དབྱེ་བས་སོ། །དེ་ལ་སྤྱོད་པའི་དབྱེ་བས་གང་ཟག་བདུན་ཏེ། འདི་ལྟར་འདོད་ཆགས་ལ་སྤྱོད་པ་དང༌། ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པ་དང༌། ང་རྒྱལ་ལ་སྤྱོད་པ་དང༌། རྣམ་རྟོག་ལ་སྤྱོད་པ་དང༌། ཆ་མཉམ་པ་ལ་སྤྱོད་པ་དང༌། ཞན་པའི་སྡུག་ བསྔལ་ཅན་ནོ། །དེ་ལ་ཆགས་པར་བྱ་བའི་དངོས་པོ་དམན་པ་ལ་ཡང་འདོད་ཆགས་ཆེན་པོ་སྐྱེ་བའི་ཕྱིར་དང༌། སྐྱེས་པའི་འདོད་ཆགས་ཡུན་རིང་དུ་རྗེས་སུ་འབྲེལ་པའི་ཕྱིར་དྲག་ལ་རྒྱུན་རིང་བའི་འདོད་ཆགས་ལ་སྤྱོད་པའོ། །དེ་བཞིན་དུ་ཞེ་སྡང་དྲག་རིང་དང༌། དེ་བཞིན་དུ་གཏི་མུག་དྲག་རིང་དང༌། དེ་ཁོ་ན་ བཞིན་དུ་ང་རྒྱལ་དྲག་རིང་དང༌། དེ་བཞིན་དུ་རྣམ་རྟོག་དྲག་རིང་ངོ༌། གང་ཉོན་མོངས་ཐ་མལ་དུ་གནས་པ་མཉམ་པའི་ཆ་ལ་སྤྱོད་པ་སྟེ་ཉོན་མོངས་པ་མཉམ་པར་རྣམ་པར་གནས་པ་ཞེས་པའི་དོན་ཏོ། །གང་ཉོན་མོངས་པ་ཤིན་ཏུ་ཆུང་བ་ཐ་མལ་དུ་གནས་པ་ནི་ཞན་པའི་རྡུལ་ཅན་ནོ། །ངེས་པར་འབྱུང་བའི་དབྱེ་བས་གང་ ཟག་གསུམ་སྟེ། འདི་ལྟར། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་ནི་རང་བཞིན་གྱིས་དབང་པོ་རྟུལ་བ། ཉན་ཐོས་ཀྱི་ཆོས་ཉིད་ལ་ངེས་པའམ་མ་ངེས་པར་གནས་པ། བདག་ཉིད་འབའ་ཞིག་གྲོལ་བའི་ཕྱིར་སྨོན་ལམ་མཛད་པ། སྐྱོ་ བའི་བསམ་པ་དང་ཆགས་བྲལ་གྱི་བསམ་པ་དང་གྲོལ་བའི་བསམ་པས། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་ཅིང་དེ་སྡུག་བསྔལ་གྱི་མཐར་ཕྱིན་པ་རྗེས་སུ་ཐོབ་བོ། །རང་བཞིན་གྱིས་དབང་པོ་ཞན་པ་ནི་ཡང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དབང་པོ་ལ་ ༄༅། །ལྟོས་ནས་སོ། །རང་རྒྱལ་པའི་ཐེག་པ་པ་ནི། གང་རང་སངས་རྒྱས་ཀྱི་ཆོས་ཉིད་དུ་ངེས་པའམ་མ་ངེས་པའི་གནས་པ་རང་བཞིན་གྱིས་དབང་པོ་འབྲིང་དུ་གྱུར་པ་དག་ཁོ་ན་གྲོལ་བའི་ཕྱིར་སྨོན་ལམ་མཛད་པ་སྔོན་བཞིན་ནོ། །སྐྱོ་བ་ཆགས་བྲལ་རྣམ་གྲོལ་གྱི་བསམ་པས། ཉན་ ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བགྱིས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་སྐྱེས་པའམ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེས་པའམ། སྔོན་དུ་འབྲས་བུ་མ་ཐོབ་པ། སངས་རྒྱས་འབྱུང་བ་མེད་པ་རུ་རང་ཉིད་ཀྱིས་ལམ་མངོན་དུ་ བྱས་ཏེ། བསེ་རུ་ལྟར་གཅིག་པུ་གནས་པའམ། ཚོགས་དང་སྤྱོད་པར་གྱུར་ཏེ་སྡུག་བསྔལ་གྱི་མཐའ་རྗེས་སུ་འཐོབ་པོ། །ཐེག་པ་ཆེན་པོ་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའི་ཆོས་ཉིད་དུ་ངེས་པའམ་མ་ངེས་པར་རྣམ་པར་གནས་པ་ཉིད་དོ། །རང་བཞིན་གྱིས་དབང་པོ་རྣོ་བ། ཕྱོགས་ཐམས་ཅད་ དུ་མཐའ་མེད་པའི་ཁམས་གསུམ་པའི་སེམས་ཅན་རྣམས་རྣམ་པར་གྲོལ་བའི་ཕྱིར་སྨོན་ལམ་མཛད་པ། མི་གནས་པའི་མྱ་ངན་ལས་འདའ་བའི་བསམ་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་ལུང་བསྟན་པ་རབ་ཏུ་ཐོབ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །ལུང་བསྟན་པ་རབ་ཏུ་ཐོབ་ཅེས་པ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ཅེས་པའི་དོན་ཏོ། །ཉེ་བར་སྟོན་པའི་དབྱེ་ བས་གང་ཟག་གསུམ་སྟེ། འདི་ལྟར། ཚོགས་མ་བསགས་པ་དང༌། ཚོགས་བསགས་པ་དང་ཚོགས་མ་བསགས་པ་དང༌། ཚོགས་བསགས་པའོ། །དེ་ལ་ཚོགས་མ་བསགས་པ་ནི་གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་པ་མོས་པ་རབ་ཏུ་ཆུད་པ། ཆུང་དུ་ངེས་ངེས་པ་མེད་པའི་སྐྱེ་བ་དང་ དུས་ཀྱིས་ཐར་པའི་ཆ་དང་མཐུན་པ་དང་ལྡན་པའོ། །ཚོགས་བསགས་པ་དང་ཚོགས་མ་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་པ། མོས་པ་དང་རབ་ཏུ་དང་བ་འབྲིང་པོ། །འདྲིད་དེས་དུས་དང་སྐྱེ་བ་ངེས་པར་ཐར་པའི་ཆ་དང་མཐུན་པ་དང་ལྡན་པའོ། །ཚོགས་བསགས་པ་ ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་པས། མོས་པ་དང་རབ་ཏུ་དང་བ་རབ་ཏུ་གྱུར་པ། རབ་དེས་སྐྱེ་བ་དང་དུས་དེ་ལ་ཐར་པའི་ཆ་དང་མཐུན་པ་དང་ལྡན་པའོ། །གཞན་ཡང་ཚོགས་མ་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་ནས། བདེན་པ་ཆོས་ལ་ངེས་པར་ སེམས་པའི་བཟོད་པ་ཆུང་ངུ་ལྡན་པས། ཆུང་ངུ་དེས་སྐྱེ་བ་དང་དུས་ངེས་པ་མེད་པས་ངེས་པར་འབྱེད་པའི་ཆ་དང་ལྡན་པའོ། །ཚོགས་བསགས་པ་དང་མ་བསགས་པ་ནི། གང་བདེན་པའི་བདག་པོའི་ཆོས་འདི་ལ་དམིགས་ནས། ཆོས་ངེས་པར་སེམས་པའི་བཟོད་པ་འབྲིང་པོ་དང་ལྡན་པས་འབྲིང་ དེས་སྐྱེ་བ་དང་དུས་ངེས་པས་ངེས་པར་འབྱེད་པའི་ཆ་དང་ལྡན་པའོ། །ཚོགས་པས་གས་པ་ནི་གང་བདེན་པའི་བདག་པོའི་ཆོས་ལ་དམིགས་ནས་བདེན་པ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་རབ་དང་ལྡན་པས། རབ་དེས་སྐྱེ་བ་དེ་ལ་ངེས་པར་འབྱེད་པའི་ཆ་མཐུན་དང་ལྡན་པའོ། །དེ་ལ་ཕྱོགས་ དང་པོ་ནི། བདེན་པའི་བདག་པོའི་ཆོས་ལ་མོས་པ་དང་རབ་ཏུ་དང་པའི་མཚན་ཉིད་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། དད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ནི་བདེན་པའི་བདག་པོའི་ཆོས་ལ་ཆོས་ངེས་པར་སེམས་པའི་བཟོད་པའི་མཚན་ཉིད་ཀྱི་ངེས་པར་འབྱེད་པའི་ཆ་དང་ མཐུན་པ་སྟེ། ཤེས་རབ་གཙོ་བོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཆོས་མཆོག་ནི་མ་གཏོགས་ཏེ་འཇིག་རྟེན་ཆོས་མཆོག་ནི་རང་བཞིན་གྱིས་སྐད་ཅིག་ཉིད་ཡིན་པས་རྒྱུན་མེད་པའི་ཕྱིར་རོ། །དེ་ཡང་སྐྱེས་པ་དུས་དེ་ཉིད་པ་ཡིན་གྱིས་སྔོན་ནི་མ་ཡིན་ནོ། །དེ་ལ་དགེ་བའི་ཆོས་ལ་འདུན་པ་ཉེ་བར་བཟུང་སྟེ། གང་ ཐར་པའི་དོན་དུ་བྱེད་པའི་ངེས་པར་འབྱེད་པའི་བསྟན་པའི་ཆ་དང་མཐུན་པ་དེ་ནི་རྣམ་པ་བཞི་སྟེ། འདི་ལྟར། ལྷག་པའི་སྐལ་བ་ཅན་དང༌། ལྷག་པའི་མོས་པ་ཅན་དང༌། ལྷག་པའི་འདོད་པ་དང༌། ལྷག་པའི་རྟོགས་པ་ཅན་ནོ། །དགེ་བའི་ཆོས་ལ་འདུན་པ་དང་ཉེ་བར་བཟུང་སྟེ། གང་ཐར་པའི་དོན་དུ་ བྱེད་པ་དེ་ནི་ལྷག་པའི་སྐལ་པ་ཅན་ནོ། །གྲོལ་བ་དང་ལྡན་པའི་བསྟན་པ་ལ་ལྷག་པར་མོས་པ་དང་ལྷན་པ་གང་ཡིན་པ་དེ་ནི་ལྷག་པའི་མོས་པ་ཅན་ནོ། །དགའ་བ་དང་ལྡན་པའི་ཐར་པ་ལ་དམིགས་པ་མང་དུ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ལྷག་པའི་འདོད་པ་ཅན་ནོ། །སྐྱེ་བ་དེ་ཉིད་དུ་ངེས་པར་འབྱེད་པའི་ ༄༅། །ཆ་དང་མཐུན་པ་སྐྱེད་པ་གང་ཡིན་པ་དེ་ནི་ལྷག་པའི་རྟོགས་པ་ཅན་ནོ། །ངེས་པར་འབྱེད་པ་ནི་རྣམ་པ་དྲུག་སྟེ། འདི་ལྟར། རྗེས་སུ་མཐུན་པ་པ་དང༌། ཁྱད་དུ་འཕགས་པ་པ་དང༌། མངོན་དུ་བྱེད་པ་ཅན་དང༌། གཞན་དུ་ཡོངས་སུ་བསྔོ་བ་ཅན་དང༌། སྐྱེ་བ་གཅིག་པ་དང༌། སྟན་གཅིག་ པའོ༑ །དེ་ལ་གང་དང་པོ་ཉིད་དུ་བདེན་པ་དམིགས་པའི་རྣམ་པ་དགེ་བའི་རྩ་བ་ཆུང་ངུ་སྐྱེ་བ་དེ་ནི་རྗེས་སུ་མཐུན་པ་པའོ། །གང་འབྲིང་དེ་ནི་ཁྱད་པར་དུ་འཕགས་པ་སྟེ། ཆུང་ངུ་ལས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གང་བདེན་པ་མངོན་དུ་བྱ་བའི་ཕྱིར་སྐྱེ་བ་ཉིད་དུ་ཆེན་པོ་ཡང་དག་པར་འཇུག་པ་དེ་ནི་ མངོན་དུ་བྱེད་པ་ཅན་ནོ། །དེ་ནི་ཡང་དག་རིགས་མ་ངེས་པ་རྣམས་ཁྱད་པར་ཅན་གྱི་བྱང་ཆུབ་ཕྱིར་ཡོངས་སུ་བསྔོ་བ་དང༌། མཁན་པོ་མེད་པའི་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པའི་ཕྱིར་སྐྱེ་བ་གཞན་དུ་ཡོངས་སུ་བསྔོ་བ་ནི་གཞན་དུ་ཡོངས་སུ་བསྔོ་བའོ། །གང་སྐྱེ་བ་དེ་ཉིད་དུ་བདེན་པ་མངོན་ དུ་བྱ་བའི་ཕྱིར་ཡང་དག་པར་འཇུག་པ་དེ་ནི་སྐྱེ་བ་གཅིག་པའོ། །གང་སྟན་གཅིག་ལ་བདེན་པ་མངོན་དུ་བྱ་བའི་ཕྱིར་ཡང་དག་པར་འཇུག་པ་དེ་ནི་སྟན་གཅིག་པའོ། །སྦྱོར་བ་ལས་གང་ཟག་རྣམ་པ་གཉིས་ནི་འདི་ལྟ་སྟེ། དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱིས་རྗེས་སུ་འབྲང་བའོ། །དེ་ལ་གང་ཚོགས་ བསགས་པ་དབང་པོ་རྟུལ་པོ་གཞན་གྱིས་ཉེ་བར་བསྟན་པ་ལ་རྗེས་སུ་བརྟེན་ནས་བདེན་པ་མངོན་པར་རྟོགས་པའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་དད་པས་རྗེས་སུ་འབྲང་བའོ། །གང་ཚོགས་བསགས་པ་དབང་པོ་རྣོན་པོ་རང་ཉིད་ཀྱིས་བདེན་པའི་བདག་པོས་ཆོས་འདི་ལ་རྗེས་སུ་བརྟེན་ནས་མངོན་པར་རྟོགས་པའི་ ཕྱིར་རབ་ཏུ་སྦྱོར་བ་དེ་ནི་ཆོས་ཀྱིས་རྗེས་སུ་འབྲང་བའོ། །འབྲས་བུའི་དབྱེ་བས་གང་ཟག་བཅུ་གསུམ་སྟེ། འདི་ལྟར་དད་པས་ལྷག་པར་མོས་པ་དང༌། མཐོང་བས་ཐོབ་པ་དང༌། ལུས་ཀྱིས་མངོན་དུ་བྱེད་པ་དང༌། ཤེས་རབ་རྣམ་པར་གྲོལ་བ་དང༌། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང༌། རྒྱུན་དུ་ཞུགས་པའི་ འབྲས་བུའི་ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། །ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པའོ། །དེ་ལ་རྒྱུན་དུ་ ཞུགས་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སོ། །ལན་ཅིག་ཕྱིར་འོང་བ་ནི་གཅིག་སྟེ། འདི་ལྟར་བར་ཆད་གཅིག་པའོ། །ཕྱིར་མི་འོང་བ་ནི་རྣམ་པ་ལྔ་སྟེ། འདི་ལྟར་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་པ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་འཕོ་བའོ། །དགྲ་བཅོམ་པ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན་དང༌། འཆི་བར་སེམས་པའི་ ཆོས་ཅན་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་དང༌། གནས་པ་ལས་མི་གཡོ་བ་དང༌། མངོན་དུ་བྱེད་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་ནོ། །དེ་ལ་གང་འབྲས་བུ་དུས་སུ་དད་པས་རྗེས་སུ་འབྲང་བའི་གང་ཟག་དེ་ནི་དད་པས་ལྷག་པར་མོས་པའོ། །གང་འབྲས་བུ་དུས་སུ་ཆོས་ཀྱིས་རྗེས་སུ་འབྲང་ བ་དེ་ནི་མཐོང་བས་ཐོབ་པའོ། །གང་སློབ་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པའི་གང་ཟག་ཕྱིར་མི་འོང་བ་དེ་ནི་ལུས་ཀྱིས་མངོན་དུ་བྱེད་པ་སྟེ། རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ་བྱས་ཤིང་སྙོམས་པར་འཇུག་པ་རྣམ་པར་གནས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་བཤད་ཟིན་དང་བཤད་པར་ བྱའོ༑ །གང་ཞིག་ཟག་པ་ཟད་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པ་མ་ཡིན་པ་དེ་ནི་ཤེས་རབ་རྣམ་པར་གྲོལ་བ་སྟེ། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་ཙམ་ལྷག་མ་མེད་པར་སྤངས་པའི་ཕྱིར་རོ། །གང་ཞིག་ཟག་པ་ཟད་པ་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པ་དེ་ནི་ཉོན་མོངས་ པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་དག་ལས་རྣམ་པར་གྲོལ་བའི་ཕྱིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་རྣམས་ཀྱི་གང་ཟག་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པའོ། །སྟན་གཅིག་ པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནས་བརྩམས་ཏེ་འབྲས་བུ་དང་པོ་ཐོབ་ཀྱི་བར་དུའོ། །མཐོང་ལམ་དེ་ནི་ཡང་དག་པ་ཉིད་དུ་ངེས་པར་རྣམ་པར་གནོན་པ་དང༌། ཆོས་མངོན་པར་རྟོགས་པ་ཡང་ངོ༌། །ཡང་མཐོང་བའི་ལམ་གྱི་མཇུག་ཏུ་འབྲས་བུ་དང་པོ་ཐོབ་པའི་གང་ཟག་གང་ཞེ་ན། གང་མཐར་གྱིས་ ༄༅། །པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ། ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པ་ན་རྒྱུན་དུ་ཞུགས་པར་གྱུར་པའོ། །ཆགས་པ་དང་བྲལ་བའི་ཕྱོགས་གཅིག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པའོ། །གང་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་ པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་དང་པོ་དྲུག་སྤངས་པ་ནི་སླར་ཡང་འདོད་ཆགས་དང་བྲལ་བ། ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་ན་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །ཡང་སྔོན་དུ་འཇིག་རྟེན་པའི་ལམ་གྱི་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་རྣམ་པ་ དང་པོ་དྲུག་དག་སྤངས་ཏེ། གང་ལས་སླར་ཡང་འདོད་པ་ལ་འདོད་ཆགས་དང་བྲལ་བར་གྱུར་པ་ན། ཕྱིས་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པ་དེ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཉིད་དུ་འགྱུར་རོ། །འདོད་པ་ལ་འདོད་ཆགས་དང་བྲལ་བ། ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་ན་ ཕྱིར་མི་འོང་བར་འགྱུར་རོ། །གང་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་འཇིག་རྟེན་པའི་ལམ་གྱིས་སྤངས་ཏེ་འདོད་པ་ལ་འདོད་ཆགས་དང་བྲལ་བར་གྱུར་པ་ན་ངེས་པ་ལ་ཞུགས་པ། དེ་ཕྱིར་མི་འོང་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ རྣམས་སྤངས་བས་རྒྱུན་དུ་ཞུགས་པ་ཡིན་གྲང་ན། དེ་རྒྱུ་གང་གིས་ཀུན་དུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་ཞེས་བརྗོད་ཅེ་ན། བརྗོད་པར་བྱ་སྟེ། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོའི་ཕྱིར་རོ། །གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དང་པོ་ལྔ་རྣམས་སྤངས་པའི་ལམ་ གྱིས་གང་ཟག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ། །གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་པ་སྤངས་པ་ཡོངས་སུ་རྫོགས་པའི་གང་ཟག་ནི་ལན་ཅིག་ཕྱིར་འོང་བའོ། །གང་བསྒོམ་པའི་ལམ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟེང་དུ། འདོད་པ་ ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་བདུན་པ་དང་བརྒྱད་པ་དག་སྤངས་པའི་ལམ་གྱི་གང་ཟག་ནི་ཕྱིར་མི་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པའོ། །གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་གྱི་གང་ཟག་ནི་ཕྱིར་མི་འོང་བའོ། །འདིར་སྨྲས་པ། གང་ཚེ་ འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཐམས་ཅད་སྤངས་པས་ཕྱིར་མི་འོང་བར་འགྱུར་གྲང་ན། དེ་རྒྱུ་གང་གིས་འོག་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པའི་ཕྱིར་མི་འོང་བ་ཞེས་བརྗོད་ཅེ་ན། བརྗོད་དེ། གཙོ་བོར་བསྡུས་པ་ཉེ་བར་བཟུང་བའོ། །སྨྲས་པ་ གཙོ་བོ་ཉེ་བར་བཟུང་བ་ཅི་ཞེ་ན། བརྗོད་དེ། འགྲོ་བ་དམན་པའི་རྒྱུ་དང་ཁམས་དམན་པའི་རྒྱུ་དང་ཉེ་བར་བཟུང་པའོ། །དེ་ལ་འགྲོ་བ་དམན་པ་ནི་དམྱལ་བ་ཡི་དགས་དུད་འགྲོ་རྣམས་སོ། །ཁམས་དམན་པ་ནི་འདོད་པའི་ཁམས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ཚུལ་ཁྲིམས་དང་བཏུལ་ཞུགས་ མཆོག་ཏུ་འཛིན་པ་ཐེ་ཚོམ་རྣམས་ཀྱིས་འགྲོ་བ་དམན་པ་ལས་མི་འདའ་བས། འཇིག་ཚོགས་ལ་ཏ་བ་ལ་སོགས་པ་དེ་རྣམས་ནི་འགྲོ་བ་དམན་པའི་རྒྱུ་ཉིད་དོ། །འདོད་པ་ལ་འདུན་པ་དང༌། གནོད་སེམས་དག་གིས་ཁམས་དམན་པ་ལས་ཡང་དག་པར་འདའ་བ་མ་ཡིན་པས་འདོད་པ་ལ་འདུན་པ་ དང་གནོད་སེམས་དེ་དག་ནི་ཁམས་དམན་པའི་རྒྱུ་ཉིད་དོ། །ཕྱིར་མི་འོང་བའི་འབྲས་བུ་དེ་མ་ཐག་ཏུ་གང་བསྒོམ་པའི་ལམ་ལ། བསམ་གཏན་དང་པོའི་ཉོན་མོངས་པའི་རྣམ་པ་དང་པོ་ནས་བརྩམས་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་བརྒྱད་པའི་བར་དུ་སྤངས་པའི་ལམ་གྱི་གང་ཟག་དེ་ནི་དགྲ་ བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པའོ། །གང་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པ་ཡོངས་སུ་རྫོགས་པའི་གང་ཟག་དེ་ནི་དགྲ་བཅོམ་པའོ། །འདིས་སྨྲས་པ། གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཡིན་གྲང་ན། རྒྱུ་ གང་གིས་དེ་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་སྤངས་པས་དགྲ་བཅོམ་པར་འགྱུར་རོ་ཞེས་བཤད་ཅེ་ན། བརྗོད་དེ། གཙོ་བོ་བསྡུས་པ་ཉེ་བར་བཟུང་བའོ། །སྨྲས་པ། གཙོ་བོ་ཉེ་བར་བཟུང་བ་ཅི་ཞེ་ན། བརྗོད་དེ། གོང་མཉེ་བར་ལེན་པའི་རྒྱུ་ཉིད་དང༌། གོང་མ་ཡོངས་སུ་མི་སྤོང་བའི་རྒྱུ་དག་ ཉེ་བར་བཟུང་བའོ། །དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དག་ལས་འདོད་པའི་ཁམས་ཀྱི་གོང་མ་ཉེ་བར་ལེན་པ་སྟེ་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉེ་བར་སྐྱེ་བའོ་ཞེས་པའི་དོན་ཏོ། །སྲེད་པ་མཆོག་གི་བསམ་གཏན་པས་ཀྱིས་དེ་རུ་ཀུན་ནས་ཉོན་མོངས་པས་སོ། །རྒོད་ ༄༅། །པ་དང༌། ང་རྒྱལ་དང་ཐེ་ཚོམ་རྣམས་ཀྱིས་གོང་མ་ཡོངས་སུ་མི་སྤོང་བ་སྟེ་ཐེ་ཚོམ་མཆོག་གི་བསམ་གཏན་པས་ཀྱིས་དེ་རུ་ཀུན་ནས་ཉོན་མོངས་པའི་ཕྱིར་རོ། །གང་རྒྱུན་དུ་ཞུགས་པ་ཉིད་འདྲེས་པ་དང་ཉེ་བར་འདྲེས་པས་ལྷ་རུ་བདུན་དང་མིའི་བདུན་གྱི་སྲིད་པ་ལ་བརྟེན་ ནས་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པའི་གང་ཟག་དེ་ནི་སྲིད་པ་ཐ་མ་ལན་བདུན་པའོ། །གང་ལྷ་རུའམ་མི་རིགས་རིམ་དུ་སོང་སྟེ་མིའི་ནང་དུ་སྡུག་བསྔལ་གྱི་མཐར་རྗེས་སུ་སོན་པ་དེ་ནི་རིགས་ནས་རིགས་སོ། །གང་རྒྱུན་དུ་ཞུགས་པ་ཉིད་ལྷ་རུའམ་མི་རུ་སྲིད་པ་གཉིས་ལ་བརྟེན་ཏེ་ ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཆེད་དུ་ཞུགས་པའོ། །གང་ལན་ཅིག་ཕྱིར་འོང་བ་ཉིད་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་ལྷའི་ནང་ཉིད་དུ་སྲིད་པ་གཅིག་ལ་བརྟེན་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བར་ཆད་གཅིག་པའོ། །བར་ཆད་ གཅིག་ནི་སྐྱེ་བ་གཞན་གང་གི་གོ་སྐབས་དེ་ནི་བར་ཆད་གཅིག་ཅེས་བྱའོ། །བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ། མངོན་པར་གྲུབ་པའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པས་བར་མའི་སྲིད་པ་མངོན་པར་གྲུབ་པ་ཉིད་ན་སྔོན་ དུ་གོམས་པའི་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་ནི་གཅིག་གོ། །གང་ཞིག་བར་དོའི་སྲིད་པ་མངོན་པར་གྲུབ་སྟེ། སྐྱེ་བའི་སྲིད་བར་འགྲོ་བའི་ཕྱིར་སེམས་པ་ཉིད་ན་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་ནི་གཉིས་པའོ། །གང་ཡང་སྐྱེ་བའི་སྲིད་པ་ཀུན་དུ་ བསམས་ཏེ་མངོན་དུ་གནས་པ་ཉིད་དེ། སྐྱེ་བའི་སྲིད་པ་ཐོབ་པ་ནི་མ་ཡིན་པ། ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པ་ནི་གསུམ་པའོ། །གང་སྐྱེ་བའི་ཀུན་དུ་སྦྱོར་བ་མ་སྤངས་ཤིང་མངོན་པར་གྲུབ་པའི་ཀུན་དུ་སྦྱོར་བ་མ་སྤངས་པས་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཙམ་ཉིད་ན་ལམ་ མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་ཕྱིན་པ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །གང་སྐྱེས་ནས་མངོན་པར་འདུ་བྱེད་པ་མེད་པ་སྟེ་འབད་པ་མེད་པར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐར་རྗེས་སུ་སོན་པ་དེ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། གང་སྐྱེས་ནས་མངོན་པར་འདུ་བྱེད་པ་སྟེ་འབད་པས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་རྗེས་སུ་ཐོབ་པ་དེ་ནི་མངོན་པར་འདུ་བྱེད་པས་ཡོངས་སུ་མྱ་ངན་ལས་འདའ་བའོ། །གོང་དུ་འཕོ་བ་རྣམ་པ་གཉིས་ཏེ། འདི་ལྟར། འོག་མིན་དུ་འགྲོ་བ་དང༌། སྲིད་པའི་རྩེ་མོར་འགྲོ་བའོ། །དེ་ལ་གང་རོ་མྱང་བ་ མང་དུ་སྐྱེ་བ་གྲུབ་པས་བསམ་གཏན་དང་པོའི་རོ་མྱང་བ་ཆུང་ངུ་ཚངས་རིས་སུའོ། །འབྲིང་གིས་ཚངས་པའི་མདུན་ན་འདོན་དུའོ། །ཆེན་པོས་ཚངས་པ་ཆེན་པོ་རུའོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་རོ་མྱང་བ་ཆུང་ངུས་འོད་ཆུང་ངུའོ། །འབྲིང་གིས་ཚད་མེད་འོད་དུའོ། །རབ་ཀྱིས་འོད་གསལ་ དུའོ། །བསམ་གཏན་གསུམ་པ་རོ་ཆུང་ངུ་མྱངས་པས་དགེ་ཆུང་ངུའོ། །འབྲིང་གིས་ཚད་མེད་དགེའོ། །རབ་ཀྱིས་དགེ་རྒྱས་སུའོ། །བསམ་གཏན་བཞི་པ་རོ་མྱང་བ་ཆུང་དུས་སྤྲིན་མེད་དུའོ། །འབྲིང་གིས་བསོད་ནམས་འཕེལ་དུའོ། །རབ་ཀྱིས་འབྲས་བུ་ཆེ་བ་རུའོ། །རྣམ་པར་བཀྲམ་པ་བསྒོམས་ པས་བསམ་གཏན་བཞི་པ་ཡོངས་སུ་གོམས་པ་ཆུང་དུས་མི་ཆེ་བར་རོ། །ཡོངས་སུ་གོམས་པ་འབྲིང་གིས་མི་གདུང་བར་རོ། །རབ་ཡོངས་སུ་གོམས་པས་ཤིན་ཏུ་མཐོང་དུའོ། །ཆེས་རབ་ཏུ་གོམས་པས་གྱ་ནོམ་སྣང་དུའོ། །འདི་རྣམས་སུ་བར་མེད་པར་ལན་རེ་རེ་སྐྱེའོ། །ཤིན་ཏུ་ཆེས་རབ་ཏུ་ གོམས་པས་འོག་མིན་དུ་ཞུགས་ཏེ་ལམ་མངོན་དུ་བྱས་ཤིང་ཡོངས་སུ་མྱ་ངན་ལས་འདའ་པ་དེ་ནི་འགོ་མིན་མཐར་ཐུག་པའོ། །གང་ཡང་ཚངས་རིས་ལ་སོགས་པ་ནས་འབྲས་བུ་ཆེ་བའི་མཐར་ཐུག་པར་ལན་རེ་རེ་སྐྱེས་ནས། རྣམ་པར་བཀྲམ་པ་མ་ཡིན་པའི་བསམ་གཏན་བཞི་པ་བསྒོམས་པས་གནས་གཙང་མ་ འབའ་ཞིག་ཡོངས་སུ་སྤངས་ཏེ། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམས་སུ་ལན་རེ་རེ་སྐྱེས་ནས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པའོ། །གང་དབང་པོ་རྟུལ་པོ་བག་མེད་པའམ་བག་ཡོད་པའམ་སེམས་པའམ་མི་སེམས་པ་ མཐོང་བའི་ཆོས་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དེ་ལ་སེམས་པའམ་མི་སེམས་པ་ཞེས་པ་ནི་རང་དགའ་ཉིད་ཀྱིས་ཉེ་བར་གནོན་བཞིན་པ་མ་ཡིན་པ་ཅེས་པའི་དོན་ཏོ། །གང་དབང་པོ་རྟུལ་པོ་རྟུལ་པོ་ཉིད་ ༄༅། །བག་མེད་པའམ་བག་ཡོད་པ། མི་སེམས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་འཇིག་རྟེན་པའི་བསམ་གཏན་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་དེ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དེ་ལ་སེམས་པའམ་མི་སེམས་པ་ཞེས་པ་ནི་རང་བདག་ཉིད་ཀྱིས་ཉེ་བར་ གནོན་བཞིན་པ་མ་ཡིན་པ་ཅེས་པའི་དོན་ཏོ། །གང་དབང་པོ་རྟུལ་པོ་རྟུལ་པོ་ཉིད་བག་མེད་པའམ་བག་ཡོད་པ། མི་སེམས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་ཡོངས་སུ་ཉམས་པའི་སྐལ་བ་ཅན་ནོ། །སེམས་པས་སྐལ་བ་ཅན་མ་ཡིན་པ་དེ་ནི་སེམས་པའི་ཆོས་ཅན་ནོ། །གང་དབང་པོ་རྟུལ་ པོ་ཉིད་བག་མེད་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་ཏེ། བག་ཡོད་པས་སྐལ་བ་ཅན་མ་ཡིན་པ་དེ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །གང་དབང་པོ་རྟུལ་པོ་བག་མེད་པའམ་བག་ཡོད་པ་དག་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ ཉམས་པའི་སྐལ་པ་ཅན་མ་ཡིན་པ། དབང་པོ་རྣམས་ཤིན་ཏུ་འབར་བར་བྱ་བའི་སྐལ་བ་ཅན་དེ་ནི་གནས་པ་ལས་མི་བསྐྱོད་པའོ། །དེ་ལ་དབང་པོ་ཤིན་ཏུ་འབར་བར་བྱ་བ་ནི་རབ་ཉིད་དུ་དྲང་བར་བྱ་ཞིང་རྣོ་བར་བྱ་བ་ཉིད་ཀྱི་བར་དུའོ། །དེ་ཉིད་ཀྱིས་མི་གཡོ་བའི་ཆོས་ཅན་ནི་དབང་པོ་ཤིན་ཏུ་འབར་བའི་སྐལ་བ་ ཅན་དུ་ནི་མ་གསུངས་ཏེ། དེ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཉིད་ཡིན་པའི་ཕྱིར་རོ། །གང་དབང་པོ་རྟུལ་པོ་ཟག་མེད་པའམ་བག་ཡོད་པ་དག་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་མ་ཡིན་པ། དབང་པོ་རྣམས་ཤིན་ཏུ་འབར་བར་བྱ་བའི་སྐལ་བ་ཅན་དེ་ནི་མངོན་ དུ་བྱེད་པའི་ཆོས་ཅན་ནོ། །གང་རང་བཞིན་གྱིས་དབང་པོ་རྣོ་བ་བག་མེད་པའམ་བག་ཡོད་པ་དག་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་པ་དེ་ནི་མི་གཡོ་བའི་ཆོས་ཅན་ནོ། །ཁམས་ཀྱི་དབྱེ་བས་གང་ཟག་བཅུ་གསུམ་སྟེ། འདི་ལྟར། འདོད་པ་ན་སྤྱོད་པའི་ སོ་སོ་སྐྱེ་བོ་དང༌། སློབ་པ་དང་མི་སློབ་པའོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་གསུམ་དང༌། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པ་གསུམ་དང༌། འདོད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང༌། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའོ། །གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་འཕགས་པའི་ཆོས་མ་བརྙེས་པ་དེ་ནི་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོའོ། །གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་འཕགས་པའི་ཆོས་རྣམས་ཐོབ་པ་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་ པ་དེ་ནི་འདོད་པ་ན་སྤྱོད་པའི་སློབ་པའོ། །གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་འཕགས་པའི་ཆོས་རྣམས་ཐོབ་པ་ཀུན་དུ་སྦྱོར་བ་ལྷག་མ་མེད་པ་དེ་ནི་འདོད་པ་ན་སྤྱོད་པའི་མི་སློབ་པའོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་གསུམ་དང༌། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པ་གསུམ་མོ། ། གང་གཟུགས་མེད་པའི་འགྲིབ་པའི་བསམ་གཏན་དང་ལྡན་པ་བསམ་གཏན་བདེ་བས་གནས་པ་དག་འདོད་པའི་ཁམས་སུ་སྐྱེ་བ་དེ་ནི་འདོད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའོ། །གང་གཟུགས་མེད་པའི་འགྲིབ་པའི་བསམ་གཏན་དང་ལྡན་པ་བསམ་གཏན་བདེ་བས་གནས་པ་དག་གཟུགས་ ཀྱི་ཁམས་སུ་སྐྱེ་བ་དེ་ནི་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའོ། །འདིར་སྨྲས་པ། གཟུགས་མེད་པ་ནི་སྤྱོད་པའི་བྱང་ཆུབ་སེམས་དཔའ་མེད་པ་རྒྱུ་ཅི་ཞེ་ན། བརྗོད་དེ། ནུས་པ་ཁྱད་པར་ཅན་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱེ་མཆེད་ཉེ་བར་བཟུང་སྟེ། སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་ནི་གཟུགས་མེད་པའི་ཁམས་སུ་མི་སྐྱེ་བའི་ཕྱིར་རོ། །གཟུགས་མེད་པའི་འགྲིབ་པའི་བསམ་གཏན་ཞེས་པ་ནི། བསམ་གཏན་གང་གིས་གཟུགས་མེད་པར་སྐྱེ་བ་བཀག་པའི་དོན་ཏོ། །བསམ་གཏན་བདེ་བས་གནས་པ་ཞེས་པ་ནི་བསམ་གཏན་ལས་ཡོངས་སུ་མི་ཉམས་པ་ཉིད་དང་ བསམ་གཏན་ལྡོག་པ་ལ་མཁས་པ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་སུ་སྐྱེ་བར་རིག་པར་བྱའོ། །གང་སངས་རྒྱས་འབྱུང་བ་མེད་པའི་འདོད་པའི་ཁམས་སུ་སྐྱེ་བར་གྱུར་ནས་རང་རྒྱལ་བའི་བྱང་ཆུབ་མངོན་དུ་བྱེད་པ་དེ་ནི་འདོད་པ་ན་སྤྱོད་པའི་ རང་སངས་རྒྱས་སོ། །གང་འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་དགའ་ལྡན་གནས་སུ་གནས་བཅས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དང༌། སྔོན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རང་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་སྟོན་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་ ༄༅། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་པ་ནི། དགའ་ལྡན་གནས་སུ་གནས་པ་ནས་བཟུང་སྟེ་བདུད་ཕམ་པར་བྱས་པའི་བར་དུའོ། །སངས་རྒྱས་སྤྱོད་པ་ཞེས་པ་ནི་མངོན་པར་སངས་ རྒྱས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་བར་རོ། །སྤྱོད་པའི་ཡོངས་སུ་དབྱེ་བས་བྱང་ཆུབ་སེམས་དཔའ་ལྔ་སྟེ། འདི་ལྟ་སྟེ། ལྷག་པར་མོས་པ་སྤྱོད་པ་དང༌། ལྷག་པའི་བསམ་པ་སྤྱོད་པ་དང༌། མཚན་མ་དང་བཅས་པ་ལ་སྤྱོད་པ་དང༌། མཚན་མ་མེད་པ་ལ་སྤྱོད་པ་ དང༑ མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པའོ། །དེ་ལ་གང་མོས་པ་སྤྱོད་པའི་ས་ལ་བཟོད་པ་ཆུང་ངུ་འབྲིང་ཆེན་པོ་དང་ལྡན་ཞིང་རིགས་ལ་གནས་པ་དང་པོ་ཉིད་དུ་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་ནས་བཟུང་སྟེ་ཅི་སྲིད་དུ་རབ་ཏུ་དགའ་བའི་ས་ལ་མ་ཞུགས་པ་སྟེ། སོ་སོ་བདག་ཉིད་ འཇིག་རྟེན་ལས་འདས་པའི་རྟོགས་པ་མེད་པས་དེ་ནི་ལྷག་པར་མོས་པ་སྤྱོད་པའོ། །གང་བྱང་ཆུབ་སེམས་དཔའི་ས་བཅུ་ལ་འཇིག་རྟེན་ལས་འདས་པའི་རྟོགས་པས་བསམ་པ་རྣམ་པར་དག་པའི་གང་ཟག་དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་སྤྱོད་པའོ། །གང་རབ་ཏུ་དགའ་བ་དང་དྲི་མ་ མེད་པ་དང༌། སྣང་བར་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་གང་ཟག་དེ་ནི་མཚན་མ་དང་བཅས་པ་ལ་སྤྱོད་པའོ། །འདིར་སྨྲས་པ། དེ་ཅི་ལྟར་མཚན་མ་དང་བཅས་པ་ལ་སྤྱོད་ཅེ་ན། བརྗོད་དེ། ས་དྲུག་ལ་མི་འདོད་ཀྱང་མཚན་མ་ཐ་སྙད་དུ་ འཇུག་པའི་ཕྱིར་རོ། །གང་བྱང་ཆུབ་སེམས་དཔའི་ས་བདུན་པ་རིང་དུ་སོང་བ་ལ་གང་ཟག་འབད་པ་བྱེད་པ་ན་མཚན་མ་མངོན་དུ་ན་རྒྱུ་བ་མེད་པས་དེ་ནི་མཚན་མ་མེད་པ་ལ་སྤྱོད་པའོ། །གང་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་རྣམས་ལ་གང་ཟག་དེ་ནི་ མངོན་པར་འདུ་བྱེད་པ་མེད་པ་ལ་སྤྱོད་པ་སྟེ། རྣམ་པར་སྨིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་བརྙེས་པའི་ཕྱིར་རོ། །གང་རྒྱུན་དུ་ཞུགས་པའི་གང་ཟག་ཞེས་གསུངས་པ། རྒྱུན་དུ་ཞུགས་པ་རྣམ་པ་གཉིས་ཏེ། འདི་ལྟར་མཐར་གྱིས་པ་དང༌། ལན་ཅིག་གིས་ངེས་པར་འབྱུང་བའོ། །དེ་ལ་ མཐར་གྱིས་པ་ནི་ཅི་ལྟར་བསྟན་པའོ། །གང་བདེན་པ་མངོན་པར་རྟོགས་པ་མི་ལྕོགས་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལན་ཅིག་གིས་སྤང་བ་དེ་ནི་ལན་ཅིག་གིས་ངེས་པར་འབྱིན་པ་དང་སྟབས་གཅིག་པའོ། །དེ་དང་འབྲས་བུ་ གཉིས་སུ་རྣམ་པར་བཞག་སྟེ། འདི་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུའོ། །སྟབས་གཅིག་པ་ཞེས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤངས་བར་བྱ་བ་ཆེན་པོ་ནས་ཆུང་ངུའི་བར་དུ་མཐོང་བས་སྤང་བྱ་ལྟར་སྤོང་བའོ། ། འཇིག་རྟེན་པའི་ལམ་བཞིན་དུ་སའི་རབ་ཏུ་དབྱེ་བས་ཐ་དད་དུ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །སོར་མོ་རྩེ་མོའི་མདོ་ལས་འདི་སྐད་དུ་གསུངས་ཏེ། གང་ཅི་སྙེད་གཟུགས་དང་ཅི་སྲིད་དུ་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་ཞེས་པ་ལ་སོགས་པ་རྒྱས་པར་ཅི་སྲིད་དུ་རིང་བའམ་ཉེ་ བའམ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཆ་གཅིག་ཏུ་བྱས་ཏེ་གཅིག་ཏུ་བཟླུམས་ནས་གཅིག་ཏུ་བསྡོམས་ཤིང་གཅིག་ཏུ་སྡོམ་སྟེ། ཆ་གཅིག་བཟླུམས་པ་གཅིག་ཕུང་པོ་གཅིག་ཏུ་བྱས་ནས། འདི་དག་ཐམས་ཅད་མི་རྟག་ཅིང་ཐམས་ཅད་སྡུག་བསྔལ་བའོ་ཞེས་པ་ལ་སོགས་པ་རྒྱས་པར་ སོ་སོར་ལེགས་པར་བསླབ་པོ། །ལན་གཅིག་གིས་ངེས་པར་འབྱིན་པ་ནི་ཐོག་མ་དང་ཐ་མའི་འབྲས་བུ་གཉིས་སུ་བཏགས་པ་བྱས་ཏེ། འབྲས་བུ་དེ་གཉིས་གྲངས་བཞིན་དུ་ཁམས་གསུམ་ཐམས་ཅད་ཀྱིས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་སྤངས་པ་རབ་ཏུ་སྐྱེད་པའི་ཕྱིར་རོ། ། དེ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ཐ་སྙད་མེད་དེ། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དེ་དག་ནི་བདེན་པ་མཐོང་བ། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་སྤངས་པ་རབ་ཏུ་སྒྲུབ་པའི་ཕྱིར་རོ། །ལན་ཅིག་གིས་ངེས་པར་ འབྱིན་པའི་དབང་དུ་བྱས་ཏེ། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་དུ་ཞུགས་པའི་དེ་མ་ཐག་ཏུ་དགྲ་བཅོམ་པའི་རྣམ་པར་གཞག་པ་རིག་པར་བྱའོ། །དེ་གང་མཐོང་བའི་ཆོས་ལ་ཀུན་ཤེས་པ་བརྙེས་པ་ལན་མང་དུ་བྱེད་དོ། །བརྒྱ་ལམ་ན་བརྙེས་པར་མི་བྱེད་ན། ཐམས་ཅད་ལས་མ་ལུས་པར་འདོད་ཆགས་ ༄༅། །དང་བྲལ་བ་ཉིད་མ་ཡིན་པའི་ཕྱིར། མྱུར་དུ་མྱ་ངན་ལས་འདའ་བའི་དོན་དུ་སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་ཉེ་བར་སྐྱེའོ། །དེ་ལ་གང་མཐོང་བའི་ཆོས་ལ་ཀུན་ཤེས་པ་བརྙེས་པ་ལན་མང་དུ་བྱེད་དོ་ཞེས་པ་ནི། མཐོང་བའི་ཆོས་ལ་དགྲ་བཅོམ་པ་མངོན་དུ་བྱེད་དེ། ཐ་ན་འཆི་བའི་དུས་སུའོ། །བརྒྱ་ལམ་བརྙེས་པར་མི་བྱེད་ན། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་དེ་སྨོན་ལམ་སྟོབས་དང་ལྡན་པར་འགྱུར་རོ། །སྨོན་ལམ་གྱི་སྟོབས་ཀྱིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་པའི་ཞིང་དུ་རང་སངས་རྒྱས་སུ་འགྱུར་རོ། །མངོན་ པར་རྟོགས་པའི་རྣམ་པར་གཞག་པ་ལས་ཞེས་པ་ནི། མངོན་པར་རྟོགས་པ་བཅུ་སྟེ། འདི་ལྟར། ཆོས་མངོན་པར་རྟོགས་པ་དང༌། དོན་མངོན་པར་རྟོགས་པ་དང༌། དེ་ཁོ་ན་ཉིད་མངོན་པར་རྟོགས་པ་དང༌། རྗེས་ཀྱི་མངོན་པར་རྟོགས་པ་དང༌། དཀོན་མཆོག་མངོན་པར་རྟོགས་པ་དང༌། ཀུན་དུ་སྤྱོད་པ་ མ་ཡིན་པའི་མངོན་པར་རྟོགས་པ་དང༌། མཐར་ཐུག་མངོན་པར་རྟོགས་པ་དང༌། ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང༌། སངས་རྒྱས་ཀྱི་མངོན་པར་རྟོགས་པ་དང༌། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ། །དེ་ལ་གང་དད་པའི་རྗེས་སུ་འབྲང་བའི་མདོའི་སྡེ་ལ་སོགས་པ་རྣམས་སུ་ཆོས་ བདེན་པ་བཞི་དབང་དུ་བྱ་བ་ལ། གཞན་གྱིས་བསྟན་པ་དབང་དུ་གྱུར་པ་ལྷག་པར་མོས་པ་རབ་ཏུ་དང་བ་རབ་ཉིད། ཐར་པའི་ཆ་དང་མཐུན་པས་བསྡུས་པའི་མཐའ་བརྙེས་པ་དེ་ནི་ཆོས་མངོན་པར་རྟོགས་པའོ། །གང་མདོ་སྡེའི་ལ་སོགས་པའི་ཆོས་བདེན་པ་དབང་དུ་བྱ་བ་ལ་ཚུལ་བཞིན་ཡིད་ལ་བྱེད་ པའི་བདག་པོའི་དབང་ལས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་རབ་ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པའི་མཐའ་བརྙེས་པ་དེ་ནི་དོན་མངོན་པར་རྟོགས་པའོ། །དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཀྱི་ཆུང་དུས་རབ་ཏུ་བསྒྲུབས་ཏེ། དུས་དང་སྐྱེ་བ་དེ་ལ་དྲོད་ཐོབ་པ་ལ་ཆོས་ངེས་པར་སེམས་པའི་བཟོད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཀྱི་འབྲིང་གིས་རབ་ཏུ་བསྒྲུབས་ཏེ་རྩེ་མོ་དང་བཟོད་པ་དག་ལ་ཆོས་ངེས་པར་སེམས་པའི་བཟོད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཀྱི་རབ་ཀྱིས་བསྐྲུན་པའི་འཇིག་རྟེན་ཆོས་མཆོག་ལ་ ཆོས་ངེས་པར་སེམས་པའི་བཟོད་པའོ། །གང་མཐོང་བའི་ལམ་སེམས་སྐད་ཅིག་མ་བཅུ་དྲུག་རྣམས་བརྙེས་པ་དེ་ནི་ཁོ་ནའི་ཉིད་མངོན་པར་རྟོགས་པ་སྟེ་མཐོང་ལམ་ཁོ་ནའོ། །གང་མཐོང་བའི་ལམ་ལས་གོང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་མ་ལུས་པ་དེ་ནི་ རྗེས་ཀྱི་མངོན་པར་རྟོགས་པའོ། །དཀོན་མཆོག་མངོན་པར་རྟོགས་པ་རྣམ་པ་གསུམ་སྟེ། འདི་ལྟར། སངས་རྒྱས་ལ་མི་ཕྱེད་པའི་དང་བ་དང༌། ཆོས་ལ་མི་ཕྱེད་པའི་དང་བ་དང༌། དགེ་འདུན་ལ་མི་ཕྱེད་པའི་དང་བའོ། །དེ་ལ་ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ སོ་ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་འདི་ནི་ལེགས་པར་གསུངས་པའོ་ཞེས་པ་དང༌། བཅོམ་ལྡན་འདས་ཀྱི་དགེ་འདུན་ནི་ལེགས་པར་རབ་ཏུ་ཞུགས་པའོ་ཞེས་པའོ། །དེ་ལྟར་མི་ཕྱེད་པ་ནི་ངེས་པ་སྟེ་འཕགས་པ་ཉན་ཐོས་ཀྱིའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ རབ་ཏུ་དང་བ་དེ་ནི་དཀོན་མཆོག་མངོན་པར་རྟོགས་པའོ། །གང་འཕགས་པ་བཞེད་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་སླན་ཆད་མི་བྱེད་པའི་སྡོམ་པ་རབ་ཏུ་བརྙེས་ནས་སློབ་པའི་བདག་གི་དམྱལ་བ་ཟད་དོ་དུད་འགྲོ་ཟད་དོ་ཡི་དྭགས་ཟད་དོ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཟད་དོ། ། བདག་ནི་ངན་སོང་གི་ལས་བྱས་ཏེ་ངན་སོང་དུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་སྣོད་མ་ཡིན་པར་ངེས་སོ་ཞེས་པ་དེ་ནི་ཀུན་དུ་སྤྱོད་པ་མ་ཡིན་པའི་མངོན་པར་རྟོགས་པའོ། །ཅི་ལྟར་ལམ་གྱི་བདེན་པ་ལ་མཐར་ཐུག་པའི་ལམ་བསྟན་པ་དེ་ནི་མཐར་ཐུག་པའི་མངོན་པར་རྟོགས་པ་སྟེ། གནས་ ངན་ལེན་ཐམས་ཅད་རྒྱུན་ཆད་པ་དང༌། མི་ལྡན་པ་ཐམས་ཅད་ཐོབ་པ་རབ་ཏུ་བརྙེས་པའི་ཕྱིར་རོ། །མངོན་པར་རྟོགས་པ་བདུན་པ་སྡོམས་པ་དེ་ཉིད་ནི་ཉན་ཐོས་ཀྱི་མངོན་པར་རྟོགས་པ་སྟེ། ཉན་ཐོས་ཀྱིས་གཞན་ལས་ཐོས་པ་རྟོགས་ནས་བརྙེས་པའི་ཕྱིར་རོ། །མངོན་པར་རྟོགས་པ་བདུན་པོ་ དེ་ཉིད་གཞན་ལས་ཐོས་པ་རྟོགས་པ་མ་ཡིན་པ་རབ་ཏུ་ཐོབ་པའི་ཕྱིར། རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པ་བདུན་པོ་དེ་ཉིད་ལ་གང་བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ཡང་དག་པར་ཐོབ་པ་ནི། ཉན་ཐོས་རང་སངས་རྒྱས་དག་རྣམ་པར་དྲང་བའི་ ༄༅། །ཐབས་ལ་མཁས་པའི་དོན་དུ་ཡིན་གྱི་མངོན་དུ་བྱ་བའི་དོན་དུ་ནི་མིན་ཏེ་ཐེག་པ་དམན་པས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་རབ་ཏུ་དགའ་བའི་ས་ལ་བྱང་ཆུབ་སེམས་དཔའ་ངེས་པ་ལ་ཞུགས་པ་དེ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ རྟོགས་པའོ། །འདིར་སྨྲས་པ། ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཞེ་ན། བརྗོད་དེ། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ནི་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་ཁྱད་པར་བཅུ་གཅིག་གིས་ཁྱད་པར་དུ་ འཕགས་ཏེ། འདི་ལྟར། དམིགས་པའི་ཁྱད་པར་དང༌། ཉེ་བར་སྟོན་པའི་ཁྱད་པར་དང༌། མངོན་དུ་བྱེད་པའི་ཁྱད་པར་དང༌། ཁས་བླངས་པའི་ཁྱད་པར་དང༌། ངེས་པར་འབྱུང་བའི་ཁྱད་པར་དང༌། ཡོངས་སུ་འཛིན་པའི་ཁྱད་པར་དང༌། གནས་ཀྱི་ཁྱད་པར་དང༌། འཁོར་གྱི་ཁྱད་པར་དང༌། རིགས་རྒྱུན་གྱི་ཁྱད་པར་དང༌། སྐྱེ་བའི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་རོ། །དེ་ལ་དམིགས་པ་རྣམ་པར་སྤངས་པ་ཉིད་ཀྱི་ཕྱིར་དམིགས་པའི་ཁྱད་པར་རོ། །བསྐལ་པ་གྲངས་མེད་ཆེན་པོ་ཡོངས་སུ་རྫོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ཉེ་བར་ བསྟན་པའི་ཁྱད་པར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་མངོན་དུ་བྱེད་པའི་ཁྱད་པར་རོ། །རང་བདག་ཉིད་དང་མཉམ་པ་ཉིད་དུ་སེམས་ཅན་ཐམས་ཅད་ཁས་བླངས་པས་ཁས་བླངས་པའི་ཁྱད་པར་རོ། །ས་བཅུས་ངེས་པར་འབྱུང་བས་ ངེས་པར་འབྱུང་བའི་ཁྱད་པར་རོ། །མི་གནས་པའི་མྱ་ངན་ལས་འདའ་བ་ཡོངས་སུ་འཛིན་པས་ཡོངས་སུ་འཛིན་པའི་ཁྱད་པར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པས་གནས་ཀྱི་ཁྱད་པར་རོ། །གདུལ་བྱའི་སྐྱེ་བོ་ཉེ་བར་འཛིན་པས་འཁོར་གྱི་ཁྱད་པར་རོ། །ཕ་བཞིན་དུ་རང་གི་ རྒྱུད་ཡང་དག་པར་འཛིན་པར་བྱེད་ཅིང་ཐུགས་ལས་སྐྱེས་པའི་སྲས་ཀྱི་མཚན་ཉིད་ལྡན་པས་རིགས་རྒྱུད་ཀྱི་ཁྱད་པར་རོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་སྐྱེ་བས་སྐྱེ་བའི་ཁྱད་པར་རོ། །འབྲས་བུའི་ཁྱད་པར་ནི་ཁྱད་པར་གཅིག་གིས་ཁྱད་པར་དུ་འཕགས་ཏེ། འདི་ལྟར། ཡོངས་སུ་འགྱུར་བའི་ཁྱད་པར་དང༌། ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང༌། རྣམ་པ་ལྔའི་ཁྱད་པར་དང༌། སྐུ་གསུམ་གྱི་ཁྱད་པར་དང༌། མྱ་ངན་ལས་འདའ་བའི་ཁྱད་པར་དང༌། ཡེ་ཤེས་སྲེ་བ་ཉེ་བར་སྲེ་བའི་ནུས་པ་ཐོབ་པའི་ཁྱད་པར་དང༌། སྒྲིབ་པ་རྣམ་པར་དག་པའི་ཁྱད་ པར་དང༌། སྲེ་བ་དང་ཉེ་བར་སྲེ་བའི་ལས་དང་བྱ་བའི་ཁྱད་པར་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་མྱ་ངན་ལས་འདའ་བ་ཀུན་དུ་སྟོན་པའི་ཐབས་ཀྱི་ཁྱད་པར་དང༌། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་རོ། །དེ་གནས་ངན་ལེན་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་ པའི་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར་དང་བླ་ན་མེད་པའི་ཡོན་ཏན་གྱི་རྟེན་ཡིན་པས་རྟེན་ཡོངས་སུ་འགྱུར་བས་དེ་ནི་ཡོངས་སུ་འགྱུར་བའི་ཁྱད་པར་རོ། །སྟོབས་མི་འཇིགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་དཔག་ཏུ་མེད་པའི་ཡོན་ཏན་རྫོགས་པས་ཡོན་ཏན་ཕུན་སུམ་ཚོགས་ པའི་ཁྱད་པར་རོ། །རྣམ་པ་ལྔའི་ཁྱད་པར་ནི་ལྔ་སྟེ། འདི་ལྟར། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་རྣམ་པར་དག་པའི་ཁྱད་པར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བས་ཡོངས་སུ་དག་པའི་ཁྱད་པར་དང༌། ཆོས་ཀྱི་སྐུ་ངེས་པར་རྫོགས་པའི་ཕྱིར་སྐུའི་ཁྱད་པར་དང༌། རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་དུ་ཆོས་སྣ་ཚོགས་ལ་ལོངས་སྤྱོད་པས་ལོངས་སྤྱོད་པའི་ཁྱད་པར་དང༌། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་འཁོར་ཡུག་ཏུ་ཅི་ལྟར་འོས་པའི་སྤྲུལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱ་བ་རྗེས་སུ་སྒྲུབ་པའི་ ཕྱིར་ལས་ཀྱི་ཁྱད་པར་རོ། །ངོ་བོ་ཉིད་ལོངས་སྤྱོད་པ་སྤྲུལ་པའི་སྐུ་ཡོངས་སུ་རྫོགས་པ་བརྙེས་པའི་ཕྱིར་སྐུ་གསུམ་གྱི་ཁྱད་པར་རོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཡོན་ཏན་ཐམས་ཅད་རྒྱུན་མི་འཆད་པས་མྱ་ངན་ལས་འདའ་ བའི་ཁྱད་པར་རོ། །ཆོས་ཀྱི་དམིགས་ཤིན་དུ་རྣམ་པར་དག་པ་ཁྱད་པར་དུ་གྱུར་པ་དེ་ལ་བརྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ན་སོ་སོར་སངས་རྒྱས་རྣམས་ནུས་པ་ལྡན་པས་སྲེ་བ་དང་ཉེ་བའི་སྲེ་བ་ཡེ་ཤེས་ནུས་པ་ཐོབ་པའི་ཁྱད་པར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ ༄༅། །པས་སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་རོ། །གདུལ་བྱའི་སེམས་ཅན་རེ་རེའི་ཆེད་དུ་སངས་རྒྱས་ཀྱི་བདག་པོ་ལས་སྲེ་བ་དང་ཉེ་བར་སྲེ་བའི་ལས་བྱ་བའི་ཁྱད་པར་རོ། །ཕྱོགས་བཅུ་འཇིག་རྟེན་ཁམས་ཐམས་ཅད་དུ་ཅི་རིགས་སུ་ཅི་སྲིད་དུ་མཐར་ཐུག་པར་ཡང་དང་ཡང་དུ་ སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས་གདུལ་བྱའི་སྐྱེ་བོ་ཡོངས་སུ་སྨིན་པ་དང་གྲོལ་བར་བྱེད་པས་མངོན་པར་བྱང་ཆུབ་པ་མྱ་ངན་ལས་འདའ་བ་སྟོན་པའི་ཐབས་ཀྱི་ཁྱད་པར་རོ། །ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་ནི་ཡོངས་སུ་སྐྱོབ་པ་ལྔ་སྟེ། འདི་ལྟར། གྲོང་ཁྱེར་དུ་འཇུག་པ་ ལ་སོགས་པས་ལོང་བ་ལ་སོགས་པ་རྣམས་མིག་ལ་སོགས་པ་བརྙེས་པས་ཉེ་བར་འཚེ་བ་ཡོངས་སུ་སྐྱོབ་པའོ། །འཇིག་རྟེན་པའི་ཡང་དག་པའི་ལས་རབ་ཏུ་བསྒྲུབས་པས་ལྟ་བ་ངན་པ་ཐམས་ཅད་རྣམ་པར་སེལ་བས་ཐབས་མེད་པ་ཡོངས་སུ་སྐྱོབ་པའོ། །མཐོང་བའི་ལམ་བསྐྱེད་པས་ ངན་འགྲོ་ལས་ཡང་དག་པར་འདས་པས་ངན་སོང་ལས་ཡོངས་སུ་སྐྱོབ་པའོ། །དགྲ་བཅོམ་པ་མངོན་དུ་བྱེད་པས་ཁམས་གསུམ་ལས་རྣམ་པར་གྲལ་བས་ལུས་ངན་པ་ལས་ཡོངས་སུ་སྐྱོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམན་པ་འདུན་པ་ལྡོག་པའི་ཕྱིར་ཐེག་པ་ཡོངས་ སུ་སྐྱོབ་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལས་གང་ཟག་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་བཞི་པའོ།། །།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ གྱི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། འདི་ལྟར། བྱ་བའི་དབང་དུ་བྱས་པ་དང༌། རབ་ཏུ་དབྱེ་བའི་དབང་དུ་བྱས་པའོ། །དེ་ལ་བྱ་བའི་དབང་དུ་བྱས་པ་ནི་ལམ་གྱི་བྱ་བ་བཞི་སྟེ། འདི་ལྟར། ལམ་གྱི་སྡུག་བསྔལ་རབ་ཏུ་ཤེས་སོ། །ཀུན་འབྱུང་རབ་ཏུ་སྤོང་ངོ༌། །འགོག་པ་མངོན་དུ་བྱེད་དེ། །ལམ་ སྒོམ་པར་བྱེད་དོ། །རབ་ཏུ་དབྱེ་བས་ལམ་རྣམ་པ་ལྔ་ནི་འདི་ལྟ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཐུག་པའི་ལམ་མོ། །དེ་ལ་སོ་སོ་སྐྱེ་བོས་དྲོད་ལ་སོགས་པ་མཐར་ཆགས་ཀྱིས་བདེན་པ་མཐོང་བའི་ཕྱིར་ཚོགས་སོགས་པར་བྱེད་ པས་ཚོགས་སོ། །འདིས་བདེན་པ་མཐོང་བ་ཚོལ་བར་བྱེད་པས་ལམ་སྟེ། དེ་དག་ནི་ཚོགས་ཀྱི་ལམ་མོ། །དེ་ནི་ཆོས་ལྔ་སྟེ། འདི་ལྟར། ཚུལ་ཁྲིམས་དང་དབང་པོའི་སྒོ་བསྡམས་པ་དང༌། ཁ་ཟས་ཀྱི་ཚོད་རིག་པ་དང༌། མཚན་གྱི་ཆ་སྟོད་སྨད་ལ་རྣལ་འབྱོར་རྗེས་སུ་བརྩོན་པ་དང༌། ཤེས་ བཞིན་ལ་གནས་པའོ། །ཡང་ན་ཡིད་ཕྱིར་ཕྱོགས་པ་མེད་པ་ལ་སོགས་པ་ཐོབ་པའི་རང་བཞིན་དང་བསམ་པའི་རང་བཞིན་དང་བསྒོམ་པའི་རང་བཞིན་གྱིས་ཤེས་ཏེ། དེ་རྣམས་ལེགས་པར་གོམས་པས་མངོན་པར་རྟོགས་པ་དང༌། རྣམ་པར་ཐར་པའི་སྣོད་ཉིད་རབ་ཏུ་བརྙེས་པ་དེ་ནི་ ཚོགས་ཀྱི་ལམ་མོ། །དེ་བཞིན་དུ་ཚོགས་ཀྱི་ལམ་གྱིས་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་ནི་སྦྱོར་བའི་ལམ་སྟེ། འདི་ལྟར། དྲོད་དང༌། རྩེ་མོ་དང༌། བདེན་པ་རྗེས་སུ་མཐུན་པའི་བཟོད་པ་དང༌། འཇིག་རྟེན་ཆོས་མཆོག་ གོ༑ །མདོའི་སྡེ་ལ་སོགས་པའི་ཆོས་ཀྱི་བདེན་པའི་དབང་དུ་བྱས་ཏེ། མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པའི་སྒོ་ནས་དོན་གང་ཀུན་དུ་བརྗོད་པ། དེ་རུ་ཞི་གནས་དང་ལྷག་མཐོང་ནི་དྲོད་ཐོབ་པའོ། །དེ་ཡང་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། དེ་དང་ལྡན་པའོ། །བདག་ རང་ནི་བདེན་པ་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་ད་དག་འཕལ་བས་རྩེ་མོའོ། །བདག་རང་ནི་བདེན་པ་ལ་ཕྱོགས་གཅིག་ལ་ཞུགས་པའི་རྗེས་སུ་བརྟེན་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ། མཐའ་གཅིག་ཏུ་གཟུང་བྱ་མེད་པའི་མཚན་ ཉིད་ཡིན་པས་ཕྱོགས་གཅིག་ལ་རབ་ཏུ་ཞུགས་པ་འཛིན་པ་མེད་པ་མངོན་དུ་སད་པའི་རྗེས་སུ་མཐུན་པའི་གནས་སྐབས་ཡིན་པས་བཟོད་པའོ། །རང་བདེན་པ་ལ་བར་མེད་པའི་སེམས་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་འཇིག་རྟེན་ཆོས་མཆོག་སྟེ། གང་དེ་མ་ཐག་ཏུ་འཇིག་རྟེན་ ལས་འདས་པའི་ལམ་དང་པོ་ཉིད་སྐྱེ་བའོ། །མདོར་བསྡུ་ན་འཇིག་རྟེན་ཆོས་མཆོག་གི་དེ་མ་ཐག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ། རྣམ་པར་རྟོག་པའི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་མཐོང་བས་སྤང་བྱ་གཟུང་བྱ་དང་འཛིན་བྱེད་ཀྱི་ངོ་བོ་དེ་བཞིན་ ༄༅། །ཉིད་མངོན་དུ་མེད་པས་དམིགས་བྱ་དང་དམིགས་བྱེད་ཞི་བ་མཉམ་པ་ཉིད་དུ་ཤེས་པ་ནི་མཐོང་བའི་ལམ་མོ། །རང་རྒྱུད་བདག་གི་མཚན་མར་མི་རྟོག་པས་བདག་སེམས་ཅན་གྱི་བརྡ་དམིགས་པ་གསལ་བ་ཆོས་ཤེས་པ་དེ་ཡང་ངོ༌། །རང་རྒྱུད་ཉིད་ཀྱི་གཟུགས་ལ་སོགས་ པའི་ཆོས་ཀྱི་མཚན་མར་མི་རྟོག་པའི་ཕྱིར་བདག་ཆོས་ཀྱི་བརྡ་དམིགས་པ་བསལ་བ་ཤེས་པ་དེ་ཡང་ངོ༌། །ཐམས་ཅད་དུ་ཁྱད་པར་མེད་པས་བདག་དང་ཆོས་ཀྱི་མཚན་མར་མི་རྟོག་པས་ཐམས་ཅད་དུ་གཉིས་ཀའི་བརྡ་དམིགས་པ་བསལ་བ་ཆོས་ཤེས་པ་དེ་ཡང་མཐོང་བའི་ལམ་མོ། །རབ་ཏུ་ དབྱེ་ན་ཡང་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ། འདི་ལྟར། འཇིག་རྟེན་ཆོས་མཆོག་གི་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང༌། ཀུན་འབྱུང་ ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ ལ་རྗེས་སུ་ཤེས་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པའོ། །དེ་ལ་སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་ཏེ་ཆོས་སྟོན་པ་ནི་ཆོས་སོ། །སྦྱོར་ བའི་ལམ་དུ་བདེན་པའི་དབང་དུ་བྱ་བའི་ཆོས་རྣམ་པར་སྤྱོད་པ་ནི་ཤེས་པའོ། །སྔོན་གྱི་རྣམ་པར་དཔྱོད་པས་བདག་པོར་བྱས་པ། རང་སོ་སོར་སྡུག་བསྔལ་བདེན་པ་ལ་མངོན་སུམ་དུ་ཉམས་སུ་མྱོང་བ་ཟག་པ་མེད་པའི་ཤེས་རབ་ནི་བཟོད་པའོ། །འདི་སྐད་དུ་གསུངས་པ་ཡིན་ཏེ། སྦྱོར་བའི་ལམ་ དུ་མདོ་སྡེའི་ལ་སོགས་པའི་ཆོས་སྡུག་བསྔལ་བདེན་པའི་དབང་དུ་བྱ་བ་རྣམ་པར་དཔྱོད་པའི་ཤེས་པ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ་བདག་པོར་བྱས་ནས། རང་རྒྱུད་ཀྱི་སྡུག་བསྔལ་བདེན་པ་ལ། སྡུག་བསྔལ་གྱི་དེ་བཞིན་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བ་འཇིག་རྟེན་ལས་འདས་པའི་ ཤེས་རབ་ཡང་དག་པའི་ལྟ་བའི་རང་བཞིན་སྐྱེའོ། །གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་གྱི་ཉོན་མོངས་པ་ཉེར་བརྒྱད་རབ་ཏུ་ཡོད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དེ་མ་ཐག་ཏུ་ཤེས་པ་གང་གིས་ རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །འདི་སྐད་གསུངས་པ་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་རྟེན་ཡོངས་སུ་འགྱུར་བ་ལ་དེ་མ་ཐག་ཏུ་ཤེས་པ་གང་གིས་ཡོངས་སུ་ འགྱུར་བའི་རྟེན་དེ་སོ་སོར་ཉམས་སུ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་དེ་མ་ཐག་ཏུ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་དག་གི་རྗེས་སུ་འགྲོ་བ་སྟེ། འདི་ནི་སློབ་པ་དང་མི་སློབ་པའི་འཕགས་པ་རྣམས་ཀྱི་ཆོས་ སོ་ཞེས་རང་སོ་སོར་མངོན་སུམ་དུ་ཉམས་སུ་མྱོང་བ་ཟག་པ་མེད་པའི་ཤེས་རབ་ནི་སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པའོ་རྗེས་སུ་ཤེས་པའི་བཟོད་པ་དེ་ལ་ཤེས་པ་གང་གིས་སོ་སོར་ཉམས་སུ་མྱོང་བ་དེ་ནི་རྗེས་སུ་ཤེས་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཅི་རིགས་པར་བཟོད་པ་ རྣམས་དང་ཤེས་པ་རྣམས་ལ་རིག་པར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཡུལ་ནི་རྣམ་པ་གཉིས་ཏེ། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དོ། །རྗེས་སུ་ཤེས་པའི་ཕྱོགས་ལམ་གྱི་ཡུལ་ནི་ཡང་དག་པའི་ཡེ་ ཤེས་སོ། །དེའི་ཕྱིར་ཆོས་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་དེ་བཞིན་ཉིད་ངེས་པར་རྟོགས་པས་བཟུང་བ་ངེས་པར་རྟོགས་པའོ། །རྗེས་སུ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཡང་དག་པའི་ཤེས་པ་ཡོངས་སུ་ཤེས་པས་བཟུང་བ་ངེས་པར་རྟོགས་པའོ། །བཟོད་པ་དང་ཤེས་པ་ཐམས་ཅད་ ལ་རྣལ་འབྱོར་པ་མཚན་མ་མེད་པ་ལ་གནས་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་ཟག་དྲུག་པ་ནི་གང་མཚན་མ་མེད་པ་ལ་གནས་པའོ་ཞེས་གསུངས་པ། དེ་ནི་བཟོད་པ་དང་ཤེས་པ་ལ་འཇུག་བཞིན་པ་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་ཉེ་བར་མི་དམིགས་པའི་ཕྱིར་རོ། །དེ་ལ་ ༄༅། །མཚན་མ་མེད་པ་ལ་གནས་པ་ནི། མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ། སྔོན་མ་མཐོང་བའི་འཕགས་པ་རྣམས་ཀྱིས་བདེན་པ་རེ་རེ་ལ་རྣམ་པ་བཞིས་མཐོང་བའི་ཕྱིར་རོ། །སྐད་ཅིག་མ་ཡང༌། ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་རྫོགས་པ་ཉིད་དུ་རིག་པར་བྱའོ། ། དངོས་པོ་མ་བྱུང་བ་རྣམས་བྱུང་བ་ཙམ་གྱི་སྐད་ཅིག་ནི་མ་ཡིན་པར་རིག་པར་བྱའོ། །ལམ་གྱི་བདེན་པ་ཐམས་ཅད་རྣམ་པ་བཞིས་རྗེས་སུ་རྟོགས་པར་བྱའོ། །འདི་ལྟ་སྟེ། རྣམ་པར་བཞག་པ་དང༌། རྣམ་པར་རྟོག་པ་དང༌། ཉམས་སུ་མོང་བ་དང༌། ཡོངས་སུ་རྫོགས་པའོ། །དེ་ལ་རྣམ་པར་བཞག་པ་ ལས་ནི། ཉན་ཐོས་ལ་སོགས་པ་རྣམ་པ་རང་གི་རྟོགས་པ་མཐར་ཐུག་པ་ཇི་ལྟ་བ་བཞིན་དུ་ཐོབ་པ། དེའི་རྗེས་ལ་ཐོབ་པའི་ཤེས་པས་ཐོབ་པའི་མཚན་མ་རྣམས་མིང་གི་ཚོགས་དང་ཚིག་གི་ཚོགས་དང་གསལ་བྱེད་ཀྱི་ཚོགས་ཀྱི་ལམ་གྱི་བདེན་པ་རྣམ་པར་བཞག་པར་བྱེད་པའོ། །རྣམ་པར་ རྟོག་པ་ནི་གང་མངོན་པར་རྟོགས་པ་དང་ལྡན་པའི་འཇིག་རྟེན་པའི་ཤེས་པས་རྣམ་པར་བཞག་པ་ཅི་ལྟ་བ་བཞིན་དུ་རྟོགས་པར་བྱེད་ཅིང་གོམས་པར་བྱེད་པའོ། །ཉམས་སུ་མྱོང་བ་ནི་དེ་བཞིན་དུ་གོམས་པས་གང་དང་པོ་ཉིད་དུ་གང་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་ཞེས་པ་སྤྲོས་ པ་མེད་པའི་གནས་སྐབས་བདག་སོ་སོར་ཉམས་སུ་མྱོང་བའོ། །ཡོངས་སུ་རྫོགས་པ་ནི། དེའི་གོང་དུ་གང་རྟེན་ཡོངས་སུ་འགྱུར་བ་ཡོངས་སུ་རྫོགས་པ་ཅི་སྲིད་དུ་རྟོགས་པ་མཐར་ཐུག་པ་རབ་ཏུ་ཐོབ་པའོ། །ཡང་རྟོགས་པ་མཐར་ཐུག་པ་ཐོབ་པ་དེའི་རྗེས་ལ་ཐོབ་པའི་ཤེས་པས་ལམ་གྱི་བདེན་ པ་རྣམ་པར་བཞག་པར་བྱེད་པའོ། །གང་དུ་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གསུངས་པ། དེ་ནི་མཐོང་བའི་ལམ་གྱི་དབང་དུ་བྱས་ཏེ་གསུངས་པའོ། །དེ་ཡང་ཆོས་ལ་བཟོད་པ་ནི་རྡུལ་དང་བྲལ་བ་སྟེ། དེས་ཉོན་མོངས་པའི་རྡུལ་རྣམས་སྤངས་པའི་ཕྱིར་རོ། །ཆོས་ ཤེས་པས་དྲི་མ་དང་བྲལ་བ་སྟེ། ཆོས་ཤེས་པ་དེ་རྣམས་ཀྱི་སྒྲིབ་པའི་དྲི་མ་དང་བྲལ་བའི་རྟེན་སྐྱེས་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་གོང་དུ་བསྒོམ་པའི་ལམ་ནི་རྣམ་པ་དགུ་སྟེ། འདི་ལྟར། འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། ལམ་ཆུང་དུ་དང༌། ལམ་འབྲིང་དང༌། ལམ་ རབ་དང༌། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །འཕགས་པ་ཉན་ཐོས་རྣམས་ཀྱི་བདེན་པ་མངོན་པར་རྟོགས་པར་བྱེད་པ་ན། བདེན་པ་མངོན་པར་རྟོགས་པའི་གོང་དུ་ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་ལྡན་པ་ འདི་ནི་འཇིག་རྟེན་པ་ལ་སོགས་པའི་ལམ་ནི་བསྒོམ་པའི་ལམ་ཞེས་བརྗོད་དོ། །དེ་ལ་བསམ་གཏན་དང་པོ་ལ་སོགས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་དུ་ཉོན་མོངས་པ་ལ་སོགས་པའི་རྣམ་པར་བཞག་པ་སྔོན་དུ་གསུངས་པ་ནི་འཇིག་རྟེན་པའི་ལམ་མོ། །སྡུག་བསྔལ་ ཀུན་འབྱུང་འགོག་པ་ལམ་ཤེས་པ་ནི་ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་ཕྱོགས་བརྒྱད་དེ་དག་དང་ལྡན་པའི་ཏིང་ངེ་འཛིན་མི་ལྕོགས་པ་མེད་པས་བསྡུས་པ་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ནི་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་མོ། །འདུ་ ཤེས་མེད་འདུ་ཤེས་མེད་མིན་ནའང་འཇིག་རྟེན་པ་ཁོ་ན་སྟེ། འདུ་ཤེས་ཀྱི་རྒྱུ་བ་མི་གསལ་ཞིང་འཕགས་པའི་ལམ་གྱི་རྒྱུ་བ་མི་གསལ་ལ་རྟེན་པ་མ་ཡིན་པས། མཐའ་གཅིག་ཏུ་འཇིག་རྟེན་པ་ཁོ་ན་མིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་ཅི་སྲིད་ཉིད་དུ་འདུ་ཤེས་སྙོམས་ པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་མངོན་དུ་བྱེད་དོ་ཞེས་གསུངས་སོ། །འགོག་པའི་སྙོམས་པར་འཇུག་པ་ཡང་འཇིག་རྟེན་ལས་འདས་པ་སྟེ། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ། །དང་པོ་མི་ཉིད་དུ་སྐྱེ་སྟེ། མི་འམ་གཟུགས་ཀྱི་ཁམས་སུ་མངོན་དུ་འགྱུར་བའོ། །སྔོན་ བསྐྱེད་པ་ཉིད་ཕྱིས་མངོན་དུ་འགྱུར་བའོ། །མིའི་སྐྱེ་བ་དེ་ཉིད་ལའམ་གཟུགས་ཀྱི་ཁམས་སུ་སྐྱེས་ནས་སོ། །ལམ་ཆུང་ངུ་རྣམ་པ་གསུམ་སྟེ། འདི་ལྟར། ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་རབ་བོ། །གང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ས་ནས་ས་རུ་གྲངས་ བཞིན་དུ་རབ་ཀྱི་རབ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་ཐ་མའི་ཉོན་མོངས་པ་རྣམས་སྤོང་བའོ། །ལམ་འབྲིང་ཡང་རྣམ་པ་གསུམ་ནི་འདི་ལྟར། འབྲིང་གི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་བོ། །ལམ་གང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ས་ནས་ས་རུ་འབྲིང་གི་རབ་ ༄༅། །དང་འབྲིང་གི་འབྲིང་དང་འབྲིང་གི་ཆུང་ངུའི་ཉོན་མོངས་པའི་རྣམ་པ་རྣམས་རབ་ཏུ་སྤོང་ངོ༌། །ལམ་རབ་ནི་རྣམ་པ་གསུམ་སྟེ། འདི་ལྟར། རབ་ཀྱི་ཆུང་ངུ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་བོ། །གང་གིས་ཁམས་གསུམ་གྱི་ཉོན་མོངས་པས་དང་ས་རུ་ཆུང་ངུའི་ ཆེན་པོ་དང་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆུང་ངུའི་རྣམ་པའི་ཉོན་མོངས་པ་རབ་ཏུ་སྤོང་བའོ། །སྨྲས་པ། ཡང་ཆུང་ངུའི་ཆུང་ངུའི་ལམ་གྱིས་ཆེན་པོའི་ཉོན་མོངས་པ་སྤོང་བ་རྒྱུ་ཅི་ཞེ་ན་བརྗོད་དེ། ཉོན་མོངས་པ་ཆེན་པོའི་ཆེན་པོ་དེ་ཡང་ངོ་ཚ་དང་ཁྲེལ་ཡོད་པའི་དོན་ཤིན་ཏུ་རྣམ་པར་ཉམས་ པ་ངོ་ཚ་མེད་པའི་རྒྱུད་ལ་ཀུན་དུ་སྤྱོད་པ་མཚོན་སླ་བ་དང་འདི་ནི་ཡོངས་སུ་སྤྱད་པ་བསླབ་པའོ། །དེའི་ཕྱིར་འདི་ནི་དྲི་མ་རགས་པ་བཞིན་དུ་གཉེན་པོ་ཆུང་དུས་ཀྱང་རྣམ་པར་སེལ་བར་བྱེད་དོ། །གང་ཡང་ཡོངས་སུ་བཅད་པར་དཀའ་བའི་ཀུན་དུ་སྤྱོད་པ་ཕྲ་བ་རྒྱུད་ལ་ཐིམ་པ་ཉོན་མོངས་པ་ ཆུང་ངུ་ནི་དྲི་མ་ཕྲ་མོ་ཐིམ་པ་བཞིན་དུ་ཆེས་ཆེ་བའི་གཉེན་པོའི་སྟོབས་ཀྱིས་སེལ་བར་བྱེད་དོ། །འདིས་ནི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་བཟློག་པས་གཉེན་པོའི་རྣམ་པ་རྣམ་པར་བཞག་པར་རིག་པར་བྱའོ། །ལམ་གང་གིས་སྒོམ་པར་བྱེད་པས་ཆེན་པོའི་ཆེན་པོ་ལ་སོགས་པའི་ཉོན་ མོངས་པའི་རྣམ་པའི་རིགས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་བསལ་བས་རིམ་གྱིས་རྟེན་ཡོངས་སུ་འགྱུར་བ་དེ་ནི་བསྒོམ་པའི་ལམ་གྱི་སྦྱོར་བའི་ལམ་མོ། །ལམ་གང་གིས་དེ་མ་ཐག་ཏུ་དེའི་རྣམ་པའི་ཉོན་མོངས་པའི་རིགས་ཀྱི་གནས་ངན་ལེན་ལྷག་མ་མེད་པར་སྤོང་བས་གནས་ ངན་ལེན་དེས་གནས་ངན་ལེན་མེད་པར་གྱུར་པའི་རྟེན་ཡོངས་སུ་འགྱུར་བ་དེ་ནི་བར་ཆད་མེད་པའི་ལམ་མོ། །ལམ་གང་གིས་ཉོན་མོངས་པ་སྤོངས་པའི་རྣམ་པར་གྲོལ་བ་རྟེན་ཡོངས་སུ་འགྱུར་བའི་མཚན་ཉིད་མངོན་དུ་བྱེད་པ་དེ་ནི་རྣམ་པར་གྲོལ་བའི་ལམ་མོ། །དེའི་གོང་དུ་ཉོན་མོངས་པ་ ལྷག་མ་སྤོང་བར་བྱེད་པ་གང་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ནི་ཁྱད་པར་གྱི་ལམ་མོ། །གང་ཡང་ཉོན་མོངས་པ་སྤོང་བའི་སྦྱོར་བ་བཏང་སྙོམས་སུ་བྱས་ཏེ། མདོ་ལ་སོགས་པའི་ཆོས་བསམ་པ་སྔོན་བསམ་པའི་རྟོགས་པའི་ཆོས་སོ་སོར་རྟོག་པའི་གནས་པས་གནས་ པའམ༑ སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་བཞིན་པའི་ལམ་དེ་ཡང་ཁྱད་པར་གྱི་ལམ་མོ། །གང་ཡང་ཁྱད་པར་ཅན་གྱི་ཡོན་ཏན་མངོན་ཤེས་ལ་སོགས་པ་མངོན་པར་སྒྲུབ་པར་བྱེད་པའམ་བསྐྱེད་ཟིན་པའི་མངོན་ཤེས་ལ་སོགས་པའི་ཡོན་ཏན་གྱི་རྣམ་པར་གནས་པའི་ ལམ་དེ་ཡང་ཁྱད་པར་གྱི་ལམ་མོ། །དེ་ལྟར་བསྒོམ་པའི་ལམ་རྒྱས་པར་བསྟན་ནས། གཞན་ཡང་ལམ་བསྒོམ་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། རྩོམ་པ་སྒོམ་པ་དང༌། ངེས་པར་རྟེན་པ་སྒོམ་པ་དང༌། ངེས་པར་དག་པ་སྒོམ་པ་དང༌། གཉེན་པོ་སྒོམ་པའོ། །དེ་ལ་གང་ལ་སྐྱེས་པའི་དགེ་བའི་ ཆོས་རྣམས་བསྐྱེད་པའི་ཕྱིར་སྒོམ་པ་དེ་ནི་རབ་ཏུ་རྩོམ་པ་སྒོམ་པའོ། །གང་སྐྱེས་པའི་དགེ་བའི་ཆོས་རྣམས་གནས་པའི་ཕྱིར་དང་ཀུན་དུ་མི་བརྗོད་པའི་ཕྱིར་དང་ཡང་ཡང་འབྱུང་བའི་ཕྱིར་དང་འཇུག་པ་རྒྱས་པའི་ཕྱིར་སྒོམ་པ་དེ་ནི་ངེས་པར་རྟེན་པ་སྒོམ་པའོ། །གང་སྡིག་པ་མི་དགེ་བའི་ཆོས་ སྐྱེས་པ་རྣམས་སྤང་བའི་ཕྱིར་སྒོམ་པ་དེ་ནི་ངེས་པར་དག་པ་སྒོམ་པའོ། །གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་སྒོམ་པ་དེ་ནི་གཉེན་པོ་སྒོམ་པའོ། །གཞན་ཡང་རྣམ་གྲངས་ནི། དེ་ཡང༌། ལམ་གང་སྐྱེ་བཞིན་པ་ན་རང་གི་བག་ཆགས་རྣམ་པར་འཇོག་པར་བྱེད་པ་དེ་ནི་ རབ་ཏུ་རྩོམ་པ་སྒོམ་པའོ། །ལམ་དེ་ཉིད་མངོན་དུ་གྱུར་པ་ན་སྒོམ་པར་འགྲོ་བ་དེ་ནི་ངེས་པར་རྟེན་པ་སྒོམ་པའོ། །ལམ་དེ་ཉིད་མངོན་དུ་གྱུར་པས་རང་གི་སྒྲིབ་པ་སེལ་བ་དེ་ནི་ངེས་པར་མཁྱུད་པ་སྒོམ་པ་སྟེ། རང་གི་མི་མཐུན་པའི་ཕྱོགས་གནས་ངན་ལེན་མཁྱུད་པའི་ཕྱིར་རོ། །དེ་ཉིད་སྒྲིབ་པ་ སྤངས་པས་མི་སྐྱེ་བའི་ཆོས་ཉིད་ལ་རྣམ་པར་འཇོག་པར་བྱེད་པ་དེ་ནི་གཉེན་པོ་སྒོམ་པ་སྟེ། རྟེན་ཡོངས་སུ་འགྱུར་བས་ཕྱིས་མི་སྐྱེ་བའི་ཆོས་ཉིད་ལ་རྣམ་པར་འཇོག་པར་བྱེད་པའོ་ཞེས་པའོ། །གཞན་ཡང་རྣམ་གྲངས་ནི། དེ་ཡང༌། གཉེན་པོ་སྒོམ་པ་ནི་རྣམ་པ་བཞི་སྟེ། འདི་ལྟར། རྣམ་པར་སུན་ འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་དང༌། རྟེན་གྱི་གཉེན་པོ་དང༌། རིང་དུ་བྱེད་པའི་གཉེན་པོའོ། །དེ་ལ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་སྐྱོན་དུ་མཐོང་ནས་ནད་དང་འབྲས་ལ་སོགས་པའི་རྣམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམ་པར་སུན་འབྱིན་པར་བྱེད་པ་ནི་རྣམ་པར་ ༄༅། །སུན་འབྱིན་པའི་གཉེན་པོའོ། །སྦྱོར་བ་དང་བར་ཆད་མེད་པའི་ལམ་ནི་སྤོང་བའི་གཉེན་པོ་སྟེ། ཉོན་མོངས་པ་རབ་ཏུ་སྤོང་བའི་ཕྱིར་རོ། །རྣམ་པར་གྲོལ་བའི་ལམ་ནི་རྟེན་གྱི་གཉེན་པོ་སྟེ། སྤངས་པ་ཐོབ་པ་ཡང་དག་པར་འཛིན་པའི་ཕྱིར་རོ། །དེའི་སྟེང་དུ་ལམ་གང་ཞིག་ན་རིང་དུ་ བྱེད་པའི་གཉེན་པོ་སྟེ། སྤངས་པའི་ཉོན་མོངས་པ་ཐམས་ཅད་རིང་དུ་བྱེད་པའི་ཕྱིར་རོ། །ཡང་ལམ་རྣམ་པ་བཅུ་གཅིག་སྟེ། འདི་ལྟར། དངོས་པོ་ཡོངས་སུ་རྟོགས་པའི་ལམ་དང༌། འབད་རྩོལ་གྱི་ལམ་དང༌། ཏིང་ངེ་འཛིན་ཡོངས་སུ་སྤྱོད་བའི་ལམ་དང༌། མངོན་པར་རྟོགས་པའི་སྦྱོར་བ་ལས་བྱུང་བའི་ ལམ་དང༌། མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་དང༌། མངོན་པར་རྟོགས་པའི་ལམ་དང༌། རྣམ་པར་དག་པ་ངེས་པར་འབྱུང་བའི་ལམ་དང༌། བསླབ་པ་གསུམ་ཡོངས་སུ་དག་པར་བྱེད་པའི་ལམ་དང༌། ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་དང༌། ལམ་བསྡུས་པའི་ལམ་མོ། །དེ་ ལ་དྲན་པ་ཉེ་བར་གཞག་པ་ནི་དངོས་པོ་ཡོངས་སུ་རྟོགས་པའི་ལམ་མོ། །དང་པོ་ཉིད་དུ་མི་སྡུག་པ་ལ་སོགས་པའི་རྣམ་པས་ལུས་ཚོར་བ་སེམས་ཆོས་ཡོངས་སུ་རྟོགས་པའི་ཕྱིར་རོ། །ཡང་དག་པའི་སྤོང་བ་ནི་འབད་རྩོལ་གྱི་ལམ་མོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཡོངས་སུ་བརྟག་སྟེ་ལམ་གྱི་ སྒྲིབ་པ་སྤོང་བའི་ཕྱིར་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །རྫུ་འཕྲུལ་རྐང་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་མོ། །དེ་ལྟར་སྒྲིབ་པ་ཡོངས་སུ་སྦྱངས་པས་ལམ་འདིས་འདུན་པ་བརྩོན་འགྲུས་སེམས་དཔྱོད་པའི་སྒོ་ནས་ཏིང་ངེ་འཛིན་ལས་སུ་རུང་བ་སྐྱེད་པའི་ཕྱིར་རོ། །དབང་པོ་ལྔ་ནི་ མངོན་པར་རྟོགས་པ་ལས་བྱུང་བའི་ལམ་སྟེ། དེ་ལྟར་ལམ་འདིས་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པས་འཕགས་པའི་ལམ་ཡང་དག་པར་ཐོབ་པའི་ཕྱིར་དྲོད་དང་རྩེ་མོའི་སྦྱོར་བ་ལས་བདག་པོར་གྱུར་པ་ཐོབ་པའི་ཕྱིར་རོ། །སྟོབས་ལྔ་ནི་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་སྟེ། དེ་ བཞིན་དུ་ལམ་འདིས་བདག་པོར་གྱུར་པ་ཐོབ་པས་དེ་མ་ཐག་ཏུ་བདེན་པ་མངོན་དུ་བྱ་བའི་ཕྱིར་བཟོད་པ་དང་ཆོས་མཆོག་གི་སྦྱོར་བས་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་ནི་མངོན་པར་རྟོགས་པའི་ལམ་སྟེ། བདེན་པའི་བདག་ཉིད་སོ་སོར་ ཡང་དག་པར་རྟོགས་པའི་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་སྟེ། དེའི་གོང་དུ་ལམ་དེས་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་དང་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བས་སོ། །དེ་རྣམས་ཉིད་ནི་བྱང་ཆུབ་ཕྱོགས་ ཀྱི་ཆོས་རྣམས་དེ་ལྟར་མཐར་གྱིས་རིག་པར་བྱའོ། །ཁྱད་པར་མེད་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱའོ་ཞེས་པ་ལ་སོགས་པ་མངོན་པ་ཀུན་ལས་བཏུས་བ་ལས་གསུངས་པའི་རྣམ་པར་གཞག་པ་རྣམས་བདག་གིས་འདིར་རྒྱས་པར་མ་བྲིས་ཏེ་ མངས་པས་འཇིགས་པས་སོ། །དེ་ལས་རྟོགས་པར་བྱའོ། །རྟེན་གྱི་དབང་པོ་ཐ་དད་པའི་ལམ་ནི་རྣམ་པ་བཞི་སྟེ། དབང་པོ་རྟུལ་པོ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་མོ། །དབང་པོ་རྣོན་པོ་དངོས་གཞི་བསམ་གཏན་མ་ཐོབ་པ་ནི་མངོན་པར་ཤེས་ བ་མྱུར་ལ་དཀའ་བའི་ལམ་མོ། །དབང་པོ་རྟུལ་པོ་དངོས་གཞི་བསམ་གཏན་ཐོབ་པ་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་མོ། །དབང་པོ་རྣོན་པོ་དངོས་གཞི་བསམ་གཏན་ཐོབ་པ་ནི་མངོན་པར་ཤེས་བ་མྱུར་ལ་སླ་བའི་ལམ་མོ། །བསླབ་པ་གསུམ་ཡོངས་སུ་དག་པར་བྱེད་པའི་ལམ་ནི་དངོས་པོ་ཆོས་ བཞི་སྟེ། འདི་ལྟར་བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དག་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པར་བྱེད་པ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོའི་སྒོ་ ནས་བསླབ་པའི་གཞི་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་དག་པར་བྱེད་དེ་འདིས་ཀུན་དུ་མ་རྨོངས་པར་གྱུར་ནས་སེམས་ཏིང་ངེ་འཛིན་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་པར་བྱེད་དོ། །འདིས་མཉམ་པར་ གཞག་པའི་སེམས་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་ནི་གཉིས་ཏེ། འདི་ལྟར། ཞི་གནས་དང༌། ལྷག་མཐོང་ངོ༌། །དེ་ལ་ཞི་གནས་ནི་སེམས་ཀྱི་གནས་པ་རྣམ་པ་དགུ་སྟེ། འདི་ལྟ་སྟེ། དེ་ནི་ཅི་ལྟར་ཡང་ནང་དུ་སེམས་འཇོག་ ༄༅། །པར་བྱེད་པ་དང༌། ཡང་དག་པར་འཇོག་པར་བྱེད་པ་དང༌། རྣམ་པར་འཇོག་པར་བྱེད་པ་དང༌། ཉེ་བར་འཇོག་པར་བྱེད་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། གཅིག་ཉིད་དུ་བྱེད་པ་དང༌། མཉམ་པར་འཇོག་པར་བྱེད་པའོ། །དེ་ལ་ཕྱི་རོལ་གྱི་ དམིགས་པ་ལ་ས་[*LAS?] སོ་སོར་བསྡུས་ཏེ་ནང་དུ་སེམས་མངོན་པར་བསྡུས་ནས་ཉེ་བར་འཆིང་བ་ནི་འཇོག་པའོ། །དེ་ལྟར་དང་པོ་ཉིད་དུ་ཉེ་བར་བཅིངས་པའི་སེམས་དེ་ནི་གཡོ་བ་རགས་པ་སྟེ། དམིགས་པ་དེ་ཉིད་ལ་བརྟེན་པའི་སྦྱོར་བས་ཕྲ་བར་བྱེད་པའི་མངོན་པར་སྡུད་པ་ནི་ཡང་དག་པར་འཇོག་ པར་བྱེད་པའོ། །དེ་ལྟར་བཞག་པའི་སེམས་དེ་ནི་དྲན་པ་ཀུན་དུ་རྨོངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བ་ན། ཡང་སོ་སོར་སྡུད་པ་ནི་རྣམ་པར་འཇོག་པའོ། །དང་པོ་ཉིད་དུ་སེམས་དེ་དག་ཕྱི་རོལ་དུ་རྣམ་པར་མི་འབྱམ་པའི་ཕྱིར་དྲན་པས་ཉེ་བར་གནས་པ་ནི་ཉེ་བར་འཇོག་པའོ། །སྔོན་གྱི་མཚན་ མ་ཉིད་ལ་རྣམ་པར་གཡེང་བ་ནས་གཟུགས་ལ་སོགས་པའི་ཉེས་སྐྱོན་གྱིས་འདུ་ཤེས་གཙོ་བོར་བྱས་ཏེ་སེམས་གཡེང་བར་མི་བྱ་བ་ནི་དུལ་བའོ། །སེམས་ཀུན་དུ་འཁྲུགས་པར་བྱེད་པ་སེམས་ཀྱི་རྣམ་པར་རྟོག་པ་ཉེ་བའི་ཉོན་མོངས་པ་རྣམས་ལ་ཉེས་སྐྱོན་དུ་བལྟས་ནས་རབ་ཏུ་མི་གཡེང་བ་ནི་ ཞི་བའོ། །དྲན་པ་ཀུན་དུ་རྨོངས་པས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་དུ་སྤྱོད་པ་ན། དེ་དག་ལྷག་པར་ཞི་བར་བྱེད་པ་ནི་ཉེ་བར་ཞི་བའོ། །མངོན་པར་འདུ་བྱེད་པས་མ་ཉམས་ཤིང་བར་མེད་པར་ཏིང་ངེ་འཛིན་རྒྱུན་དུ་རྣམ་པར་གནས་པ་ནི་གཅིག་ཉིད་དུ་བྱེད་པའོ། །ཤིན་ཏུ་གོམས་པའི་ཕྱིར་མངོན་ པར་འདུ་བྱེད་པ་མེད་ཅིང་རྩོལ་བ་མེད་པས་སེམས་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་དང་གིས་རྣམ་པར་གཡེང་བ་མེད་པས་རབ་ཏུ་འཇུག་པ་ནི་མཉམ་པར་འཛིན་པར་བྱེད་པའོ་ཞེས་སོ། །རྣལ་འབྱོར་པ་ཤེས་རབ་གང་གིས་བརྩོན་པས་ཆོས་ལ་དམིགས་པ་ན་ཤེས་པར་བྱ་བ་ཅི་རྙེད་པར་གཞིག་པ་དང༌། ཤེས་ པར་བྱ་བ་ཅི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པ་དང༌། ཤེས་རབ་དང་ལྷན་ཅིག་པའི་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པས་རྒྱུ་མཚན་དུ་བྱེད་པ་དང་ཡོངས་སུ་རྣམ་པར་རྟོག་པར་བྱེད་པ་དང༌། ཡང་དག་པར་སེམས་པ་ཡོངས་སུ་སྤྱོད་པ་ཀུན་དུ་སྐྱེ་བ་དེ་ནི་ཤེས་རབ་ལྷག་མཐོང་ཡིན་ནོ། །ལམ་རྣམས་ བསྡུས་པའི་ལམ་ནི་དབང་པོ་གསུམ་སྟེ། འདི་ལྟར། ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་ལ་དང་མཐོང་བའི་ལམ་སེམས་སྐད་ཅིག་མ་བཅོ་ལྔ་ལ་ནི་སྔོན་མ་ཤེས་པའི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་རབ་ཏུ་ཞུགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། མཐོང་བའི་ལམ་ སེམས་སྐད་ཅིག་མ་བཅུ་དྲུག་མ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་སློབ་པའི་ལམ་དེ་རྣམས་ལ་སྔོན་མ་ཡིན་པའི་ཤེས་པར་བྱ་བ་མེད་པས་ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པའི་དབང་པོ་ཞེས་བྱ་སྟེ། དེ་ནི་མི་སློབ་པའི་ལམ་ལ་ནི། ཀུན་ ཤེས་པ་དང་ལྡན་པའི་དབང་པོའོ། །འདི་ཡང་བསྒོམ་པའི་ལམ་གྱི་དབང་དུ་བྱས་ཏེ་བསྟན་པར་བྱ་སྟེ། ས་གོང་མའི་ལམ་ནི་སྔོན་དུ་གྱུར་པའི་ངོ་བོས་སྒོམ་པར་བྱེད་བཞིན་པ་ན། སྔོན་དུ་མ་གྱུར་པས་འོག་མའི་དགེ་བའི་རྩ་བ་ཡང་སྒོམ་པར་འགྲོ་བ་ཡིན་ཏེ། ཁྱབ་བདག་ཉིད་ཐོབ་པའི་ཕྱིར་རོ། །ཁྱབ་ བདག་ནི་ཤིན་ཏུ་ཆེས་གསལ་བ་མངོན་དུ་གྱུར་པ་སྟེ་དབང་དུ་གྱུར་པར་རིག་པར་བྱའོ། །ཀུན་དུ་ལྡན་པ་ཐོས་པ་ཐམས་ཅད་ཡང་དག་པར་ཆད་པའི་ཕྱིར་དང༌། བྲལ་བ་ཐོབ་པ་ཐམས་ཅད་བརྙེས་པ་དང༌། གང་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་ནས་རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་དེའི་དེ་མ་ཐག་ཏུ་རྟེན་ཡོངས་སུ་འགྱུར་བ་ཟད་པ་ཤེས་པ་མི་སྐྱེ་བ་ཤེས་པ་མི་སློབ་པའི་ཆོས་བཅུ་སྟེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་ཅི་སྲིད་དུ་མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་དང༌། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཡེ་ཤེས་ནི་མཐར་ ཕྱིན་པའི་ལམ་མོ། །དེ་ལ་གནས་ངན་ལེན་ཐམས་ཅད་ནི་ཉི་ཤུ་བཞི་སྟེ། འདི་ལྟར། གང་ཐོག་མ་མེད་པའི་དུ་མ་ནས་མིག་ལ་སོགས་པའི་ཆོས་རྣམས་ཀྱི་བརྗོད་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་དུ་གནས་ཤིང་རྗེས་སུ་བརྟེན་པ་གང་ཡིན་པ་དེ་སྤྲོས་པ་ནི་བག་ཆགས་ ཞེས་བརྗོད་དེ། གང་ལས་མིག་ལ་སོགས་པའི་ཆོས་རྣམས་ཀྱི་མིང་དང་བཅས་པའི་མངོན་པར་ཞེན་པ་ཡང་ཡང་དུ་འཇུག་པ་ཞེས་པ་དེ་ནི་ཐམས་ཅད་དུ་འགྲོ་བ་མངོན་པར་བརྗོད་པའི་གནས་ངན་ལེན་ནོ། །གང་ཟག་པ་དང་བཅས་པའི་རིག་པ་རྣམས་ཀྱི་བག་ཆགས་དེ་ནི་རིག་པའི་གནས་ངན་ལེན་ནོ། ། ༄༅། །གང་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ནི་ཉོན་མོངས་པ་གནས་ངན་ལེན་ནོ། །གང་ཟག་པ་དང་བཅས་པའི་ལས་རྣམས་ཀྱི་བག་ཆགས་དེ་ནི་ལས་གནས་ངན་ལེན་ནོ། །གང་རྣམ་པར་སྨིན་པ་ལས་སུ་རུང་བ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་གནས་ངན་ལེན་ནོ། །གང་ ཉོན་མོངས་པ་དྲག་ལ་ཆེ་བ་དེ་ནི་ཉོན་མོངས་པའི་སྒྲིབ་པ་གནས་ངན་ལེན་ནོ། །གང་ལམ་གྱི་བར་ཆད་མཚམས་མེད་པ་ལ་སོགས་པའི་ལམ་གྱི་སྒྲིབ་པ་དེ་ནི་ལས་ཀྱི་སྒྲིབ་པ་གནས་ངན་ལེན་ནོ། །གང་བདེན་པ་མངོན་པར་རྟོགས་པ་བྲལ་བ་ཉིད་དམྱལ་བ་ལ་སོགས་པ་བདག་ངོ་བོ་ཐོབ་པ་དེ་ནི་རྣམ་ པར་སྨིན་པའི་སྒྲིབ་པ་གནས་ངན་ལེན་ནོ། །གང་དགེ་བའི་ཕྱོགས་སྦྱོར་བའི་བར་ཆད་འདོད་པ་འདུན་པ་ལ་སོགས་པ་སྒྲིབ་པ་ལྔས་ཟིལ་གྱིས་མནན་པའི་སྒྲིབ་པ་དེ་ནི་ལས་ཀྱི་སྒྲིབ་པ་གནས་ངན་ལེན་ནོ། །གང་རབ་ཏུ་བྱུང་བའི་གེགས་ཀྱི་ངོ་བོ་འདོད་རྟོག་ལ་སོགས་པས་ཟིལ་གྱིས་མནན་པ་དེ་ནི་ རྣམ་པར་རྟོག་པའི་གནས་ངན་ལེན་ནོ། །གང་ཟས་ཤིན་ཏུ་ཉུང་བ་དང་མང་དུ་སྦྱོར་བར་རུང་བ་དེ་ནི་ཟས་གནས་ངན་ལེན་ནོ། །གང་གཉིས་གཉིས་སྙོམས་པར་འཇུག་པ་བྱས་ནས་ལུས་སེམས་ངལ་བ་དེ་ནི་ལོག་གཡེམ་གྱི་གནས་ངན་ལེན་ནོ། །གང་རྟེན་གཞན་དུ་བྱས་ཏེ་བསྐྱེད་པ་དེ་ནི་རྨི་ལམ་གྱི་ གནས་ངན་ལེན་ནོ། །གང་ཁམས་མི་མཉམ་པར་བྱས་པས་ལེགས་པར་རང་བཞིན་དུ་མི་གནས་པ་དེ་ནི་ནད་གནས་ངན་ལེན་ནོ། །ཁམས་མི་མཉམ་པར་བྱས་པས་སྒྲུབ་པར་མི་ནུས་པ་དེ་ནི་རྒ་བའི་གནས་ངན་ལེན་ནོ། །གང་འཆི་བཞིན་པ་ན་དབང་པོ་ཐམས་ཅད་འཁྲུགས་པ་དེ་ནི་འཆི་བ་གནས་ ངན་ལེན་ནོ། །གང་མངོན་པར་བགྲོད་པ་ལ་སོགས་པ་བྱས་པས་ལུས་ཉེས་པ་དེ་ནི་ཡོངས་སུ་ངལ་བ་གནས་ངན་ལེན་ནོ། །མངོན་པར་བརྗོད་པ་གནས་ངན་ལེན་ལ་སོགས་པ་ཅི་ལྟར་སྲིད་པ་དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའི་ཆོས་ཅན་རྣམས་ཀྱི་ནི་དེ་ནི་བརྟན་པོ་གནས་ངན་ ལེན་ནོ། །འདོད་པ་ན་སྤྱོད་པ་ནི་རགས་པ་གནས་ངན་ལེན་ཏོ། །གཟུགས་ན་སྤྱོད་པ་ནི་འབྲིང་པོ་གནས་ངན་ལེན་ནོ། །གཟུགས་མེད་པ་ན་སྤྱོད་པ་ནི་འབྲིང་བོ་གནས་ངན་ལེན་ནོ། །གང་ཉན་ཐོས་དང་རང་རྒྱལ་གྱི་མི་མཐུན་པའི་ཕྱོགས་དེ་ནི་ཉོན་མོངས་པའི་སྒྲིབ་པ་གནས་ངན་ལེན་ཏོ། །གང་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་ལ་གནས་པའི་མི་མཐུན་པའི་ཕྱོགས་དེ་སྒོམ་པར་འཇུག་པའི་སྒྲིབ་པ་གནས་ངན་ལེན་ནོ། །གང་ཐམས་ཅད་མཁྱེན་པའི་མི་མཐུན་པའི་ཕྱོགས་དེ་ནི་ཤེས་བྱའི་སྒྲིབ་པ་གནས་ངན་ལན་ནོ། །དེ་ལྟར་དེ་སྙེད་གནས་ངན་ལེན་དེ་རྣམས་ཐམས་ཅད་ཀྱི་ཅི་རིགས་ པར་རྒྱུན་ཆད་པ་དེ་ནི་མཐར་ཐུག་པའི་ལམ་མོ། །གནས་ངན་ལེན་འཕེལ་བ་ལ་ལྡན་པ་ཐོབ་པ་ཞེས་བཏགས་སོ། །གནས་ངན་ལེན་འགྲིབ་པ་ལ་ཐོབ་པ་ཞེས་བཏགས་སོ། །གང་བསྒོམ་པའི་ལམ་གྱི་མཐའ་སྤོང་བའི་ལམ་གྱི་གནས་སྐབས་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ འདི་བསྡུ་ན་གཉིས་ཏེ། འདི་ལྟར་སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །དེ་ལ་སྦྱོར་བའི་ལམ་གྱིས་བསྡུས་པ་ནི། གང་ནས་བཟུང་སྟེ་སྒྲིབ་པ་ཐམས་ཅད་ཀྱིས་མི་ཤིགས་ཤིང༌། སྒྲིབ་པ་ཐམས་ཅད་འཇིག་པའོ། །བར་ཆད་མེད་པའི་ལམ་གྱིས་ བསྡུས་པ་ནི་གང་གིས་དེ་མ་ཐག་ཏུ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་སྐྱེས་པའོ། །ཏིང་ངེ་འཛིན་དེ་འང་བྱང་ཆུབ་ཆེན་པོ་ལ་བར་ཆད་མེད་པ་ཆེས་བརྟན་པ་དང་རོ་གཅིག་ཁྱབ་པའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་དེའི་རྒྱུན་མི་ཉམས་པས་བར་ཆད་མེད་པས་དང་སྒྲིབ་པ་ཐམས་ཅད་ ཀྱིས་མི་ཆོད་པའི་དང་སྒྲིབ་པ་ཐམས་ཅད་འཇོམས་པས་སྙིང་པོ་ཡིན་པའི་ཕྱིར་ཆེས་བརྟན་པའོ། །རྣམ་པར་མི་རྟོག་པ་ཉིད་དུ་རོ་གཅིག་པས་རོ་གཅིག་གོ། །ཤེས་བྱ་ཐམས་ཅད་ཀྱི་དེ་བཞིན་ཉིད་དམིགས་པའི་ཕྱིར་ཁྱབ་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དོན་འདི་དག་གཞན་ལ་གསལ་བར་བྱ་ བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དཔེར་ན་བྲག་རི་ཆེན་པོ་མི་ཆོད་པ་མི་ཤིགས་པ་སྲུབས་མེད་པ་གཅིག་ཏུ་མཁྲེགས་པ་ཤིན་ཏུ་ཟླུམ་པ་ཤར་ཕྱོགས་ཀྱི་རླུང་འཇུག་པས་མི་གཡོ་བ་མི་བསྐྱོད་པའོ། །ཅི་ལྟར་ཤར་གྱི་དེ་བཞིན་དུ་ཕྱོགས་ཐམས་ཅད་ཀྱིའོ། །དེ་མ་ཐག་ཏུ་རྟེན་ཡོངས་ སུ་འགྱུར་བཞེས་པ་ནི། འདིར་རྟེན་ཡོངས་སུ་འགྱུར་བ་རྣམ་པ་གསུམ་སྟེ། འདི་ལྟར། མེ་སློབ་པའི་ལམ་ཐོབ་པས་སེམས་ཀྱི་རྟེན་ཡོངས་སུ་འགྱུར་བ་དང༌། ལམ་གྱི་རྟེན་ཡོངས་སུ་འགྱུར་བ་དང༌། གནས་ངན་ལེན་གྱི་རྟེན་ཡོངས་སུ་འགྱུར་བ་ཞེས་པའི་དོན་ཏོ། །སྔོན་དུ་འཇིག་རྟེན་པའི་ལམ་ནི་མངོན་ ༄༅། །པར་རྟོགས་པའི་དུས་སུ་འཇིག་རྟེན་ལས་འདས་པ་ཉིད་དུ་ཡོངས་སུ་འགྱུར་བ་ནི་སློབ་པ་ཞེས་བརྗོད་དེ་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་རོ། །གང་གི་ཚེ་མི་མཐུན་པའི་ཕྱོགས་མ་ལུས་པ་རྣམ་པ་མེད་པར་འགྱུར་ཞིང་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་དེའི་ཚེ་ལམ་ འདིའི་རང་བཞིན་གྱི་རྟེན་ཡོངས་སུ་འགྱུར་བར་རྣམ་པར་གཞག་པར་བྱས་ཏེ་དེ་ནི་ལམ་གྱི་རྟེན་ཡོངས་སུ་འགྱུར་བའོ། །གང་ཀུན་གཞི་རྣམ་པར་ཤེས་པའི་ཉོན་མོངས་པའི་བག་ལ་ཉལ་སྤངས་པས་ཡོངས་སུ་འགྱུར་བ་དེ་ནི་གནས་ངན་ལེན་གྱི་རྟེན་ཡོངས་སུ་འགྱུར་བའོ། །གང་ཀུན་འབྱུང་ལྷག་མ་མེད་ པར་སྤངས་པའི་ཡེ་ཤེས་སམ། དེའི་གནས་སྐབས་ཀྱི་རྒྱུ་འགོག་པ་ལ་དམིགས་པའི་ཡེ་ཤེས་དེ་ནི་ཟད་པ་ཤེས་པའོ། །འབྲས་བུ་མི་སྐྱེ་བ་ལ་དམིགས་པའམ། དེ་བཞིན་དུ་སྐྱེ་བ་མེད་པར་གྱུར་ནས་ཤེས་པ་དེ་ལའང་དེ་ནི་མི་སྐྱེ་བ་ཤེས་པའོ། །ཕྱིས་སྡུག་བསྔལ་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པའི་ ཆོས་ཉིད་ཀྱི་བདེན་པ་ལ་གང་ཤེས་པ་སྟེ། གང་སྡུག་བསྔལ་ལ་བདེན་པ་ལ་དམིགས་པའི་ཤེས་པ་ཞེས་པའི་དོན་ཏོ། །མི་སློབ་པའི་ཆོས་བཅུ་ནི། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ ཤེས་མཐོང་བའི་ཕུང་པོའི་དབང་དུ་བྱས་ཏེ་གསུངས་པར་ཤེས་པར་བྱའོ། །དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང༌། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་འཚོ་བ་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་ པོའོ༑ ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ལམ་གྱི་བདེན་པའི་ རྣམ་པ་མཚན་མ་ཉིད་བཞི་སྟེ། འདི་ལྟར། དེ་ཁོ་ན་ཉིད་ཀྱི་དོན་འདིས་གོམས་པར་བྱེད་པས་ལས་ཀྱི་མཚན་ཉིད་དོ། །མི་རིགས་པར་གྱུར་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པས་རིགས་པ་མཚན་ཉིད་དང༌། དེ་ཁོ་ན་ཉིད་མ་རྟོགས་པའི་སྐྱོན་གྱིས་བརྟག་པ་ལ་སོགས་པ་ཕྱིན་ཅི་ལོག་གིས་ཕྱིན་ ཅི་ལོག་པའི་སེམས་ནི། ཕྱིན་ཅི་ལོག་པའི་དེ་ཁོ་ན་ཉིད་རྟོགས་པའི་བསྒྲུབ་པའི་ཕྱིར་སྒྲུབ་པ་མཚན་ཉིད་དང༌། རྟག་ཏུ་ཤིན་ཏུ་མཆོག་ཏུ་ངེས་པར་འབྱུང་བའི་གོ་འཕང་དུ་འགྲོ་བའི་ཕྱིར་ངེས་པར་འབྱིན་པའི་མཚན་ཉིད་དོ། །དེ་བཞིན་དུ་གཞན་ལ་ཡང་རྣམ་པ་བཞི་བཞི་ཞེས་རྣམ་པ་བཅུ་དྲུག་ནི་ འཇིག་རྟེན་པར་ཡང་འགྱུར་ཞིང་འཇིག་རྟེན་ལས་འདས་པར་ཡང་འགྱུར་རོ། །དེ་ལ་འཇིག་རྟེན་པའི་ལམ་ལས་འཇིག་རྟེན་ལས་འདས་པའི་ལམ་རྣམས་ཀྱི་ཁྱད་པར་ཅི་ཞེ་ན། བརྗོད་དེ། དེ་ལ་བདེན་པའི་རྣམ་པར་འཇིག་རྟེན་པ་ནི་དེ་བཞིན་ཉིད་མངོན་དུ་རྟོགས་པ་མེད་པས་ཤེས་བྱ་ལ་ལེགས་པར་ མ་ཞུགས་པས་དང༌། ཉོན་མོངས་པའི་བག་ལ་ཉལ་བ་ཅན་ཡིན་པས་སྒྲིབ་པ་དང་བཅས་པའོ། །མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པར་བྱ་བ་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ལ་བཟློག་པས་བདེན་པའི་རྣམ་པ་འཇིག་རྟེན་ལས་འདས་པ་ནི་ལེགས་པར་རབ་ཏུ་ཞུགས་པས་སྒྲིབ་པ་མེད་ པ་དང༌། རྣམ་པས་རྟོག་པ་མེད་པའོ། །ཡང་འདི་རྣམ་པར་མི་རྟོག་ན་ཅི་ལྟར་ཤེས་བྱ་ལ་ལེགས་པར་ཞུགས་པ་ཡིན་ཞེ་ན་བརྗོད་དེ། འཇིག་རྟེན་ལས་འདས་པའི་རྣམ་པ་ལ་འཇུག་བཞིན་པ་མི་རྟག་པའི་དོན་མཐོང་བ་ནི་ཉམས་སུ་མྱོང་བའོ། །མངོན་པར་བརྗོད་པ་སྤྲོས་པའི་སྒོ་ནས་མི་རྟག་གོ་ཞེས་ མཐོང་བ་ནི་མ་ཡིན་པའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ཀྱི་ལམ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་རྒྱུ་ དང་འབྲས་བུའི་ངོ་བོ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་ཉིད་ཐོག་མ་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོའི་མཐར་ཐུག་པར་གོམས་པ་རབ་ལ་སྤངས་པ་དང༌། རྟོགས་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་དེ་ནི་བྱང་ཆུབ་སེམས་སྤྲོས་པ་དང་བཅས་པ་བརྗོད་པར་བྱས་ཏེ། འདི་ ལྟར༑ བདག་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འགྱུར་བ་དང་གཞན་དོན་བསྒྲུབ་པར་བྱ་ཞེས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བའོ། །དེ་ཡོད་པ་ལ་བྱང་ཆུབ་སེམས་སྐྱེའོ། །དེ་ལྟར་ཡང༌། བསྟན་ ༄༅། །བཅོས་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །འདིའི་དོན་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དེ་སངས་རྒྱས་ཉིད་འདོད་པའི་ངོ་བོ་དགེ་བའི་ཆོས་ལ་འདུན་པ་སེམས་ལས་འབྱུང་བའོ། །དེ་ཡོད་པ་ལ་བྱང་ཆུབ་སེམས་ སྐྱེའོ་ཞེས་ཤེས་ནས་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ཅན་གྱི་རྒྱུ་ལ། འབྲས་བུ་བྱང་ཆུབ་སེམས་བསྐྱེད་པའི་མཚན་ཉིད་ཅན་གྱི་མིང་གིས་བཏགས་པའོ། །དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་དོན་དུའམ། བྱང་ ཆུབ་དོན་དུ་གཉེར་པ་དང་ལྷན་ཅིག་ཏུ་སྤྱོད་པའི་སེམས་བསྐྱེད་པ། ཡང་དགེ་པར་རྫོགས་པའི་བྱང་ཆུབ་འདོད་ཀྱི་སྒྲས་བརྟགས་པ་སྟེ། སེམས་བསྐྱེད་པ་ནི་རྫོགས་པའི་བྱང་ཆུབ་དང་ལྡན་པའོ་ཞེས་ཤེས་པར་བྱ་བའི་དོན་དུའོ། །ཡང་ན། སེམས་ནི་མངོན་པར་འདོད་པ་སྟེ། །འདི་ལྟར། བདག་གིས་འགྲོ་ པར་སེམས་སོ། །ཞེས་འགྲོ་བར་འདོད་པ་སྨྲའོ། །མངོན་པར་འདོད་པ་དེའི་སྐྱེ་བ་ནི་སེམས་བསྐྱེད་པ་སྟེ། མངོན་པར་འདོད་པའི་སྐྱེ་བ་ནི་མི་འཁྲུལ་པའི་ཕྱིར་སྐྱེད་པ་བཟུང་བ་ནི་ཁྱད་པར་གཟུང་བར་བྱ་བའི་དོན་དུའོ། །གང་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྟེ་མངོན་པར་འདོད་པ་དེ་ནི་དེ་བཞིན་ནོ། །དེའི་ ངོ་བོ་ནི་ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའོ། །གཞན་དོན་ཆེད་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སེམས་སྐྱེ་བ་ནི་སེམས་བསྐྱེད་པའོ་ཞེས་པ་འདི་ནི་མཚན་ཉིད་དོ། །དེ་སྐད་དུ་ཡང་གསུངས་ཏེ། བདག་དང་ཕུང་སོགས་བཏགས་པ་ཡི། །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །སྟོང་ ཉིད་མཚན་ཉིད་བྱང་ཆུབ་སེམས། །རྟག་ཏུ་སངས་རྒྱས་རྣམས་ཀྱིས་འདོད། །ཅེས་སོ། །དེ་བཞིན་དུ། ཀུན་རྫོགས་ཉོན་མོངས་ལས་ཀྱིས་བསླང༌། །ལས་ནི་སེམས་ལས་ཀུན་དུ་བྱུང༌། །སེམས་ནི་བག་ཆགས་རྣམས་ཀྱིས་ཟོས། །བག་ཆགས་སྤངས་ལས་བདེ་བའོ། །བདེ་བ་ཞི་བའི་སེམས་ཉིད་ དེ༑ །ཞི་བའི་སེམས་ནི་མི་རྨོངས་སོ། །རྨོངས་མེད་ངེས་པར་དེ་ཉིད་རིག །དེ་ཉིད་རིག་པས་གྲོལ་བ་ཐོབ། །བྱང་ཆུབ་སེམས་ནི་དེ་ཉིད་མཆོག །སྟོང་པ་ཉིད་ཅེས་ཀྱང་བཤད་དོ། །དེ་བཞིན་ཉིད་དང་ཡང་དག་མཐའ། །དེ་བཞིན་སྡུག་བསྔལ་བདག་མེད་སོགས། །གཞན་དོན་རོ་གཅིག་བྱང་ཆུབ་ནི། ། སྙིང་རྗེས་བརྟེན་པའི་རྩ་བ་དང༌། །བྱང་སེམས་མྱུ་གུ་ལས་བྱུང་བ། །དེ་ནི་རྒྱལ་སྲས་རྣམས་ཀྱིས་བསྒོམ། །གང་ཞིག་བསྒོམས་པས་མཁས་པ་རྣམས། །བསམ་གཏན་བདེ་བ་ཡོངས་སྤངས་ཏེ། །མནར་མེད་དམྱལ་བར་ཞུགས་ནས་ནི། །གཞན་གྱི་སྡུག་བསྔལ་ཀུན་སེལ་བ། །འདི་ནི་རྨད་བྱུང་ འདི་ལེགས་པ། །འདི་ནི་འཇུག་པ་དམ་པ་མཆོག །རང་གི་ལུས་དང་དོན་སྟོན་པ། །དེ་ནི་ངོ་མཚར་མ་ཡིན་ཉིད། །ཅེས་སོ། །དེ་བཞིན། དེ་ལྟར་སྙིང་རྗེ་དེས་བརླན་པའི། །གང་ཡང་བཟང་སོགས་རྒྱལ་སྲས་རྣམས། །ཚངས་དབང་ཉེ་དབང་དྲག་བོ་སོགས། །གཟུགས་བརྙན་སྦྲུལ་བའི་མཐུ་ རྣམས་ཀྱིས། །འགྲོ་བ་འདྲེན་པའི་སྦྱོར་བ་ཡིས། །སྙིང་རྗེའི་བསམ་པས་གར་བྱེད་དོ། །ཞེས་སོ། །བྱང་ཆུབ་སེམས་ཀྱི་སྦྱོར་བས་ཞེས་པ་ནི་ནང་དུ་བསྡུ་བར་བྱའོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་དང་བྲལ་བའི་བྱང་ཆུབ་སེམས་ཀྱང་འཁོར་བར་འབྲས་བུ་ཆེན་པོ་ཞེས་ཉེ་བར་བསྔགས་ ཏེ༑ ཅི་ལྟར་འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པ། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་དད་པ་དང་སྨོན་པ་དེ་ཉིད་ནི་འགྲོ་ཡང་བཞེངས་ཀྱང་འདུག་ཀྱང་ཉལ་ཡང་སད་ཀྱང་ཟ་ཡང་འཐུང་ཡང་རྒྱུན་དུ་བར་ཆད་མེད་པར་རྗེས་སུ་དྲན་པ་དང་ཡིད་ ལ་བྱེད་པ་དང་བསྒོམ་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་ནས་བཀའ་སྩལ་པ། དེ་ཡང་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ལན་མང་དུ་ལྷ་རུ་སྐྱེ་བར་འགྱུར་རོ། །ལན་མང་དུ་མི་རུ་སྐྱེ་བར་འགྱུར་རོ། །ལྷ་དང་མིའི་སྐྱེ་བ་ཐམས་ ཅད་དུ་ལྷག་པའི་རྒྱལ་པོ་བྱེད་པར་འགྱུར་རོ་ཞེས་སོ། །གང་ལས་ཡང་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ངེས་པར་ལེགས་པ་དང་མངོན་པར་འབྱུང་བའི་རྒྱུ་ཉིད་ཡིན་པས་ཤིན་ཏུ་ཆེས་འབྲས་བུ་ཆེ་བ་ཉིད་དོ་ཞེས་སྒྲུབ་བོ། །དེས་ན་དཔའ་སྦྱིན་གྱིས་ཞུས་པ་ལས་གསུངས་ཏེ། གང་ཚེ་བྱང་ ཆུབ་སེམས་གང་གི །བསོད་ནམས་དེ་ནི་གཟུགས་ཅན་འགྱུར། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེའི་ཡང་གོང་དུ་ལྷག་པར་འགྱུར། །གང་གཱའི་བྱེ་མའི་གྲངས་རྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དམ་པས་ཡོངས་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། ། ༄༅། །གང་གིས་ལན་ཅིག་ཐལ་སྦྱར་ཏེ། །བྱང་ཆུབ་ཆེད་དུ་སེམས་བཏུད་ན། །གང་གི་མཐའ་ཡང་ཡོད་མིན་པས། །མཆོད་པ་འདི་ནི་ཁྱད་པར་འཕགས། །ཞེས་སོ། །འཕགས་པ་སྡོད་བོ་བཀོད་པའི་མདོ་ལས་ཀྱང༌། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཀྱི་ས་བོན་དུ་གྱུར་པའོ་ཞེས་རྒྱས་པར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་དཔེར་ན་ལོང་བས་སྒྲོན་མ་འཛིན་པས་གཞན་རྣམས་ལ་ཕན་པར་འགྱུར་བ་དེ་བཞིན་དུ་དོན་མངོན་པར་མི་ཤེས་པ་ཐོབ་པ་འཛིན་པ་ཞེས་ཤེས་ནས་དོན་ངེས་པར་བཟུང་ནས་སྡོམ་པ་ལེན་པ་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་ བསྐྱེད་པ་ཡིན་ནོ། །དེས་ན་བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། དཔེར་ན་སོ་སོར་རྟོགས་པར་མི་བྱེད་པའི་མེལ་ཅོག་[*TZE?] སྒྲ་སྒྲོགས་པར་བྱེད་པ་ཉིད་སང་བཞིན་དུ་རྐུན་པོས་འཇོམས་པ་སྟེ། དེ་བཞིན་དུ་སོ་སོར་རྟོགས་པར་མི་བྱེད་པ་སྒྲ་ཙམ་དང་ལྡན་པའི་མང་དུ་ཐོས་ པ་ཉོན་མོངས་པའི་རྐུན་པོས་འཇོམས་པས་སྒྲུབ་པ་ལ་བརྩོན་པར་བྱའོ། །གཞོན་ནུ་སྒྲུབ་པ་སྙིང་བོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་དཀའ་བར་འགྱུར་བ་མ་ཡིན་ནོ་ཞེས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་གསུངས་པའི་ཕྱིར་རོ། །སྒྲུབ་པ་ཡང་མདོར་བསྡུས་ན་བྱང་ཆུབ་ སེམས་བསྒོམས་པ་དང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ། འདི་ལྟར་དེ་ལ་བྱང་ཆུབ་སེམས་དང་པོ་ནི་འདུན་པ་དང་ལྡན་པ་གཞན་དོན་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་མཚན་ཉིད་ཅན་ ས་ལྟ་བུ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །གཉིས་པ་ནི་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཕན་པ་དང་བདེ་བའི་བསམ་པ་ཕྱིས་དང་ད་ལྟ་དག་གི་རྣམ་པར་འགྱུར་བ་ མི་བརྟེན་པའི་ཕྱིར་རོ། །ཨཱ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་པའོ། །ཤ་ཡ་ནི་མི་འགྱུར་བ་སྟེ། ཨཱ་ཤ་ཡ་ཞེས་ཤེས་ནས་བསམ་པ་དེ་ཡང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པ་ནི་ཡོངས་སུ་རྫོགས་པའི་བསམ་པ་དང༌། སངས་རྒྱས་ཀྱི་ཞིང་ ཡོངས་སུ་སྤྱོད་བའི་བསམ་པ་དང༌། སེམས་ཅན་ཐམས་ཅད་བདེ་བའི་བསམ་པའོ། །དེ་བཞིན་དུ་གཞན་ཡང་བསམ་པའི་དབྱེ་བ་མང་པོ་རྣམས་འདིར་མི་བཤད་དེ་མངས་པས་འཇིགས་པའི་ཕྱིར་རོ། །གསུམ་པ་ནི་ཁྱད་པར་ལྷག་པར་རྟོགས་པའི་ཆེད་དུ་བསམ་པ་ནི་ལྷག་པའི་བསམ་པ་སྟེ་དེ་དང་ ལྡན་པའོ། །དཀར་པོའི་ཕྱོགས་ཀྱི་ཆོས་བཞི་ཟླ་བ་ལྟ་བུ་སྟེ། དཀར་པོ་ཕྱོགས་ཀྱི་ཚེས་པའི་ཟླ་བ་འཕེལ་བ་བཞིན་དུ་སེམས་དེས་དགེ་བ་རྣམས་ཀྱེ་བ་འཕེལ་བ་བརྙེས་བའི་ཕྱིར་རོ། །བྱང་ཆུབ་སེམས་དེ་གསུམ་ནི་རིམ་པ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང་ཡང་དག་པའི་སྤོང་བ་དང་རྫུ་འཕྲུལ་གྱི་ རྐང་པ་དང་ལྡན་པའོ། །ཐོས་པ་དང་བསམ་པའི་རང་བཞིན་གྱི་ཤེས་རབ་ཕུལ་དུ་ཕྱིན་པའི་གནས་སྐབས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལས་དང་པོ་པའི་ས་ཚོགས་ཀྱི་ལམ། ཚོགས་ཀྱིས། གོ་ཆའི་སྒྲུབ་པ་སྨོན་པའི་སེམས་སོ། །གཞན་བྱང་ཆུབ་སེམས་བཅུ་དགུ་ནི་འཇུག་པའི་སེམས་ སོ༑ །བཞི་པ་ནི་སྦྱོར་བ་དང་ལྡན་པ་དང་ལྷག་པའི་བསམ་པ་དང་ལྡན་པ་ནི་མེ་ལྟ་བུ་སྟེ། བུད་ཤིང་ཁྱད་པར་ཅན་གྱི་མེ་བཞིན་དུ་དེས་སྦྱོར་བ་ཁྱད་པར་དུ་འཕགས་པར་འགྲོ་བའི་ཕྱིར་རོ། །དེ་ནི་མོས་པས་སྤྱོད་པའི་སའོ། །རབ་ཏུ་དགའ་བའི་སའི་སྦྱོར་བའི་ལམ། འཇིག་རྟེན་པའི་སྒོམ་པའི་རང་བཞིན་ཟག་ པ་དང་བཅས་པའི་སྡོམ་པའི་ལམ། ངེས་པར་འབྱེད་པ་ནི་མངོན་དུ་བྱེད་པ་ཞེས་ངེས་པར་འབྱེད་པ་མཐོང་བའི་ལམ་མོ། །དེའི་ཆ་ནི་བརྙན་པ་སྟེ་དེའི་ཕྱིར་ཕན་པའོ། །ངེས་པར་འབྱེད་པའི་ཆ་དད་མཐུན་པ་དང་དབང་པོ་ལྡ་དང་སྟོབས་ལྡ་དང་ལྡན་པའི་འཇུག་པའི་སྒྲུབ་པའོ། །ལྔ་པ་ནི་འཇིག་རྟེན་ལས་ འདས་པ་ཟག་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་སྟེ། ཆོས་དང་ཟད་ཟིང་གི་ལོངས་སྤྱོད་ཀྱིས་གཞལ་དུ་མེད་པའི་སེམས་ཅན་ཡང་དག་པར་ཚིམ་པར་བྱེད་པའི་ཕྱིར་དང་མི་ཟད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་འདི་ལ་བདག་བྱང་ཆུབ་དང་ཉེ་བར་མཐོང་བ་དང༌། སེམས་ཅན་གྱི་དོན་སྒྲུབ་པ་མཐོང་བས་དགའ་བ་རབ་ཏུ་གྱུར་ཞེས། རབ་ཏུ་དགའ་བའི་ས་མཐོང་བའི་ལམ་བྱང་ཆུབ་ཡན་ལག་དང་ལྡན་པའོ། །དྲུག་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་བྱུང་བའི་ཕྱིར་རོ། །འདིར་ ༄༅། །རིན་པོ་ཆེའི་འབྱུང་ཁུངས་ནི་རི་རོ་ཧ་ན་ལ་སོགས་པའོ། །ཚུལ་ཁྲིམས་འཆལ་པས་དྲི་མ་དང་རྩོལ་བ་དྲི་མ་དག་ལས་འདས་པའི་ཕྱིར་དྲི་མ་མེད་པའི་སའོ། །བདུན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྒྱ་མཚོ་ལྟ་བུ་སྟེ། མི་འདོད་པའི་ཉེ་བར་འདུས་པ་ཐམས་ཅད་ཀྱིས་མི་ བསྐྱོད་པའི་ཕྱིར་རོ། །ཏིང་ངེ་འཛིན་སྟོབས་དང་ཚད་མེད་པའི་ཆོས་ཚོལ་བའི་གཟུངས་དག་གིས་ཕ་རོལ་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་འོད་བྱེད་པའི་སའོ། །བརྒྱད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྡོ་རྗེ་ལྟ་བུ་སྟེ། རྡོ་རྗེ་བཞིན་དུ་བརྟན་པའི་ཕྱིར་དང་མི་ཕྱེད་པའི་ཕྱིར་རོ། །ཤེས་བྱའི་ སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དག་སྲེག་པར་བྱེད་པས་འོད་ཟེར་དུ་གྱུར་པ་བྱང་ཆུབ་ཕྱོགས་ཀྱི་བདག་ཉིད་ཀྱི་ཤེས་རབ་དེ་འདི་ལ་ཡོད་པས་འོད་འཕྲོ་བའི་སའོ། །དགུ་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རི་བོ་ལྟ་བུ་སྟེ། མི་བསྐྱོད་པའི་ཕྱིར་གཡེང་བ་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་ བྱེད་པ་དང་རང་སེམས་བསྲུང་བའི་ཕྱིར་རོ། །གང་ལ་རྒྱལ་བར་དཀའ་ཞེས་སྦྱང་དཀའ་བའི་སའོ། །བཅུ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྨན་གྱི་རྒྱལ་པོ་ལྟ་བུ་སྟེ། སྒྲིབ་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་རོ། །འཁོར་བ་དང་མྱ་ངན་ལས་འདའ་བ་མངོན་དུ་བྱེད་པས་མངོན་དུ་གྱུར་པའི་སའོ། ། བཅུ་གཅིག་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་བྱམས་པ་ལ་སོགས་པའི་ཚད་མེད་པ་དང་ལྡན་པ་བཤེས་གཉེན་ལྟ་བུ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བཏང་སྙོམས་སུ་མི་བྱེད་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དང་འབྲེལ་བས་སྦྱོར་བ་མཐར་ཐུག་པར་ཕྱིན་བའི་ཕྱིར་རིང་དུ་སོང་ པའི་སའོ། །བཅུ་གཉིས་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་མངོན་པར་ཤེས་པ་དང་ལྡན་པ་ཡིད་བཞིན་ནོར་བུ་དང་འདྲ་བ་སྟེ། ཅི་ལྟར་མོས་པའི་འབྲས་བུ་དེ་རྣམས་ཕུན་སུམ་ཚོགས་པའི་ཕྱིར་རོ། །མཚན་མའི་འདུ་ཤེས་དང་མཚན་མ་མེད་པའི་རྩོལ་བའི་འདུ་ཤེས་ཀྱིས་མི་གྱོ་བའི་ཕྱིར་མི་གཡོ་ བའི་སའོ། །བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པའི་མཚན་ཉིད་བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ཉི་མ་ལྟ་བུ་སྟེ། གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །སོ་སོར་ཡང་དག་པར་རིག་པ་ལེགས་པའི་ཕྱིར་ཞེས་པ་ གཙོ་བོ་ཡིན་པའི་ཕྱིར་ལེགས་པའི་བློ་གྲོས་ཀྱི་སའོ། །བཅུ་བཞི་པ་ཡི་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་སོ་སོར་ཡང་དག་པར་རིག་པ་དང་ལྡན་པ་དྲི་ཟའི་གླུ་དབྱངས་སྙན་བ་ལྟ་བུ་སྟེ། གདུལ་བྱ་ཚོགས་པ་རྣམས་ལ་ཆོས་སྟོན་པར་ཕྱེད་པའི་ཕྱིར་དང༌། ཆར་འབབ་པ་དང་ཆོས་མཐུན་པས་ སྤྲིན་དང་འདྲ་བའི་ཕྱིར་ཆོས་ཀྱི་སྤྲིན་གྱི་སའོ། །བཅོ་ལྔ་པ་ནི་མངོན་ཤེས་དང་ལྡན་པ་དང་སྟོན་པ་དང་ལྡན་པ་རྒྱལ་པོ་ལྟ་བུ་སྟེ། མི་ཆོམས་[*TSOMS?] པའི་ནུས་པ་གཞན་དོན་ཉམས་སུ་ལེན་པའི་ཕྱིར་དང་རྣམ་པར་མི་ཉམས་པའི་རྒྱུ་ཡིན་པས་སོ། །རྒྱལ་པོའི་བཀའི་ལྕགས་ཀྱུས་སྐྱེ་བོ་ལམ་ལོག་པར་མི་ ལྟུད་སྟེ། དེ་བཞིན་དུ་སྟོན་པའི་ལྕགས་ཀྱུས་བྱང་ཆུབ་སེམས་དཔའོ། །བཅུ་དྲུག་པ་ནི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་མཛོད་ཁང་ལྟ་བུ་སྟེ། ཤིན་ཏུ་མང་བའི་བསོད་ནམས་དང་ཡེ་ཤེས་ཚོགས་ཀྱི་མཛོད་ཉིད་ཡིན་པས་སོ། །བཅུ་བདུན་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་ བདུན་དང་ལྡན་པ་ལམ་པོ་ཆེ་ལྟ་བུ་སྟེ། འཕགས་པའི་གང་ཟག་ཐམས་ཅད་འགྲོ་བའི་རྗེས་སུ་འགྲོ་བས་སོ། །བཅོ་བརྒྱད་པ་ནི་ཞི་གནས་ཅན་དུ་གྱུར་པ་སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཏུ་མི་ལྟུང་པས་བདེ་བར་ཡང་དག་ པར་བགྲོད་པས་སོ། །བཅུ་དགུ་པ་གཟུངས་དང་སྤོབས་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུ་སྟེ། བཀོད་མའི་ཆུ་ནི་མི་ཟད་པའི་ཆུའི་རྒྱུན་ནོ། །ཆུའི་རྒྱུན་མི་ཟད་པ་འབབ་པ་དང་ཆོས་མཐུན་པས་ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་དོན་གཟུངས་མི་ཟད་པ་སྟོན་པ་འབྱུང་བའི་ཕྱིར་རོ། །ཉི་ཤུ་པ་ནི་ འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་ལོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་བ་ནི་ཞི་བའོ་ཞེས་པ་འདི་ནི་ཆོས་ཀྱི་སྦྱིན་པ་བཞི་དང་ལྡན་པས་སྙན་པར་སྨྲ་བ་ལྟ་བུ་སྟེ། གྲོལ་བར་འདོད་པ་རྣམས་ཀྱི་མཉན་བྱ་སྙན་པ་ཡིན་པས། ཉི་ཤུ་གཅིག་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ས་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་དང་བྱ་བ་མི་ཕྱེད་པས་བགྲོད་པ་གཅིག་པའི་ལམ་མོ། །དེ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུ་སྟེ། རང་གི་ངང་གིས་རྒྱུན་འབབ་པའི་ཕྱིར་རོ། །ཉི་ཤུ་གཉིས་པ་ནི་ཐབས་ལ་མཁས་པ་དང་ལྡན་པ་དགའ་ ༄༅། །ལྡན་གནས་སུ་གནས་པ་ལ་སོགས་པ་དེ་དང་ལྡན་པ་དང་ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ་སྟེ། སེམས་ཅན་གྱི་དོན་མ་ལུས་པ་ཀུན་དུ་རྫོགས་པར་བྱེད་པ་ནི་དེ་ལས་འཇུག་པའི་ཕྱིར་རོ། །སྤྲིན་ལས་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་བཞིན་ནོ། །དེ་རྣམས་ལ་དྲུག་པ་ལ་ སོགས་པ་སེམས་བསྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རང་བཞིན་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའོ། །འདི་རྣམས་ལ་སེམས་བསྐྱེད་པ་དང་པོ་དགུ་ནི་དྲི་མ་མེད་པ་ལ་སོགས་པའི་ས་དགུ་རྣམས་སོ། །གཞན་སེམས་སྐྱེ་བ་དྲུག་ནི་ཆོས་ཀྱི་སྤྲིན་གྱི་སའི་གནས་ སྐབས་ཁྱད་པར་ངོ་བོ་ཁྱད་པར་གྱི་ལམ་མོ། །ཁྱད་པར་གྱི་ལམ་གྱི་ཐ་མ་སེམས་བསྐྱེད་པ་ཉི་ཤུ་པ་ནི་སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་མོ། །སེམས་བསྐྱེད་པ་ཉེར་གཅིག་པ་དང་ཉེར་གཉིས་པ་ནི་དངོས་གཞི་དང་རྗེས་ངག་གི་ཀུན་དུ་བཟང་པོ་ཞེས་བྱ་བ་མིང་གཞན་ཀུན་དུ་འོད་ཅེས་སངས་རྒྱས་ ཀྱི་སའོ། །དེས་ན་འཇིག་རྟེན་མ་ལུས་པ་ལ་འདས་པ་མཐའ་མེད་པ་ངོ་མཚར་བའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་བདག་ཉིད། མཚམས་མེད་པའི་སེམས་ཅན་གྱི་ཚོགས་ལ་ཕན་འདོགས་པར་བྱེད་པའི་སྙིང་རྗེའི་སྟོབས་ཆེན་གྱིས་ཡང་དག་པར་བྱི་དོར་དྲི་མ་མེད་པར་བྱས་པའི་ནང་གི་བྱེད་པའི་མེ་ལོང་གི་ ནད་དུ་ནམ་མཁས་ཁྱབ་པའི་ཁམས་གསུམ་གྱི་འཇུག་པའི་མཐའ་བྱེ་བྲག་མ་ལུས་པའི་གཟུགས་བརྙན་ཤར་བ། བླ་ན་མེད་པའི་མཚན་རྣམས་སུམ་ཅུ་རྩ་གཉིས་ཀྱི་ནོར་བུ་མཉམ་པ་མེད་པའི་ཚོགས་ཀྱིས་ཡོངས་སུ་སྦྲས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུའི་མུ་ཏིག་གི་རྒྱན་གྱིས་སྐུ་ལ་བརྒྱན་པའི་སྟོན་པ་ དེ་ལྟ་བུ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པའི་སྐུ་རྫོགས་པར་བྱ་བའི་ཆེད་དུ་རྩ་བ་རུས་ཤིང་བཙུགས་པ་ལྟ་བུ་བྱང་ཆུབ་ཀྱི་སེམས་སུ་ངེས་པར་རྟོགས་པར་བྱའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱང་ཆུབ་སེམས་ དཔའི་ཚུལ་ལུགས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་བསྒོམ་པའི་རིམ་པ་བཤད་པར་བྱ་སྟེ། དཔེར་ན་རྒྱལ་རིགས་འགའ་ཞིག་རྒྱལ་པོ་འདོད་ཅིང་དེ་ལ་ཕན་པར་འདོད་པ་རྣམས་ཀྱིས་སྤྲོ་བར་བྱེད་པ་ན། དང་པོ་ ཉིད་དུ་གོ་ཆ་གྱོན་ཏོ། །དེ་ནས་རབ་ཏུ་གནས་ཏེ། གླང་པོ་ལ་སོགས་པའི་ཐེག་པ་ལ་ཀུན་དུ་གནས་སོ། །དེ་རྗེས་སུ་ཚོགས་རྣམས་ཡང་དག་པར་སོག་གོ། །དེ་ནས་མི་མཐུན་པའི་ཕྱོགས་ལས་རྒྱལ་ལོ། །ངེས་པར་འབྱུང་བའི་ས་རུ་ངེས་པར་འབྱུང་ངོ༌། །རྒྱལ་པོ་ཐོབ་པའོ། །ངའི་རྗེས་སུ་རང་དོན་ བྱས་ཤིང་བརྩེ་བ་དང་བཅས་པས་ཅི་ལྟར་རིགས་པར་སྐྱེ་བོ་རྣམས་ཡོངས་སུ་སྐྱོང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་ཡོངས་པ་ཉིད་དུ་ལྟག་པར་མོས་པས་སྐྱེད་པའི་ཡང་དག་པར་ཡིད་ཆེས་པ་དང༌། ཡོན་ཏན་དང་ལྡན་པ་ཉིད་དུ་ལྷག་པར་མོས་པའི་ཡང་དག་པར་རབ་ཏུ་དང་བ་དང༌། ནུས་པ་ཉིད་དུ་ལྷག་པར་མོས་པས་ཐོབ་པའི་མངོན་པར་འདོད་པ་རྣམས་ཀྱིས་དད་པ་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་སྒྲུབ་པའི་རྟེན་དགེ་བ་རྣམས་བླང་བྱ་ཡིན་པས་དང༌། མི་དགེ་བ་རྣམས་སྤང་བྱ་ཡིན་པས་སྒྲུབ་པ་དག་གིས་དམིགས་ བཞིན་པ་ན། གཞན་དོན་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བྱང་ཆུབ་ཀྱི་སེམས་ཉེར་གཉིས་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲུབ་པའོ། །ཀུན་རྫོབ་དང་དོན་དམ་བདེན་པ་ལས་མི་འདའ་ཞིང་མི་དམིགས་པའི་སྦྱོར་བས་འཇུག་པ་ཞེས་ བསླབ་པ་ཐོབ་པ། སྒྲུབ་པ་དེའི་དམིགས་པའི་ངོ་བོ་བདེན་པ་མཁྱེན་པ། རྟེན་སྐྱབས་གསུམ་རིག་པ། ཁྱད་པར་རྟོགས་པ་ལ་མ་ཆགས་པ། མི་ལྡོག་པའི་ཆེད་དུ་ཡོངས་སུ་ངལ་པ་མེད་པ། ཕྱོགས་བཅུ་གཟིགས་པ་ཐོབ་པའོ། །དེ་ནས་དེ་ནི་ཐེག་པ་གཞན་དུ་མི་འགྲོ་བའི་ཆེད་དུ་སྒྲུབ་པའི་ལམ་ཡོངས་སུ་ འཛིན་པར་ཡང་འགྱུར་རོ། །ཅི་ལྟར་རིགས་པར་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་དང་མཐོང་བ་དང་བསྒོམ་པའི་ལམ་དང་འཕགས་པའི་ལམ་རྣམས་ཡང་དག་པར་བགྲོད་པའོ་ཞེས་གདམས་པའི་རིམ་གྱིས་ཏིང་ངེ་འཛིན་དང་ཤེས་རབ་ཐོབ་པ་རྣམས་འཕེལ་བའི་ཆེད་དུ་དང་མ་ཐོབ་པ་དེ་རྣམས་ཉིད་ ཐོབ་པའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སྤྲོ་བར་བྱེད་བ་ཞིན་པ་ན། ཕ་རོལ་ཕྱིན་པ་རེ་དྲུག་གི་གོ་ཆའི་སྒྲུབ་པས་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་ལ་ལུས་པ་ཉེ་བར་གཞག་པས་སྦྱིན་བྱ་ལ་སོགས་པ་མི་དམིགས་པའི་རྣམ་པ་ལ་སོགས་པ་གོ་ཆ་ཉིད་ཀྱིས་གོ་གྱོན་ཏེ། འདི་ལ་ ༄༅། །བར་དུ་གཅོད་པའི་མདའ་ཐམས་ཅད་ཀྱིས་གེགས་བྱེད་དོ། །དེའི་རྗེས་སུ་གོ་ཆ་བགོས་ནས་རྣམ་པ་ཐམས་ཅད་སྒོམ་པ་ལ་མངོན་པར་བརྩོན་པས་རབ་ཏུ་གནས་སོ། །བསམ་གཏན་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལ་རྣམ་པར་གནས་ཏེ། དེ་ནས་རྒྱུ་མཐར་ ཐུག་པ་ལྷག་པར་བགྲོད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་སོག་གོ། །དེ་ནས་ངེས་པར་འབྱུང་བར་བྱ་བ་འབྲས་བུའི་ས་ལ་ཀུན་དུ་གནོན་ཅིང་ངེས་པར་འབྱུང་ངོ༌། །རྡོ་རྗེ་ལྟ་བུ་ཞེས་བྱ་བ་བར་ཆད་མེད་པའི་ལམ་རྟོགས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པའི་བག་ཆགས་མ་ལུས་པ་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་རྣམས་སྤངས་པར་སངས་རྒྱས་ཀྱི་ས་ཀུན་དུ་བགྲོད་པའོ། །ཡང་དག་པའི་མཐའ་མངོན་དུ་བྱས་པས་བག་ཆགས་ཀྱིས་མཚམས་སྦྱོར་བ་རྣམས་སྤངས་པ་འབྲས་བུའི་རང་བཞིན་མཚམས་མེད་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པོ། །དེའི་ ཚེ་ཡང་འབྲས་བུ་མངོན་པར་རྟོགས་པའི་ངོ་བོ་ཆོས་ཀྱི་སྐུ་མངོན་པར་རྟོགས་པ་ཉིད་ཀྱི་བྱ་བ་བྱས་པས་བྱ་བ་མི་སྲིད་པའི་ཕྱིར་སྒྲུབ་པ་ནི་མེད་དོ། །སྒྲུབ་པ་ནི་བྱ་བ་ཡིན་ནོ། །དེའི་རྗེས་སུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་སྔོན་གྱི་སྨོན་ལམ་གྱིས་འཕངས་པ་ལས་དང་གདུལ་བྱའི་བདེན་པའི་བསོད་ ནམས་ཀྱི་བདག་པོ་ལས་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་རྒྱུན་མ་ཆད་པར་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་དོ། །དེས་ན་མཐོང་བའི་ལམ་གྱི་བརྒྱུད་པའི་སྦྱོར་བའི་ལམ་གྱི་རང་བཞིན་ནི་ཚོགས་ཀྱིས་སྟེ་གོ་ཆའི་སྒྲུབ་པའོ། །དངོས་ཀྱི་སྦྱོར་བའི་ལམ་གྱི་རང་བཞིན་ནི་མོས་པས་སྤྱོད་ པའི་ས་སྟེ་འཇུག་པའི་སྒྲུབ་པའོ། །ཆོས་མཆོག་རབ་ཀྱི་རང་བཞིན་ནི་ཚོགས་ཀྱི་སྒྲུབ་པའོ། །མཐོང་བའི་ལམ་གྱི་རང་བཞིན་རབ་ཏུ་དགའ་བའི་ས་ནི་ཚོགས་ཀྱི་སྒྲུབ་པའོ། །བསྒོམ་པའི་ལམ་གྱི་རང་བཞིན་རབ་ཏུ་དགའ་བའི་ས་ནི་ཚོགས་ཀྱི་སྒྲུབ་པའོ། །བསྒོམ་པའི་ལམ་གྱི་གནས་སྐབས་ཀྱི་ཁྱད་ པར་གྱིས་ལམ་གྱི་གནས་སྐབས་ཁྱད་པར་སྒོམ་པའི་ལམ་རང་བཞིན་གཉེན་པོ་ནི་ཚོགས་ཀྱི་སྒྲུབ་པའོ། །བསྒོམ་པའི་ལམ་གྱི་བྱིན་གྱི་རླབས་ཀྱིས་ངེས་པར་འབྱུང་བར་བྱ་བའི་དངོས་པོ་ལ་ཁྱད་པར་གྱི་ལམ་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་སེམས་ཀྱི་བར་དུ་བསྒོམ་པའི་ལམ་གྱི་རང་བཞིན་ངེས་པར་འབྱུང་བའི་ སྒྲུབ་པའོ། །སེམས་བསྐྱེད་པ་ཐ་མ་གཉིས་ཀྱིས་བདག་ཉིད་འབྲས་བུའི་ངོ་བོ་སངས་རྒྱས་ཀྱི་སའི་རང་བཞིན་ནི་ངེས་པར་འབྱུང་བའི་རྒྱུ་སྒྲུབ་པ་སྟེ། ངེས་པར་འབྱུང་བ་ལམ་གྱི་སྤྱོད་ཡུལ་ལོ་ཞེས་གསུངས་པའི་ཕྱིར་རོ། །ཡང་འཕགས་པ་ཐོགས་མེད་ཞབས་ཀྱིས་གསུངས་པ། དེ་ལ་གོ་ཆའི་སྒྲུབ་ པ་དང་འཇུག་པའི་སྒྲུབ་པ་དག་གི་གྲངས་བཞིན་དུ་བརྒྱུད་པ་དང་དངོས་ཀྱི་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་ས་དག་གིས་བསྡུས་པའོ། །དངོས་ཀྱི་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་རབ་ཀྱིས་བསྡུས་པ་ནི་ཚོགས་ཀྱི་སྒྲུབ་པའོ། །མཐོང་བའི་ལམ་ཀྱི་བདག་ཉིད་རབ་ ཏུ་དགའ་བའི་སའི་རང་བཞིན་ཚོགས་ཀྱི་སྒྲུབ་པའོ། །ས་གཉིས་པ་ལ་སོགས་པའི་རང་བཞིན་གཉེན་པོའི་བདག་ཉིད་ནའང་ཚོགས་ཀྱི་སྒྲུབ་པ་ཉིད་དོ། །ལམ་གཉིས་སྤྱོད་ཡུལ་ལམ་ངེས་པར་འབྱུང་བའི་སྒྲུབ་པ་སྟེ་བསྒོམ་པའི་ལམ་གྱི་བྱིན་རླབས་ཀྱིས་སོ་ཞེས་སོ། །ཞར་ལ་བྱུང་བ་སྟེ་བཞག་གོ། ། སྐབས་སུ་བབ་པ་བརྗོད་པར་བྱ་སྟེ། །བྱང་ཆུབ་སེམས་དེ་ནི་བྱང་ཆུབ་ཕྱོགས་ཀྱི་རྣམ་པས་ཡོངས་སུ་བསྐོར་ཏེ་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་སྟོང་པ་ཉིད་དང༌། སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ནང་དུ་གྱུར་པ་ཉིད་ཀྱིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་ རྩ་གསུམ་རྗེས་སུ་འགྲོ་བའི་སྒོ་ནས་བསྒོམ་པར་བྱའོ། །དེ་ཉིད་ཀྱིས་ན་བྱང་ཆུབ་ནི་ཐམས་ཅད་མཁྱེན་པ་སྟེ་ཕྱོགས་ནི་རྗེས་སུ་མཐུན་པར་གྱུར་པའོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཅི་སྐད་དུ་གསུངས་ཏེ། ཤཱ་རིའི་བུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་དྲན་པ་ཉེ་བར་ གཞག་པ་བཞི་ཡོངས་སུ་ཆུབ་པར་བྱའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ནང་དང་ཕྱི་རོལ་གྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ལུས་ལ་སོགས་པ་རྗེས་སུ་ལྟ་ཞིང་གནས་སོ། །ལུས་ལ་སོགས་པ་དང་ལྡན་པའི་རྣམ་པར་རྟོག་པར་བྱེད་པ་ནི་མ་ཡིན་ནོ། །འདི་ནི་བདག་ལུས་པོ་རྟག་ གོ་མི་རྟག་གོ་བདེ་པའོ་སྡུག་བསྔལ་ལོ་ཞེས་པ་ལ་སོགས་པ་རྣམས་མི་དམིགས་པའི་སྦྱོར་བས་སོ། །མི་དམིགས་པ་ལྡོག་པའི་སྒོ་ནས་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་སྒོམ་པར་བྱེད་དོ། །དེ་ཡང༌། ཉན་ཐོས་ཀྱི་ཚིག་པ་པ་དེ་ནི་རྟག་པ་ལ་སོགས་པའི་རྣམ་པ་ཉིད་ཀྱིས་དམིགས་སོ། །བྱང་ཆུབ་ ༄༅། །སེམས་དཔའི་ཐེག་པ་པ་ནི་དེ་རྣམས་ཉིད་མི་དམིགས་པའི་སྦྱོར་བས་དམིགས་ཏེ། དེ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པ་སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཅན་དུ་འགྱུར་རོ་ཞེས་ཆོས་ཉིད་མངོན་དུ་གྱུར་པས་ཉན་ཐོས་ཀྱི་ལམ་ཡང་གོམས་པ་ ཡིན་ནོ་ཞེས་སོ། །ད་ནི་དེ་བཞིན་དུ་སེམས་བསྐྱེད་པ་དང་པོ་གསུམ་གྱི་གྲངས་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་ཡང་དག་པའི་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་བསྡུས་པའོ། །དེ་ནི་འདི་ལྟར་ཚོགས་ཀྱི་ས་རུ་དགེ་བའི་སེམས་ཀྱི་དད་པ་ལ་སོགས་པ་ཡོངས་སུ་གོམས་ པ་ཉིད་བྱང་ཆུབ་སེམས་ཡང་དག་པར་ལེན་པ་དང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དགེ་བ་བསགས་པ་དང་ལྡན་པ་བསོད་ནམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་དེས་ཡེ་ཤེས་ཀྱི་ཚོགས་གྲུབ་པའི་དོན་དུ་བསྐལ་པ་གྲངས་མེད་པ་ལས་འདས་པས་སོ། །བསྟན་པའི་མངོན་ཤེས་ གདམས་ངག་གིས། །སྦྱོང་བའི་ས་ལ་རབ་གནས་ཉིད། །ཅེས་སོ། །སེམས་བསྐྱེད་པ་བཞི་པ་ནི་མོས་པས་སྤྱོད་པའི་ས། སྦྱོར་བའི་ལམ། འཇིག་རྟེན་པའི་སྒོམ་པའི་རང་བཞིན། ཟག་པ་དང་བཅས་པའི་བསྒོམ་པའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དབང་པོ་དང་ སྟོབས་ཀྱི་བདག་ཉིད་འཇུག་པའི་སྒྲུབ་པར་རྣམ་པར་གཞག་གོ། །དེ་ལ་ལྷག་པར་མོས་པ་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དམིགས་པའི་ཡོན་ཏན་འཛིན་པ་དང་གཞན་དང་མ་འབྲེལ་པའི་གདམས་པ་དང་རྗེས་སུ་བསྟན་པ་ཡོངས་སུ་དག་པ་སྟེ། མཐར་ཕྱིན་པ་ལ་རང་ཉིད་ཡང་དག་པའི་སྒྲུབ་པ་ཉིད་ ཀྱིས་མོས་པ་བརྟན་པའི་ཕྱིར་རོ། །མཁྱེན་པ་གསུམ་གྱི་ཚུ་རོལ་དུ་བུད་ཤིང་གཞན་ཁྱད་པར་གྱིས་མེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཁྱད་པར་དུ་འཕགས་པའི་རྩོམ་པ་ནི་སྦྱོར་བའོ། །བར་ཆད་མེད་པ་མཐོང་བའི་ལམ་ཆེས་ཉེ་བར་སྐྱེ་བར་འགྱུར་རོ། །དགོངས་པ་ངེས་པར་འགྲེལ་པའི་མདོ་ ལས་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་དགེ་བ་ཡང་དག་པར་ལྡན་པར་འགྱུར་ཞིང༌། ཉོན་མོངས་པའང་ཀུན་དུ་སྤྱོད་དོ། །འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་ཆུང་ངུ་དང་འབྲིང་དང་རབ་དང་རབ་ཀྱི་རབ་རྣམས་ཀྱི་མོས་པ་ལ་འཇུག་བཞིན་པ་ན་ཞེས་བྱའོ། །ངེས་པར་ འབྱེད་པའི་ཆ་དང་མཐུན་པ་རྣམས་ཞེས་གསལ་བའི་རྣམ་དབྱེ་མང་པོའི་ཚིག་གིས་ཀྱང་རྒྱས་པར་བསྟན་ཏེ། འདི་ལྟ་སྟེ། དྲོད་རྣམས་དང༌། རྩེ་མོ་རྣམས་དང༌། བཟོད་པ་རྣམས་དང༌། ཆོས་མཆོག་རྣམས་ཞེས་སོ། །ཡང་ག་ཏ་དང་བི་དྷ་དང་སྲཱ་ཀཱ་རཱ་རྣམས་དོན་གཅིག་པས་ཞེས་པ་བསྟན་བཅོས་ཛ་[?] ལི་ ལས་གསུངས་པའི་ཕྱིར་རོ། །ཁ་ཅིག་ཏུ་ག་ཏ་ཞེས་པ་སྤྱི་བརྗོད་པ་སྟེ། འདི་ལྟ་སྟེ། དྲོད་ཀྱི་རྣམ་པ་དང༌། རྩེ་མོའི་རྣམ་པ་དང༌། བཟོད་པའི་རྣམ་པ་དང༌། ཆོས་མཆོག་གི་རྣམ་པ་ཞེས་སོ། །དེ་ནི་ངེས་པར་འབྱེད་པའི་ཡན་ལག་ནི་ཡང་ངོ༌། །འདི་ལྟ་སྟེ། ངེས་པར་འབྱེད་པ་ནི་ངེས་འབྱེད་དེ་མཐའ་གཅིག་ཏུ་ ངེས་པའོ། །དེའི་ཡན་ལག་གོ་ཞེས་དབྱེ་བ་བཞི་སྟེ། འདི་ལྟ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་ནི་དྲོད་དོ། །འབྲིང་ནི་རྩེ་མོའོ། །རབ་ནི་བཟོད་པའོ། །རབ་ཀྱི་རབ་ནི་ཆོས་མཆོག་གོ་ཞེས་སོ། །དེ་ལ་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་ སྔོན་གྱི་མཚན་མ་ཡིན་པས་དྲོད་དོ། །གཡོ་བའི་དགེ་བའི་རྩ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོའོ། །འཇིག་རྟེན་པའི་ཆོས་མཆོག་བཟོད་པའི་ཕྱིར་བཟོད་པའོ། །འཇིག་རྟེན་པའི་ཆོས་ཐམས་ཅད་མཆོག་ཡིན་པས་ཆོས་མཆོག་གོ་ཞེས་སོ། །ཡང་དྲོད་ལ་སོགས་པ་རྣམས་སོ་སོར་ཆུང་ངུ་ འབྲིང་རབ་ཀྱི་དབྱེ་བས་བཅུ་གཉིས་སོ། །དྲོད་ལ་སོགས་པ་འདི་ནི་བྱང་ཆུབ་གསུམ་ཐོབ་པའི་རྒྱུ་ཡིན་ཏེ། གང་ཟག་ཁ་ཅིག་རིགས་ལ་སོགས་པའི་སྟོབས་ཀྱི་རྩེ་མོ་ཡིན་བྱང་ཆུབ་ཐོབ་པའི་ཡང་ཕྱིར་རོ། །ཉན་ཐོས་དང་རང་རྒྱལ་ཐེག་པ་པ་དག་གིས་དྲོད་ལ་སོགས་པ་མཆོག་གི་བྱང་ཆུབ་ནམ་ ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ལ་དྲོད་གསུམ་ལ་རིམ་པ་བཞིན་དུ་ཆུང་ངུ་འབྲིང་ཆེན་པོའི་མོས་པའི་རང་བཞིན་ལ་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་དགུ་སྟེ་རང་དོན་ནོ། །གང་གིས་རང་དོན་ཉིད་ཕུན་སུམ་ཚོགས་པའོ། །གཞན་དོན་ནི་ཆེད་དུ་བྱ་བའི་ཚུལ་གྱིས་སོ། །རྩེ་མོ་གསུམ་ལ་ཅི་ལྟར་ རང་བཞིན་ལ་དེ་བཞིན་དུ་མོས་པ་དགུ་སྟེ། རང་དང་གཞན་དོན་ནོ། །འདིར་སྦྱོར་བ་བར་ཆོད་བཅས་པའོ། །བཟོད་པ་གསུམ་ལ་ཅི་ལྟར་རང་བཞིན་ལ་དེ་ལྟར་མོས་པ་དགུ་སྟེ་གཞན་དོན་ནོ། །འདིར་བར་ཆད་མེད་པའི་སྦྱོར་བའོ། །གང་ལས་འདིས་གཞན་ཉིད་ཀྱི་དོན་དུ་འགྱུར་བ་ན། རང་གི་དོན་ནི་མི་ ༄༅། །འགལ་བས་རང་དོན་འགྲུབ་པས་སོ། །དེ་ལྟར་མོས་པ་ཉེར་བདུན་སྒོམ་པར་བྱེད་པ་བྱང་ཆུབ་སེམས་དཔའ་སྤྲོ་བར་བྱ་བའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་བསྟོད་པ་བཀུར་བ་སྔགས་པ་བྱེད་བཞིན་པ་རྣམས་རིམ་པ་བཞིན་དུ་དེ་བཞིན་དུ་ཉི་ཤུ་ཉེར་བདུན་ནོ། །ཆོས་ མཆོག་ལ་མོས་པ་ཐམས་ཅད་རབ་ཏུ་གྱུར་པའི་རང་བཞིན་གྱི་ཆུང་ངུའི་རྣམ་པ་ལ་མོས་པ་ཐམས་ཅད་ཡིད་ལ་བྱེད་པས་མངོན་པར་འདུས་བྱས་པའི་བསོད་ནམས་ནི་བདེན་པ་གཉིས་ལས་མི་འདའ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ན་བྱང་ཆུབ་སེམས་དཔའ་ཁས་ལེན་ པར་བྱེད་དོ། །འབྲིང་པོའི་རྣམ་པ་ལ་རང་གིས་ཡོངས་སུ་བསྔོས་པའི་བསོད་ནམས་མངོན་པར་འཕེལ་བའི་དོན་ཀུན་རྫོབ་ཏུ་དགེ་བའི་རྩ་བ་ཉེ་བར་དམིགས་ཏེ་ཡི་རང་བའི་སེམས་དང༌། དོན་དམ་པར་མི་དམིགས་པས་རྗེས་སུ་ཡི་རང་བར་བྱེད་པ་ན་རང་གཞན་བསོད་ནམས་བྱ་བ་མཉམ་པ་ཉིད་དུ་ཐོབ་ པའོ། །འགའ་ཞིག་གི་ཚེ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བས་ཀྱང་ཡོངས་སུ་བསྔོ་བའོ་ཞེས་འདི་དག་ལ་རིམ་པ་ནི་ངེས་པ་མེད་དོ། །ཡོངས་སུ་བསྔོ་བ་དང་རྗེས་སུ་ཡི་རང་བ་འདི་དག་ནི་འདུན་པ་དང་ལྡན་པའི་སེམས་བསྐྱེད་པ་ལ་སོགས་པ་ལ་ཡོད་མོད་ཀྱི། འོན་ཀྱང་འདི་དེ་ལ་ལྟོས་ནས་དེ་མཆོག་ཏུ་ འགྱུར་རོ་ཞེས་རྣམ་པར་གཞག་པར་བྱའོ། །རབ་ཀྱི་རྣམ་པ་ནི་མོས་པ་ཐམས་ཅད་རབ་ཀྱི་མཐར་ཕྱིན་པའི་རང་བཞིན་ནས་བཟུང་སྟེ། རང་སེམས་དབང་དུ་བྱས་པའི་ཕྱིར་བདག་དང་བདག་གི་དག་ནུས་པ་མེད་པས་དུལ་བའི་སེམས་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལ་བདག་དང་བདག་གི་ ང་རྒྱལ་མཐོན་པོ་མེད་པས་རང་བཞིན་གྱི་ཉོན་མོངས་པ་ཟིལ་གྱིས་གནོན་པ་བདུད་ལ་སོགས་པས་བྱས་པའི་ཉེ་བར་འཚེ་བའི་ཡུལ་མ་ཡིན་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་རུང་བ། རང་གི་རྟེན་ཡུལ་མཆོད་བྱ་ཉིད་དུ་བྱེད་དོ་ཞེས་པ་ནི་དྲོད་ལ་སོགས་པའི་བྱེད་པ་རྣམ་པར་གཞག་པའོ། །དེ་ ཉིད་ཀྱིས་དྲོད་ལ་སོགས་པ་རྣམས་མོས་པ་བརྟན་པ་དང་ཡོན་ཏན་གྱི་གཞིར་གྱུར་པས་མོས་པས་སྤྱོད་པའི་ས་ཞེས་བརྗོད་དོ། །དེ་ཡང༌། མཉམ་པར་གཞག་པའི་སེམས་ཆོས་ཐམས་ཅད་བདག་མེད་པ་སྒོམ་པར་བྱེད་པ་ན། དོན་ཐ་དད་དུ་གྱུར་པ་མངོན་པར་ཞེན་པ་མེད་པས་ཤེས་པའི་སྣང་བ་ཅུང་ཟད་གསལ་ བས་ཡིད་ཙམ་ཉིད་དུ་མཐོང་ངོ༌། །དེའི་ཚེ་འདི་ནི་དྲོད་ཀྱི་རྣམ་པའི་གནས་སྐབས་སོ། །དེ་ཉིད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེའི་རྗེས་སུ་ཤེས་པའི་སྣང་བ་འབྲིང་དུ་གསལ་བ་ནི་རྩེ་མོའི་གནས་སྐབས་སོ། །དེ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་སེམས་ཙམ་དུ་རྣམ་པར་ གནས་པས་ཕྱི་རོལ་གྱི་དོན་མངོན་པར་ཞེན་པ་མེད་པ་ཤེས་པའི་སྣང་བ་ཆེས་གསལ་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་སོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་ཡང་དོན་འཛིན་པར་བྱེད་པའི་གཡེང་བ་མི་སྣང་བའི་ཤེས་པའི་གསལ་བ་ རྫོགས་པ་དེའི་འཇིག་རྟེན་ཆོས་མཆོག་གནས་སྐབས་སོ། །དེ་ཉིད་བར་ཆད་མེད་པའི་ཏིང་ངེ་འཛིན་ནོ། །དེ་མ་ཐག་ཏུ་མཐོང་བའི་ལམ་གྱི་སྐད་ཅིག་མ་ཆོས་ཐམས་ཅད་བདག་མེད་པ་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་དངོས་ཀྱི་གཉེན་པོའོ། །དེས་ན་སྐད་ཅིག་དེ་ཉིད་ལ་མཐོང་བས་སྤང་བྱ་ཐམས་ཅད་ སྤོང་བར་བྱེད་དོ། །མདོ་སྡེ་རྒྱན་ལས་གསུངས་ཏེ། དྲོད་ཀྱི་རྣམ་པ་ལ་སོགས་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་བཤད་ཟིན་ཏོ། །དེ་ལས་ཕ་རོལ་ནས་མཐོང་བའི་ལམ་གྱི་གནས་སྐབས་སོ། །གཉིས་རྣམ་པར་གྲོལ་བའི་ཤེས་པ་སྟེ། གཟུང་བྱ་དང་འཛིན་བྱེད་མི་ལྡན་པའི་ཕྱིར་ རོ༑ །རྣམ་པར་མི་རྟོག་པ་སྟེ། གཟུང་བྱ་དང་འཛིན་བྱེད་རྣམ་རྟོག་མི་ལྡན་པའི་ཕྱིར་རོ། །དྲི་མ་དང་མི་ལྡན་ཏེ་མཐོང་བས་སྤང་བྱ་སྤངས་པའི་ཕྱིར་རོ། །དེ་ནི་འདི་རྟེན་ཡོངས་གྱུར་པ། །ས་ནི་དང་པོ་དག་ཏུ་འདོད། །གཞལ་མེད་དང་དོན་ཐམས་ཅད་ཀྱིས། །ཤིན་ཏུ་རྣམ་དག་ཏུ་ངེས་འགྲོའོ། །ཞེས་སོ། ། དེས་ན་དྲོད་དང་རྩེ་མོའི་རྣམ་པ་དག་དད་པ་ལ་སོགས་པ་དབང་པོ་ལྔའི་བདག་ཉིད་དུའོ། །བཟོད་པ་དང་ཆོས་མཆོག་དག་དད་པ་ལ་སོགས་པ་སྟོབས་ལྔའི་བདག་ཉིད་དོ་ཞེས་དྲོད་ལ་སོགས་པ་རྣམས་དབང་པོ་དང་སྟོབས་ཀྱི་བདག་ཉིད་དུ་གྲུབ་པའོ། །འཇུག་པའི་སྒྲུབ་པ་ཉིད་ཡང་ངོ༌། །དེ་རྣམས་ཀྱི་ སྔོན་དུ་བཤད་དོ། །འཇུག་པའི་སྒྲུབ་པ་དེའང༌། ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་གནས་པའོ། །ཐེག་པ་ལ་དང་པོ་གནས་པའམ་གནས་པ་དག་འཇུག་པ་ཞེས་པ་དོན་གཅིག་པས་མིང་གཅིག་ཉིད་དོ་ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེས་སོ། །བཅོམ་ལྡན་འདས་མ་ ༄༅། །ལས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་ཚིག་གཉིས་ནི། འཇུག་པའི་སྒྲུབ་པས་རྒྱུ་དང་འབྲས་བུའི་བདག་ཉིད་ཐེག་པ་ཆེན་པོའི་ཆོས་ལ་ཡང་དག་པར་ཞུགས་པའོ། །ཕྱི་ནས་གོང་ནས་གོང་དུ་ཁྱད་པར་ ལྷག་པར་རྟོགས་པས་ཡང་དག་པར་གནས་པའོ་ཞེས་སོ། །སློབ་དཔོན་དབྱིག་གཉེན་ཡང་གསུངས་ཏེ། འཇུག་པའི་སྒྲས་འགྲོ་བར་རྩོམ་པ་དང༌། ཐེག་པ་ལ་གནས་པ་དང༌། བགྲོད་པ་རྣམས་རིམ་པ་བཞིན་དུ་མོས་པས་སྤྱོད་པའི་ས་དང༌། རབ་ཏུ་དགའ་བ་ལ་སོགས་པས་བདུན་དང༌། མི་ གཡོ་བ་ལ་སོགས་པའི་ས་གསུམ་རྣམས་ལ་བརྗོད་པར་བྱའོ་ཞེས་སོ། །དེས་ན་དང་པོ་མོས་པས་སྤྱོད་པའི་ས་ལ་ལྷག་པར་མོས་པའོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་པ་ལ་རྩོལ་བས་བགྲོད་པའོ། །བརྒྱད་པ་ལ་སོགས་པའི་ས་གསུམ་ལ་ཅི་ཞེ་ན། རྩོལ་བ་མེད་པས་སོ། །ཐེག་ པ་ཉིད་ཀྱིས་འདིའི་བགྲོད་པ་སྒྲུབ་པ་སྟེ། ཤིན་ཏུ་བཟོད་པའི་ཤིང་རྟ་བཞིན་ནོ། །དེས་ན་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་འཇུག་པའི་སྒྲུབ་པས་ལམ་གྱི་རང་བཞིན་ཐེག་པ་ཆེན་པོ་ལ་གནས་སོ། །དེ་ལ་ལམ་གྱི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྟེ། ལམ་གྱི་བདེན་པའི་སྐབས་སུ་ རྒྱས་པར་བཤད་ཟིན་ཏོ། །དེ་ལས་རྟོགས་པར་བྱའོ། །ཚོགས་ཀྱི་སྒྲུབ་པ་ནི་འཇིག་རྟེན་ཆོས་མཆོག་ནས་བརྩམས་ཏེ་རྣམ་པར་གཞག་གོ། །འདིས་བྱང་ཆུབ་ཆེན་པོ་བསོགས་པར་བྱེད་པའམ་ལྕི་བ་ཉིད་ཀྱིས་སམ། འགེངས་པར་བྱེད་པས་ཚོགས་སོ། །ཚོགས་པས་ཚོགས་ཏེ། རྣམ་པ་ཐམས་ཅད་ དུ་ཚོགས་པའི་ཕྱིར་རོ། །ཚོགས་དེའང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདི་ལྟར། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །གང་གི་ཚེ་ཡང་སྔོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཀྱང༌། དེ་བཞིན་དུ་ཡང་འདི་ནས་བཟུང་སྟེ་ཁྱད་པར་གྱིས་ཞེས་རྣམ་པར་གཞག་གོ། །རྒྱས་ པར་ནི་ཚོགས་རྣམ་པ་བཅུ་བདུན་ཏེ། འདི་ལྟ་སྟེ། དམྱལ་བ་པ་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང༌། སངས་རྒྱས་དང་བཅས་པའི་ལྷ་དང་མི་དག་ཏུ་སྐྱེ་བ་ནི་སྙིང་རྗེའི་ཚོགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཚོགས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང༌། ཞི་གནས་ཀྱི་ཚོགས་དང༌། ལྷག་མཐོང་གི་ཚོགས་དང༌། ཞི་གནས་དང་ལྷག་མཐོང་ ཟུང་དུ་འབྲེལ་པའི་ཚོགས་དང༌། གང་ལ་ལས་མི་དམིགས་པའི་སྦྱོར་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང༌། གཞན་དག་དེ་ལ་ཡང་དག་པར་འཇོག་པ་དེ་ནི་ཐབས་ལ་མཁས་པའི་ཚོགས་སོ། །གང་སྟོང་པ་ཉིད་ཉི་ཤུ་རྣམས་ ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དཔའ་བར་འགྲོ་བ་རིན་ཆེན་ཕྱག་རྒྱ་དང་ནམ་མཁའ་མཛོད་དང༌། སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བསོད་ནམས་ཀྱི་ཚོགས་སོ། །བྱང་ཆུབ་ཕྱོགས་རྣམ་པར་ཐར་པ་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ ཟད་པར་ལ་སོགས་པ་ལམ་རྣམ་པ་མང་པོ་ནི་ལམ་གྱི་ཚོགས་སོགས་སོ། །ཨ་ར་པ་ཙ་ལ་སོགས་པའི་ཡི་གེ་རྣམས་ལ་དེའི་དོན་དེ་བཞིན་ཉིད་དམིགས་ནས་སྒོམ་པར་བྱེད་ཅིང་སྒོམ་པ་ཡོངས་སུ་རྫོགས་པ་དག །ཡི་གེ་དེའི་དོན་ལ་བཟོད་པ་སྐྱེད་པ་དེ་ནི་བཟོད་པའི་གཟུངས་དང༌། གཟུངས་དང་ ལྡན་པའི་བློ་ལའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྟན་པའི་ཕུང་པོ་འཛིན་པའི་རྒྱུ་དྲན་པ་དང་ཤེས་རབ་དག་གཅིག་ཏུ་བྱས་པ་དེ་ནི་ཆོས་ཀྱི་གཟུངས་སོ། །དེའི་དོན་འཛིན་པའི་རྒྱུ་དྲན་པ་དང་ཤེས་རབ་དག་གཅིག་ཏུ་བྱས་པ་དེ་ནི་དོན་གྱི་གཟུངས་སོ། །སེམས་ཅན་རྗེས་སུ་ འཛིན་པར་བྱེད་པ་སྒྱུ་མ་ལྟ་བུ་གསང་སྔགས་སྨྲ་བ་ལ་དབང་དུ་གྱུར་པ་དེ་ནི་གསང་སྔགས་ཀྱི་གཟུངས་སོ། །གཟུངས་བཞི་པོ་དེ་ནི་གཟུངས་ཀྱི་ཚོགས་སོ། །རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ནི་སའི་ཚོགས་སོ། །གཞན་དག་པ་ཡོངས་སུ་སྦྱོང་བར་བྱེད་ པའི་ཡོངས་སུ་སྦྱོང་བ་ནི་ས་ཡི་ཚོགས་ཞེས་ཟེར་རོ། །མཐོང་བའི་ལམ་ལ་དེ་བཞིན་ཉིད་ལ་སོགས་པ་དང་རྨི་ལམ་ལ་སོགས་པ་གཟུང་བྱ་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྟོག་པའོ། །དེ་རྣམས་རང་བཞིན་སྟོང་པ་ཉིད་རྟོགས་པ་གཉེན་པོ་དང༌། སྦྱིན་པ་ལ་སོགས་པ་ནས་སངས་ ༄༅། །རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་གཉེན་པོའི་དངོས་པོ་རྣམས་ཉེ་བར་དམིགས་པ་ནི་བཟུང་བའི་རྣམ་རྟོག་གོ་དེ་རྣམས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་མི་དམིགས་པ་གཉེན་པོའོ། །དགྲ་བཅོམ་པ་ལ་སོགས་པ་གང་ཟག་གི་རྫས་ལ་ཉེ་བར་དམིགས་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། ། དེ་བཞིན་དུ་མི་དམིགས་པ་གཉེན་པོའོ། །མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ཉེ་བར་དམིགས་པ་ནི་འཛིན་པའི་རྣམ་རྟོག་གོ། །དེ་བཞིན་དུ་མི་དམིགས་པ་གཉེན་པོའོ། །བསྒོམ་པའི་ལམ་ལ། ཆོས་ཐམས་ཅད་མི་གནས་པའི་སྦྱོར་བས་གནས་པ་མ་ཡིན་མི་གནས་པ་མ་ཡིན་བཟུང་བའི་དངོས་པོ་རྣམས་ མི་དམིགས་པ་གཉེན་པོ་དང༌། སྦྱིན་པ་ལ་སོགས་པ་གཉེན་པོའི་དངོས་པོ་རྣམས་མི་དམིགས་པ་གཉེན་པོ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་གི་རྫས་རྣམས་མི་དམིགས་པ་གཉེན་པོ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པ་གང་ཟག་བཏགས་པའི་རྟེན་རྣམས་ཀྱི་རྒྱུན་དུ་ཞུགས་པའི་འབྲས་ བུ་ལ་སོགས་པ་རྣམས་མི་དམིགས་པ་གཉེན་པོ་དང༌། གཉེན་པོ་བརྒྱད་པོ་དེ་རྣམས་ནི་གཉེན་པོའི་ཚོགས་སོ། །སེམས་བསྐྱེད་པ་བཞི་པོ་དེ་རྣམས་ནི་བརྡར་བཏགས་པ་ཀུན་རྫོབ་པ་འཇིག་རྟེན་པའོ། །དེ་ལ་སེམས་བསྐྱེད་པ་ལྔ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་ པ་རྣམས་སོ། །དེ་བཞིན་དུ་ཀུན་འབྱུང་འགོག་པ་ལམ་ཞེས་བདེན་པ་བཞི་དམིགས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་དུ་བྱས་པས་ཡང་དག་པ་ཉིད་ངེས་པ་ལ་ཞུགས་པ་རབ་ཏུ་དགའ་བའི་སའོ། །རབ་ཏུ་དགའ་བའི་ས་དེའི་ཆོས་ཐམས་ཅད་ རང་བཞིན་མེད་པ་ཉིད་སྒོམ་པའི་སྟོབས་རྫོགས་པ་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་རང་གི་ངོ་བོ་མངོན་དུ་བྱེད་པ་ཟག་པ་མེད་པའི་ཤེས་པ་སྐྱེས་པའོ། །ཆ་ཤས་མེད་པ་མངོན་སུམ་པ་གཅིག་ནི་རང་འགྱུར་ཏེ། ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཞེས་པའི་ རིགས་པ་ལས་སོ། །དེས་ན་མཐོང་བའི་ལམ་གྱི་རང་བཞིན་ནི་མཐོང་བར་རྟོགས་པ་སྐད་ཅིག་མ་གཅིག་གོ། །དེ་སྐད་དུ་ཡང༌། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་གསུངས་ཏེ། འཇམ་དཔལ་འཕགས་པའི་བདེན་པ་བཞི་ཅི་ལྟ་བུ་ཞེ་ན། ལྷའི་བུ་འདིར་གང་གིས་འདུ་བྱེད་ ཐམས་ཅད་རང་བཞིན་མ་སྐྱེས་པ་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཉིད་དོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་མ་ཆད་པ་མཐོང་བ་དེས་ནི་ཀུན་འབྱུང་རབ་ཏུ་སྤངས་པའོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་བ་དེས་ནི་འགོག་པ་མངོན་དུ་ བྱས་པའོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་སྟོང་པ་མཐོང་བ་དེས་ནི་ལམ་བསྒོམ་པ་བྱས་པ་སྟེ། རང་གི་ངོ་བོས་མ་སྐྱེས་པའི་ཕྱིར་རོ། །འདིས་ནི་བདེན་པ་བཞིའི་རྣམ་པ་ཐམས་ཅད་ཀྱིས་རང་གི་ངོ་བོ་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཁོ་ན་ཞེས་གསུངས་པའོ། །དེའང་མངོན་པར་རྟོགས་པ་བྱེད་བཞིན་པ་ན་ ལན་ཅིག་ཉིད་སྦྱོར་བ་སྟེ། རིམ་གྱིས་མ་ཡིན་ཏེ། སྟོང་པ་ཉིད་དེ་ལ་ཆ་ཤས་མེད་པའི་ཕྱིར་རོ། །སཱ་ལུ་ལྗང་པའི་མདོ་ལས་གསུངས་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་ཆོས་མཐོང་བའོ། །ཆོས་ཀྱི་རང་བཞིན་ལས་ཐ་དད་མེད་པའི་ཕྱིར་སངས་རྒྱས་མཐོང་བའོ། །གང་འདི་ཡོངས་སུ་གཅོད་པར་བྱེད་ པའི་ཤེས་པ་དེ་ནི་ཆོས་ཤེས་པའོ། །ཆོས་ནི་ཡུལ་ལོ། །ཤེས་པ་ནི་ཆོས་ཤེས་པའོ། །འདིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རང་བཞིན་ནོ། །གང་ལས་སྡུག་བསྔལ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རང་བཞིན་གྱིས་མ་སྐྱེས་པའོ། །གང་རང་བཞིན་སྐྱེ་བ་མེད་པ་དེ་ཉིད་འཁོར་བ་དང་མྱ་ངན་ ལས་འདས་པ་དག་གི་རང་བཞིན་མ་སྐྱེས་པ་ཡིན་པས་སོ། །དབུ་མ་རྩ་བ་ལས་གསུངས་ཏེ། མྱ་ངན་ལས་འདས་འཁོར་བ་ནི། །ཐ་དད་ཅུང་ཟད་ཡོད་པ་མིན། །འཁོར་བ་ལས་ནི་མྱ་ངན་འདས། །ཐ་དད་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་ཀྱི་མཐའ་གང་ཡང༌། །འཁོར་བ་རྣམས་ཀྱི་མཐའ་ཡང་ཡིན། །དེ་ དག་བར་[*BANG?] དུ་ཅུང་ཟད་ཅིག །ཤིན་ཏུ་ཕྲ་བའང་ཡོད་པ་མིན། །ཞེས་སོ། །འདིས་མཐའི་སྒྲ་ནི་རབ་ཏུ་གྱུར་པ་བརྗོད་པ་སྟེ། རབ་ཏུ་གྱུར་པ་ཞེས་བྱ་བ་རྟིང་དུ་གནས་པའོ། །བྱིས་པ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ནོ། །དེ་ནི་དེ་བཞིན་དུ་བདེན་པ་བཞི་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་སྐྱེ་བ་ མེད་པ་འགག་པ་མེད་པ་དམིགས་པས་མཐོང་བའི་ཕྱིར་མངོན་པར་རྟོགས་པ་གཅིག་ཉིད་དོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་པར་བྱེད་པའི་ཤེས་པས། གང་སྡུག་བསྔལ་གྱི་སྐྱེ་བ་མེད་པ་འགག་པ་མེད་པ་ཡོངས་སུ་གཅོད་པ་དེས་བདག་ཉིད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པའོ། ། ༄༅། །གང་ལས་ཉོན་མོངས་པ་དག་གིས་མི་སྐྱེ་བ་མི་འགག་པ་ཡོངས་སུ་གཅོད་པ་འདི་ནི་ཀུན་འབྱུང་ཡོངས་སུ་ཤེས་པའོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་སྐྱེ་བ་མེད་པ་འགག་པ་མེད་པ་ཡོངས་སུ་གཅོད་པ་དེ་ནི་འགོག་པ་ཡོངས་སུ་ཤེས་པའོ། །ལམ་རྟེན་ཅིང་འབྲེལ་པར་ འབྱུང་བ་ཉིད་ཡིན་པས། གང་རང་བཞིན་སྐྱེ་བ་མེད་པ་འགག་པ་མེད་པ་ཡོངས་སུ་གཅོད་པ་དེ་ནི་ལམ་ཡོངས་སུ་ཤེས་པའོ། །དེ་ནི་འདི་ལྟར་ཆོས་ཤེས་པས་སྐད་ཅིག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་འདི་སྔོན་མ་མཐོང་བ་གཞན་བལྟ་བར་བྱ་བ་ནི་སྲིད་པ་མ་ཡིན་ནོ། །དེས་ན་མཐོང་བའི་ ལམ་ནི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་གོ། །གལ་ཏེ་གང་ཚེ་སྐད་ཅིག་ལ་དེ་ཁོ་ན་ཉིད་མཐོང་ན་ཅི་ལྟར་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཡིན་ཞེ་ན་བརྗོད་དེ། ཤེས་པ་དེ་ཉིད་ཀྱི་ངོ་བོ་གཅིག་ཉིད་ཡན་ལག་རྣམ་པར་ཕྱེ་སྟེ་སྐད་ཅིག་མ་བཅུ་དྲུག་ཏུ་རྣམ་པར་གཞག་གོ། །རྣམ་པ་དེ་ལྟ་བུའི་ གདུལ་བྱའི་སྐྱེ་བོ་རྣམས་གདམས་ངག་དེས་རྗེས་སུ་བཟུང་བའི་ཆེད་དུའོ། །གལ་ཏེ་དེ་ལྟར་ན་རྣམ་པ་བཅུ་དྲུག་ལམ་བསྒོམ་པ་ཅི་ལྟར་བཤད་ཅེ་ན། འདི་ཡང་འགྲོ་བ་འདོད་པ་རྣམས་རྣམ་པ་གཞན་གྱིས་དེ་ཁོ་ན་ཉིད་ཤེས་པ་ལ་བཞུགས་པའི་དོན་དུ་ཡོངས་སུ་བརྟགས་ནས་རྣམ་པར་གཞག་པའོ། །དེ་ ཁོ་ན་ཉིད་ནི་ངོ་བོ་ཉིད་དོ། །བསམ་པ་འདི་ཉིད་ཀྱིས་ནི་རིགས་པའི་སྟོབས་ལས་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཀྱང༌། མཐོང་བའི་ལམ་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཏུ་གསུངས་སོ། །དེ་དག་གསུངས་པ། གང་གི་ཚེ་ཆ་ཤས་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་དག་ཉིད་ཐམས་ ཅད་ཀྱིས་མངོན་དུ་རྟོགས་ཀྱང་ངེས་པ་སྐྱེ་བ་ལ་ལྟོས་པས་ཐམས་ཅད་དུ་འགྲོ་བའི་དོན་གྱིས་མངོན་དུ་རྟོགས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་མངོན་དུ་བྱེད་པ་ཆེས་གསལ་བའི་ཤེས་པ་སྐྱེ་བར་བྱེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་བརྙེས་པའོ་ཞེས་སོ། །དེ་ཉིད་ཀྱིས་ན་བརྗོད་ པར་བྱ་སྟེ། གང་རབ་ཏུ་དགའ་བའི་ས་དང་པོ་གཟུགས་ལ་སོགས་པ་རྣམས་གདོད་ནས་སྐྱེ་བ་མེད་པས་མངོན་དུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་ངོ་བོ་ཤེས་རབ་དང་ཏིང་ངེ་འཛིན་དང་ཟུང་དུ་འཇུག་པ་བརྗོད་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ཉིད་ནི་མཐོང་བའི་ལམ་མོ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་ནི་བསྒོམ་པའི་ལམ་མོ་ཞེས་སོ། །ཐོག་མ་མེད་པ་མ་རིག་པ་དང་བཅས་པའི་འཁོར་བ་བརྒྱུད་པ་རྣམས་སུ་མ་མཐོང་བ་དེ་ཁོ་ན་ཉིད་ནི་གཙོ་བོ་ཡིན་ནོ་ཞེས་བསྟན་པའི་དོན་དུ། དེ་དག་མངོན་དུ་རྟོགས་པ་མངོན་པར་རྟོགས་པ་སྐྱེད་པར་བྱེད་པ་སྐད་ཅིག་མ་ མངོན་པར་རྟོགས་པར་བྱ་བས་མངོན་པར་རྟོགས་པ་མཐོང་བའི་ལམ་མོ། །འཁྲུལ་པའི་མཚན་མས་སྒྲོ་བཏགས་པའི་རྣམ་པའི་ཕྱིན་ཅི་ལོག་རབ་ཏུ་སྐྱེ་ཉོན་མོངས་པའི་རྩ་བ་ནས་འབྱིན་པའི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་སྐད་ཅིག་མ་བཅོ་ལྔ་ལ་ཡང་མཐོང་བའི་ལམ་ཞེས་ཐ་སྙད་ བྱས་པ་ཉིད་དོ། །བསྒོམ་པའི་ལམ་དུ་བཤད་པས་ཡང་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དེ་རྣམས་ནི་བརྟགས་པ་པའི་མཐོང་ལམ་ཉིད་དུ་བརྗོད་པ་ཡིན་ནོ། །གང་གི་ཚེ་དེ་ལྟ་མ་ཡིན་ན་ཤིང་རྟ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གོ་ཞེས་མང་དུ་བཤད་པ་དང་ ཅི་ལྟར་མི་འགལ་བར་འགྱུར། ཡང་གང་མ་ཚང་བ་མེད་པའི་རྒྱུ་སྤང་བར་མི་ནུས་པས་སྡུག་བསྔལ་མཐོང་བས་སྤང་བྱ་སྤོང་བའི་དུས་སུ་ཀུན་འབྱུང་སྤངས་སོ། །དེ་ཉིད་ཀྱིས་ན་འགོག་པ་མངོན་དུ་བྱས་སོ། །གཞན་དུ་ན་དེའི་འགོག་པ་མངོན་དུ་བྱེད་པ་མི་འཐད་པས་ལམ་བསྒོམ་པ་ཉིད་དོ། །ཀུན་འབྱུང་ ལ་སོགས་པ་ལ་དེ་བཞིན་ནོ་ཞེས་འབྲས་བུ་མངོན་པར་རྟོགས་པས་ཐེག་པ་ཆེན་པོ་ལ་མཐོང་བའི་ལམ་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་པར་བལྟའོ། །ཡང་བདེན་པ་སོ་སོའི་ཕྱིན་ཅི་ལོག་སེལ་བས་མངོན་དུ་བྱེད་པ་མངོན་པར་རྟོགས་པས་སྐད་ཅིག་མ་བཅུ་དྲུག་གིས་མངོན་པར་རྟོགས་པར་བྱེད་ པའོ༑ །དེས་ན་ཆེད་དུ་ཞུགས་པ་ཉིད་ལ་སོགས་པའི་རྣམ་པར་གཞག་པ་ལེགས་པར་གནས་སོ་ཞེས་ཟེར་རོ། །དེའི་འདོད་པས་སྐད་ཅིག་མ་བཅུ་དྲུག་ཐམས་ཅད་ཀྱང་དངོས་ཀྱི་མཐོང་ལམ་མོ་ཞེས་གསལ་ལོ། །དེ་ནི་དེ་བཞིན་དུ་བདེན་པ་བཞིའི་དེ་ཁོ་ན་ཉིད་མཐོང་བས་མཐོང་ལམ་སྐད་ཅིག་མ་བཅུ་ དྲུག་ནི་རབ་ཏུ་དགའ་བའི་སའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་དབྱེ་བ་དང་བཅས་པ་ཡང༌། ཐ་སྙད་པའི་དུས་ཀྱི་ཁྱད་པར་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཤེས་བྱ་དང་ཤེས་པ་ཡོངས་སུ་རྫོགས་པའི་བར་དུ་རིག་པར་བྱའོ། །མི་ཁོམ་པ་བརྒྱད་ཀྱི་སྐད་ཅིག་ཅི་ལྟའོ། །ཡང་དུས་ཀྱི་མཐར་ཐུག་ ༄༅། །པའི་དུས་ཆུང་ངུ་ནི་མ་ཡིན་ཏེ། དེ་ནི་ཤིན་ཏུ་ཕྲ་བས་ཐ་སྙད་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ས་གང་གིས་ཡོངས་སུ་སྦྱོང་བར་གྱུར་པའི་ཆོས་གང་དང་གང་ཅི་སྲིད་དུ་ཡོངས་སུ་མ་ཚང་བ་དེ་སྲིད་དུ་ས་དེའོ། །ས་དེ་ཡོངས་སུ་རྫོགས་ནས་ས་གཞན་དུ་རྣམ་པར་གཞག་པར་བྱའོ། །དེ་ དང་ལྷན་ཅིག་སྤྱོད་པ་ངེས་པའི་ཤེས་པ་བརྒྱད་དེ། དེ་ལ་ཉོན་མོངས་པ་སྤངས་པས་བར་ཆད་མེད་པའི་ལམ་གྱི་རང་བཞིན་སྡུག་བསྔལ་ལ་སོགས་པ་ཤེས་པ་བརྒྱད་ནི་བཟོད་པ་ཞེས་བརྗོད་དོ། །རྣམ་པར་གྲོལ་བའི་ལམ་ཡང་ཉོན་མོངས་པ་བྲལ་བ་མངོན་དུ་བྱེད་པའི་ཤེས་པ་བརྒྱད་ནི་ཆོས་དང་རྗེས་སུ་ཤེས་ པའོ། །དེ་ལ་ཆོས་ཤེས་པའི་བཟོད་པས་རྟོགས་པ་ངེས་པའི་ཤེས་པ་ནི་ཆོས་ཤེས་པ་བཞི་ཞེས་རྣམ་པར་གཞག་པར་བྱའོ། །རྗེས་སུ་ཤེས་པའི་བཟོད་པས་རྟོགས་པ་ངེས་པའི་ཤེས་པ་ནི་ཡང་རྗེས་སུ་ཤེས་པ་ཞེས་སོ། །འདིར་གདམས་ངག་ནི་འདི་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་གཟོད་ནས་ སྐྱེ་བ་མེད་པ་མངོན་དུ་རྟོགས་པས་སྡུག་བསྔལ་བ་དང་སྡུག་བསྔལ་མཚན་ཉིད་དག་མི་དམིགས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བརྗོད་དོ། །དེ་འདི་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འཇུག་པ་མངོན་པར་བརྗོད་པ་མེད་པ་སྐད་ཅིག་གོ། ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདིའི་རྗེས་ལ་ཐོབ་པ་རང་གིས་རྟོགས་པ་ཡོངས་སུ་གཅོད་པའི་ཤེས་རབ་ཤར་བ་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་པར་དག་པའི་ཚུལ་གྱིས་མངོན་པར་བརྗོད་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་གཟུགས་ལ་སོགས་པ་འདི་ རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་པར་དག་པའི་ངོ་བོ་དངོས་པོ་དང་དངོས་པོ་མེད་པ་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཞེས་རབ་ཏུ་ཤེས་ནས། ཡང་མངོན་པར་བརྗོད་པ་མེད་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཤར་བ་དེ་ནི་རྗེས་སུ་ཤེས་པའི་བཟོད་པའོ། །དེའི་ཚེ་འང་ཁམས་གསུམ་པའི་ཆོས་ཐམས་ ཅད་བརྗོད་བྱ་མ་ཡིན་པ་ཉིད་དུ་མངོན་དུ་རྟོགས་ཏེ། སྐད་ཅིག་གཉིས་པས་ཤེས་རབ་ཕུལ་དུ་ཕྱིན་པའི་ཕྱིར་རོ། །སྔོན་མ་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་བ་དང༌། ཤེས་རབ་མཆོག་ཏུ་ཕྱིན་པ་མེད་པའི་ཕྱིར་ཁམས་སུ་རྟོགས་པའི་ཆོས་རྣམས་ཉིད་བདག་མེད་པར་མངོན་དུ་རྟོགས་པའོ། །དེས་ན་དེ་དང་ དོན་མཉམ་པ་ཉིད་ཀྱི་རྒྱུ་དང་དེའི་རྒྱུ་ཅན་ཉིད་ཀྱིས་ཀྱང་ཤེས་པ་དེ་དོན་དུ་གཉེར་བ་ཉིད་ཀྱིས་དེའི་རྗེས་སུ་འགྲོ་བས་བཟོད་པ་ཡིན་པས་རྗེས་སུ་ཤེས་པའི་བཟོད་པ་ཞེས་བརྗོད་དོ། །དེས་ན་དེ་བཞིན་དུ་ཆོས་ཐམས་ཅད་མངོན་པར་བརྗོད་བྱ་མ་ཡིན་པ་སྨྲ་བར་བྱ་བ་མ་ཡིན་པ་ཉིད་དེ་ཁོ་ན་མངོན་པར་བརྗོད་པའི་ཤེས་ རབ་སྐྱེས་པ་ནི་རྗེས་སུ་ཤེས་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཀུན་འབྱུང་འགོག་པ་ལམ་རྣམས་ལ་རྟོགས་པར་བྱའོ། །དེ་ལ་བཟོད་པ་བརྒྱད་རྣམས་ནི་རྐུན་པོ་ཕྱི་རོལ་དུ་འབྱིན་པའི་རིགས་པས་ཉོན་མོངས་པ་སྤོང་བའི་བྱ་བ་དང་ལྡན་པའོ། །ཤེས་པ་བརྒྱད་རྣམས་ནི་སྒོ་གླེགས་འགེབས་པའི་རིགས་པས་བྱ་ བ་དང་ལྡན་པའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་ལ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པའོ། །སོ་སོར་བཅུ་བཅུ་ཞེས་ཉོན་མོངས་པ་བཞི་བཅུ་ཐིམ་པ་རབ་ཏུ་སྤོང་བའོ། །རྗེས་སུ་ཤེས་པའི་བཟོད་པ་བཞི་ལ། དེ་ཉིད་ལ་ཁོང་ཁྲོ་མ་གཏོགས་པ། གཟུགས་ཁམས་ཀྱི་དགུ་སྟེ། སོ་སོར་དགུ་དགུ་ནི་དགུ་ཚན་བཞིའོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་ཀྱི་དགུ་ཚན་བཞི་སྟེ། འདི་ནི་ ཉོན་མོངས་པ་བདུན་ཅུ་རྩ་གཉིས་རབ་ཏུ་སྤོང་བའོ། །དེས་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བའི་ལམ་གྱི་སྤང་བྱའོ། །འདིས་ནི་སེམས་བསྐྱེད་སྐད་ཅིག་བཅུ་དྲུག་འདི་ནི་བདེན་པ་མངོན་པར་རྟོགས་པའོ་ཞེས་སོ། །དེ་སྐད་ཅིག་མ་བཅོ་ལྔ་རྣམས་ལ་བྱང་ཆུབ་སེམས་དཔའ་བརྒྱད་པ་རྒྱུན་དུ་ཞུགས་པའི་ འབྲས་བུའི་ཕྱིར་ཞུགས་པ་སྟེ་རྣམ་པ་གཉིས་སོ། །འདི་ལྟ་སྟེ། དང་པོ་ནི་དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བ་དང༌། དད་པས་དེའི་ལམ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི་ཕྱིར་མི་ལྡོག་པའི་དབང་པོ་རྣོན་པོའི་ཆོས་ཀྱི་རྗེས་སུ་འབྲང་བ་ལྟ་བས་ཐོབ་པའོ། །ཆོས་དང་མཐོང་བ་ནི་ཤེས་རབ་བོ། །དེ་དག་ གིས་དེའི་ལམ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །སྐད་ཅིག་མ་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའོ། །དྲུག་པ་ལ་སོགས་པ་སེམས་བསྐྱེད་པ་བཅོ་ལྔ་ནི་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་མོ། །དེ་ལ་གང་གི་ཚེ་ཡང་འདུས་བྱས་དང་འདུས་མ་བྱས་དག་གི་ངོ་བོ་གཅིག་ཉིད་ཡིན་ ༄༅། །པས་ཕན་ཚུན་ཐ་དད་དུ་བརྗོད་པར་མི་ནུས་པ་བཞིན་དུ། ཅི་ལྟར་གསུངས་པས་མཐོང་བའི་ལམ་མངོན་དུ་བྱས་པའི་དངོས་པོ་ཐ་དད་མ་ཡིན་པར་དམིགས་པས་མཐོང་བ་དང་བསྒོམ་པའི་ལམ་དག་གི་ཐ་དད་པ་མ་ཡིན་པས་བསྒོམ་པའི་ལམ་མཚན་ཉིད་ཅན་རྣམ་པར་གཞག་གོ། །དེ་བཞིན་ དུ་ཡིན་ན་ཡང༌། བསྒོམ་པའི་ལམ་དེ་ནི་བསྒོམ་པས་སྤང་བར་བྱ་བའི་དངོས་པོའི་གཉེན་པོ་ཉིད་ཡིན་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་རྣམ་པར་བསྒོམ་པར་བྱའོ། །དེས་མཐོང་བའི་ལམ་གྱིས་མཐོང་བའི་དེ་ཁོ་ན་ཉིད་རྒྱུན་གྱིས་མཁྱེན་པ་ནི་སྒོམ་པའོ། །དེ་ཉིད་ལམ་མོ། །དེ་ལ་ལྷན་ཅིག་ སྐྱེས་པའི་འདོད་ཆགས་དང༌། ཁོང་ཁྲོ་དང༌། མ་རིག་པ་དང༌། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བའོ། །མངོན་པ་ཀུན་ལས་བཏུས་པ་ལས་མཐར་འཛིན་པ་ལྟ་བ་གསུམ་ཀྱང་མཐར་འཛིན་པ་ལྟ་བ་ནི་ལོག་པར་ལྟ་བའི་ཁྱད་ཡིན་པས་སོ། །འདིར་ཡང་དངོས་པོ་རྣམས་དམ་པ་ ཡང་དག་པ་ཉིད་དུ་སྒྲོ་བཏགས་པའི་ཕྱིན་ཅི་ལོག་གི་ལྟ་བ་ནི་ལོག་པར་ལྟ་བར་བཟུང་སྟེ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ནི་མ་ཡིན་ནོ་ཞེས་དེ་རྣམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དྲུག་གོ། །དེ་ཉིད་གཟུགས་ན་སྤྱོད་པ་ཞེ་སྡང་སྤངས་པའི་ལྔའོ། །གཟུགས་མེད་པ་ན་སྤྱོད་པ་ལྔ་སྟེ་ཉོན་མོངས་པ་བཅུ་ དྲུག་ནི་བསྒོམ་པས་སྤང་བར་བྱ་བ་རིམ་གྱིས་སྤོང་ངོ༌། །བག་ལ་ཉལ་ཡིན་གྱི་ཀུན་དུ་རྒྱུ་བ་ཉམས་པས་ནི་མ་ཡིན་ཏེ། སྔོན་ཉིད་དུ་འགྲིབས་པ་ཉིད་དུ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་སུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་པོ་དེ་རྣམས་ཆེན་པོ་འབྲིང་ཆུང་ངུའི་དབྱེ་བས་རྣམ་པ་གསུམ་སྟེ། ཡང་ སོ་སོར་ཆེན་པོའི་ཆེན་པོ་ལ་སོགས་པའི་དབྱེ་བས་གསུམ་སྟེ་རྣམ་པ་དགུའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལྔ་རྣམས། གཞན་གཟུགས་དང་གཟུགས་མེད་པའི་ས་ལ་སོ་སོར་དགུ་དགུའོ། །འདོད་པའི་ཁམས་ལ་སོགས་པ་འཁོར་བའི་ས་དགུ་ལ་དགུ་དགུ་སྟེ། ཉོན་མོངས་པའི་རྣམ་པ་བརྒྱད་ཅུ་ རྩ་གཅིག་ཏུ་འགྱུར་རོ། །དེ་རྣམས་ཀྱི་གཉེན་པོ་ཉེས་པ་སྐྱེ་བཞིན་པ་ངེས་པར་འཇོམས་པས་ཉེས་པ་དང་འགལ་བའོ། །དེ་མ་ཐག་ཏུ་གསུངས་པའི་བསྒོམ་པའི་ལམ་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལས་བཟློག་པས་ཆུང་ངུ་འབྲིང་ཆེན་པོ་རྣམས་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་བརྒྱད་ཅུ་ རྩ་གཅིག་གོ། །དེ་ལ་དྲི་མ་མེད་པ་འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བའི་སའི་རང་བཞིན་ལམ་གྱི་རྣམ་པ་དང་པོ་བཞི་རྟོགས་པའི་རྒྱུན་དུ་ཞུགས་པ་ཉིད་དེ་རྣམ་པ་གཉིས་སོ། །འདི་ལྟ་སྟེ། གང་ཐབས་ལ་མཁས་པས་མི་རྣམས་ཀྱི་ནང་དུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་ སཱ་ཆེན་པོ་ལྟ་བུའམ། ཁྱིམ་བདག་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་དེ་ནི་མིའི་རིགས་ནས་རིགས་སོ། །འདོད་པ་ནི་[?] སྤྱོད་པའི་ལྷ་དྲུག་གི་ནང་དུ་སྐྱེ་བ་དེ་ནི་ལྷའི་རིགས་ནས་རིགས་སོ། །རྣམ་པ་ལྔ་ལ་མངོན་དུ་གྱུར་པའི་སའི་རང་བཞིན་རྟོགས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ། །དྲུག་པ་ ལ་རིང་དུ་སོང་བའི་སའི་རང་བཞིན་ལ་ལན་ཅིག་ཕྱིར་འོང་བའོ། །དེ་ཉིད་ནི་བར་ཆད་གཅིག་པའོ། །རྣམ་པ་བདུན་པ་ལ་མི་གཡོ་བའི་སའི་རང་བཞིན་རྟོགས་པ་ལ་དང༌། བརྒྱད་པ་ལ་ལེགས་པའི་བློ་གྲོས་ཀྱི་སའི་ངོ་བོ་རྟོགས་པ་ལ་ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པའོ། །གཉེན་པོ་རྣམ་པ་དགུ་པ་ལ་ ཆོས་ཀྱི་སྤྲིན་གྱི་སའི་རང་བཞིན་རྟོགས་པ་ལ་ཕྱིར་མི་འོང་བའོ། །དེ་ཡང་རྣམ་པ་ལྔ་སྟེ། གང་འདི་ལྟ་སྟེ། ཚངས་རིས་ནས་བརྩམས་ཏེ་ཅི་སྲིད་དུ་འོག་མིན་ཞེས་པའི་བར་སྐབས་སུ་ལྷའི་རིས་གང་ཡང་རུང་བར་མངོན་པར་རྫོགས་པར་སངས་རྒྱས་ནས། འདིར་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོན་པ་དེ་ནི་ བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གང་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་ཀྲུང་བཅས་ཏེ། གང་དང་པོ་སེམས་བསྐྱེད་པ་དེ་ནི་འདིར་སྐྱེས་ནས་སོ། །བསྐྱེད་པ་དེས་སྐྱེས་པ་ཉིད་དུ་ལྷག་མ་ཉིད་དུ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་མངོན་ པར་འདུ་བྱེད་པ་དང་བཅས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གང་གི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་འཇིག་རྟེན་གྱི་ཁམས་སུ་ཡང་དག་པར་འགྲོ་བ། དེ་ནི་སེམས་ཅན་རྣམས་ཀྱི་དོན་དུ་བྱ་བ་ལ་རྟག་ཏུ་རྩོལ་བ་དང་ལྡན་པ་ཅི་སྲིད་ དུ་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སངས་རྒྱའོ། །དེ་ཡང་རྟག་ཏུ་སེམས་ཅན་གྱི་དོན་གྱི་བྱ་བ་ལ་གནས་པ་དག་ཡོད་དོ། །དཔེར་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་སྒྲོལ་མ་དང་འཇམ་དཔལ་ལ་སོགས་པའོ། །འདིར་ ༄༅། །སེམས་ཅན་གྱི་དོན་ལ་བརྩོན་པ་དང་ལྡན་པ་ནི་མངོན་པར་འདུ་བྱེད་པའོ། །བཞི་པ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི། གང་གི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་གང་བྱང་ཆུབ་སེམས་དཔའ་གང་དང་པོ་བྱང་ནུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱིས་ བྱང་ཆུབ་སེམས་དཔའ་འམ་ངེས་པ་བཞུགས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་གཞན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བ་ཡོད་དོ། །དེ་ཡང་མངོན་པར་སྦྱོར་བའི་ལམ་ཞེས་ཤེས་ནས་རིགས་ཀྱི་ཁྱད་པར་ལས་ཆེས་མྱུར་བར་འབད་པ་ཆུང་ངུ་ཉིད་ཀྱིས་མངོན་ པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ལྔ་པ་ནི་གོང་དུ་འཕོ་བ་སྟེ་རྣམ་པ་གཉིས་སོ། །འོག་མིན་གྱི་མཐར་ཐུག་པ་དང༌། སྲིད་པའི་རྩེ་མོའི་མཐར་ཐུག་པའོ། །དེ་ལ་གང་གི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་འཁོར་ལོས་སྒྱུར་བར་གྱུར་ནས་སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པར་བྱེད་ཅིང་ཇི་སྲིད་དུ་དགེ་བ་བཅུ་ལ་རབ་ཏུ་བཞག་སྟེ། ཚངས་རིས་ཀྱི་ལྷ་ནས་ཅི་སྲིད་དུ་འོག་མིན་གྱི་ལྷའི་བར་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱབ་ཡོད་དོ། །འོག་མིན་གྱི་མཐར་ཐུག་པ་དེ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཕོ་བའོ། །དེ་ལ་གང་བསམ་གཏན་གསུམ་ལས། ཡོངས་སུ་ཉམས་ནས་བསམ་གཏན་དང་པོའི་རོ་ མྱངས་པས་ཚངས་རིས་སུ་སྐྱེས་ཏེ། སྔོན་གོམས་པའི་དབང་ལས་བསམ་གཏན་བཞི་པ་སྐྱེད་དེ། དེ་ལས་འཕོས་ཏེ་འོག་མིན་དུ་སྐྱེ་བ་དེ་ནི་དབུས་སུ་མ་ཞུགས་པས་འཕར་བ་ཞེས་བརྗོད་དོ། །གང་ཚངས་རིས་ལས་འཕོས་ཏེ། གནས་གཙང་མར་སྐྱེས་ནས་བར་གྱི་གནས་གཞན་ལས་གཅིག་ཀྱང་རྣམ་པར་རྒལ་ ཏེ༑ འོག་མིན་དུ་འཇུག་པ་དེ་ནི་ཕྱེད་དུ་འཕར་བའོ། །གང་གནས་གཞན་ཐམས་ཅད་དུ་ཀུན་དུ་བརྒྱུས་ནས་འོག་མིན་དུ་འཇུག་པ་དེ་ནི་གནས་ཐམས་ཅད་དུ་འཕོ་བའོ། །གང་གི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དགའ་ལྡན་ནས་བཟུང་སྟེ་ཚངས་རིས་ནས་ཅི་སྲིད་དུ་འོག་མིན་ དུ་སྐྱེས་ནས་ཐབས་ལ་མཁས་པས་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་འགྲོ་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་བསྙེན་བཀུར་ཏེ་ སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་དག་རྫོགས་པར་བྱེད་དོ་ཞེས་པ་ལ་སོགས་པའོ། །གང་སྙོམས་པར་འཇུག་པ་གཞན་གྱི་རོ་མྱངས་པས་གནས་གཙང་མ་ཉིད་དུ་ནི་མི་འཇུག་ཅིང༌། གནས་གཞན་ཐམས་ཅད་དུ་སྐྱེ་ཞིང་གཟུགས་མེད་དུ་རིམ་གྱིས་སྐྱེས་ ནས་སྲིད་པའི་རྩེ་མོར་སོང་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་མངོན་པར་རྫོགས་པར་སངས་རྒྱ་བ་ཡོད་དོ། །ཡང་གང་གཟུགས་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བ་དེ་འདི་ནས་འཕོས་ཏེ་གཟུགས་མེད་པར་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ ནི་གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པ་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ལུས་ཀྱིས་མངོན་དུ་བྱེད་པའོ། །དེ་ལ་གང་གི་དབང་དུ་བྱས་ཏེ་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སྐྱེས་བུ་ཆེན་པའི་མཆོག་སུམ་ཅུ་རྩ་གཉིས་ཀྱིས་ བརྒྱན་པའི་སྐུ་ཅི་སྲིད་དུ་ཚེ་དཔག་ཏུ་མེད་པ་དང་ལྡན་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ཕྲག་བརྒྱ་སྟོང་དུ་མ་ཡོངས་སུ་བླངས་ཏེ། དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱས་ནས་ཕྱིས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱ་བ་ཡོད་དོ་ཞེས་དེ་ནི་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདས་པའོ། །སྐྱེ་བ་ཐམས་ཅད་དུ་བར་ཆད་མེད་པར་མཐོང་བ་ལ་སྦྱིན་པ་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །གང་ཕྱིར་མི་འོང་བ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ལུས་ ཀྱིས་མངོན་དུ་བྱེད་པ་སྟེ། མྱ་ངན་ལས་འདའ་བ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་དུ་བྱེད་པས་སོ། །ལུས་ཀྱིས་མངོན་དུ་བྱེད་པའང༌། སེམས་མེད་པས་ལུས་ལ་བརྟེན་པས་འགོག་པའི་སྙོམས་པར་འཇུག་པ་སྐྱེད་པའི་ཕྱིར་རོ་ཞེས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ། །ཡང༌། དགྲ་བཅོམ་ ༄༅། །པའི་འབྲས་བུའི་ཆེད་དུ་ཞུགས་པ་ཕྱིར་མི་འོང་བ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་བཞིན་དུ། སངས་རྒྱས་ཉིད་ཀྱི་ཆེད་དུ་ཞུགས་པ་ཉིད་ཡིན་པས་འཕགས་པ་བྱམས་པ་ནི་ལུས་ཀྱིས་མངོན་དུ་བྱེད་པའོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །གང་གི་དབང་དུ་ བྱས་ཏེ་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རོལ་ཅིང༌། དེ་དག་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ཏེ་འགོག་པ་ ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ཏེ་བསམ་གཏན་གཉིས་པ་ལའོ། །ཅི་སྲིད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཐོང་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བ་ དག་ཡོད་དོ་ཞེས་སོ། །དེ་ལྟར་རིགས་ནས་རིགས་ལ་སོགས་པའི་རྣམ་པར་གཞག་པ་ནི། འདོད་དུ་དབྱེ་བ་དྲུག་པ་དང༌། །དགུ་པ་ཡང་དག་ཟད་པ་ལས། །ལན་ཅིག་འོང་དང་ཕྱིར་མི་འོང༌། །གང་ཟག་དག་དུ་སྐྱེ་པར་འགྱུར། །དགྲ་བཅོམ་སྲིད་རྩེར་འང་ཐ་མ་ནི། །ཟད་ལས་དེ་ཡི་ལམ་གནས་ནི། །བཞི་ སྟེ་དེའི་སྦྱོར་ལ་གནས་པ། །དེའི་ཕྱིར་ཞུགས་པ་རྣམས་སུ་གསུངས། །མི་སློབ་དགྲ་བཅོམ་སློབ་པ་ནི། །གཞན་བདུན་ཟད་པ་སློབ་ཕྱིར་རོ། །ཞེས་ཉན་ཐོས་ཀྱི་ཐེག་པའི་རྣམ་པར་གཞག་པའི་རྗེས་སུ་ཞུགས་པ་རྣམ་པར་བཤད་པའོ། །འདི་རྣམས་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ མངོན་པར་རྟོགས་པའོ་ཞེས་འཕགས་པ་རྣམ་པར་གྲོལ་སྡེས་གསུངས་སོ། །ས་བཅུ་པ་འདིའི་གནས་སྐབས་ཀྱི་ཁྱད་པར་བཅོ་ལྔ་པ་ལ་སོགས་པ་སེམས་བསྐྱེད་པ་དྲུག་ནི་ཁྱད་པར་གྱི་ལམ་མོ། །དེ་ལ་སེམས་བསྐྱེད་པ་དང་པོ་ལྔ་ནི་རེ་རེ་ལ་སྦྱོར་བ་དང་དངོས་གཞི་དང་རྗེས་རྣམས་ཀྱིས་སོ། །དངོས་གཞི་ཡང་ ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོ་དབྱེ་བས་སོ། །ཡང་ཆུང་ངུ་ལ་སོགས་པ་རྣམས་ཀྱིས་རེ་རེ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གསུམ་གྱི་དབྱེ་བས་རྣམ་པ་བཅུ་བཞིར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་དག་གི་གནས་བདུན་ལ་དགུ་དགུའོ། །གནས་བརྒྱད་པ་ལ་བདུན་ཏེ། གཉེན་ པོའི་རྣམ་པ་རྣམ་པར་ཕྱེ་བ་བདུན་ཅུ་ཐམ་པ་ཡིན་ནོ། །དེ་ལ་སེམས་བསྐྱེད་པ་དང་པོ་གཉིས་ཀྱི་དབྱེ་བ་དང༌། སེམས་བསྐྱེད་པ་གསུམ་པའི་དབྱེ་བའི་དང་པོ་གཉིས་ཏེ་རྣམ་པ་སུམ་ཅུ་ནི་རྩེ་མོ་མངོན་པར་རྟོགས་པའོ། །གཞན་པ་བཞི་བཅུ་ཐམ་པ་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པའོ། དེ་བཞིན་དུ་རྣམ་པར་མི་རྟོག་པའི་གནས་པའི་གནས་སྐབས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་སོགས་པ་མངོན་དུ་བྱེད་པ་ཡོད་པས་ཡང་དག་པའི་ཐབས་ལ་མཁས་པས་སེམས་ཅན་དུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་འདི་ལྟར་སྙོམས་པར་འཇུག་སྟེ། འདི་ལྟར། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། གཟུགས་མེད་པའི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་ལས་བཞེངས་ཏེ། གཟུགས་མེད་པའི་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་དང༌། བསམ་གཏན་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་ལ་སྙོམས་པར་འཇུག་གོ་ཞེས་སོ། །དེའི་རྗེས་སུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་དག་ལ་བལྟའོ། །དེའི་རྗེས་སུ་བསྒོམ་པའི་ལམ་གྱི་རང་བཞིན་ཐོང་རྒལ་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་སྟེ། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ། དེ་ནས་གཉིས་པ་དང་གསུམ་པ་དང་བཞི་པ་དང༌། གཟུགས་མོད་པའི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པ་ལ་སྙོགས་པར་འཇུག་པ་འདི་ནི་སོང་བ་གཅིག་གོ། །དེ་ལས་བཞེངས་ནས་བསམ་གཏན་དང་པོ་ ལའོ། །དེ་ནས་འགོག་པའོ། །དེ་ནས་བསམ་གཏན་གཉིས་པའོ། །དེ་ནས་འགོག་པའོ། །དེ་ནས་བསམ་གཏན་གསུམ་པའོ། །དེ་ནས་འགོག་པའོ། །དེ་ནས་བསམ་གཏན་བཞི་པའོ། །དེ་ནས་འགོག་པའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་ནས་འགོག་པའོ། །དེ་ནས་རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་དོ། །དེ་ནས་འགོག་པའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་ནས་འགོག་པའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ནས་འགོག་གོ། །དེ་ནས་འདོད་པ་ན་སྤྱོད་པ་མཉམ་པར་མ་བཞག་པར་ལྟུང་བའོ། །སོང་བ་གཉིས་པའོ། །འདོད་པས་བསྡུས་པའི་སེམས་ཀྱི་ ༄༅། །མཐའ་རུ་འགྲོ་བར་བྱ་བར་བགྲོད་དེ། དེ་ནས་འགོག་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་མཉམ་པར་མ་བཞག་པ་ལ་གནས་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་ ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་ནས་མཉམ་པར་མ་བཞག་པའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་ནས་མཉམ་པར་མ་བཞག་པའོ། །དེ་ནས་བཞི་པའོ། །དེ་ནས་གསུམ་པའོ། །དེ་ནས་མཉམ་པར་མ་བཞག་པའོ། །དེ་ནས་གཉིས་པའོ། །དེ་ནས་མཉམ་པར་མ་ བཞག་པའོ། །དེ་ནས་དང་པོའོ། །དེ་ནས་མཉམ་པར་མ་བཞག་པའོ། །འདི་ནི་འོངས་པ་སྟེ་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་པར་བཞག་པ་ནས་མཉམ་པར་བཞག་པའོ། །མཉམ་པར་བཞག་པ་ལས་མཉམ་པར་མ་བཞག་པར་ཀུན་དུ་རྒྱུ་བར་གྱུར་པ་ནི་རིགས་མི་མཐུན་པར་བགྲོད་ བའི་འོངས་པའོ། །དེ་ལས་སོང་བ་དང་པོ་ལ་ནི་གནས་དགུའོ། །གཉིས་པ་ལ་ནི་བཅུ་བདུན་ནོ། །འོངས་པ་ལའང་བཅོ་བརྒྱད་དོ། །འོ་ན་ཐོང་རྒལ་སྙོམས་འཇུག་ཏིང་ངེ་འཛིན་མཉམ་པར་མ་བཞག་པའི་སེམས་སུ་ཅི་ལྟར་མི་འགལ་ཞེ་ན། བརྗོད་དེ། སྙོམས་པར་འཇུག་པའི་ཀུན་དུ་རྒྱུ་བ་ལ་ སྙོམས་པར་འཇུག་པ་ཉེ་བར་བཏགས་པ་ནི་འགལ་བ་མེད་དོ། །སེམས་བསྐྱེད་པ་དྲུག་པ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ། སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་མངོན་པར་རྫོགས་པ་བདུན་པའོ། །བར་ཆད་བྱ་རུ་ནི་གེགས་བྱ་བར་ནུས་ པ་ནི་བར་ཆད་དོ། །བར་གཞན་མེད་པ་ནི་བར་ཆད་མེད་པའོ། །བར་ཆད་མེད་པའི་ལམ། ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་གཅིག་ཏུ་ཟག་པ་མེད་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ལན་ཅིག་གིས་ཆོས་ཐམས་ཅད་ངེས་པར་རྟོགས་པའི་ཕྱིར་དང༌། གཉེན་པོ་བསྒོམ་པའི་རྣམ་ པར་སྨིན་པ་ཉིད་ཀྱིས་ངེས་པར་རྟོགས་པའི་ཕྱིར་དང༌། རྨི་ལམ་བཞིན་དུ་རང་བཞིན་མེད་པ་ཉིད་ཀྱིས་ངེས་པར་རྟོགས་པའི་ཕྱིར་དང༌། སྒྲིབ་པ་གཉིས་རྩ་བས་ཟད་པས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོས་ངེས་པར་རྟོགས་པས་ལྡོག་པ་བཞིའི་བདག་ཉིད་དོ། །འདིར་བྱང་ཆུབ་སེམས་དཔའ་ཞིང་གི་ ཚོགས་དཔག་ཏུ་མེད་པ་རྣམ་པ་ཐམས་ཅད་རྫོགས་པར་བྱས་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་རྟོགས་པར་བྱེད་པ་ན། དཔེར་ན་ཟོ་ཆུན་གྱི་རྒྱུད་མོ་སྐྱེས་བུས་རྐང་སྟབས་གཅིག་གིས་བསྐྱོད་པ་ན་ཐམས་ཅད་ཅིག་ཅར་དུ་གཡོ་བ་དེ་བཞིན་དུ་སྦྱིན་པ་ལ་ སོགས་པའི་སེམས་ལྡན་པ་གཅིག་ཀྱང་མངོན་དུ་བྱས་པ་ན་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་འགུགས་པར་བྱེད་དོ། །ངེས་པར་བྱང་ཆུབ་པར་བྱེད་དོ། །སྔོན་བསྒོམ་པའི་འཕེན་པའི་ནུས་པ་ལས་སོ། །འདིར་ནི་བར་ཆད་མེད་པའི་ལམ་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་ པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སོ། །རྣམ་པར་སྨིན་པའི་ཆོས་ཉིད་ནི་རང་བཞིན་གྱིས་རྩོལ་བ་མེད་པས་འཇུག་པའི་གནས་སྐབས་འདིའོ་ཞེས་བྱས་ནས་འདི་ལ་ཡང་ཟག་པ་མེད་པ་དང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དེ་བཞིན་དུ་ཅིག་ཅར་དུ་མངོན་པར་རྫོགས་པར་རྟོགས་པའོ། ། རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དེ་ཡང་ས་བརྒྱད་པ་ནས་བཟུང་སྟེ་འབྱུང་མོད་ཀྱི། འདིར་ནི་ཁྱད་པར་དུ་འཕགས་པ་ཐོབ་པ་ཡིན་ནོ། །དེ་ལྟར་ན་སེམས་བསྐྱེད་པ་དྲུག་གི་རང་བཞིན་ཁྱད་པར་གྱི་ལམ་རྟོགས་པ་ལ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་ཞེས་ བྱའོ༑ །བྱང་ཆུབ་སེམས་དཔའ་འདི་ནི་སྨོན་ལམ་གྱིས་རང་སངས་རྒྱས་སྐུ་ཅན་ནོ། །གང་གི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་མེད་ཅིང་ཉན་ཐོས་དང་བྲལ་བའི་འཇིག་རྟེན་གྱི་ཁམས་སུ་རང་རྒྱལ་གྱི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དག་ཡོད་དོ། །འདི་ནི་བདག་ཉིད་གཅིག་པུ་གཅིག་སངས་ རྒྱས་ཏེ། རང་ཉིད་ཅེས་པ་རང་བྱུང་ངོ༌། །སྒྲ་མེད་པར་ཆོས་སྟོན་པའོ། །རང་སངས་རྒྱས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། རང་སངས་རྒྱས་དང་ཆོས་མཐུན་པ་སྟེ། གཅིག་པུ་བདག་དང་གཞན་མཉམ་པར་སངས་རྒྱས་ཀྱི་ཆོས་རྣམས་གསལ་བར་བྱེད་པའི་ཕྱིར་རོ། །གཞན་ནི་རང་སངས་རྒྱས་སུ་སྤྲུལ་པ་ ༄༅། །ཡིན་པ་ཡང་བྱེད་པའི་ཕྱིར་རོ། །དེ་དེ་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ་དང༌། གང་ཟག་བདུན་ནོ། །རབ་ཏུ་དབྱེ་བས་བཅུ་དགུའོ། །རང་སངས་རྒྱས་དང་ཉི་ཤུའོ། །སློབ་པ་རྣམས་འདུས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་འཕགས་པའི་དགེ་འདུན་ནོ། །ལྷ་དང་བཅས་བདུད་དང་བཅས་པའི་འཇིག་རྟེན་གྱི་ས་དང་ དམན་པའི་བྱང་ཆུབ་ཀྱི་སྒྲུབ་བྱེད་ཀྱིས་དང་མི་དགེ་བའི་ཆོས་རྣམས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཕྱེད་ཅིང་མི་འཕྲོགས་པའོ། །ཁ་ཅིག་ཏུ་རྡོ་རྗེ་ལྟ་བུའི་སེམས་ནི་མི་སློབ་པ་ཞེས་གསུངས་ཏེ། མི་སློབ་པ་རྣམ་པར་གྲོལ་བ་སངས་རྒྱས་པའི་བར་ཆད་མེད་པའི་ལམ་ཉིད་ཡིན་པའི་ ཕྱིར་རོ། །སོ་སོ་སྐྱེ་བོ་ནི་སློབ་པ་ཡིན་ཞིང་མི་སློབ་པ་ཡིན་ཏེ་སློབ་པར་བརྗོད་དུ་མེད་དོ། །འོ་ན་ཅི་འདས་པའམ་མ་འོངས་པའམ་ད་ལྟར་བའི་སེམས་རྣམ་པར་གྲོལ་ཞེ་ན། སྨྲས་པ། མ་འོངས་པའི་སེམས་སྐྱེ་བཞིན་པ་མི་སློབ་པ་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །འོ་ན་ལམ་གྱི་གནས་སྐབས་དེ་ལས་སྐྱེས་ པས་སྒྲིབ་པ་སྤོང་བ་ཅི་ཞེ་ན། སྨྲས་པ། འགག་བཞིན་པ་ཉིད་ཀྱི་ལྟ་བུའོ། །འོ་ན་ས་བརྒྱད་པ་ལ་ཕྱིར་མི་ལྡོག་པ་ཉིད་དུ་གསུངས་པ། འདིར་ཐམས་ཅད་ཅི་ལྟར་ཞེ་ན། སྨྲས་པ། དབང་པོ་རྣོན་པོའི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་གནས་སྐབས་མོས་པས་སྤྱོད་པའི་སའི་ཚུ་རོལ་དུ་ཡང་ཞི་གནས་དང་ལྷག་ མཐོང་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ངེས་པས་དང་སྙིང་རྗེ་ཆེན་པོ་དང་ལྡན་པས་ཚོགས་གཉིས་རྫོགས་པའི་ཕྱིར་རྒྱུན་དུ་མངོན་པར་སྦྱོར་བའི་དགའ་བ་ནི་ཕྱིར་མི་ལྡོག་པ་ཉིད་དོ། །དབང་པོ་འབྲིང་ནི་རབ་ཏུ་དགའ་བ་ལ་ཕྱིར་མི་ལྡོག་པའོ། །དབང་པོ་རྟུལ་པོ་རྣམས་ནི་མི་གཡོ་བ་ལ་ཕྱིར་མི་ལྡོག་ པའོ༑ །རིང་དུ་སོང་བ་ལ་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་དོ་ཞེས་ཁ་ཅིག་གོ། །ལྡོག་པའི་ཆེད་དུ་སྐྱེ་བ་ནི་ཕྱིར་ལྡོག་པའོ། །ཕྱིར་མི་ལྡོག་པ་ནི་དེ་བཞིན་མ་ཡིན་པའོ། །དེ་ཡང༌། རྟོགས་པའི་དོན་བྱང་ཆུབ་མཆོག་ལ་སོགས་པའི་རང་བཞིན་ཆོས་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། བསྒྲུབས་པ་དང༌། བསྐྱེད་ པ་དང༌། བསམ་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པའོ། །མདོ་སྡེ་རྒྱན་ལས་དཔེ་ལྔས་བསྟན་པར་རིག་པར་བྱའོ། །དེ་ལ་ཀུན་དུ་རྫོགས་པའི་ཐེག་པ་ཆེན་པོ་ཐོས་པའི་རང་བཞིན་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ལོག་པར་རྟོག་པ་ཐམས་ཅད་བསལ་ནས་སྐྱབས་དཀོན་མཆོག་ གསུམ་ལ་བརྟེན་ཏེ་སྒྲིབ་པ་སྤོང་ཞིང་མངོན་པར་ཤེས་པ་ལ་སོགས་པ་ཁྱད་པར་ཅན་གྱི་ཡོན་ཏན་འཕགས་པའི་ནོར་ལ་ལོངས་སྤྱོད་པའི་རྒྱུ་ཉིད་དུ་རིག་པར་བྱས་ནས། འདུན་པ་ལ་སོགས་པའི་སེམས་རབ་ཏུ་བསྒྲུབས་པས། ཅི་སྲིད་དུ་མོས་པས་སྤྱོད་པའི་ས་ལ་བསྒྲུབས་པ་སེམས་བསྐྱེད་པའི་ངོ་བོ་ཆོས་གསེར་ བཟང་པོ་ལྟ་བུ་དགའ་བ་དམ་པ་སྐྱེ་བར་བྱེད་དོ། །ས་རབ་ཏུ་དགའ་བ་ལྷག་པའི་བསམ་པ་དག་པ་ལ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་པ་ཁྱད་པར་དུ་དབེན་པས་བསྐྱེད་པ་མངོན་དུ་བྱེད་པས་སྐྱེད་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཆོས་པད་མ་རྒྱས་པ་ལྟ་བུའོ། །དེ་ཉིད་རྩོལ་བ་དང་བཅས་པ་མཚན་མ་མེད་པ་ལ་གནས་པའི་ ས་དྲི་མ་མེད་པ་ལ་སོགས་པ་དྲུག་ཏུ་བསམ་པར་བྱེད་པ་ན་ཚོགས་གཉིས་ནུས་པ་དང་ལྡན་པ་ནི་ལེགས་པར་བྱས་པའི་ཟས་ཟོས་པ་ལྟ་བུའོ། །རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པ། ས་མི་གཡོ་བ་ལ་སོགས་པ་གསུམ་ལ་སྔོན་གྱི་ཚོགས་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པ། ལེགས་པའི་ཕྲིན་ཡིག་ རིག་པ་བཞིན་ནོ། །སངས་རྒྱས་ཀྱི་ས་ལ་ཡོངས་སུ་གྲུབ་པ་སྟེ། བྱང་ཆུབ་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་སྒྲིབ་པ་ཐམས་ཅད་སྤངས་པ་ཉིད་རིན་པོ་ཆེའི་སྒྲོམ་སྒོ་ཕྱེ་བ་ལྟ་བུ་ཉིད་དེ། སངས་རྒྱས་ཉིད་སྟོན་པར་བྱེད་དོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་རྣམ་ པ་མཐའ་མེད་ཅིང་མཐའ་ཡས་པ་ཕྱོགས་ཙམ་ཡང་བརྗོད་པའི་ནུས་པ་མེད་པས་གཞག་གོ། །ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། རྟོགས་པའི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཅིག་པས་རྣམ་པ་གཅིག་གོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་དང༌། རྒྱུ་དང་འབྲས་བུའི་ དབྱེ་བས་རྣམ་པ་གཉིས་སོ། །རྣམ་པ་གསུམ་སྟེ། དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་སྟེ། འདི་ལྟ་སྟེ། སོ་སོ་སྐྱེ་བོའི་གནས་སྐབས་སུ་དེ་བཞིན་ཉིད་མ་དག་པའི་གནས་སྐབས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་མིང་ཅན་ནོ། །མ་དག་པ་དང་དག་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་ ༄༅། །དཔའི་ས་བཅུ་ལ་རབ་ཀྱི་རབ་ལ་སོགས་པ་ཉོན་མོངས་པའི་རྣམ་པ་ཅི་རིགས་པར་སྲིད་པའི་ཕྱིར་རོ། །ཤིན་ཏུ་དག་པ་ནི་སངས་རྒྱས་ཀྱི་སའོ། །ཡང་ན་བྱང་ཆུབ་སེམས་དཔའི་ས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ས་བདུན་རྣམས་རྩོལ་བ་དང་བཅས་པའི་ཡིད་ལ་བྱེད་པ་ཉིད་ཡིན་པས་མ་དག་ པའོ༑ །མི་གཡོ་བ་ལ་ནི་སོགས་པ་ནི་ས་མ་དག་པའོ། །ཤིན་ཏུ་མཆོག་ཏུ་དག་པ་ནི་དེ་བཞིན་གཤེགས་པའི་སའོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་རྟོགས་པ་པོའི་སྒོ་ནས་རྣམ་པ་བཞི་གསུངས་ཏེ། འདི་ལྟ་སྟེ། རབ་ཏུ་དགའ་བ་ལ་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའོ། །དྲི་མ་མེད་པ་ལ་ སོགས་པ་དྲུག་ལ་སྤྱོད་པ་ལ་ཞུགས་པ་སྟེ། ཉེ་བར་གོས་པ་མེད་པའི་སྤྱད་པ་སྤྱོད་པས་སོ། །མི་གཡོ་བ་ལ་ཕྱིར་མི་ལྡོག་པའོ། །ཆོས་ཀྱི་སྤྲིན་ལ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། སངས་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་གིས་ཐོགས་པའི་ཕྱིར་རོ། །འཕགས་པ་རྣམ་པར་གྲོལ་བའི་སྡེ་ན་རེ། མོས་པས་ སྤྱོད་པའི་ས་ལ་དང་པོ་ཐེག་པ་ལ་ཞུགས་སོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་པ་སྤྱོད་པ་ལ་ཞུགས་པའོ། །མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་ཕྱིར་མི་ལྡོག་པའོ། །ས་བཅུ་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ལས་བྱུང་བའོ། །ས་བདུན་པ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་བྱུང་བའོ། །བརྒྱད་པ་ལ་སོགས་པ་རྣམས་ལ་རྣམ་པར་སྨིན་པ་ལས་བྱུང་བའོ། །སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་ མེད་པའོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ས་བདུན་རྣམས་ལ་སོགས་ཡིན་ནོ། །སྣང་བ་མེད་པའང་ས་བརྒྱད་འདིར། །ས་གཉིས་ལ་འདིར་རྣམ་པར་གནས། །ལྷག་མ་ས་ནི་ང་ཡི་དངོས། །ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་ལས་རྣམ་པ་ལྔར་བཀྲལ་ལོ། ། འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་དྲུག་ལ་རྩོལ་པ་བཅས་པ་མཚན་མ་མེད་པ་ལ་གནས་པའོ། །བརྒྱད་པ་ལ་རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པའོ། །ས་གཉིས་ལ་ངེས་པའི་སྤྱོད་པ་ལ་རབ་ཏུ་ཞུགས་པའོ། །དེའི་སྟེང་དུ་སྐྱེ་བ་གཅིག་གིས་ཐོགས་ པའི་བྱང་ཆུབ་སེམས་དཔའོ་ཞེས་སོ། །དེ་རྣམས་ལ་སོགས་པ་མཉམ་པ་མེད་པའི་བརྩེ་བའི་རང་བཞིན་གྱི་སྐུ་ཀུན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འདོད་པ་སྣ་ཚོགས་གདུལ་བྱའི་བསམ་ངོ་ལས་རྣམ་པར་གཞག་པ་མཐར་ཐུག་པ་མེད་མོད་ཀྱི། གདུལ་བྱའི་བསམ་ངོ་ལས་དེ་རྣམས་ནི་མི་འགལ་བ་ ཉིད་དོ། །འབད་པས་དོན་དུ་གཉེར་བར་བྱའོ། །གལ་ཏེ་ཡོད་མེད་ཐམས་ཅད་ལེགས་པར་གནས་པས་གཞག་གོ། །ད་ནི་སྐབས་སུ་བབ་པ་བརྗོད་པར་བྱའོ། །དེ་ནས་བར་ཆད་མེད་པའི་ལམ་གྱི་དེ་མ་ཐག་ཏུ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་མི་མཐུན་ པའི་ཕྱོགས་ཆུང་ངུའི་ཆུང་ངུ་རྣམ་པ་བདུན་ཅུ་རྩ་གཉིས་པའི་གཉེན་པོ་ཆེན་པོའི་ཆེན་པོ་རྣམ་པ་བདུན་ཅུ་རྩ་གཉིས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པས་ཤིན་ཏུ་རྣམ་པར་དག་པའི་ངོ་བོའོ། །ཉེར་གཅིག་པ་དང་ཉེར་གཉིས་པའི་སེམས་བསྐྱེད་པ་དག་ནི་མཉམ་བཞག་དང་རྗེས་ ཀྱི་རང་བཞིན། ཀུན་དུ་བཟང་པོ་ཞེས་བྱ་བའི་མིང་བླ་དགས་གཞན་ཀུན་དུ་འོད་དོ། །སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་དེས་འབྲས་བུའི་གནས་སྐབས་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་བརྒྱད་པའོ། །ཆོས་ནི་ལམ་སྟེ་མངོན་པར་རྟོགས་པ་བདུན་གྱི་ངོ་བོའོ། །ཆོས་ཀྱི་ཐོབ་བྱ་ལས་ཀྱི་ནི་ཆོས་ སྐུའོ་ཞེས་ཤེས་ནས། འདི་དག་རྟོགས་པ་ལས་བཅོམ་ལྡན་འདས་ནི་འབྲས་བུ་ལ་གནས་པ་མི་སློབ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བདག་ཉིད་ཡིན་པས་སོ། །ཆོས་ཀྱི་སྐུ་དེ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། མཛད་ པའོ༑ །དེ་སངས་རྒྱས་རྣམས་ཀྱི་སྐུ་ནི་གསུམ་སྟེ། བཅོམ་ལྡན་འདས་མ་ཆེན་མོ་ལས་གསུངས་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ཟག་པ་མེད་པའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རིག་པར་བྱའོ་ཞེས་ནི་ཆོས་ཀྱི་ སྐུའོ༑ །གཞན་ཡང་ཆོས་དེ་རྣམས་ཉིད་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ། བླ་ན་ ༄༅། །མེད་པའི་དགའ་བ་མཆོག་ཏུ་དགའ་བ་བདེ་བ་ཉེ་བར་ལོངས་སྤྱོད་པར་བྱ་བའི་ཆེད་དུ་དམ་པར་གྱུར་པ་ཐེག་པ་ཆེན་པོའི་ཆོས་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཞན་ཡང་ཆོས་དེ་རྣམས་ཉིད་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་ཐམས་ཅད་དུ་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ནི་སྤྲུལ་པའི་སྐུའོ། །དེ་ལ་ངོ་བོ་ནི་རང་བཞིན་ཏེ། རང་བཞིན་ ཉིད་ནི་ངོ་བོའོ། །རང་བཞིན་ལས་བྱུང་བ་རྣམ་པར་དག་པའི་མཐར་རབ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རང་བཞིན་མི་སྐྱེ་བ། མ་བྱས་པ་འདུས་མ་བྱས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱ་བ། སྒྲོ་བཏགས་པའི་སྤྲོས་པ་མ་ལུས་པ་ལོག་པ་རང་ བཞིན་མེད་པ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུའོ། །ཏ་ཕྱི་པ་དང་[?]བྷ་བའི་རྐྱེན་བསྟན་པ་དག་ལས། ཆོས་ཉིད་ཀྱི་སྐུ་ནི་ཆོས་སྐུའོ་ཞེས་བརྗོད་དོ། །འདི་རུ་རྣམ་པར་རྟོག་པ་ཐམས་ཅད་ནུབ་པ་ནི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །རྒྱལ་པོ་ལ་གདམས་པ་རིན་པོ་ཆེ་ཕྲེང་བའི་རྣམ་འགྲེལ་ལས། ཆོས་ཉིད་ཀྱི་སྐུ་ནི་ཆོས་སྐུའོ། །དེ་ནི་ ཆོས་ཐམས་ཅད་ཀྱི་ལུས་ཉིད་ཡིན་པས་འགྲོ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བཞིན་ལས་མ་འདས་པའི་ཕྱིར་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པ་ཉིད་ཀྱི་སྐུའོ། །རྟེན་གྱི་ངོ་བོ་ཡང་ཡོན་ཏན་ཐམས་ཅད་འཇུག་པར་བལྟ་བར་བྱའོ་ཞེས་གསུངས་སོ། །ད་ལྟར་ན་རྟེན་ཆོས་ རྣམས་ཀྱི་ཆོས་ཉིད་དེ་ཀུན་རྫོབ་ཀྱིས་དེ་ལས་བྱུང་བའམ་དེའི་བདག་ཉིད་ལས་སོ། །དེ་ཉིད་ཀྱི་ཆོས་ཀྱི་སྐུའི་སྒྲས་ངོ་བོ་ཉིད་ཀྱི་སྐུ་བརྗོད་པའོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་སོ་སོར་རང་རིག་པའོ། །གང་སྟོན་པ་རང་གི་ཆོས་བསྟན་པ་ལས་ས་བཅུའི་དབང་ཕྱུག་རྣམས་ཟབ་པ་རྒྱ་ཆེ་བའི་ ཆོས་བསྟན་པ་ཐོས་ནས་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་དགའ་བ་བདེ་བ་ཉམས་སུ་མྱོང་བ་ནི་ལོངས་སྤྱོད། ཡང་དག་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་འཚོགས་ནས་ལོངས་སྤྱོད་པ་ནི་ལོངས་སྤྱོད་ རྫོགས་པའོ། །ལོངས་སྤྱོད་པའི་ཆེད་དུ་ནུས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་ན་ལོངས་སྤྱོད་པར་བྱ་བའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་ན་ལོངས་སྤྱོད་རྫོགས་པའི་ཆེད་དུ་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རང་དོན་ཕུན་སུམ་ཚོགས་པའི་ངོ་བོ་གཞན་དོན་བྱེད་པ་མཚན་དང་དཔེ་ བྱད་འབར་བའོ། །ཡང་ན་ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྐྱོང་བར་བྱེད་པའམ། ཡང་དག་པར་མཉེས་པར་གསོལ་བར་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་ན་འདིར་ཆོས་དེ་དག་བསྟན་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེའི་བརྗོད་ བྱ་དག་ཉམས་སུ་མྱོང་བ་ལས་ཀུན་དུ་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པ་ནི་སྤྲུལ་པ་ཉིད་དེས་གྲུབ་པའི་སྐུ་སྟེ་སྤྲུལ་པའི་སྐུའོ། །དེ་ཡང༌། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་འཁོར་བ་ཅི་སྲིད་དུ་ནམ་མཁའ་ཅི་སྲིད་དུ་དུས་ཅི་ལྟ་བ་བཞིན་དུ་བསམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བ་མ་ལུས་ པ་ངེས་པར་ལེགས་པ་མ་ལུས་པ་ཡང་དག་པར་སྒྲུབ་པ་ནི་སྤྲུལ་པའི་ལས་དང་སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་ངོ་བོ་རང་གཞན་དོན་ཕུན་སུམ་ཚོགས་པའོ་ཞེས་སོ། །དེ་བཞིན་དུ་ཡང༌། དགེ་བསྙེན་ཆེན་པོ་ཟླ་བའི་ཞལ་ནས། ཆོས་ཀྱི་སྐུའི་དབང་དུ་བྱས་ནས་གསུངས་ པ། འདི་ཡི་ཆོས་སྐུ་དེ་བཞིན་ཉིད། །རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། །སེམས་ཅན་རྣམས་དང་དོན་རྣམས་ཀྱི། །རང་བཞིན་དེ་དག་གཉིས་སུ་མེད། །སྣ་ཚོགས་ངོ་བོའི་སྐུ་རྣམས་དང༌། །འགྲོ་རྣམས་དེ་ཉིད་ངོ་བོ་རྣམས། །གང་དུ་རོ་གཅིག་འགྲོ་འགྱུར་བ། །རྒྱ་མཚོར་འབབ་པའི་ཆུ་བོ་བཞིན། །རྣམ་ པ་འདི་འདྲའི་སྐུ་དེ་ནི། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་སྟེ། །རྣམ་པ་ཐམས་ཅད་རྣམ་དག་པ། །རྫོགས་བྱང་ཆུབ་ཀྱི་སྤྱོད་ཡུལ་ཉིད། །དེ་ཡིས་ནུས་པ་རང་དང་གོས། །དུས་རྣམས་ཀུན་དུ་འཇིག་རྟེན་དུ། །མཐའ་ཡས་དོན་རྣམས་བྱེད་པ་ནི། །ཉི་མའི་འོད་ཟེར་ལྟ་བུའོ། །ལོངས་སྤྱོད་རྫོགས་པའི་དབང་དུ་ བྱས་པ་ནི། །དམུས་ལོང་ལྟ་བུས་བདག་སྤངས་ནས། །རང་ཉིད་བསོད་ནམས་བསགས་ཅན་གྱིས། །དོན་གཅིག་པུ་ཅིག་ཅར་དུ། །ཉི་མ་ལྟ་བུར་ཀུན་གྱིས་མཐོང༌། །འོན་པ་ལྟ་བུ་བདག་སྤངས་ནས། །བསོད་ནམས་ནོར་བསགས་སྙན་རྣམས་ཀྱིས། །དམ་ཆོས་བདུད་རྩིའི་བཅུད་ལེན་ནི། །དེ་ལ་དེ་ ༄༅། །རིང་ཡང་ལྡན་ཉིད། །ཅེས་སོ། །སྤྲུལ་པའི་སྐུའི་དབང་དུ་བྱས་པ་ནི། །མཐའ་ཡས་ཕྱོགས་སུ་མཐའ་མེད་པའི། །སེམས་ཅན་ཐེག་པ་གསུམ་གྱིས་འདིར། །ཡང་དང་ཡང་དུ་རྣམ་དག་བྱེད། །ས་བོན་ཅི་བཞིན་བསམ་ཅི་བཞིན། །ཞེས་སོ། །དེས་ན་སངས་རྒྱས་རྣམས་ཀྱི་སྐུ་ནི་གསུམ་ཉིད་དོ། ། བྱང་ཆུབ་ཕྱོགས་ལ་སོགས་པ་ཆོས་ཀྱི་ཕུང་པོ་ནི་ངོ་བོ་ཉིད་ཀྱི་སྐུས་ཡོངས་སུ་བསྡུས་པ་སྟེ། ཆོས་དང་ཆོས་ཉིད་དག་དབྱེ་བ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་དེ་རྣམས་ཀྱི་མཚན་ཉིད་ཐ་དད་པའོ། །གཞན་དག་དུ་ཆོས་ཀྱི་ཕུང་པོ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུས་བསྡུས་སོ་ཞེས་པའང་རུང་ངོ༌། །ཁ་ཅིག་ན་རེ་བྱང་ ཆུབ་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ནི་སྐུ་བཞི་པའོ་ཞེས་ངེས་པར་འཆད་དོ། །འདི་ནི་བསམ་པར་བྱའོ། །སྐུ་གསུམ་པོ་འདི་ནི་རྟག་པ་ཉིད་དེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པས་རྟག་ པ་སྟེ༑ དང་པོ་ལྡན་ཡང་ཐ་མ་མེད་པས་སོ། །དེ་བཞིན་དུ་བྱང་ཆུབ་ཕྱོགས་ཀྱི་ཆོས་ཀྱང་ངོ༌། །སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་ཉིད་ཀྱིས་རྟག་པ་སྟེ། མི་སྣང་ཞིང་ནུབ་ཀྱང་ཡང་དང་ཡང་དུ་བར་མེད་པས་ཡུལ་གྱི་དབྱེ་བས་རྟག་ཏུ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ཕྲིན་ལས་ཀྱང་རྟག་པའོ། །དེས་ན་ཆོས་ཀྱི་སྐུ་ནི་ བཅོམ་ལྡན་འདས་ཀྱི་དོན་དམ་པ་པའི་སྐུ་སྟེ། གང་ཡང་དག་པའི་དེ་བཞིན་ཉིད་རྣམ་པར་དག་པ་རབ་ཏུ་གྲུབ་པའོ། །ཁ་ཅིག་ཏུ་དེ་བཞིན་ཉིད་ཅེས་པ་དང་ཆོས་ཉིད་ཅེས་པ་ནི་སྤྱིའི་ཚིག་གོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་དེ་བཞིན་ཉིད་དག་དོན་དམ་པར་ན་དབྱེ་བ་མེད་དོ་ཞེས་བསྟན་པའི་དོན་དུའོ། །གང་ ཡང་ཆོས་ཀྱི་སྐུ་ལ་རག་ལས་པ་སངས་རྒྱས་སུ་བྱེད་པའི་ཆོས་བྱང་ཆུབ་ཕྱོགས་ལ་སོགས་པ། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་རྣམས་ཏེ་དེ་གསུམ་ནི་སངས་རྒྱས་དེ་རྣམས་ཀྱི་ཀུན་རྫོབ་པའི་སྐུའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འདུས་བྱས་པ་རང་བཞིན་མེད་པའི་ཆོས་ཉིད་ཀྱི་རང་གི་ ངོ་བོའོ། །དེ་ལ་སངས་རྒྱས་སུ་བྱེད་པའི་ཆོས་བྱང་ཆུབ་ཕྱོགས་ལ་སོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུ་པའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ལོ། །སྤྲུལ་པའི་སྐུ་ནི་དེ་དང་གཞན་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྤྱོད་ ཡུལ་ལོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད། སྐུ་གསུམ་དུ་སྣང་བའོ། །དེ་ལ་སེམས་བསྐྱེད་པ་ཉེར་གཅིག་པ་ནི་དངོས་གཞི་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་རྟོགས་པའོ། །སེམས་བསྐྱེད་པ་ཉེར་གཉིས་པ་ནི་རྗེས་ལ་ཐོབ་པ་སྤྲུལ་པའི་སྐུར་སྣང་བའོ། ། དེས་ན་ཆོས་སྐུ་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་སྐྱེད་པར་བྱེད་པ། འཇིག་རྟེན་མ་ལུས་པའི་གཞན་དོན་རྫོགས་པར་བྱེད་པའོ། །སེམས་བསྐྱེད་པ་དེ་གཉིས་ནི། ཡེ་ཤེས་ལྔའི་རང་བཞིན་ཏེ། དེ་བཞིན་དུ་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་ཏེ། རྣམ་པ་ལྔས་སངས་རྒྱས་ཀྱི་ས་སྤྱིར་ བསྡུས་པར་རིག་པར་བྱའོ། །ལྔ་གང་ཞེ་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། །བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །འདིར་ཆོས་དབྱིངས་རྣམ་པར་དག་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས། ཤིན་ཏུ་རྣམ་ པར་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཞེས་བྱ་བ་ནི་དོན་ཐ་དད་པ་མེད་དོ། །དེ་བཞིན་དུ་དངོས་གཞིའི་སེམས་བསྐྱེད་པ་ཡང་ཡེ་ཤེས་བཞི་བདག་ཉིད་དུ་རྣམ་པར་བཞག་སྟེ། དེས་ན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་དག་ཆོས་སྐུ་རྟོགས་པའོ། །གང་དུ་མདོ་ སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་སངས་རྒྱས། །ཞེས་སོ། །འདི་ལོངས་སྤྱོད་རྫོགས་པ་སངས་རྒྱས་ཀྱི་རྒྱུ་ཉིད་ཡིན་པས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ་ཞེས་འགྲེལ་པ་བྱེད་པས་སོ། །དེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ལས་མ་ལུས་པའི་ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་ རབ་ཏུ་འཇུག་གོ་ཞེས་གསུངས་སོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྗེས་ཀྱི་སེམས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལ་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། གང་བག་ཆགས་དང་བཅས་པའི་སྒྲིབ་པ་རྣམ་པ་ གཉིས་དང་བྲལ་བ་བརྩེ་བ་ཤེས་རབ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་རྟོགས་པ་རྫོགས་པ། སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ། ཡང་དག་པའི་དོན་བསྒོམས་པ་ཕུལ་དུ་ཕྱིན་པ་ལས་སྐྱེས་པ་ཡང་དག་པའི་དོན་གསལ་བར་གྱུར་པ་ཉིད་ཀྱིས་མི་སླུ་བའི་ཚད་མ་རྟོག་བྲལ་མ་འཁྲུལ་པ་ཉིད་ཡིན་པས་མངོན་ ༄༅། །སུམ་ཅི་ལྟ་བ་ཐམས་ཅད་མཁྱེན་པས་བཅོམ་ལྡན་འདས་སོ། །དེའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། གང་དུ་མཚམས་མེད་པ་ཁམས་ཀྱི་རྡུལ་ཕྲན་སོ་སོ་དང་སེམས་དང་ཅིག་ཤོས་ཀྱི་དངོས་པོ་ཐམས་ཅད། ཅི་ལྟར་ཡུན་རིང་བ་དང་ཅིག་ཤོས་དང་དུས་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་གནས་ སྐབས་སོ་སོར་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་དུ་གསལ་བར་སོ་སོར་སྣང་ངོ༌། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། གང་གིས་དེ་བཞིན་དུ་གཟུགས་བརྙན་ཤར་བའི་འགྲོ་བ་རྣམས་ཆོས་ལ་བདག་མེད་པ་མཉམ་པ་ཉིད་བསྒྲུབས་ནས་དེས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་ པ་ཉིད་རབ་ཏུ་བརྙེས་པའོ། །དེ་ནས་སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་བཞིན་དུ་མཉམ་པར་གཞག་པ་ཉིད་བཅོམ་ལྡན་འདས་རྣམ་རྟོག་མེད་ཀྱང༌། རང་གི་སྔོན་གྱི་སྨོན་ལམ་དང༌། སེམས་ཅན་གྱི་བསོད་ནམས་ཀྱི་བདག་པོ་ལས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་སོ་སོར་རྟོག་པ་ཉིད་དོ། །དེ་ནས་ བྱ་བ་སྒྲུབ་པའི་ཡེ་ཤེས་ནི། གང་གིས་དེ་བཞིན་དུ་སོ་སོར་བརྟགས་པ་ཉིད་ཀྱིས་འགྲོ་བའི་བྱ་བ་རྗེས་སུ་སྒྲུབ་པའོ། །ཡེ་ཤེས་བཞི་པོ་དེ་རྣམས་ནི་རྟོགས་པ་ཕུན་སུམ་ཚོགས་པའོ། །དེ་བཞིན་དུ་མངོན་སུམ་ཇི་སྙེད་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་སོ། །ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་གཟུགས་སུ་སྤྲུལ་ཏེ་གང་དམྱལ་བ་པ་རྣམས་ཀྱི་དམྱལ་བའི་མེ་སྦུབས་ནས། དུད་འགྲོ་རྣམས་ལ་རང་གི་ཤ་ལ་སོགས་པ་བྱིན་ཞིང་ཡི་དྭགས་རྣམས་ལ་བཟའ་བཏུང་ལ་སོགས་པ་ཕྱིན་ཏེ། ཆོས་བསྟན་པས་སེམས་མངོན་པར་དང་བས། དེ་རྣམས་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་དོ། །ལྷ་ རྣམས་ཀྱང་ཐེག་པ་དམན་པ་ལ་མོས་པ་རྣམས་ལ་ཆོས་བསྟན་པས་མངོན་པར་རབ་ཏུ་དང་བས་མི་རྣམས་སུ་སྐྱེས་པ་ནས་ཅི་སྲིད་དུ་ཉན་ཐོས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་བྱེད་པ་ནི་འགྲོ་བ་ཞི་བར་བྱེད་པའི་ལས་སོ། །གང་དག་མི་རྣམས་ལ་ཕྱི་དང་ནང་གི་བདག་ཉིད་ཀྱི་ཟང་ཟིང་གི་སྦྱིན་པ་དང་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་དང༌། དོན་སྤྱོད་པ་དང་དོན་མཐུན་པ་རྣམས་ལ་སློབ་པར་བྱེད་པ་ནི་བསྡུ་བའི་དངོས་པོ་ལ་བཀོད་པར་བྱེད་པའི་ལས་སོ། །ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ནུབ་པར་གྱུར་པ་སྟེ། དེའང་གང་ཟག་ དང་ཆོས་ལ་བདག་མེད་པ་ཤེས་པ་ལས་ཞེས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ་ལ་དགོད་པའི་ལས་སོ། །ཅི་ལྟར་སྒྱུ་མའི་རྣམ་པ་སྣ་ཚོགས་པས་དངོས་པོ་རྣམས་སྤྲུལ་ཏེ། སྒྱུ་མའི་དངོས་པོ་དེ་ཐམས་ཅད་ལ། རྫས་མེད་པ་ཞེས་འཇིག་རྟེན་རྣམས་མི་ཤེས་སོ། །གང་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་ཕུང་པོ་ལ་སོགས་པ་རྣམས་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་དུ་བལྟའོ། །དོན་དམ་པར་ནི་སེམས་ཅན་མེད་ཅིང་སེམས་ཅན་དུ་བཏགས་པ་ཡང་མེད་དོ། །ཆོས་རྣམས་ནི་རང་བཞིན་སྟོང་པ་ཉིད་ཡིན་པས་སོ་ཞེས་པ་ནི་སེམས་ཅན་གྱི་དོན་ཅི་ལྟ་བའི་བདག་ཉིད་ལ་ དགོད་པའི་ལས་སོ། །དེ་སྦྱིན་པ་སྦྱིན་པར་བྱེད་ཅིང༌། གཞན་ཡང་སྦྱིན་པ་ལ་སྦྱོར་བར་བྱེད་པའོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་པ་ལ་སོགས་པ་བརྗོད་པར་བྱའོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པའི་ལམ་མོ། །དེ་དག་དགེ་བ་བཅུ་ཡང་དག་པར་བླངས་ཏེ་འཇུག་གོ་ཞེས་པ་ལ་སོགས་པ་ནི་ སངས་རྒྱས་ཀྱི་ལམ་ལ་དགོད་པའི་ལས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས། དེ་རྣམས་ཀྱི་མཐའ་གསུམ་དང་འབྲས་བུ་དག་རང་བཞིན་གྱིས་སྟོང་པ་ཉིད་དུ་སྟོན་པར་བྱེད་ཅིང༌། དེ་དེ་དག་སྒོམ་པར་བྱེད་དེ། ཅི་སྲིད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོའོ་ཞེས་ པ་ནི་རང་བཞིན་སྟོང་པ་ཉིད་ལ་དགོད་པའི་ལས་སོ། །ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་ཉིད་ནི་ཆོས་ཐམས་ཅད་དེ། དེ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ་ཞེས་པ་ནི། གཉིས་སུ་མེད་པའི་ཆོས་ལ་དགོད་པའི་ལས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཅོམ་ལྡན་འདས་དོན་དམ་པར་ ན་ཆོས་འགའ་ཞིག་ཉེ་བར་མི་དམིགས་སོ། །ཀུན་རྫོབ་ཏུ་ཆོས་རྣམས་མངོན་པར་རྫོགས་པར་བྱང་ཆུབ་ནས་ཕུང་པོ་ཁམས་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྟོན་པ་ནི་བརྡ་ཅན་གྱི་ཤེས་པ་ལ་དགོད་པའི་ལས་སོ། །གང་གིས་ཕ་རོལ་ཏུ་ཕྱིན་པ་ ལ་སོགས་པའི་ཆོས་རྣམས་ལ་སྤྱོད་ཅིང་དེ་རྣམས་ཀྱི་མཐར་གསུམ་དང་འབྲས་བུ་དག་ཉེ་བར་མི་དམིགས་པ། དེའི་ཚེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེད་དུ་ནུས་པའོ་ཞེས་པ་ནི་མི་དམིགས་པ་ལ་དགོད་པའི་ལས་སོ། །གང་གི་ཚེ་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་དོན་དམ་ ༄༅། །པར་སེམས་ཅན་ཉེ་བར་མི་དམིགས་ཏེ། དེ་ལྟར་ཡིན་ཡང་ཀུན་རྫོབ་ཏུ་སེམས་ཅན་རྣམས་དངོས་པོ་ལ་མངོན་པར་ཞེན་པས་ཀུན་ནས་ཉོན་མོངས་པར་བྱེད་དོ། །དེ་དེའི་དེ་དག་སྤང་བའི་ཆེད་དུ་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི། སེམས་ཅན་ཡོངས་སུ་སྨིན་པ་ལ་དགོད་ པའི་ལས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རེ་རེ་ལ་སྤྱོད་ཅིང་དཀར་པོའི་ཆོས་ཐམས་ཅད་དང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སེམས་ཅན་རྣམས་སློབ་པར་བྱེད་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པས་སོ། །དེ་འདི་ལྟར་ཡོངས་སུ་རྟོག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྟོང་ པ་ཉིད་ཀྱི་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ནི་མ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ལ་སྤྱད་པར་བྱ་ཞིང་དེ་ལའམ་དེའི་འབྲས་བུ་ལ་རློམ་པར་མི་བྱའོ་ཞེས་པ་ནི་མངོན་པར་ཞེན་པ་ཐམས་ཅད་སྤང་བ་ལ་དགོད་པའི་ལས་སོ། །བྱང་ཆུབ་ཉིད་ནི་ལམ་ཡིན། ལམ་ཉིད་ནི་བྱང་ཆུབ་པོ། །དེས་ན་བྱང་ཆུབ་སེམས་དཔའ་ སངས་རྒྱས་སུ་མི་འགྱུར་རོ། །དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་གང་གི་ཚེ་རྫོགས་པའི་བྱང་ཆུབ་ཏུ་ལྷག་པར་དགོད་པ་དེའི་ཚེ་དེ་བཞིན་གཤེགས་པ་ཉིད་དོ་ཞེས་པ་ནི་བྱང་ཆུབ་ཐོབ་པ་ལ་དགོད་པའི་ལས་སོ། །དེ་ཕུང་པོ་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་འདུ་ཤེས་གནས་ངན་ ལེན་བཟློག་ཅིང་བདག་དང་གཞན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་འཇོག་པར་བྱེད་དོ། །དགེ་བ་དེ་དག་རང་གི་དང་གཞན་གྱིས་རྫོགས་པའི་བྱང་ཆུབ་དང་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་སྨོན་ལམ་ཡང་འདེབས་པར་བྱེད་དོ་ཞེས་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་དགོད་པའི་ལས་སོ། །བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ཉིད་རྫོགས་པའི་བྱང་ཆུབ་ངེས་པ་ཉིད་ཡིན་ནོ། །ངེས་པ་ན་ངན་སོང་དུ་སྐྱེ་བ་མེད་དོ་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ངེས་པ་ལ་དགོད་པའི་ལས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང་ཕྱོགས་བཅུ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་གོས་པ་མེད་དེ། སྟོང་པ་ཉིད་ལ་གནས་པས་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་གནས་པ་ཡིན་ཏེ། ཆོས་ཐམས་ཅད་ལས་སྟོང་པ་ཉིད་གཞན་ཉིད་མེད་པས་སོ་ཞེས་པ་ནི་གཞལ་དུ་མེད་པའི་སེམས་ཅན་དོན་ལ་ དགོད་པའི་ལས་སོ། །དེ་འདི་བཞིན་དུ་དཔྱོད་པར་བྱེད་དེ། གང་དག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དང༌། གང་དག་དེ་རྣམས་ཀྱི་དེ་བཞིན་གཤེགས་པ་དང༌། དེ་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དོ། །གང་ཚེ་ཡང་འགའ་ཞིག་སྟོང་པ་ཉིད་མ་ཡིན་ པར་གྱུར་ན་དེ་ཉི་ཚེ་བར་འགྱུར་རོ། །དེས་ན་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་མངོན་པར་ཤེས་པ་དྲུག་མངོན་པར་སྒྲུབ་པར་བྱེད་དོ་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཉེ་བར་དགོད་པ་ལ་སོགས་པ་ལ་དགོད་པའི་ལས་སོ། །བྱང་ཆུབ་སེམས་ དཔའི་བྱང་ཆུབ་ཡན་ལག་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཞེས་པ་ནི་བྱང་ཆུབ་ཡན་ལག་ལ་དགོད་པའི་ལས་སོ། །གང་གི་ཚེ་ཡང་དོན་དམ་པར་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པའོ། །དེ་ལྟར་ན་ཡང་ཀུན་རྫོབ་ཏུ་ལས་ཡོད་དེའི་འབྲས་བུ་དག་ཡོད་ དོ༑ །སེམས་ཅན་རྣམས་ཀྱི་ཆོས་རྣམས་རང་གི་མཚན་ཉིད་སྟོང་པ་ཉིད་མི་ཤེས་སོ། །མ་ཤེས་པས་གང་ཟག་དང་ཆོས་དག་ཏུ་རྟོག་པར་བྱེད་ཅིང་ལས་མངོན་པར་འདུ་བྱེད་དོ། །དེས་ཉེས་པར་སྤྱད་པས་ངན་སོང་གསུམ་དུ་ལྟུང་ངོ༌། །ལེགས་པར་སྤྱད་པས་ལྷ་དང་མི་རྣམས་སུ་ཉེ་བར་སྐྱེའོ། །ཁ་ཅིག་ཡང་ གང་ཟག་ལ་བདག་མེད་པ་རབ་ཏུ་གོམས་པས་བདེ་འགྲོ་དང་ངན་འགྲོ་སྤངས་ནས་མྱ་ངན་ལས་འདའ་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་བདག་མེད་གཉིས་རྣམ་པར་གོམས་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས་རིམ་གྱིས་ས་བཅུ་ བགྲོད་དེ། སྐད་ཅིག་གཅིག་ལ་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་པ་ནི་ལས་དང་འབྲས་བུ་འབྲེལ་པ་རྣམ་པར་མ་ཉམས་པ་ལ་དགོད་པའི་ལས་སོ། །བྱང་ཆུབ་སེམས་དཔའ་ནི་བདེན་པ་ཤེས་པས་ མྱ་ངན་ལས་འདའ་བ་མ་ཡིན་ཏེ། དེ་ལྟ་མོད་ཀྱི་བདེན་པ་བཞི་རང་བཞིན་མེད་པ་ཉིད་ཀྱིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་བ་རབ་ཏུ་སྤངས་སོ་རབ་ཏུ་འགོག་པ་མངོན་དུ་བྱེད་དོ། །ལམ་སྒོམ་པར་བྱེད་དོ་ཞེས་པ་ནི་བདེན་པ་བཞི་ལ་དགོད་པའི་ལས་སོ། །རྟག་པ་བདེ་བདག་བདག་གི་ཕྱིན་ ༄༅། །ཅི་ལོག་བཞི་ནི་གང་ཟག་ལ་བདག་མེད་པའི་མི་མཐུན་ཕྱོགས་སོ། །དངོས་པོ་ལ་མངོན་པར་ཞེན་པ་ནི་ཆོས་ལ་བདག་མེད་པའི་མི་མཐུན་ཕྱོགས་སོ་ཞེས་ཕྱིན་ཅི་ལོག་ལ་དགོད་པའི་ལས་སོ། །ཕྱིན་ཅི་ལོག་གིས་སེམས་ཅན་རྣམས་ལས་མངོན་པར་འདུ་བྱེད་དོ། །དེ་ནས་ཐ་ སྙད་ཀྱིས་འཇིག་རྟེན་རྣམས་ཀུན་ནས་ཉོན་མོངས་པ་དང༌། དོན་དམ་པར་ན་ཕྱིན་ཅི་ལོག་ནི་དངོས་པོ་མེད་པ་ཉིད་ཤེས་པ་དགོད་པའི་ལས་སོ། །གང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་མྱ་ངན་ལས་འདས་པའོ་ཞེས་པ་ནི་རྣམ་པར་བྱང་བ་ལ་དགོད་པའི་ལས་སོ། ། སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་རབ་ཏུ་སྤང་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་ཚོགས་སོགས་པ་ལ་སྤྱོད་ཅིང་ཅི་སྲིད་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་པ་ནི་རྣམ་པར་བྱང་བ་དང་ཚོགས་ལ་དགོད་པའི་ལས་སོ། །ཆོས་ཉིད་ནི་མཉམ་པ་ཉིད་ དེ༑ ཆོས་ཉིད་ལ་ཐ་དད་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ནི་འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན་ནོ། །གང་འདུས་བྱས་ཀྱི་དབྱིངས་དང་འདུས་མ་བྱས་ཀྱི་དབྱིངས་དག་ཀུན་དུ་ལྡན་པ་མ་ཡིན་མཚན་མ་ཉིད་དག་པའོ་ཞེས་འདུས་བྱས་དང་འདུས་མ་བྱས་ཐ་དད་མེད་པས་ཤེས་པ་ལ་དགོད་པའི་ལས་སོ། །ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ་དེ་བཞིན་གཤེགས་པས་མ་བྱས་པ་གང་དག་རང་བཞིན་སྟོང་པ་ཉིད་ནི་དངོས་པོ་དངོས་པོ་མེད་པར་མཆོག་ཏུ་འཛིན་པ་ཟད་པས་མྱ་ངན་ལས་འདའོ་ཞེས་པ་ནི་མྱ་ངན་ལས་འདའ་བ་ལ་དགོད་པའི་ལས་སོ། །ཕྲིན་ལས་ནི་ཀུན་སྤྱོད་དོ། །དེའི་ཁྱབ་པ་ཉིད་ནི་ཕྱོགས་བཅུའི་ འཇིག་རྟེན་ཁམས་སུ་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱིས་སྣོད་ཅི་ལྟ་བ་བཞིན་དུ་རྣམ་པར་ཐར་པ་མེད་པས་ནམ་མཁའ་ཅི་སྲིད་དུ་འཇུག་པའོ་ཞེས་སོ། །གཞན་དག་ནི། འགྲོ་བ་བཟང་པོ་དང་བཟང་པོ་མ་ཡི་པ་མངོན་པར་ཞེན་པའི་གནས་སྐབས་མ་ཡིན་པའི་མཚན་ཉིད་ནི་འགྲོ་བ་ཞི་བའི་ ལས་དང༌། བསྡུ་བའི་དངོས་པོ་བཞི་ལ་དགོད་པའི་ལས་དང༌། ཐོས་པའི་རང་བཞིན་ལ་སོགས་པས་ཤེས་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྤང་བྱ་དང་སྤང་བྱའི་སྒོ་ནས་རྟོགས་པའི་སྒོ་ནས་ཉོན་མོངས་པའི་རྣམ་པར་བྱང་བ་རྟོགས་པ་ལ་དགོད་པའི་ལས་དང༌། གཞན་དོན་དུ་བྱམས་པ་ལ་ སོགས་པའི་མཚན་ཉིད་ནི་སེམས་ཅན་གྱི་དོན་ཅི་ལྟ་བའི་བདག་ཉིད་ལ་དགོད་པའི་ལས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གོམས་པ་ལ་དགོད་པའི་ལས་དང༌། དགེ་བ་བཅུའི་ལས་ཀྱི་ལམ་དང་སངས་རྒྱས་ཀྱི་ལམ་ལ་དགོད་པའི་ལས་དང༌། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་གོམས་པ་ལ་དགོད་པའི་ ལས་དང༌། སྦྱིན་པ་ལ་སོགས་པའི་མཐུས་ས་དང་པོ་ལ་ཐམས་ཅད་དུ་ཆོས་དབྱིངས་མངོན་དུ་རྟོགས་པའི་མཚན་ཉིད་གཉིས་ཟད་པ་ལ་དགོད་པའི་ལས་དང༌། ས་གཉིས་པ་ལ་སོགས་པ་ལ་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་བརྡར་ བཏགས་པའི་ཤེས་པ་ལ་དགོད་པའི་ལས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་ས་དྲུག་པ་ལ་ཤེས་པ་ཤེས་བྱ་སྒོམ་པ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་མི་དམིགས་པ་ལ་དགོད་པའི་ལས་དང༌། བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་ པ་ལ་དགོད་པའི་ལས་དང༌། བརྒྱད་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་ཉན་ཐོས་ལ་སོགས་པ་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པའི་ལས་དང༌། ས་དེ་ཉིད་ལ་སྒོམ་པར་མངོན་པར་ཞེན་པ་སྤོང་བ་ལ་དགོད་པའི་ལས་དང༌། དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ནུས་པ་ ལས་བྱང་ཆུབ་ཡང་དག་པར་ཐོབ་པ་ལ་དགོད་པའི་ལས་དང༌། བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ལས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཡོངས་སུ་སྦྱོང་བ་ལ་འགོད་པའི་ལས་དང༌། ས་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་ལ་ འགོད་པའི་ལས་དང༌། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་དོན་ལ་འགོད་པའི་ལས་དང་འཇིག་རྟེན་ཁམས་ཐམས་ཅད་དུ་སངས་རྒྱས་ཉེ་བར་འཆགས་པ་ལ་སོགས་པའི་ཡོན་ཏན་ལ་འགོད་པའི་ལས་དང༌། དེ་ཉིད་ཀྱི་ཁྱད་པར་གྱི་ལམ་གྱི་རང་བཞིན་ལ་བྱང་ཆུབ་མ་ལུས་པ་ཐོབ་པར་བྱེད་པའི་ཆོས་ ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པའི་ལས་དང༌། ལས་འབྲས་འབྲེལ་པ་རྣམ་པར་མི་ཉམས་པ་ལ་འགོད་པའི་ལས་དང༌། ཕྱིན་ཅི་ལོག་ཐམས་ཅད་སྤོང་བ་ལ་འགོད་པའི་ལས་དང༌། དངོས་པོ་མེད་པའི་ཕྱིན་ཅི་ལོག་སྤོང་བའི་ཤེས་པ་ལ་འགོད་པའི་ལས་དང༌། བྱང་ཆུབ་སེམས་དཔའ་རང་བཞིན་ ༄༅། །ཡོངས་སུ་དག་པའི་མཚན་ཉིད་རྣམ་པར་བྱང་བ་ལ་འགོད་པའི་ལས་དང༌། དྲི་མ་ཐམས་ཅད་དང་བྲལ་བ་རྣམ་པར་བྱང་བའི་རྒྱུ་ཚོགས་སོགས་པ་ལ་འགོད་པའི་ལས་དང༌། རང་བཞིན་གྱིས་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་རྣམ་པར་ཐ་དད་པ་མེད་པ་ཡོངས་སུ་ཤེས་པ་ལ་འགོད་ པའི་ལས་དང༌། དེ་བཞིན་གཤེགས་པའི་ས་ལ་མྱ་ངན་ལས་འདས་པ་ལ་འགོད་པའི་ལས་སོ་ཞེས་ཟེར་རོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་ པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་བདུན་པའོ།། །།དེ་ཡང་ཟག་པ་མེད་པའི་དབྱིངས་ནི་ཆོས་སྐུ་སྟེ་གང་གི་ཟག་པ་མེད་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཟག་པ་མེད་པའི་ཆོས་དེ་ནི་བཅོམ་ལྡན་འདས་མ་ཆེན་མོ་གཉིས་ལས་རྣམ་པ་ཉེར་གཅིག་གསུངས་ཏེ། འདི་ལྟ་སྟེ། བྱང་ཆུབ་ཕྱོགས་དང་ཚད་མེད་ པ༑ རྣམ་པར་ཐར་པ། མཐར་གྱིས་རྣམ་པར་གནས་པའི་སྙོམས་པར་འཇུག་པ་དང༌། ཟད་པར་དང༌། ཟིལ་གནོན་སྐྱེ་མཆེད་དང༌། ཉོན་མོངས་པ་མེད་པ། སྨོན་ལམ་ཤེས་པ་དང༌། མངོན་ཤེས། སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་པ། དབང་གྱུར། སྟོབས་མི་འཇིགས་པ། བསྲུང་བ་མེད་པ། དྲན་པ་ཉེར་ གཞག། བསྙེལ་བ་མེད་པའི་ཆོས་ཉིད། བག་ཆགས་ཡང་དག་པར་བཅོམ་པ། སྙིང་རྗེ་ཆེན་པོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ། རྣམ་པ་ཐམས་ཅད་མཁྱེན་པའོ། །ཆོས་དེ་རྣམས་ཀྱི་ཕུང་པོ་ནི། ཆོས་སྐུ་སྟེ། ཆོས་ཉིད་ཀྱི་སྐུ་ནི་མ་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ སུམ་ཅུ་བདུན་ནོ། །ཚད་མེད་པ་ནི་བཞི་སྟེ། འདི་ལྟ་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །རྣམ་པར་ཐར་པ་བརྒྱད་ནི། འདི་ལྟ་སྟེ། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་ཅན་མ་ཡིན་པ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་གཉིས་པའོ། ། སྡུག་པའོ་ཞེས་ལྷག་པར་མོས་པར་འགྱུར་བ་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྣམ་པར་ཐར་པ་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་རྣམ་པར་ཐར་པ་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམ་ པར་ཐར་པ་ནི་བདུན་པའོ། །འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་པར་ཐར་པ་བརྒྱད་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། འདི་ལྟ་སྟེ། བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འདུ་ཤེས་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ། །ཟད་པར་བཅུ་ སྟེ༑ འདི་ལྟ་སྟེ། ཟད་པར་ས་དང༌། ཟད་པར་ཆུ་དང༌། ཟད་པར་མེ། ཟད་པར་རླུང༌། ཟད་པར་སྔོན་པོ་དང༌། ཟད་པར་སེར་པོ། །ཟད་པར་དམར་པོ། །ཟད་པར་དཀར་པོ། །ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །ཟིལ་གྱིས་མནན་པའི་སྐྱེ་མཆེད་བརྒྱད་ནི། འདི་ལྟ་སྟེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་ལ་ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གཟུགས་ཆེན་པོར་གྱུར་པ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་སྟེ། དེ་ལྟ་བུར་འདུ་ཤེས་པར་ འགྱུར་བ་འདི་ནི་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིར་གཟུགས་ཆུང་ངུ་ལ་ལྟ་ཞིང་ཟིལ་གྱིས་མནན་ནས་ཤེས་ཤིང་ལྟ་བ་འདི་ནི་གསུམ་པའོ། །དེ་བཞིན་དུ་ཆེན་པོ་ཞེས་པ་ནི་བཞི་པའོ། །ནང་གཟུགས་མེད་པས་ཕྱི་རོལ་གཟུགས་སྔོན་པོ་ལ་ལྟ་སྟེ། དེ་དག་ཞེས་པ་ལ་སོགས་པ་སྔོན་བཞིན་ ཏེ་ལྔ་པའོ། །དེ་བཞིན་དུ་སེར་པོ་ཞེས་པ་ནི་དྲུག་པའོ། །དེ་བཞིན་དུ་དམར་པོ་ཞེས་པ་ནི་བདུན་པའོ། །དེ་བཞིན་དུ་དཀར་པོ་ཞེས་པ་ནི་བརྒྱད་པའོ། །ཉོན་མོངས་པ་ནི་འཐབ་རྩོད་ལ་སོགས་པ་སྟེ། འདིར་ནི་རྩོད་པའི་རྒྱུ་ཉོན་མོངས་པ་རྩོད་པའོ། །བདག་དམིགས་པས་འདི་རྣམས་ཀྱི་རྩོད་པ་མི་སྐྱེ་བར་ བྱའོ་ཞེས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གང་ལས་བཞེངས་ནས་གྲོང་ལ་སོགས་པར་ཞུགས་ཏེ་དེ་དམིགས་པས་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་མི་སྐྱེ་བ་དེ་ནི་ཉོན་མོངས་པ་མེད་པའོ། །དེ་དག་ཉན་ཐོས་ལ་ཡང་ཡོད་མོད་ཀྱི། ཉན་ཐོས་ དང་རྫོགས་པའི་སངས་རྒྱས་དག་གི་ཉོན་མོངས་མེད་པ་དེ་དག་ནི་ཕྲིན་ལས་ཁྱད་པར་ཡོད་དེ། དེ་ཡང༌། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི། གྲོང་ལ་སོགས་པར་མཐོང་ནས་སེམས་ཅན་གང་རྣམས་ཀྱི་ཉོན་མོངས་པ་སྐྱེ་བར་འགྱུར་མོད་ཀྱི། དེ་རྣམས་ཀྱི་མཐོང་བ་ཉིད་རྣམ་པར་སྤོང་ངོ༌། །དེ་བཞིན་ ༄༅། །གཤེགས་པ་ནི་མཐོང་བར་གྱུར་ནས་ཀྱང༌། དེ་རྣམས་ཀྱི་ཉོན་མོངས་པའི་རྒྱུ་ཉིད་ཡང་དག་པར་གཅོད་པར་བྱེད་ཀྱི། མཐོང་བ་ནི་མ་ཡིན་ནོ། །ཁ་ཅིག་ཉོན་མོངས་པའི་རྩོད་པ་འགེགས་པ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི། མཐོང་བ་ན་མི་རྣམས་ཀྱི་ཉོན་མོངས་པ་སྐྱེ་བ་རྣམས་རྣམ་པར་ སྤོང་ངོ༌། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་སེམས་ཅན་གཞན་རྣམས་ཀྱི་ཡང་ཉོན་མོངས་པའི་རྒྱུན་ཡང་དག་པར་གཅོད་པར་བྱེད་དོ་ཞེས། སྤྲོས་པ་ཐམས་ཅད་ནི་རྩོད་པ་སྟེ། དེ་རྣམས་དངོས་པོར་མེད་པས་རྣམ་པར་མི་རྟོག་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་མེད་པའོ། །འདི་ནི་ཤེས་ པར་བྱ་ཞེས་སྨོན་པའི་ཆེད་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་གང་འཇིག་རྟེན་སྐྱེ་འགག་ལ་སོགས་པ་མཁྱེན་པ་སྐྱེ་བ་དེ་ནི། ཉན་ཐོས་རྣམས་ཀྱི་སྨོན་པ་མཁྱེན་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་པ་མཁྱེན་པ་ནི་རྣམ་པར་རྟོག་པ་མེད་པས་རྩོལ་བ་མེད་པའོ། །ལྟོས་པ་མེད་པའི་ཕྱིར་མ་ ཆགས་པའོ། །ཐམས་ཅད་དུ་ཐོགས་པ་མེད་པས་གེགས་མེད་པའོ། །སེམས་རྟག་ཏུ་མཉམ་པར་གཞག་སྟེ་གནས་པས་དུས་ཐམས་ཅད་དུ་གནས་པ་དང་ལན་ཐམས་ཅད་འདེབས་པར་བྱེད་པའོ། །མངོན་པར་ཤེས་པ་དྲུག་སྟེ། འདི་ལྟར། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། ལྷའི་མིག་གི་ མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པ་དང༌། གཞན་སེམས་ཤེས་པའི་མངོན་པར་ཤེས་པ་དང༌། སྔོན་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་སོ་སོ་ ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཡོངས་སུ་དག་པ་བཞི་ནི། འདི་ལྟ་སྟེ། རྟེན་ཡོངས་སུ་དག་པ་དང༌། དམིགས་པ་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་རང་གི་ ཉོན་མོངས་པ་ཐམས་ཅད་ཀྱི་གནས་ངན་ལེན་གྱི་བག་ཆགས་རྣམས་ཀྱི་རྟེན་ལས་ཤིན་ཏུ་མེད་པར་བྱས་ནས། བདག་གི་དངོས་པོའི་ཅི་ལྟར་འདོད་པ་བཞིན་དུ་ལེན་པ་དང་གནས་པ་དང་འཕོ་བ་དམིགས་པ་རྣམས་ཀྱི་སྤྲུལ་པ་དང་ཡོངས་སུ་བསྒྱུར་བ་དང་གྲངས་རྣམས་ལ་དབང་དུ་གྱུར་པ་ནི་རྣམ་པ་ཐམས་ཅད་ དམིགས་པ་ཡོངས་སུ་དག་པའོ། །སྔོན་བཞིན་དུ་སེམས་ཅན་ཐམས་ཅད་གནས་ངན་ལེན་བྲལ་བ་དང་སེམས་རྣམ་པ་ཐམས་ཅད་དགེ་བའི་རྩ་བ་ཉེ་བར་འཕེལ་བ་ནི་རྣམ་པ་ཐམས་ཅད་སེམས་ཡོངས་སུ་དག་པའོ། །སྔོན་བཞིན་དུ་མ་རིག་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་བྲལ་བས་ཤེས་བྱ་ དང་ཤེས་པ་ལ་དབང་དུ་གྱུར་པ་ནི་རྣམ་པ་ཐམས་ཅད་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་སྟེ་འདི་ལྟ་སྟེ། ཚེ་འཇོག་པས་དང༌། ཡོངས་སུ་སྤང་པས་ཚེ་ལ་དབང་བའོ། །འདི་ལྟ་སྟེ། ཚེའི་ཚད་བརྗོད་དུ་མེད་པའི་སྐལ་པར་བྱིན་གྱིས་རློབ་པ་ལ་སོགས་པའོ། །ཅི་ལྟར་འདོད་པར་བསམ་གཏན་ ཏིང་ངེ་འཛིན་སྙོམས་པར་འཇུག་པ་ལ་སོགས་པས་དང༌། སྙོམས་པར་འཇུག་པ་ལས་བཞེངས་པས་སེམས་ལ་དབང་བའོ། །འཇིག་རྟེན་ཐམས་ཅད་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པ་ཉིད་དུ་བྱིན་གྱིས་རློབ་པ་ལ་སོགས་པ་ཀུན་དུ་སྟོན་པས་ཅི་ལྟར་འདོད་པ་ཕན་འདོགས་པ་ཉེ་བར་གནས་པས་ ཡོ་བྱད་ལ་དབང་བ་དང༌། ཅི་ལྟར་འདོད་པ་ལུས་དང་ངག་གི་ལས་གྲུབ་པ་དང་དུས་ཅི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱི་རླབས་ཀུན་དུ་སྟོན་པས་ལས་ལ་དབང་བ་དང༌། སྐྱེ་གནས་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་སྐྱེ་བས་སྐྱེ་བ་ལ་དབང་བའོ། །ཅི་ལྟར་འདོད་པ་མངོན་པར་ཤེས་པ་ སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་འགྱུར་བ་ཀུན་དུ་སྟོན་པ་ལ་སོགས་པ་ནི་རྫུ་འཕྲུལ་ལ་དབང་བའོ། །སྨོན་ལམ་ཕུན་སུམ་ཚོགས་པས་སྨོན་ལམ་ལ་དབང་བའོ། །གང་ཅི་ལྟ་བ་ཉིད་དུ་མོས་པ་དེ་ཁོ་ན་བཞིན་དུ་འབྱུང་བ་འདི་ནི་མོས་པ་ལ་དབང་བའོ། །འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་སངས་རྒྱས་ཡོངས་སུ་གང་བ་ཀུན་དུ་སྟོན་པ་ལ་སོགས་པའོ། །གང་ཉིད་ཤེས་པར་འདོད་པ་དེ་ཉིད་ཤེས་པ་འདི་ནི་ཡེ་ཤེས་ལ་དབང་བའོ། །འདི་ལྟར་སྟོབས་མི་འཇིགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མཚན་བཟང་དཔེ་བྱད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་ལ་སོགས་པའོ། ། མདོའི་སྡེ་ལ་སོགས་པ་རྣམ་པར་བཞག་པ་ལ་མཁས་པ་ནི་ཆོས་ལ་དབང་བའོ། །མི་འཇིགས་པ་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང༌། ངེས་ ༄༅། །བར་འབྱུང་བ་ལ་མི་འཇིགས་པའོ། །བསྲུང་བ་མེད་པ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་དག་པ་སྟེ། དེ་ལ་ལུས་ཀྱི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་ཉིད་དེ། གང་ཁ་ཅིག་གཞན་གྱིས་མི་ཤེས་པར་བྱ་བ་ཡོངས་སུ་འཆབ་པར་བྱ་ བར་སེམས་པ་དེ་མེད་དོ། །དེ་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་དུ་ངག་གི་ལས་ནི་གཉིས་པའོ། །ཡིད་ཀྱི་ལས་ནི་གསུམ་པའོ། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་ལ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་བསྟན་པ་ལས་ལ་ལ་གུས་པར་ཉན་པ་དང་རྣ་གཏོད་པར་བྱེད་པ་དང་ ཀུན་ཤེས་པ་སེམས་ལ་ཉེ་བར་འཇོག་པར་བྱེད་པ་དང༌། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པའོ། །དེས་དེ་བཞིན་གཤེགས་པ་དགའ་བར་མི་འགྱུར། ཡིད་བདེ་བ་མ་ཡིན། སེམས་ཁྱད་པར་དུ་འཕགས་པར་གྱུར་པ་ཉིད་མ་ཡིན་ནོ། །གཞན་ཞིག་གིས་མ་གུས་པར་ཉན་པར་བྱེད་དོ། །རྣ་ རྣམ་པར་གཏོད་པར་མི་བྱེད་དོ་ཞེས་པ་ལ་སོགས་པའོ། །དེ་ལ་དེ་བཞིན་གཤེགས་པ་ནི་མི་དགའ་བ་མ་ཡིན་མནར་སེམས་མ་ཡིན། མི་བཟོད་པ་མ་ཡིན། མི་གཅུགས་པ་མ་ཡིན་སེམས་མངོན་པར་མི་མཉེས་པ་མ་ཡིན་ནོ། །ཁ་ཅིག་གུས་པར་ཉན་པར་བྱེད་མ་གུས་པར་ཉན་པར་བྱེད། ཐོས་པ་ངེས་པར་ འབྱིན་པར་བྱེད། །ཞེས་པ་ལ་སོགས་པའོ། །དེས་དེ་བཞིན་གཤེགས་པ་དགའ་བ་དང་མནར་སེམས་གཉི་གར་འགྱུར་བ་མ་ཡིན་ནོ། །ཐམས་ཅད་དུ་བཏང་སྙོམས་ལ་རྣམ་པར་གནས་པ་ཉིད་དང་དྲན་པ་དང་ཤེས་བཞིན་དང་ལྡན་པའོ་ཞེས་སོ། །སེམས་ཅན་གྱི་དོན་བྱ་བ་དུས་ལས་མི་འདའ་བས་བསྙེལ་བ་མེད་ པའི་ཆོས་ཉིད་དོ། །ཉོན་མོངས་སངས་ཀྱང་གང་ཞིག་ཉོན་མོངས་མ་སྤངས་པ་བཞིན་དུ་སྤྱོད་པ་དེ་ནི་ཉོན་མོངས་བག་ཆགས་ཏེ། བུམ་སྣམ་ལ་སོགས་པ་རྣམས་ཀྱིས་ཏིལ་གྱི་མེ་ཏོག་ལ་སོགས་པ་བསལ་ཡང་དེ་དང་འདྲེས་པའི་དྲི་ཕྲ་མོ་གནས་པ་བཞིན་ནོ། །དེ་ལ་མ་རིག་པའི་བག་ཆགས་ནི་གང་ཤེས་བྱ་ཡོངས་ སུ་སྤྱོད་པའི་གེགས་སུ་གྱུར་པའོ། །འདོད་ཆགས་ལ་སོགས་པའི་བག་ཆགས་ནི་ལུས་ངག་གིས་འཇུག་པའི་ཁྱད་པར་གྱི་རྒྱུ་ཡང་ངོ༌། །དཔེར་ན་དགེ་སློང་སྔོན་སྤྲེའུ་རུ་གྱུར་པས་འགྲོ་བ་ན་མཆོང་བ་དང༌། སྔོན་བྲམ་ཟེར་གྱུར་པས་དམངས་མོ་སྨྲ་བའོ། །དེ་བཞིན་གཤེགས་པའི་དེ་ཐམས་ཅད་ཀྱང་ནུབ་སྟེ། ཉོན་ མོངས་པའི་བག་ཆགས་ཡང་དག་པར་བཅོམ་པ་དེ་ནི་བཅོམ་ལྡན་འདས་ཞེས་བརྗོད་དོ། །དེས་ན་བཅོམ་ལྡན་འདས་འདི་ནི་བག་ཆགས་ཡང་དག་པར་བཅོམ་པ་ཉིད་དོ། །གང་བཅོམ་ལྡན་འདས་ཕན་པར་འདོད་པས་དུས་ཐམས་ཅད་དུ་ལན་དྲུག་ཏུ་ནི་སུ་ནི་འགྲིབ་སུ་ནི་འཕེལ་ཞེས་པ་ལ་སོགས་པའི་ཚུལ་གྱིས་ འཇིག་རྟེན་རྣམས་ལ་རྣམ་པར་གཟིགས་པ་དེ་ནི་ཕན་པར་འདོད་པའི་སྙིང་རྗེ་ཆེན་པོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་མཚན་ཉིད་དབྱེ་བ་མཐར་ཐུག་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སྟོབས་ནི་བཅུ་སྟེ། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་རྣམ་པར་དག་པའི་ཏིང་ངེ་འཛིན་ སྙོམས་པར་འཇུག་པ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་བཞེངས་པ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་རྣམས་ཀྱི་མཚན་ཉིད་ནི་མདོ་ལས། གནས་དང་གནས་མ་ ཡིན་པ་ནི་སྲིད་པ་དང་མི་སྲིད་པའོ། །རྒྱུ་དང་རྒྱུ་མ་ཡིན་པའོ། །འདི་ལྟ་སྟེ། གནས་ནི་གནས་ཉིད་དང་གནས་མ་ཡིན་པ་ནི་གནས་མ་ཡིན་པ་ཉིད་དུ་ཤེས་པའོ་ཞེས་པའོ། །དེ་ལ་ཉེས་པར་སྤྱོད་པ་རྣམས་ནི་མི་འདོད་པའི་རྣམ་སྨིན་གྱི་གནས་སོ། །འདོད་པའི་གནས་མ་ཡིན་ནོ། །ལེགས་པར་སྤྱོད་པ་རྣམས་ ནི་འདོད་པའི་གནས་སོ། །མི་འདོད་པའི་གནས་མ་ཡིན་ནོ། །སེར་སྣས་དབུལ་པོ་གནས་ཡིན་ཞིང་ལོངས་སྤྱོད་ཆེན་པོ་གནས་མ་ཡིན་ནོ། །སྦྱིན་པས་ལོངས་སྤྱོད་ཆེན་པོ་ཉིད་གནས་དང་དབུལ་པོ་གནས་མ་ཡིན་ནོ། །ཕ་མ་དགྲ་བཅོམ་བསད་པ་དགེ་འདུན་འབྱེད་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ ཀྱིས་ཁྲག་ཕྱུང་བའི་མཚན་ཉིད་མཚམས་མེད་པའི་ལས་བྱེད་པ་དང༌། མ་ཉིད་དགྲ་བཅོམ་མ། མི་ཚངས་པར་སྤྱོད་པས་སུན་ཕྱུང་བ་དང༌། ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསོད་པ་དང༌། མི་སློབ་པ་གསོད་པ་དང༌། དགེ་འདུན་རྙེད་པའི་སྒོ་འཕྲོག་པ་དང༌། མཆོད་རྟེན་འཇིག་པའི་ཉེ་བའི་ ༄༅། །མཚམས་མེད་ལྔའི་ལས་བྱེད་པ་ནི་སེམས་རྣམ་པར་གནས་པ་ནི་གནས་མ་ཡིན་ཞིང་འགྱོད་པ་རབ་ཏུ་གནས་པའི་སེམས་ལས་སུ་རུང་བ་ནི་གནས་མ་ཡིན་ནོ། །བུད་མེད་རང་གི་དངོས་པོ་ཉིད་ཀྱིས་འཁོར་ལོས་སྒྱུར་བ་ཉིད་དང༌། བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་ལ་སོགས་པ་གནས་ མ་ཡིན་ཞིང་བཟློག་པས་ཐམས་ཅད་གནས་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་གནས་དང་གནས་པ་ཡིན་པ་དག་ལ་ཆགས་པ་ཐོགས་པ་མེད་པའི་ཡེ་ཤེས་རབ་ཏུ་ཤེས་པའོ། །དེ་ལ་དག་པ་ནི་ཡང་དག་པ་ཅི་ལྟ་བ་ཕྱིན་ཅི་མ་ལོག་པ་ཉིད་དོ། །གང་དང་གང་ཡང་དག་པ་ལ་མ་ཆགས་པའོ། །རྣམ་པ་གང་ དང་གང་གིས་ཡང་དག་པ་ཞེས་རྣམ་པ་ཐམས་ཅད་མཁྱེན་པས་ཐོགས་པ་མེད་པའོ། །ཡེ་ཤེས་དེ་ཉིད་ནི་སྟོབས་ཏེ། གཞན་གྱིས་ཆེས་ཤིན་ཏུ་མི་ཐུབ་པས་སོ། །ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པའོ། །གཟུགས་དང་གཟུགས་མེད་པ་ན་ལྡན་པའི་བསོད་ནམས་ ནི་མི་གཡོ་བའོ། །ཁ་ཅིག་ཏུ་ཁམས་གསུམ་ན་ལྡན་པའི་དགེ་བ་ཡང་བསོད་ནམས་སུ་རྣམ་པར་གཞག་གོ། །རྣམ་པར་སྨིན་པ་ནི་བདེན་པ་སྡུག་བསྔལ་ལ་སོགས་པའོ། །ཁམས་སྣ་ཚོགས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་གཡོ་བ་ལ་སོགས་པའི་སྐྱེད་པའི་ལྷག་པའི་བསམ་པའོ། །མོས་ པ་སྣ་ཚོགས་ནི་སྲེད་པ་སྣ་ཚོགས་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་གནས་ཀྱང་ཞེ་སྡང་ལ་སྲེད་པ་དང༌། ཞེ་སྡང་ལ་གནས་ཀྱང་འདོད་ཆགས་ལ་སྲེད་པ་དང༌། དམན་པའི་སྦྱོར་བ་རྒྱ་ཆེ་བའི་སྦྱོར་བ་ལ་སྲེད་པ་དང༌། རྒྱ་ཆེ་བའི་སྦྱོར་བ་དམན་པའི་སྦྱོར་བ་ལ་སྲེད་པ་ཞེས་པ་དེ་ལྟ་བུ་ལ་སོགས་པའོ། །དབང་པོ་དད་པ་བརྩོན་ འགྲུས་དྲན་པའི་ཏིང་ངེ་འཛིན་ཤེས་རབ་བོ། །དེ་རྣམས་ཀྱི་མཆོག་དང་མཆོག་མ་ཡིན་པ་ནི་ཐ་མ་འབྲིང་རབ་ཉིད་དོ། །འདི་ལྟ་སྟེ། འདི་ནི་དབང་པོ་ཐ་མའོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི། འདིར་དེ་བཞིན་གཤེགས་པ་སེམས་ཅན་གྱི་ཁམས་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་དག་ ཤེས་སོ། །ངེས་པ་དང་མ་ངེས་པ་དེ་དག་གི་རྗེས་སུ་མཐུན་པ་རྣམས་ཀྱི་ལམ་དག་ཤེས་ཤིང་སྟོན་པར་བྱེད་དོ། །ལོག་པ་ཉིད་དུ་ངེས་པ་དག་མཁྱེན་ནས་དེ་དག་ཉིད་ཀྱི་རྗེས་སུ་མཐུན་པ་བཏང་སྙོམས་སུ་བྱེད་དོ་ཞེས་དུས་དེ་སྲིད་པའི་བཏང་སྙོམས་སོ། །འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ། ། འདི་ནི་ཞེ་སྡང་གི་གཉེན་པོར་གྱུར་པའི་ཞེས་པ་ལ་སོགས་པའོ། །བསམ་གཏན་བཞི་རྣམ་ཐར་བརྒྱད་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ རྣམ་པར་བྱང་བ་བཞེངས་པ་ཤེས་པའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་མི་དམིགས་པ་ལ་སོགས་པས་སོ། །ལངས་པ་ནི་སེང་གེ་རྣམ་པར་བསྒྱིངས་པ་པས་ཐོད་རྒལ་གྱིས་སོ། །སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བའོ། །དེ་རྣམས་རྗེས་སུ་དྲན་པ་ ནི་དྲན་པའོ། །ཤི་འཕོ་ནི་སེམས་ཅན་རྣམས་ཀྱི་འཆི་སྐྱེའོ། །དེ་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་གསུངས་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལྷའི་སྤྱན་ཏེ། གང་གི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའི་མུར་ཐུག་པ་རྣམས་སུ། གང་ཞིག་ཏུ་སྣང་བ་དེ་ རྣམས་ལ། ཁ་ཅིག་སྲེག་བཞིན་པ་དང༌། འཇིག་བཞིན་པ་དང༌། འཆག་བཞིན་པ་རྣམས་མཐོང་ངོ༌། །སེམས་ཅན་སྣང་བ་དེ་རྣམས་ལ་ཁ་ཅིག་འཕོ་བཞིན་པ་དང༌། སྐྱེ་བཞིན་པ་དང༌། གང་དག་མི་སྣང་བར་རྟོགས་པའི་སེམས་ཅན་ཇི་སྲིད་དུ་དེ་རྣམས་དེ་བཞིན་གཤེགས་པའི་སྤྱན་གྱིས་སྣང་བར་སོན་པའོ་ཞེས་སོ། ། གང་གི་ཚེ་ཡང་དབང་པོ་རྣམས་གནས་ངན་ལེན་རང་བཞིན་ནོ་ཞེས་གསུངས་པས་མི་ཤེས་པའི་རང་བཞིན་གྱི་དབང་པོ་ནི་སངས་རྒྱས་ཉིད་ཀྱི་གནས་སྐབས་སུ་སྤངས་པས་ཡིད་ཀྱི་བློ་བཞིན་དུ་དབང་པོའི་བློས་རིག་པ་སྟེ། ཡུལ་ཡོངས་སུ་གཅོད་པས་བཅོམ་ལྡན་འདས་རྣམ་ཤེས་ཐམས་ཅད་ནི་ཡུལ་ཐམས་ཅད་ འདོད་དོ། །ཡང་དད་པའི་སྟོབས་སྐྱེད་པའི་མདོ་ལས་གསུངས་ཏེ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་མཐོང་ངོ༌། །དེ་བཞིན་དུ་མཛོད་སྤུས་ཀྱང་མཐོང་ངོ༌། །དེ་བཞིན་དུ་མཚན་བཟང་རེ་རེས་ཀྱང་མཐོང་ངོ༌། །དེ་བཞིན་དུ་དུས་ཅིག་ཅར་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ རབ་འབྱམས་མཐོང་ངོ་ཞེས་སོ། །དེ་ལྟ་མོད་ཀྱི་སྔོན་གྱི་དབང་པོའི་རྗེས་སུ་འབྲངས་ནས་རྣམ་པར་བཞག་པས་ཞེས་ལྷའི་སྤྱན་དང་ལྷའི་རྣ་བ་ཞེས་བརྗོད་དོ། །ཟག་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་སོ། །ཐམས་ཅད་ཟད་པ་དང༌། ལམ་གང་གིས་ཟད་པར་བྱེད་པ་དང༌། དེ་དག་གཉི་ག་ཟག་པ་ཟད་པའོ། ། ༄༅། །ཡང་སངས་རྒྱས་ཀྱི་སྐུ་ནི་སྲེད་མེད་ཀྱི་བུའི་སྟོབས་སུ་སྨྲའོ། །མཚམས་མཚམས་སུ་ནི་སྲེད་མེད་བུའི་སྟོབས་ཞེས་གཞན་དག་གོ། །སྟོན་པའི་ཡིད་ཀྱི་སྟོབས་བཞིན་དུ། །ལུས་ཀྱི་སྟོབས་ཀྱང་མཐའ་མེད་པའི་སྟོབས་ཞེས་གཞན་དག་གོ། །གཞན་དུ་ན། ཡེ་ཤེས་ཀྱི་སྟོབས་མཐའ་ མེད་པ་བཟོད་པར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀླུ་མདུད་དོ། །རང་སངས་རྒྱས་ཀྱི་མཚམས་རྣམས་ལུ་གུ་རྒྱུད་དོ། །འཁོར་ལོས་སྒྱུར་བའི་མཚམས་རྣམས་ལྕགས་ཀྱུའོ། །སྲེད་མེད་བུའི་སྟོབས་ནི་ཐ་མལ་པའི་གླང་པོ་ཆེ་བཅུའི་སྟོབས་དེ་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་ གིའོ༑ །དེ་བཞིན་དུ་ཆེན་པོ་ཆེ་ཆེན་པོ་དང་རབ་གནོན་དང་ཡན་ལག་མཆོག་དང་སྟོབས་མཆོག་དང་སྲེད་མེད་བུ་རྣམས་གོང་ནས་གོང་དུ་བཅུ་འགྱུར་དུ་བརྗོད་པར་བྱའོ། །གང་སེང་གེ་བཞིན་དུ་བག་ཚ་བ་མེད་པར་རིགས་པ་སྨྲ་བ་དེ་ནི་མི་འཇིགས་པ་ཞེས་བརྗོད་དོ། །དེའི་ངོ་བོ་འམ་ཡང་དག་ནི་མི་འཇིགས་ པ་སྟེ་རྣམ་པ་བཞིའོ། །འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་གཉིས་ནི་རང་དོན་ནོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་གེགས་བྱེད་པའོ། །ངེས་པར་འབྱིན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་ བྱེད་པའོ། །འདི་གཉིས་ནི་གཞན་དོན་ཏེ། གཞན་ཆེད་དུ་དེ་དག་སྟོན་པས་སོ། །དེ་ལ་མི་འཇིགས་པའོ། །དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་སོ། །བརྗོད་བྱ་མ་ལུས་ནི་དོན་ཏོ། །ཆོས་དེ་རྣམས་ཀྱི་རྗོད་པར་བྱེད་པའི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་གསལ་བྱེད་ཀྱི་ ཚོགས་རྣམ་པ་མང་པོ་ངེས་པའི་གསུང་ནི་ངེས་པའི་ཚིག་གོ། །ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་རྒྱུའོ། །འབྲས་བུའི་ཆོས་ཐམས་ཅད་ནི་དོན་ནོ། །འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐད་ནི་ངེས་པའི་ཚིག་གོ། །དེ་རྣམས་ནི་ཆོས་དང་དོན་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཆོས་ ལ་སོགས་པ་རྣམས་རྨོངས་པ་ལ་བསྟན་པའི་ཆེད་དུ་ཆོས་ལ་སོགས་པ་སོ་སོ་ཡང་དག་པ་རིག་པ་རྣམས་མངོན་སུམ་དུ་གྱུར་པ་ནི་སྤོབས་པའོ། །དེ་ཉིད་སོ་སོ་ཡང་དག་པར་རིག་པའོ། །གཅིག་པུས་སྤྱོད་པ་འདི་ནི་མ་འདྲེས་པ་སྟེ་སངས་རྒྱས་རྣམས་ཁོ་ནའི་འོ། །སངས་རྒྱས་རྣམས་ཀྱི་ཆོས་མ་འདྲེས་པ་དེ་ཆོས་ བཅོ་བརྒྱད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་དོ། །ཅི་ལྟར་དགྲ་བཅོམ་པ་རྣམས་གྲོང་ལ་སོགས་པ་རྣམས་སུ་བསོད་སྙོམས་ཀྱི་ཆེད་དུ་རྒྱུ་བ་ན་གཏུམ་པོ་གླང་པོ་ཆེ་དང་རྟ་དང་བ་ལང་དང་ཁྱི་དང་ཚེར་མ་དང་སྦྲུལ་ལ་སོགས་པ་རྣམས་ཀྱི་གནོད་པ་དང༌། རྐུན་མ་དང་སྟག་ལ་སོགས་པ་རྣམས་ ཀྱི་འཇིགས་པ་སྐྱེའོ། །དེའི་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ། །ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་སྐུའི་ལས་གྱི་ཚོམ་མེད་པ་སྤྱོད་ལམ་དང་སྤྱོད་ལམ་རྣམ་པ་བཞི་རྣམས་རབ་ཏུ་དང་བར་བྱེད་པའོ། །གྲོང་ དང་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན། ཞབས་ཀྱི་མཐིལ་གྱིས་ས་ལ་མི་རེག་ཅིང༌། ས་ཆེན་པོ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པར་འབྱུང་བར་འགྱུར་རོ། །ཡིད་དུ་འོང་བའི་དྲི་དང་ལྡན་པའི་པདྨ་ནི་འབྱུང་བར་འགྱུར་རོ། །གང་དུ་དེ་བཞིན་གཤེགས་པའི་ཞབས་བཞག་པ་དེ་རུ་གང་དུད་འགྲོའི་སྐྱེ་གནས་སུ་ གྱུར་པའི་སེམས་ཅན་དེ་བཞིན་གཤེགས་པའི་འོད་ཀྱིས་རེག་པར་གྱུར་པ་དེ་དག་ཞག་བདུན་དུ་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །འཕོས་ནས་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་རྣམས་སོར་བཞིའི་བར་གྱིས་མ་རེག་པ་ཉིད་དོ། །བྷཻ་ར་དྷའི་རླུང་གིས་ཀྱང་ བསྐྱོད་པར་མི་ནུས་ཏེ། སྐུའི་འོད་ཀྱིས་མནར་མེད་པའི་མཐར་ཐུག་སེམས་ཅན་རྣམས་བདེ་བར་བྱེད་དོ། །དེས་ན་དེ་བཞིན་གཤེགས་པའི་སྐུ་ལ་གྱ་ཚོམ་མེད་པའོ་ཞེས་ཏེ། རྟག་པ་ཉིད་དུ་ཡང་དག་པར་རྟོག་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་པའོ། །ཅི་ལྟར་དགྲ་བཅོམ་པ་ནགས་ ཁྲོད་དུ་ཞུགས་ཏེ་ལམ་དུ་འགྲོ་བ་ན། སྒྲ་ཆེན་པོ་སྒྲོགས་པར་འགྱུར་པ་དང༌། བག་ཆགས་ཀྱི་སྟོབས་ལས་གད་མོ་ཆེན་པོ་དགོད་པའོ། །སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པས་སོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མི་མངའོ། །ཅི་ལྟར་དགྲ་བཅོམ་པ་མཉམ་པར་མ་ བཞག་པས་དྲན་པ་བསྙེལ་བས་བྱ་བ་མི་བྱེད་ཅིང་དུས་ལས་འདའ་བའོ། །སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ་སྙིང་རྗེ་ཆེན་པོ་ཅན་ཡིན་པས་སོ། །དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མེད་དེ། ཅི་ལྟར་དགྲ་བཅོམ་པ་ཞུགས་པ་ཉིད་ནི་མཉམ་པར་གཞག་པ་ཡིན་གྱི་དུས་གཞན་དུ་ནི་ ༄༅། །མ་ཡིན་ནོ། །སངས་རྒྱས་ནི་དེ་བཞིན་དུ་མ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་དེ། ཅི་ལྟར་དགྲ་བཅོམ་པ་ཕུང་པོ་ལ་མཐའ་གཅིག་ཏུ་མི་མཐུན་པའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་སོ། ། སངས་རྒྱས་དེ་བཞིན་དུ་མ་ཡིན་ཏེ། རང་བཞིན་བདག་མེད་པ་ཉིད་ཀྱི་གཉི་ག་རུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཡིན་ཏེ། ཅི་ལྟར་དགྲ་བཅོམ་པ་སོ་སོར་མ་བརྟགས་པར་སེམས་ཅན་དོན་ཡལ་བར་འདོར་བ་སྟེ། སངས་རྒྱས་དེ་ལྟར་ མ་ཡིན་ཏེ། དེ་ནི་དུས་ལ་སོགས་པར་སོ་སོར་རྟོགས་པ་ཉིད་ཀྱིས་དབུ་མར་གནས་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་འདུན་པ་ཉམས་པ་མེད་དེ། དེ་ལ་བྱམས་པ་སྙིང་རྗེ་ཆོས་སྟོན་པ་སེམས་ཅན་འདྲེན་པ་ཡོངས་སུ་སྨིན་པ་རབ་ཏུ་དབེན་པ་བྱང་ཆུབ་ཡང་དག་པར་འཇོག་པ་ནི་འདུན་པའོ། ། འདི་ནི་ཉན་ཐོས་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་བརྩོན་འགྲུས་ཉམས་པ་མེད་པའོ། །དེ་ལ་གདུལ་བྱ་རྣམས་ཀྱི་བརྩོན་འགྲུས་དང༌། ཆོས་ཉན་པར་བྱེད་པ་རྣམས་ལ་གདམས་པ་སྨྲ་བའི་བརྩོན་འགྲུས་སོ། །དེ་ཡང་དེ་གང་གི་ཚེ་དེ་བཞིན་གཤེགས་པ་ཆོས་ཉན་པར་བྱེད་པ་གང་བསྐལ་པར་ཉན་ ན་ཡང་སྐྱོ་བ་མེད་པ་དེ་ལྟ་བུའི་རང་བཞིན་རྙེད་པ་ཉིད་དོ། །དེ་བཞིན་གཤེགས་པ་ཟས་རྣམ་པར་སྤངས་པའི་རྒྱུད་ཀྱིས་ཀྱང་སེམས་ཅན་ལ་ལྟོས་པས་བསྐལ་པར་ཆོས་བཤད་ཀྱང་མི་བཞེངས་སོ། །གང་དུ་ཐ་ན་སངས་རྒྱས་གདུལ་བྱ་སེམས་ཅན་གཅིག་ཀྱང་ཡོད་པར་གྱུར་པ་དེ་རུ། དེ་བཞིན་གཤེགས་པ་ གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ལས་ཀྱང་འདས་པར་གཤེགས་པའོ། །དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མེད་དེ། འདི་ལྟར། དེ་བཞིན་གཤེགས་པ་དྲན་ནས་སམ་བསམས་ནས་སམ་རྣམ་པར་བརྟགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་ནི་མེད་དོ། །དེ་ བཞིན་གཤེགས་པ་ཏིང་ངེ་འཛིན་ཉམས་པ་མེད་དེ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཅི་ལྟ་བ་བཞིན་མི་མཉམ་པ་མ་ཡིན་པ་ལ་མཉམ་པར་འཛིན་པ་སྟེ། གང་གི་མཉམ་པའི་མཉམ་པ་ཉིད་དེ་ནི་མཉམ་པའི་ཏིང་ངེ་འཛིན་ནོ། །གང་མཉམ་པའི་ཏིང་ངེ་འཛིན་དེ་ནི་མཉམ་པའི་དེ་བཞིན་གཤེགས་པ་སྟེ། ཅི་སྲིད་དུ་ཁམས་གསུམ་གང་ལ་ཡང་མི་བརྟེན་པས་མི་ཉམས་ཤིང་ཡོངས་སུ་མི་ཉམས་སོ། །དེས་ན་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཤེས་རབ་ཡོངས་སུ་ཉམས་པ་མེད་དེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཤེས་རབ་སྟེ། གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་སོ། །སེམས་ཅན་གཞན་ལ་ཆོས་སྟོན་པར་བྱེད་པ་སོ་སོར་ཡང་དག་པར་རིག་པ་མི་ཟད་པ་དབྱེ་བ་ལ་མཁས་པ་ཡེ་ཤེས་སོ། །ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་བྱིན་གྱིས་བརླབས་ཏེ་རྒྱས་པར་སྟོན་པའི་ཡེ་ཤེས་སོ། །ཅི་ལྟར་རྒྱས་པར་སྟོན་པའི་དོན་ བཤད་པ་ཐེ་ཚོམ་གཅོད་པ་ཐེག་པ་རྣམ་པར་གཞག་པ་རྒྱས་པར་སྟོན་པའི་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་གཉེན་པོ། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་མཁྱེན་པ་ཅི་ལྟར་འོས་པར་ཆོས་སྟོན་པའོ། །འདི་ནི་དེ་བཞིན་གཤེགས་པ་ རྣམས་ཀྱི་མཐའ་མེད་པ་མི་ཟད་པ་ཚད་མེད་པ་སྟོན་པའི་ཤེས་རབ་པོ། །དེ་བཞིན་གཤེགས་པ་རྣམ་པར་གྲོལ་བ་ཉམས་པ་མེད་པ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་ཀུན་དུ་འཛིན་པ་ཐམས་ཅད་རྣམ་པར་གྲོལ་བ་ཉིད་དོ། །སྔོན་གྱི་མཐའ་དང་མ་འབྲེལ་ཕྱི་མའི་མཐར་འཕོ་ བ་མ་ཡིན་ད་ལྟ་བར་གནས་པ་མ་ཡིན་པ་རང་བཞིན་འོད་གསལ་བའི་སེམས་ཏེ་དེ་ལྟ་བུ་ཉིད་ཀྱི་ཡེ་ཤེས་སོ། །དེས་ན་སྐད་ཅིག་གཅིག་གིས་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བརྗོད་དོ། །དེ་བཞིན་གཤེགས་ པ་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལུས་ཀྱི་ལས་གང་དང་ལྡན་པས་མཐོང་བས་ཀྱང་སེམས་ཅན་འདུལ་བར་བྱེད་དོ། །གསུང་བ་ན་ཡང་ཅང་མི་གསུང་བ་ཡང༌། གསོལ་བ་ན་ཡང༌། སྤྱོད་ལམ་རྣམ་པ་བཞིས་ ཀྱང་མཚན་བཟངས་ཀྱིས་ཀྱང་ཞེས་རྒྱས་པར་རོ། །ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་བསྟན་པ་དོན་མེད་ཅིང༌། ཆུད་ཟ་བ་མ་ཡིན་པས་དང༌། དེ་བཞིན་གཤེགས་པའི་ངག་དེ་ཡང་ཡན་ལག་དྲུག་ཅུ་དང་ལྡན་པས་ ༄༅། །སོ། །ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འགྲོ་བ་ཆོས་ཐམས་ཅད་ལ་ངེས་པར་འབྱུང་བ་བསྒྲུབ་བྱ་ཐམས་ཅད་གཞན་གྱི་དྲིང་ལ་མི་ འཇོག་པ་དམིགས་པ་ཡང་དག་པར་འདས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ་སྲིད་གསུམ་གྱི་འགྲོ་བས་དཔག་ཏུ་མེད་པ་བདུད་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ་ཅི་སྲིད་དུ་ཆོས་ཀྱི་དབྱིངས་དབྱེར་མེད་པའོ་ཞེས་སོ། །དེ་བཞིན་གཤེགས་པ་འདས་པའི་དུས་ལས་མ་ཆགས་མ་ ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། །སངས་རྒྱས་ཀྱི་ཞིང་ཅི་སྙེད་དུ་དེ་རྣམས་ཀྱི་རྩྭ་དང་སྡོང་པོ་ལ་སོགས་པ་ཅི་སྙེད་དང་དེའི་སངས་རྒྱས་བཅོམ་ལྡན་འདས་ཅི་སྙེད་དང་ཆོས་སྟོན་པའི་སྙེད་དང་བདག་དང་གཞན་གྱི་སེམས་གང་གིས་དེ་མ་ཐག་ཏུ་སེམས་གང་སྐྱེས་པ་དེ་དག་ཐམས་ཅད་ཀྱི་རྩིས་ཀྱི་ སྦྱོར་བས་རབ་ཏུ་མཁྱེན་ཏོ། །དེ་ཡང་མངོན་སུམ་ཤེས་པས་ཡིན་གྱི་རྗེས་སུ་ཤེས་པས་ནི་མ་ཡིན་ནོ། །མ་འོངས་པའི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ ། །འདི་ལྟ་སྟེ། ཞིང་ངམ་སེམས་ཅན་གང་སུ་དག་འབྱུང་བར་འགྱུར་པ། སེམས་གང་གིས་དེ་མ་ཐག་ཏུ་སེམས་གང་སྐྱེ་བར་ འགྱུར་བ་དེ་དག་ཐམས་ཅད་རྩིས་ཀྱི་སྦྱོར་བས་རབ་ཏུ་ཤེས་སོ་ཞེས་རྒྱས་པར་རོ། །དེ་ལྟར་པའི་དུས་ལམ་ཆགས་མ་ཐིགས་པའི་ཡེ་ཤེས་མཐོང་བ་འཇུག་གོ ། །འདི་ལྟ་སྟེ། གང་དེ་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་རྣམས་ཤེས་སོ། །ཆོས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ ཉན་ཐོས་ཐམས་ཅད་ཅི་སྲིད་དུ་རིགས་མདོག་ཐམས་ཅད་དང་ས་ཆུ་ལ་སོགས་པའི་ཁམས་རྡུལ་ཕྲ་རབ་ཀྱི་ཆ་ཆད་པ་ཅི་སྲིད་དུ་སྐྲའི་རྩེ་མོ་བྱེ་བའི་ཆར་ཚུད་པ་ཅི་སྲིད་དུ་དམྱལ་བ་ལ་སོགས་པའི་འགྲོ་བར་གྲུབ་པ་སེམས་ཅན་གྱི་ཁམས་རྣམས་ཤེས་སོ་ཞེས་རྒྱས་པར་རོ། །དེ་བཞིན་གཤེགས་པ་ལ་གཉིས་ཀྱི་ རྗེས་སུ་འབྲང་བའི་ཤེས་པ་མེད་དོ། །གཉིས་སུ་མེད་པ་ལ་ཞུགས་པའི་དོན་དུ་སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་པར་བྱེད་དོ། །དེ་ལ་དང་པོ་ནི་ལུས་ཀྱི་ལས་ཡོངས་སུ་དག་པའོ། །གཉིས་པ་ནི་ངག་གི་ལས་ཡོངས་སུ་དག་པའོ། །གཞན་བཞིན་ཡིད་ཀྱི་ལས་ཡོངས་སུ་དག་པའོ། །དེ་ལས་གཞན་ དྲུག་ནི་དེ་བཞིན་གཤེགས་པའི་དབང་པོ་རྣམས་རྟེན་དང་བཅས་པ་འབྲས་བུ་བཅས་པ་རྣམས་མཐོབ་[*MA THOB?] པ་མེད་པས་དང་ཐོབ་པ་རྣམས་ཉམས་པ་མེད་པས་སོ། །དེ་རྟེན་ནི་འདུན་པའོ། །འབྲས་བུ་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པའོ། །དེ་ལས་གཞན་གསུམ་ནི་ལུས་དང་ངག་ ཡིད་རྣམས་ཀྱི་ལས་རྣམས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ། །ཡེ་ཤེས་རྒྱུ་ཡིན་པ་ཉིད་ཀྱིས་དང་ཡེ་ཤེས་དང་ལྷན་ཅིག་ཏུ་སྤྱོད་པས་སོ། །དེ་ལས་གཞན་གསུམ་ནི་དུས་གསུམ་ལམ་ཆགས་མ་ཐོགས་པ་ཉིད་ཀྱི་ཡེ་ཤེས་སོ་ཞེས་སོ། །དེ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲིས་པ་བཅོ་བརྒྱད་དོ། ། པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱང་ཆུབ་སེམས་དཔའི་ཚུལ་ལུགས་ལས་ཟག་པ་མེད་པའི་ཆོས་རྣམ་པར་ངེས་པ་ཞེས་བྱང་ལེའུ་ཉེ་ཤུ་རྩ་བརྒྱད་པའོ།། །།དེ་བཞིན་དུ་ཡོན་ཏན་གཞན་ཡང༌། མདོ་སྡེ་སྣ་ཚོགས་ བསྟན་ཏེ། འདི་ལྟ་སྟེ། སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པའི་ཡོན་ཏན་ཏེ་གདུལ་བྱ་ཅི་ལྟ་བ་བཞིན་དུ་བདག་གི་ངོ་བོ་སྐལ་བ་མཐུན་པ་ཀུན་སྟོན་པ་འཇུག་པའི་ཕྱིར་རོ། །དགེ་བའི་ཆོས་སྐྱེ་བ་མཁྱེན་པའི་ཡོན་ཏན་ནི། །དཔེར་ན་དོའི་ནང་དུ་ཐིམ་པའི་གསེར་གྱིས་གཞི་བཞིན་དུ། ཁྱེའུ་སོར་ཕྲེང་ལ་སོགས་པའི་དགེ་ བའི་རྩ་བ་ཤིན་ཏུ་ཕྲ་པ་ཉན་ཐོས་ལ་སོགས་པའི་ཡུལ་ལས་འདས་པ་ཡང་ཕྱིན་ཅི་མ་ལོག་པའི་རྣམ་པ་ཡོངས་སུ་ཤེས་སོ། །མོས་པ་ཅི་བཞིན་དུ་ཀུན་དུ་སྟོན་པའི་ཡོན་ཏན་ནི། སེམས་ཅན་མོས་པས་ལྟོས་ནས་ཐ་དད་པ་མེད་པ་དང་མ་འདྲེས་པས་གསེར་གྱི་རང་བཞིན་སངས་རྒྱས་ཀྱི་ཞིང་ཀུན་དུ་སྟོན་པས་སོ།། སངས་རྒྱས་ཀྱི་སྐུ་གསུམ་ཆར་ཡང་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་ནི། ཐོག་མ་དང་བར་དང་ཐ་མ་དང་བྲལ་བའི་སངས་རྒྱས་ཀྱི་སྐུ་གསུམ་གྱི་བདག་ཉིད་ནི་ས་དང་ཞིང་ཐམས་ཅད་དུ་ཡུལ་ཡོངས་སུ་ཆགས་པ་མེད་པས་མཉམ་པ་ཉིད་དུ་ཐོབ་པས་སོ། །འཁོར་བ་ཇི་སྲིད་དུ་སེམས་ཅན་ཐམས་ ཅད་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པའི་ཡོན་ཏན་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་འཁོར་བ་ཇི་སྲིད་པར་གནས་པ་ལས། དེའི་རྒྱུན་མདོ་སྡེ་ལ་སོགས་པའི་ཆོས་རྣམས་གདུལ་བྱའི་དུས་ཅི་ལྟ་བཞིན་དུ་ཕྱིས་དང་ད་ལྟ་དག་ཉི་བར་སྒྲུབ་པས་སོ། །མི་ཟད་པ་ཉིད་ཀྱི་ཡོན་ཏན་མེ་ནམ་མཁའ་ ༄༅། །བཞིན་དུ་ཆོས་དབྱིངས་རྣམ་པར་བཀྲམ་པ་ནི་མཐར་ཐུག་པ་མེད་པས། འཁོར་བ་ཅི་སྲིད་པར་ཆོས་དབྱིངས་ཀྱི་འགྲོ་བ་མ་ལུས་པའི་དོན་བྱ་བའི་སྦྱོར་བ་རྒྱུན་མ་ཆད་པས་ཡོན་ཏན་ཟད་པ་མེད་པའོ། །ཡང་ལེགས་པ་སླར་མི་ལྡོག་པ་མ་ལུས་པ་རྟོགས་པའི་ཡོན་ཏན་ནི། འདིས་ནི་རིམ་པ་ བཞིན་དུ་ཕྱི་རོལ་སློབ་པ་རྣམས་རྣམ་པར་བཅས་པར་རིག་པར་བྱའོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་བརྙེས་པ་ཡིན་པས་རབ་ཏུ་ལེགས་པའི་རྟོགས་པས་ཏེ། ཕྱི་རོལ་གྱི་གྲོལ་བ་ནི་མཚམས་དང་བཅས་པ་ཉིད་ཡིན་པས་དེའི་གྲོལ་བ་ནི་དེ་བཞིན་དུ་མ་ཡིན་པས་སོ། །སླར་ལྡོག་པ་སྟེ། སྐྱེ་བ་ དང་ཉེས་པ་ཀུན་འབྱུང་བས་སོ། །དེ་གཉིས་ནི་སློབ་པ་རྣམས་ལ་ཡོད་དོ། །མི་སློབ་པ་ནི་བཅོམ་ལྡན་འདས་ཏེ། ཉོན་མོངས་མེད་ཅིང་རིམས་ནད་མེད་པས་སོ། །ལུས་དག་བློ་རྣམས་རྗེས་སུ་མི་མཐུན་པ་དང༌། ལན་གསུང་བ་མི་གསལ་བ་ནི་ལྷག་མ་སྟེ། དེ་ནི་ཐེག་པ་དམན་པའི་དགྲ་བཅོམ་པ་མི་སློབ་པ་ལ་ ཡང་ཇི་སྲིད་པར་ཡོད་དོ། །བཅོམ་ལྡན་འདས་ནི་མ་ཡིན་ནོ། །རིགས་པ་དང་ཞབས་ཕུན་སུམ་ཚོགས་པའི་ཡོན་ཏན་ནི། དེ་ལ་རིག་པ་ནི་ལྷག་པའི་ཤེས་རབ་བསླབ་པའོ། །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དག་ནི་རྐང་པ་སྟེ། དེ་དག་ནི་རིགས་པ་སྔོན་དུ་འགྲོ་བའི་ཞབས་ཡིན་པས་སོ། ། རིག་པས་མིག་བཞིན་དུ་མཐོང་སྟེ། ཅིག་ཤོས་དག་གིས་རྐང་པ་བཞིན་དུ་དེ་བཞིན་བགྲོད་པས་སོ། །དབང་ཕྱུག་གཟུགས་གྲགས་པ་དཔལ་ཡེ་ཤེས་བརྩོན་འགྲུས་ཡོན་ཏན་ནོ། །དེ་ལ་དབང་ཕྱུག་ནི་དབང་མ་ཡིན་པ་སྟེ་ཕུན་སུམ་ཚོགས་པ་དེ་ནི་བཅོམ་ལྡན་འདས་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་ ཐམས་ཅད་སྤངས་པས་སོ། །གཟུགས་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་མཚན་བཟང་དང༌། དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པའི་སྐུ་ཡིན་པས་སོ། །གྲགས་པ་ཕུན་སུམ་ཚོགས་པ་ནི། ཕྱོགས་དང་མཚམས་སུ་སྒྲ་གྲགས་པས་སོ། །ཕུན་སུམ་ཚོགས་པ་གང་ལ་མང་པོ་རྣམས་ཀྱིས་བརྟེན་པ་དེ་ནི་དཔལ་ ཕུན་སུམ་ཚོགས་པ་སྟེ། བླ་ན་མེད་པའི་བསོད་ནམས་ཕུན་སུམ་ཚོགས་པའི་མཚན་ཉིད་ཡིན་པས་སོ། །ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་གང་དུ་ཤེས་བྱའི་རྣམ་པ་ཐམས་ཅད་ལ་དག་པ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཡིན་པས་སོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། བླ་ན་མེད་པའི་དག་ཕུན་སུམ་ ཚོགས་པས་སོ། །རང་བཞིན་ལེགས་པར་གནས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་པའི་དབང་ཕྱུགས་ཕུན་སུམ་ཚོགས་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རང་བཞིན་བསམ་གྱིས་མི་ཁྱབ་པ་དག་གི་ངོ་བོ་བརྙེས་པས་གཟུགས་ཕུན་སུམ་ཚོགས་པའོ། །སོ་སོར་རྟོག་པའི་ཡེ་ཤེས་སྦྱོར་བ་ཆོ་འཕྲུལ་གྱིས་ གདུལ་བྱ་རྣམས་ཀྱི་ཤིན་ཏུ་ཕྲ་བ་མཐའ་མེད་པའི་སྒྲིབ་པ་སྤངས་པས་གྲགས་པ་ཕུན་སུམ་ཚོགས་པའོ། །འཇིག་རྟེན་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་མོས་པ་ཅི་ལྟ་བུར་མཐའ་མེད་པའི་བསོད་ནམས་བྱ་བ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ནུས་པ་ལས་མི་ཟད་པའི་རིན་པོ་ཆེའི་རང་བཞིན་རྟེན་ལ་ སོགས་པ་ཀུན་དུ་སྟོན་པས་མཉེས་པར་བྱེད་པའི་དཔལ་ཕུན་སུམ་ཚོགས་པའོ། །ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྦྱོར་བས་ཐམས་ཅད་དུ་མཁྱེན་པ་དབང་དུ་གྱུར་པ་ཐོབ་པས་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལྟ་བུར་གྱུར་པའི་སེམས་ཅན་གྱི་དོན་ཤིན་ཏུ་ཆེས་བརྩོན་པ་ལ་ངན་པའི་མྱ་ངན་ལས་ འདས་པ་མཉམ་པ་ཉིད་རབ་ཏུ་བརྙེས་པས་བརྩོན་འགྲུས་ཕུན་སུམ་ཚོགས་པའོ་ཞེས་ཡེ་ཤེས་ཞབས་ཀྱིས་རྣམ་པར་གཞག་གོ ། །དེ་ལྟ་བུ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་མཐའ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིན་ནོ། །ས་བཅུའི་ བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱི་མ་ཡིན་པས་གཞག་པར་བྱའོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་མདོ་སྣ་ཚོགས་ནས་གསུངས་པའི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པར་ངེས་པ་ཞེས་ བྱ་བ་ལེའུ་ཉི་ཤུ་རྩ་དགུ་པའོ།། །།ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་གི་ཡོན་ཏན་མཚན་དང་དཔེ་བྱད་དག་ཅུང་ཟད་རྣམ་པར་གཞག་པར་བྱ་སྟེ། དེ་དག་གི་མཚན་ལ་སོགས་པ་འདི་ཙམ་ཞེས་བྱ་བར་མི་ནུས་སོ། །དེ་ལ་མཚན་སུམ་རྩ་གཉིས་ཏེ། འདི་ལྟ་སྟེ། ཕྱག་དང་ཞབས་མཐིལ་ འཁོར་ལོས་མཚན་པ་དང༌། རུས་སྦལ་ལྟར་ཞབས་ཤིན་ཏུ་གནས་པ་ཉིད་དང༌། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་དྲ་བས་འབྲེལ་པ་ཉིད་དང༌། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང༌། བདུན་མཐོ་བ་ཉིད་དང༌། ཞབས་རྟིང་པ་ཡོངས་པ་ཉིད་དང༌། སྐུ་ ༄༅། །འཇམ་ལ་དྲང་བ་ཉིད་དང༌། ཞབས་ལོང་བུ་མི་མངོན་པ་ཉིད་དང༌། ཞབས་དུང་མཐོ་བ་དང༌། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང༌། བྱིན་པ་རི་དྭགས་ཨེན་ཡ་ལྟ་བུ་དང༌། ཕྱག་སྦོམ་ལ་རིང་བ་ཉིད་དང༌། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང༌། མདོག་གསེར་འདྲ་བ་ཉིད་དང༌། པ་གས་པ་སྲབ་འཇམ་ཉིད་དང༌། སྤུ་རེ་རེ་ནས་སྐྱེ་ཤིང་གཡས་སུ་འཁྱིལ་པ་དང༌། ཞལ་མཛོད་སྦུས་བརྒྱན་པ་དང༌། རོ་སྟོང་སེང་གེའི་འདྲ་བ་དང༌། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང༌། ཐལ་གོང་རྒྱས་པ་དང༌། རོ་བྲོ་བའི་མཆོག་ཤེས་པ་ཉིད་དང༌། ཤིང་ཉ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་ཉིད་དང༌། དབུ་ གཙུག་ཏོར་དང་ལྡན་པ་དང༌། ལྗགས་རིང་ཞིང་སྲབ་པ་ཉིད་དང༌། ཚངས་པའི་དབྱངས་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ལ་དམ་པའི་ཆོས་སྒྲོགས་པས་འགྲམ་པ་སེང་གེའི་ལྟ་བུ་དང༌། ཚེམས་ཤིན་ཏུ་དཀར་བ་དང༌། ཚེམས་མཉམ་པ་དང༌། ཚེམས་ཐགས་བཟང་བ་དང༌། ཚེམས་ བཞི་བཅུ་མངའ་བ་དང༌། སྤྱན་མཐོན་ཏིང་ལྟ་བུ་དང༌། བའི་རྫི་མ་ལྟ་བུའི་སྤྱན་ཉིད་དོ། །དེ་ལ་ཞབས་ལེགས་པར་གནས་པ་ནི། ས་ལ་མཉམ་དུ་རེག་པ་སྟེ། ས་ཆེན་པོ་ཐམས་ཅད་ལ་དམའ་བ་དང་མཐོ་པ་དང་གྲོགས་མོ་དང་གསེག་མ་དང༌། ཆུ་དང་འདག་པ་དང་ཚེར་མ་དང༌། འོབས་ལ་སོགས་པ་རྣམས་ མཉམ་དུ་གནས་པའོ། །འཇིག་རྟེན་ཁམས་འབུམ་ཕྲག་དུ་མས་བར་ཆོད་པར་གྱུར་པའི་རིང་དུ་གྱུར་པ་དང༌། ཉེ་བར་འགྱུར་བ་ཡིན་ནོ། །སོར་མོ་རིང་བཞེས་པ་ནི། སོར་མོའི་ཚིགས་དང་པོ་ནས་བཟུང་སྟེ་བར་མཆད་ཀྱང་སོར་གདུ་བ་ལ་སོགས་པས་བརྒྱད་དུ་རུང་བའི་སེར་མོའོ། །འཇམ་པ་ནི་གཉེན་པོ་ལ་ སོགས་པའོ། །གཞན་ཤ་ནི་མདོག་ལ་སོགས་པ་དང་ལྡན་པ་ཉིད་དོ། །བདུན་མཐོ་བ་ཉིད་ནི་ཕྱག་གི་རྒྱབ་གཉིས། རྐང་པའི་རྒྱབ་གཉིས། ཕྲག་མགོ་རྒྱབ་གཉིས། མགྲིན་པའི་རྒྱབ་རྣམས་ཤ་རྒྱས་པ་ཡིན་པ་ཉིད་ཀྱིས་སོ། །རྟིང་པ་ཡངས་པ་ནི། རྐང་པའི་མཐིལ་ཐམས་ཅད་ཆ་བཞིར་བྱས་ཏེ། ཆགས་སུམ་ནི་ ཞབས་སོ། །ཆག་ཅིག་ནི་རྟེན་པའི་ཚད་དང་ལྡན་པ་ཉིད་དོ། །ཞབས་གྲུང་མཐོ་བ་དང་ཞེས་པའི་འདིའི་མདོ་ལས། མཐོ་བ་མི་ཟབ་པའི་པུས་མོ་དང་ལོང་མོ་དག་ཉིད་ཡིན་པས་ཞབས་དུ་བཞེས་པའོ། །དེས་ན་མཐོ་བའི་སྒྲ་ནི་ཟབ་ཅེས་པའི་དོན་ཏོ། །དུང་ཞེས་པའི་སྒྲ་ནི་པུས་མོ་ལོང་མོའི་རུས་པ་རྗོད་བྱེད་དེ། དེས་ན་ བརླའི་རྩ་ནས་འོག་ཏུ་ཐམས་ཅད་ཞབས་ཞེས་སོ། །རི་དྭགས་ཨེ་ཉའི་ཡན་ལག་བྱིན་པ་བཞིན་དུ་བྱིན་པའི་ཤ་རྣམས་རིམས་ཀྱིས་ཤིན་ཏུ་རྒྱས་པའོ། །སོར་མོ་དབྱིབས་མཉམ་པ་ཤིན་ཏུ་ཟླུམ་པ་ཡོངས་སུ་འཁོར་བ་སོར་མོ་བརྒྱད་ཀྱི་ཕྱོགས་སུ་འགྱུར་བའོ། །དཔུང་པ་སྦོམ་པ་ནི་ཡོངས་སུ་བསྐོར་བ་ཉིད་དོ། །རིང་བ་ཉིད་ནི་ བཞེངས་ནས་མ་འདུད་པར་ཕྱག་གིས་རེག་པའོ། །མདོམས་ཀྱི་སྦ་བ་ནི་སྦུབས་སུ་ཞུགས་ཤིང་ནུབ་པ་དེ་དེ་བཞིན་ནོ། །མདོག་གསེར་འདྲ་བ་ཞེས་པས་སྐུའི་མཐུག་པ་དང་འཇམ་པ་འོད་གསལ་བའི་ཁ་དོག་ཉིད་དུ་བསྟན་པའོ། །སྤུ་གཡས་སུ་འཁྱིལ་པ་ནི་སྦྲུལ་འཁྱིལ་པ་ལྟ་བུའོ། །མཛོད་སྦུ་ནི་སྨིན་ མའི་བར་ཐིག་ལེའི་གནས་སུ་འཇམ་པ་གཉེན་པའི་སྤུ་དཀར་བའོ། །བརྐྱང་ན་ནི་ཁྲུ་གང་ཁྲུ་གཉིས་ཁྲུ་གསུམ་ལ་སོགས་པའི་ཆད་དོ། །བསྡུས་ན་ནི་གཡས་སུ་འཁོར་བའི་རྩེ་མོ་གྱེན་དུ་ཕྱོགས་པའོ། །སྐྱུ་རུ་རའི་ཚད་ཙམ་རྡུལ་ནི་ཆུ་བུར་ལྟ་བུའི་རྣམ་པའོ། །རོ་སྟོད་སེང་གེ་ལྟ་བུའི་སྐུ་སྟོད་ཡངས་ཤིང་རྒྱ་ཆེ་ བ་མཐོང་ཀ་ཤ་རྒྱས་པ་ཡིན་པས་སོ། །གང་གི་རབ་ཏུ་དང་བར་བྱེད་པས་དང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་ཤིན་ཏུ་ཟླུམ་ལ་རྩའི་དྲ་བ་མི་མངོན་པའི་དཔུང་མགོའོ། །གསེར་གྱི་བུམ་པའི་མགྲིན་པ་བཞིན་དུ་ཡོངས་སུ་འཁོར་བར་ཤིན་ཏུ་ཟླུམ་པའི་རི་མོ་ཅན་གྱི་མགྲིན་པའོ། །ཕྲག་པ་གཉིས་ཀྱི་བར་ནི་ཐལ་ གོང་སྟེ་མཐོང་ཀ་རྒྱས་བདེ་ནི་ཐལ་གོང་རྒྱས་པའོ། །བཅོམ་ལྡན་འདས་ནི་རོ་དྲུག་རྣམས་ཀྱི་རོ་བྲོ་བ་ཤེས་ཤིང་ཚིམ་སྟེ་རོ་མཆོག་གསོལ་བའོ། །ཁ་ཅིག་ཏུ་ལུས་དང་ཡན་ལག་ལ་རོ་མྱངས་ཏེ་གསོལ་བས་རོ་བྲོ་བ་ནི་རྩ་སྟེ་དེ་རྣམས་མཆོག་ཉིད་དེ། རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པ་རྣམས་ཀྱིས་ གནོད་པ་མེད་པས་མཉམ་དུ་གནས་པ་ཉིད་དོ། །རླུང་ལ་སོགས་པས་གནོད་པ་མེད་པས་མི་སྦོམ་མི་ཕྲ་ཞིང་མདུད་པ་མ་ཡིན་མདོག་ངན་པ་མ་ཡིན་ནོ། །རྩ་དེ་རྣམས་ནུབ་པས་སྐུ་རྣམ་འགྱུར་ངན་པ་མ་ཡིན་ནོ། །གསེར་གྱི་བྱང་བུ་བཞིན་དུ་འོང་བར་འགྱུར་རོ། །རླུང་མཁྲིས་བད་ཀན་གྱིས་གནོད་པ་མེད་ པ་རྩ་དེ་རྣམས་ཀྱིས་ཡང་དག་པར་གསོལ་བའོ་ཞེས་གསུངས་སོ། །དེ་སྐད་དུ་ནི། སྐྱེས་བུ་ཆེན་པོ་རྣམས་ཀྱི་མགྲིན་པ་ལ་རོ་མྱོང་བར་བྱེད་པ་སྟོང་ཕྲག་བདུན་ཁ་གྱེན་དུ་ཕྱོགས་པ་རབ་ཏུ་འཇུག་གོ ། །རོ་ཐམས་ཅད་ཀྱང་ཞལ་དུ་བཅུག་པ་ན་བདུད་རྩིའི་རོ་དང་མཚུངས་པར་འགྱུར་རོ་ཞེས་སོ། །ཡང་ན་རོ་ནི་ ༄༅། །མྱང་བྱ་སྟེ་དྲུག་གོ ། །རོ་དེ་རྣམས་ཀྱི་རོ་མྱོང་བར་བྱེད་པའི་མཆོག་གོ ། །གང་དེ་དང་ལྡན་པའི་གསོལ་བ་དེ་ནི་དེ་བཞིན་ནོ་ཞེས་བཤད་པའོ། །ཉ་ནི་དམའ་བ་སྟེ་འོག་གི་སྐུའོ། །གྲོ་དྷ་ནི་སྟེང་གི་སྐུའོ། །ཆུ་ཞེང་མཉམ་པའོ། །ལྟེ་བ་ནས་བཟུང་སྟེ་འོག་གི་སྐུ་དང་སྟེང་གི་སྐུ་དག་ཚད་མཉམ་ པའོ་ཞེས་པའི་དོན་ཏོ། །ཡང་ན་བཅོམ་ལྡན་འདས་ཕྱག་གཉིས་འདོམ་དུ་བརྐྱང་སྟེ་སྐུ་མ་ལུས་པ་ཆུ་དང་ཞེང་དུ་མཉམ་པ་ནི་མྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །ཉ་གྲོ་དྷ་ནི་ཤིང་པཊ་སྟེ་དེ་དང་འདྲ་བར་རིང་དང་རྒྱར་བཅོམ་ལྡན་འདས་ཀྱི་སྐུ་མཉམ་པའོ། །དེས་ཉ་གྲོ་དྷ་ལྟར་ཆུ་ཞེང་གབ་པའི་སྟེ་ཞེས་ཁ་ཅིག་གོ ། ། གཙུག་ཏོར་དཀྲིས་པའི་རྣམ་པ་ཡང་ཏོག་གོ ། །ཟླུམ་པོ་ཡོངས་སུ་རྫོགས་པའོ། །ལྗགས་ཀྱི་ཡངས་པ་ནི་རིང་དུ་སྟེ། རྣ་བའི་མཚམས་དང་དཔྲལ་བའི་སྐྲ་མཚམས་ཐུག་པར་ལྕེས་རེག་པའོ། །ཤིན་ཏུ་རྫོགས་པ་མ་ཡིན་པ་ཚེས་བཅུ་གཉིས་ཟླ་བ་ལྟ་བུར་མཐར་ཐུག་པ་ལེགས་པར་འབྱོར་པ་ཟླུམ་པ་འགྲམ་ པའི་རང་བཞིན་ཡིན་པས་སེང་གེའི་འགྲམ་པ་ཉིད་དོ། །བཅོམ་ལྡན་འདས་ཚེམས་བཞི་བཅུ་ཉིད་དོ། །གཞན་བཞིན་དུ་སུམ་ཅུ་རྩ་གཉིས་སམ་ཉི་ཤུ་ཉེར་བརྒྱད་ནི་མ་ཡིན་ནོ། །ལྟེ་བའི་དཀྱིལ་འཁོར་གྱི་དབུས་ན་ནི་ནག་ལ་འཇམ་པའོ། །ནག་པའི་དཀྱིལ་འཁོར་གྱི་དབུས་ལོགས་གཉིས་ནི་དཀར་བ་ཉིད་དོ། ། རྫི་མ་གནས་པའི་གོ་སྐབས་འཇམ་པ་སྔོ་བའོ། །མཐའ་མ་གཉིས་ཀྱི་བིམ་པ་ལའི་གཉིས་ནི་དམར་བའོ། །རྫི་མ་དང་མིག་འབྲས་ཀྱི་བར་དུ་ནི་གསེར་གྱི་མདོག་གོ ། །དེ་བཞིན་དུ་རབ་ཏུ་མཛེས་པ་དང་ལྡན་པའི་མིག་གི་དཀྱིལ་འཁོར་གཙོ་བོ་ཉིད་ཡིན་པས་སྦྱིན་མཐོན་མཐིང་ཞེས་བརྗོད་དོ། །པའི་པེའུ་གཞོན་ ནུ་ལྟར་སྟེང་དང་འོག་སྔོ་ལ་སྣུམ་པའི་འོད་དང་ལྡན་པ་ཉིད་ཡིན་པས་པའི་རྫི་མ་ལྟ་བུའོ་ཞེས་སོ། །མཚན་སུམ་ཅུ་རྩ་གཉིས་དེ་རྣམས་ཀྱི་སོ་སོའི་རྒྱུར་གྱུར་བའི་བསོད་ནམས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། བླ་མ་རྣམས་ཀྱི་སྐྱེལ་བ་དང་བསུ་བ་དང་ཆོས་ཉན་པ་དང་འཁོར་གཡོག་འབུལ་བ་ལ་སོགས་པ་རྣམས་ ཀྱིས་མཚན་དང་པོའོ། །ཡང་དག་པར་བླངས་པ་ཡི་དམ་བརྟེན་པས་གཉིས་པའོ། །བསྡུ་བའི་དངོས་པོ་བརྟན་པས་གསུམ་པའོ། །གྱ་ནོམ་པའི་བཟའ་བཏུང་ལ་སོགས་པ་སྦྱིན་པས་བཞི་པ་དང་ལྔ་པའོ། །བཅིངས་པ་གྲོལ་བར་བྱས་བས་དྲུག་པའོ། །སྲོག་འཚོ་བ་ཉིད་རྗེས་སུ་འཛིན་པར་བྱས་པས་བདུན་ པའོ༑ །སྲོག་གཅོད་པ་ལས་ལྡོག་པའི་ཀུན་དུ་བརྟེན་པ་ལས་བརྒྱད་པའོ། །དགེ་བའི་ཆོས་ཡང་དག་པར་བླངས་ཤིང་བཟུང་བས་དགུ་པའོ། །ཆོས་ཡང་དག་པར་སྤེལ་བས་བཅུ་པའོ། །གུས་པས་རིག་པ་དང་བཟོ་ལ་སོགས་པ་སྦྱིན་པས་བཅུ་གཅིག་པའོ། །ནོར་ཡོད་བཞིན་དུ་སློང་བ་པོའི་སྐྱེ་བོ་ མ་སྤངས་པས་བཅུ་གཉིས་པའོ། །སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལེན་དུ་བཅུག་པས་དང་གསང་བ་རྗེས་སུ་གསུངས་པས་བཅུ་གསུམ་པའོ། །གྱ་ནོམ་པའི་མལ་ཆ་སྦྱིན་པས་བཅུ་བཞི་པའོ། །ཁང་བཟངས་མཆོག་ལ་སོགས་པ་སྦྱིན་པས་བཅོམ་ལྔ་པའོ། །འཚོག་འདུ་ལ་སོགས་པ་ སྤངས་པས་བཅུ་དྲུག་པའོ། །གུས་པར་བྱ་བའི་སྐྱེ་བོ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་འཇོག་པར་བྱེད་པས་བཅུ་བདུན་པའོ། །ཐམས་ཅད་དུ་ཚིག་རྩུབ་གཟུགས་མོ་མ་སྤངས་པས་བཅོ་བརྒྱད་པའོ། །སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བ་དག་ལ་རྗེས་སུ་མཐུན་པར་བྱེད་པས་བཅུ་དགུ་པའོ། ། སྨན་གྱི་སྦྱིན་པས་ཉི་ཤུ་པའོ། །གནད་པ་རྣམས་ཀྱི་རིམ་གྲོ་བྱས་པས་ཉེར་གཅིག་པའོ། །ཆལ་དང་ཀུན་དགའ་ར་བ་ལ་སོགས་པ་རང་ཉིད་བྱེད་པ་དང༌། གཞན་བྱེད་དུ་འཇུག་པས་ཉེར་གཉིས་པའོ། །གཙུག་ལ་ཁང་ལ་སོགས་པ་མང་དུ་སྦྱིན་པས་ཉེར་གསུམ་པའོ། །ཚིག་འཇམ་པོ་ལ་ སོགས་པས་ཉེར་བཞི་པའོ། །འཇིག་རྟེན་ཁམས་ཐམས་ཅད་དུ་སེམས་ཅན་ལ་དམ་པའི་ཆོས་སྒྲོགས་པས་ཉེར་ལྔ་པའོ། །དག་ཀྱལ་པ་ལས་ལྡོག་པས་ཉེར་དྲུག་པའོ། །སྐྱེ་བོ་ཐམས་ཅད་ལ་རི་མོར་བྱེད་པས་ཉེར་བདུན་པའོ། །འཚོ་བ་རྣམ་པར་དག་པས་ཉེར་བརྒྱད་པའོ། །བདེན་པར་སྨྲ་བས་ ཉེར་དགུ་པའོ། །དབྱེན་སྨྲ་བ་མ་གོམས་པས་སུམ་ཆུ་པའོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བས་སོ་གཅིག་པའོ། །ཁོང་ཁྲོ་ལ་སོགས་པས་དབེན་པ་མཐོང་བས་སུམ་ཅུ་རྩ་གཉིས་པའོ་ཞེས་སོ། །མཚན་བཟང་པོ་དེ་རྣམས་གསལ་བར་བྱེད་པའམ། མཚན་བཟང་དང་རྗེས་སུ་ མཐུན་པས་སྐྱེས་བུ་ཆེན་པོ་མཚན་པར་བྱེད་པའམ། རྗེས་སུ་མཐུན་པས་གསལ་བར་བྱེད་པ་སྟེ་མཛེས་པར་བྱེད་པ་འདི་ནི་དཔེ་བྱད་སྟེ་བརྒྱད་ཅུའོ། །འདི་ལྟ་སྟེ། སོན་མོ་ཟངས་ཀྱི་མདོག་ལྟ་བུ་དང༌། སེན་མོ་མདོག་སྣུམ་པ་དང༌། སེན་མོ་མཐོ་བ་དང༌། སོར་མོ་རྣམས་ཟླུམ་པ་དང༌། སོར་མོ་རྣམས་རྒྱས་ ༄༅། །པ་དང༌། སོར་མི་རྣམས་རིམ་གྱིས་ཕྲ་བ་དང༌། རྩ་མི་མངོན་པ་དང༌། རྩམ་དུད་མེད་པ་དང༌། ལོང་བུ་མི་མངོན་པ་དང༌། ཞབས་མི་མཉམ་པ་མེད་པ་དང༌། སེང་གེའི་སྟབས་སུ་གཤེགས་པ་དང༌། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང༌། ངང་པའི་སྟབས་སུ་གཤེགས་པ་དང༌། ཁྱུ་ མཆོག་གི་སྟབས་སུ་གཤེས་པ་དང༌། གཡས་སུ་ལྡོག་ཅིང་གཤེགས་པ་དང༌། མཛེས་པར་གཤེགས་པ་དང༌། མ་ཡོ་བར་གཤེགས་པ་དང༌། སྐུ་འཁྱིལ་བག་ཆགས་པ་དང༌། སྐུ་བྱི་དོར་བྱས་པ་ལྟ་བུ་དང༌། སྐུ་རིམ་པར་འཚམ་པ་དང༌། སྐུ་གཙང་བ་དང༌། སྐུ་འཇམ་པ་དང༌། སྐུ་རྒྱས་ར་དང༌། སྐུ་རྣམ་པར་དག་པ་དང༌། མཚན་ཡོངས་སུ་རྫོགས་པ་དང༌། སྐུ་ཁོ་ལག་ཡངས་ཤིང་མཛེས་པ་དང༌། གོམ་པ་སྙོམས་པ་དང༌། སྤྱན་རྣམ་པར་དག་པ་དང༌། སྐུ་ཤིན་ཏུ་གཞོན་མདོག་ཅན་དང༌། སྐུ་ཞུབ་པ་མེད་པ་དང༌། སྐུ་རྒྱས་པ་དང༌། སྐུ་ཤིན་ཏུ་གྲིམས་པ་དང༌། ཡན་ལག་དང་ཉིད་ལག་ཤིན་ཏུ་རྣམ་པར་ ཕྱེད་པ་དང༌། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང༌། དཀུ་ཟླུམ་པ་དང༌། དཀུ་སྐབས་ཕྱིན་པ་དང༌། དཀུ་ཕྱལ་ཕྱང་ངེ་བ་དང༌། དཀུ་མ་རྙོངས་པ་དང༌། ལྟེ་བ་ཟབ་པ་དང༌། ལྟེ་བ་གཡས་སུ་འཁྱིལ་བ་དང༌། ཀུན་ནས་མཛེས་པ་དང༌། ཀུན་སྤྱོད་པ་གཙང་བ་དང༌། སྐུ་ལ་སྨེ་བ་དང་གནང་བག་ མེད་པ་དང༌། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང༌། ཕྱག་གི་རི་མོ་མདངས་དང་ལྡན་པ་དང༌། ཕྱག་གི་རི་མོ་ཟབ་པ་དང༌། ཕྱང་གི་རི་མོ་རིང་བ་དང༌། ཞལ་ཧ་ཅང་ཡང་མི་རིང་བ་དང༌། ཞལ་གཟུགས་ཀྱི་གཟུགས་བརྙན་བརྙན་སྣང་བ་དང༌། འདི་ལ་གཟུགས་རྣམས་ཀྱི་གཟུགས་བརྙན་སྣང་བ་འདི་ནི་གཟུགས་ ཀྱི་གཟུགས་བརྙན་སྣང་བའི་ཞལ་གང་གི་ཡིན་པ་དེ་དེ་བཞིན་ནོ། །གཟུགས་རྣམས་ཀྱི་གཟུགས་བརྙན་ཤར་བའི་ཞལ་གང་གི་ཡིན་པ་དེ་དེ་བཞིན་ནོ་ཞེས་གཞན་དག་གོ། །ལྗགས་མཉེན་པ་དང༌། ལྗགས་སྲ་བ་དང༌། ལྗགས་དམར་བ་དང༌། གླང་པོ་ཆེའི་དང༌། འབྲུག་གི་སྦ་དང་ལྡན་པ་དང༌། གསུང་ སྙན་ཅིང་འཇེབས་འཇམ་པ་དང༌། མཆེ་བ་ཟླུམ་པ་དང༌། མཆེ་བ་རྣོ་བ་དང༌། མཆེ་བ་དཀར་བ་དང༌། མཆེ་བ་མཉམ་པ་དང༌། མཆེ་བ་བྱིན་གྱིས་ཕྲ་བ་དང༌། ཤངས་མཐོ་བ་དང༌། ཤངས་གཙང་བ་དང༌། སྤྱན་ཡངས་པ་དང༌། རྫི་མ་སྟུག་པ་དང༌། སྤྱན་དཀར་ནག་ཕྱེད་ཅིང་པད་མའི་འདབ་མ་རངས་པ་ལྟ་བུ་དང༌། སྨིན་དཀྱུས་རིང་བ་དང༌། སྨིན་མ་འཇམ་པ་དང༌། སྨིན་མ་སྣུམ་པ་དང༌། སྨིན་མའི་སྤུ་མཉམ་པ་དང༌། སྙན་ཤལ་སྡུག་ཅིང་རིང་བ་དང༌། སྙན་མཉམ་པ་དང༌། དཔྲལ་བ་ལེགས་པར་འབྱེད་པ་དང༌། དཔྲལ་བའི་དབྱེས་ཆེ་བ་དང༌། དབུ་ཤིན་ཏུ་རྒྱལ་པ་དང༌། དབུ་སྐྲ་བུང་བ་ལྟར་གནག་པ་ དང༑ དབུ་སྐྲ་སྟུག་པ་དང༌། དབུ་སྐྲ་འཇམ་པ་དང༌། དབུ་སྐྲ་འཛིངས་པ་དང༌། དབུ་སྐྲ་མི་བཤོར་བ་དང༌། དབུ་སྐྲ་དྲི་ཞིམ་པ་དང༌། ཕྱག་དང་ཞབས་དཔལ་བེའུ་དང༌། བཀྲ་ཤིས་ངག་གིས་བརྒྱན་པའོ། །མཚན་དང་དཔེ་བྱེད་དེ་རྣམས་ནི་གདུལ་བྱ་སྐྱེ་བོ་དད་པ་འཕེལ་བར་བྱ་བའི་ཆེད་དུ་རྣམ་པར་ གཞག་སྟེ་དེ་རྣམས་འདི་ཙམ་ཞེས་ཚད་གཟུང་བར་མི་ནུས་པས་སོ། །དེ་བཞིན་དུ་མདོ་སྡེ་གཞན་ལས་ནི། ཕྱག་ཞབས་ལ་སྡོང་རིང་དང༌། གཡུ་དྲུང་འཁྱིལ་པ་བུམ་པ་གང་བ་ཉ་ཟུང་རྒྱལ་མཚན་དུང་གནས་བཟང་པོ་གདུགས་དཀར་པོ་རྔ་ཡབ་ལ་སོགས་པ་ཡང་གསུངས་སོ། །མཚན་བཟང་དང་དཔེ་ བྱད་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་ལོ་སྒྱུར་བ་རྣམས་ལ་ཡོད་དོ། །འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཡུལ་ན་གནས་པ་ཤིན་ཏུ་གསལ་བར་རྫོགས་པ་ཤིན་ཏུ་ཆེས་བླ་མར་གྱུར་པའོ། །ཡང་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་གང་རྗེས་སུ་ མཚོན་བྱེད་ཡོད་དེ། འདི་ལྟ་སྟེ། གདུག་དང༌། རྒྱལ་མཚན་དང༌། དཔལ་བེའུ་དང༌། ཕྲེང་བ་དང༌། ལྕགས་ཀྱུ་དང༌། དབྱུ་གུ་དང༌། བུམ་པ་དང༌། གླང་པོ་ཆེ་དང༌། རྟ་དང༌། སྟག་དང༌། བྱ་ཁྱུད་དང༌། ཆུ་སྲིན་དང༌། ཉ་དང༌། རུས་སྦལ་དང༌། རྨ་བྱ་དང༌། བྱ་ཀ་ལ་པིང་ཀ་དང༌། བྱ་ཤང་ཤང་ ཏིའུ་དང༌། བྱ་ཙ་ཊ་དང༌། ངུར་པ་དང༌། ནེ་ཙོ་དང༌། ངང་པ་དང༌། ཐིབ་དང༌། ནས་དང༌། སྨན་ཆེན་པོ་དང༌། འདོ་མ་དང༌། བ་མེན་དང༌། ར་དང༌། ཁྱུ་མཆོག་དང༌། བིལ་བ་དང༌། རི་དང༌། དཔག་བསམ་ཤིང་དང༌། རི་དགས་ནག་པོ་དང༌། ནོར་བུ་རིན་པོ་ཆེ་དང༌། རལ་གྲི་མཆོག་དང༌། རྡོ་རྗེ་དང༌། གཞུ་དང༌། མདའ་ དང༑ མདུང་ཐུང་དང༌། རྩེ་གསུམ་དང༌། གཤོལ་དང༌། གཏུན་ཤིང་དང༌། དགྲ་སྟ་དང༌། ཞགས་པ་དང༌། ཆུ་སྲིན་འཁྲི་ཤིང་དང༌། མུ་ཏིག་དང༌། འཁྱིལ་བ་དང༌། སྤྲིན་དང༌། ཚངས་པ་དང༌། དབང་པོ་དང༌། ཡུལ་འཁོར་སྐྱོང་དང༌། ཆུ་བདག་དང༌། སྤྱན་མི་བཟང་དང༌། ནོར་སྦྱིན་དང༌། དྲང་སྲོང་ཆེན་པོ་དང༌། དཔལ་མོ་དང༌། ཉི་མ་དང༌། ཟླ་བ་དང༌། མེ་དང༌། རླུང་དང༌། མེ་ཏོག་པད་མ་དང༌། གཡུང་དྲུང་འཁྱིལ་བ་དང༌། བཀྲ་ཤིས་དང༌། གདན་བཟང་པོ་དང༌། རྔ་ཡབ་དང༌། སུ་རོགས་ཤ་དང༌། གཞོན་ནུ་དང༌། བུ་མོ་དང༌། རྔ་བོ་ཆེ་དང༌། དུང་དང༌། རྫ་རྔ་དང༌། ལག་གདུབ་དང༌། དཔུང་རྒྱན་དང༌། རྣ་ རྒྱན་དང༌། སར་གདུབ་རྒྱན་དང་འཁྱིལ་བའོ། །སྡོང་བུ་དང༌། མེ་ཏོག་རྒྱལ་པོ་ཤིང་དང༌། འཁོར་ལོའི་དབུས་སུ་སེང་གེ་ཞེས་སོ། །པཎྚི་ཏ་ཆེན་པོ་སྟོབས་བཅུ་པ་ལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་སངས་རྒྱས་སྐུའི་མཚན་དང་དཔེ་བྱད་རྣམ་པར་ ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་བཞིན་གཤེགས་པ་འདིའི་གསུང་རབ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི་རྣམ་པ་གསུམ་སྟེ་འདི་ལྟ་སྟེ། མདོའི་སྡེ་སྣོད་དང༌། འདུལ་ པའི་སྡེ་སྣོད་དང༌། མངོན་པའི་སྡེ་སྣོད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱང་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མདོ་སྡེའི་སྡེ་སྣོད་དང༌། འདུལ་བའི་སྡེ་སྣོད་དང༌། མངོན་པའི་སྡེ་སྣོད་དོ། །སྡེ་སྣོད་གསུམ་པོ་དེ་རྣམས་ནི་གསུང་རབ་ཡན་ལག་དགུར་འགྱུར་ཏེ། འདི་ལྟ་སྟེ། མདོའི་སྡེ་དང༌། འདུལ་བའི་སྡེ་དང༌། མངོན་པའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། ཚིགས་སུ་བཅས་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། རྣམ་པར་ངེས་པ་གཏམས་པའི་སྡེའོ། །ཡང་ན་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་ བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ཕབ་པའི་ཆོས་ཀྱི་སྡེའོ། །ཡང་རྣམ་པ་ལྔ་ སྟེ། འདི་ལྟ་སྟེ། ཚིགས་སུ་བཅད་པ་དང༌། མངོན་པ་དང༌། འདུལ་བ་དང༌། མདོ་སྡེ་དང༌། མ་མོ་ཞེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དབྱངས་ནི་ཡན་ལག་དྲུག་བཅུ་དང་ལྡན་པའོ། །དེ་ལ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་ནི་འདི་ལྟ་སྟེ། སེམས་ ཅན་ཁམས་དགེ་བའི་རྩ་བ་ཉེ་བར་རྒྱས་པར་བྱེད་པའི་དེ་བཞིན་གཤེགས་པའི་གསུང་རབ་སྙན་སྣུམ་པ་དང་མཐོང་བའི་ཆོས་ལ་བདེ་བར་རེག་པས་འཇམ་པ་ཉིད་དང༌། དོན་བཟང་བ་ཉིད་ཡིན་པས་ཡིད་དུ་འོང་བ་དང༌། ཚིག་འབྲུ་བཟང་བས་ཡིད་དུ་འཐད་པ་དང༌། འཇིག་རྟེན་ལས་འདས་པ་བླ་ན་མེད་པ་རྗེས་ལ་ ཐོབ་པ་ཉིད་ཡིན་པས་དག་པ་དང༌། ཉོན་མོངས་པ་བག་ཉལ་བག་ཆགས་བྲལ་བ་ཉིད་ཡིན་པས་དྲི་མ་མེད་པ་དང༌། ཚིག་འབྲུ་གསལ་བ་ཤེས་པས་གསལ་བ་དང༌། མུ་སྟེགས་ཐམས་ཅད་ཀྱི་བློ་གྲོས་ལྟ་བ་ངན་པ་རྣམ་པར་འཇོག་པས་སྟོབས་ཡོན་ཏན་ལྡན་པ་ཉིད་པས་སྙན་ཅི་འཇེབས་པ་དང༌། སྒྲུབ་པ་ རང་བཞིན་ངེས་པར་འབྱིན་པར་བྱེད་པར་ཉིད་པས་མཉན་པར་འོས་པ་དང༌། ཕས་ཀྱི་རྒོལ་བ་གཞན་ཐམས་ཅད་ཀྱིས་མི་ཆོད་པ་ཉིད་པས་མི་ཚུགས་པ་དང༌། རངས་པར་བྱེད་པས་བརྙན་པ་དང་འདོད་ཆགས་གཉེན་པོ་ཉིད་པས་དུལ་བ་དང༌། བཅས་པའི་བསླབ་པ་ཐབས་བདེ་བ་ཉིད་པས་མི་རྩུབ་པ་དང༌། བསླབ་པ་ ལ་འདས་པ་ལས་ཡང་དག་པར་ངེས་པར་འབྱིན་པའི་གདམས་ངག་བྱེད་པ་ཉིད་པས་མི་སློང་བའོ། །ཐེག་པ་གསུམ་གདུལ་བྱ་ལ་གདམས་པར་བྱེད་པ་ཉིད་པས་རབ་ཏུ་དུལ་བ་དང༌། རྣམ་པར་གཡེང་བའི་གཉེན་པོ་ཉིད་པས་རྣར་སྙན་པ་དང༌། ཏིང་ངེ་འཛིན་ཀུན་དུ་སྐྱེད་པར་བྱེད་པས་ལུས་སིམ་པར་བྱེད་པ་ དང༌། ལྷག་མཐོང་མཆོག་ཏུ་དགའ་བར་སྐྱེད་པར་བྱེད་པ་ཉིད་པས་སེམས་ཚིམ་པར་བྱེད་པ་དང༌། ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཉིད་པས་སྙིང་དགའ་བར་བྱེད་པ་དང༌། ལོག་པར་ངེས་པ་སེལ་བར་བྱེད་པ་ཉིད་པས་དགའ་བ་དང་བདེ་བ་སྐྱེད་པ་དང༌། སྒྲུབ་པ་འགྱོད་པ་མེད་པར་བྱེད་པ་ཉིད་བས་ཡོངས་ སུ་གདུང་བ་མེད་པ་དང༌། ཕུན་སུམ་ཚོགས་པ་ཐོས་པའི་རང་བཞིན་ཤེས་པའི་རྟེན་ཉིད་པས་ཀུན་ཤེས་པར་བྱ་བ་དང༌། བསམ་པའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་པས་རྣམ་པར་རིག་པར་བྱ་བ་དང༌། སློབ་དཔོན་དཔེ་མ་ཁྱུང་སྤངས་པ་ཉིད་པས་རྣམ་པར་གསལ་བ་དང་བདག་གི་དོན་རྗེས་སུ་ཐོབ་པ་ རྣམས་མགུ་བར་བྱེད་པ་ཉིད་པས་དགའ་བར་བྱེད་པ་དང༌། བདག་དོན་རྗེས་སུ་ཐོབ་པ་རྣམས་རེག་པར་བྱ་བ་ཉིད་པས་མངོན་པར་དགའ་བར་བྱེད་པ་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་ཉིད་པས་ཀུར་ཤེས་པར་བྱེད་པ་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་ པར་བྱེད་པ་ཉིད་པས་རྣམ་པར་རིག་པར་བྱེད་པ་དང༌། ཚད་མ་དང་མི་འགལ་བ་ཉིད་པས་རིགས་པ་དང༌། གདུལ་བྱ་ལ་ཅི་ལྟར་འོས་པ་སྟོན་པར་བྱེད་པ་ཉིད་པས་འགྲེལ་པ་དང༌། འབྲས་བུ་དང་བཅས་པ་ཉིད་པས་ཟློས་པའི་སྐྱོན་མི་སྐྱེད་པ་དང༌། མུ་སྟེགས་རི་དགས་ཚོགས་ཐམས་ཅད་ སྐྲོད་པར་བྱེད་པ་ཉིད་པས་སེང་གེའི་སྒྲའི་ཤུགས་དང༌། རྒྱ་ཆེ་བ་ཉིད་པས་གླང་པོའི་སྒྲ་སྐད་དང༌། ཟབ་པ་ཉིད་པས་འབྲུག་གི་སྒྲ་དབྱང་དང༌། སླང་བྱ་མཆོག་ཡིན་པ་ཉིད་པས་ཀླུའི་དབང་པོའི་སྒྲ་དང༌། སྙན་པ་ཉིད་པས་མི་འམ་ཅིའི་གླུ་དབྱངས་དང༌། བར་མཆད་པས་ཞུགས་ལྡན་པ་ཉིད་པས་ཀ་ ལ་པིང་ཀའི་སྒྲ་དབྱངས་སྒྲོགས་པ་དང༌། རིང་དུ་བགྲོད་པས་ཚངས་པའི་སྒྲ་དབྱངས་སྒྲོགས་པ་དང༌། དངོས་གྲུབ་ཐམས་ཅད་ལ་བཀྲ་ཤེས་པ་ཉིད་དང་སྔོན་དུ་འགྲོ་བ་ཉིད་པས་ཤང་ཤང་ཏེའུའི་སྒྲ་དབྱངས་བསྒྲགས་པ་དང༌། འདིར་དབྱངས་སྨོས་པ་ནི་དོན་དང་ཆོས་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་སྒྲ་ ལས་ཡིད་ཆེ་པའི་དོན་དུའོ། །སྒྲ་སྨོས་པ་ནི་བརྡ་དེ་དང་དེ་ལ་ཡིད་ཆེས་པའི་དོན་དུའོ། །གྲགས་པ་གཟུང་བ་ནི་སྒྲ་དེ་དང་དེའི་བརྡ་རྗེས་སུ་སྨྲ་བ་ཡིད་ཆེས་པའི་དོན་དུའོ། །འདའ་བར་བྱ་བ་མ་ཡིན་པ་ཉིད་པས་ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང༌། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་ བ་སྔོན་དུ་འགྲོ་བ་ཉིད་པས་རྔ་བོ་ཆེའི་སྒྲ་དང༌། བསྟོད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མ་ཁེངས་པ་དང༌། སྨད་པ་ལ་ཀུན་ནས་ཉོན་མོངས་པ་མེད་པས་མི་དམའ་བ་དང༌། ལུང་བསྟན་པ་ཐམས་ཅད་ལ་མཚན་ཉིད་རྣམ་པ་ཐམས་ཅད་རྗེས་སུ་ཞུགས་པ་ཉིད་པས་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། དྲན་པ་ཀུན་དུ་རྨོངས་པ་དེ་རྣམས་འབྱུང་བ་མ་ཡིན་པས་ཚིག་ཟུར་ཆག་མེད་པ་དང༌། གདུལ་བྱའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཉིད་པས་མཚང་བ་མེད་པ་དང༌། རྙེད་པ་དང་བཀུར་སྟེ་ལ་མི་རྟེན་པས་མ་ཁུམས་པ་དང༌། བག་ཚབ་རྣམས་བྲལ་བས་མི་ཞེན་པ་དང༌། སྐྱོ་བ་མེད་པ་ཉིད་པས་རབ་ཏུ་ དཀའ་བ་དང༌། རིག་པའི་གནས་ཐམས་ཅད་ལ་མཁས་པ་རྗེས་སུ་འགྲོ་བ་ཉིད་པས་ཁྱབ་པ་དང༌། སེམས་ཅན་ཐམས་ཅད་ལ་མཁས་པ་རྗེས་སུ་འགྲོ་བ་ཉིད་པས་ཁྱབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པས་ཆུབ་པ་དང༌། རྒྱུ་ཉེ་བར་ཆད་པ་མེད་པ་ཉིད་པས་རྒྱུན་ ཆགས་པ་དང༌། རྣམ་པ་སྣ་ཚོགས་ཉེ་བར་གནས་པས་འཕེལ་བ་དང༌། དབྱངས་གཅིག་སྒྲ་དུ་མ་རྣམ་པར་རིག་པར་བྱེད་པ་ཉེ་བར་གནས་པས་དབྱངས་ཐམས་ཅད་རྫོགས་པར་བྱེད་པ་དང༌། དོན་གཅིག་དང་དུ་མ་རྣམ་པ་རིག་པ་ཉེ་བར་གནས་པ་ཉིད་པས་དབང་པོ་ཐམས་ཅད་སིམ་པར་བྱེད་པ་དང༌། དམ་ བཅས་པ་ཅི་ལྟ་བ་ཉིད་པས་མ་སྨད་པ་དང༌། མ་འོངས་པའི་དུས་སུ་རབ་ཏུ་འཐད་པ་ཉིད་པས་མི་འགྱུར་བ་དང༌། མི་འགྱུར་བར་རྣམ་པར་གནས་པས་མ་བརྟབས་པ་དང༌། ཉེ་བ་དང་རིང་བའི་འཁོར་མཉམ་དུ་ཐོས་པས་འཁོར་ཀུན་དུ་གྲགས་པ་དང༌། འཇིག་རྟེན་པའི་དཔེ་ཆེས་ཡོངས་སུ་འགྱུར་བ་ཉིད་ཡིན་པས་ རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ། །དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་འདི་ནི་བསྡུས་པའི་ཚུལ་ལོ། ། དེ་བཞིན་གཤེགས་པའི་དབྱངས་ནི་མཚམས་མེད་པའི་ཡན་ལག་དང་ལྡན་པའོ། །གང་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབྱངས་ཀྱང་མཐའ་མེད་པའི་དབྱངས་ཀྱི་ ཡན་ལག་དང་ལྡན་པ་ཉིད་དོ། །དེ་སྐད་དུ་ཡང་གསུངས་ཏེ། དེས་པའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་འདི་ནི་གཟུགས་ཀྱི་སྒོ་ཚད་མེད་པ་སྟོང་ཕྲག་བརྒྱ་བརྙེས་པས་ཕྱོགས་བཅུའི་གཞལ་དུ་མེད་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་ཆོས་ཉན་ཏོ། །ཐོས་པ་མི་ བརྗེད་དོ། །ཅི་ལྟར་ཐོས་པ་རྣམས་དབྱངས་ཀྱི་ཡན་ལག་གྲངས་མེད་འབུམ་ཕྲག་བཅུའི་རྗེས་སུ་འགྲོ་བའི་ཐབས་ལ་མཁས་པས་དང༌། དེ་རྙེད་པའི་སྤོབས་པ་ཚད་མེད་པའི་རྗེས་སུ་འགྲོ་བའི་རྣམ་པར་འབྱེད་པའི་སྒོ་ནས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམ་ཐམས་ཅད་དུ་མོས་པ་དང་བསམ་པ་དང་མོས་པ་ ཅི་ལྟ་བ་བཞིན་དུ་སྤྲོ་བར་བྱེད་དོ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །པཎྚི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་དེ་བཞིན་གཤེགས་པའི་གསུང་རབ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་གཅིག་པའོ། །དེ་བཞིན་ གཤེགས་པ་འདིའི་སེམས་འདྲེན་པའི་ཐབས་ལ་མཁས་པ་རྣམ་པ་མང་སྟེ། འདི་ལྟ་སྟེ། དེ་བཞིན་དུ་བསྟན་བཅོས་ལས། རྣམ་ཀུན་མངོན་རྫོགས་རྟོག་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས་གསུངས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་ སངས་རྒྱས་ཡེ་ཤེས་རྣམ་པར་ཐར་པ་ཐབས་ལ་མཁས་པའི་ལས་ནི། བྱེ་བ་བརྒྱའི་འཛམ་བུ་གླིང་རྣམས་སུ་ཅིག་ཅར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་སོ། །དེ་ལ་ཐབས་ལ་མཁས་པ་ནི་གཙོ་བོར་སྟོང་ཉིད་སྙིང་རྗེ་དག་གམ་དེ་ལས་སྐྱེས་པའི་ལས་ངེས་པའོ། །འདི་ལྟ་སྟེ། མི་ཁོམ་པ་ནས་འོངས་པ་ཉིད་དང་བདག་ཅག་རྣམས་ཀྱི་དོན་དུ་མ་ཡིན་ཞེས་པ་མི་རྣམས་ཀྱི་རི་མོར་བྱ་བ་ཆེན་པོ་མ་ཡིན་པ་ཡོངས་སུ་སྤང་བའི་དོན་དུ་གཟུགས་དང་གཟུགས་མེད་པ་དག་ཏུ་སྐྱེ་བ་རྣམ་པར་སྤངས་ཏེ་དགའ་ལྡན་དུ་སྐྱེ་བ་བསྟན་པར་འགྱུར་རོ། །རིགས་མཉམ་པའི་སེམས་ཅན་ རྣམས་སྤྲོ་བ་བསྐྱེད་པའི་དོན་དུ་མངལ་དུ་གནས་པ་བསྟན་པ་ཉིད་དོ། །གཞན་ལ་རག་ལས་པས་དངོས་གྲུབ་མ་ཡིན་ནོ་ཞེས་སྐྱེས་བུ་བྱེད་པ་ཡང་དག་པར་སྦྱར་བའི་དོན་དུ་སངས་རྒྱས་གཞན་གྱི་གདམས་ངག་མེད་པར་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་ཏོ། །རྟེན་ཅིང་འབྲེལ་ བར་འབྱུང་བ་ངེས་པར་རྟོགས་པ་རྣམ་ཐུན་མོང་མ་ཡིན་པ་ཉིད་ཡོངས་སུ་གསལ་བར་བྱ་བའི་དོན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་གནས་པས་རྣམ་པར་གནས་སོ། །བདག་ཉིད་ཆོས་དགའ་བའི་བདེ་བ་ཆེན་པོ་སྐྱེད་པར་གསལ་བར་བྱ་བའི་དོན་དུ་གཞན་ཆེད་དུ་མངོན་པར་ རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་མོའུ་ནེས་བསྐྱེལ་[*BA SKYEL?] ལོ། །ཡང་དེ་ནི་ཆོས་དགའ་བའི་བདེ་བ་ཆེན་པོ་བསྐྱེད་པ་རྣམས་དེ་ཡང་དེ་ལྟ་བུའི་ཆོས་དགའ་བ་སྤངས་ནས་ཡང་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས་ཆོས་སྟོན་པར་བྱེད་དོ་ཞེས་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ ལ་དགའ་བ་དང་གུས་པ་ཡང་དག་པར་འཕེལ་བར་བྱ་བའི་དོན་དུ་དང༌། ཆོས་ཉན་པའི་དོན་དུ་ཡོངས་སུ་སྲེད་པ་རྣམས་ཆོས་ལ་གུས་པར་བྱ་བའི་དོན་དུ་དེའི་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཆོས་སྟོན་པའི་དོན་དུ་ཚངས་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་བསྐུལ་བ་བཏབ་བོ། ། ཁ་ཅིག་ཏུ་བཅོམ་ལྡན་འདས་རང་གིས་སྟོན་པར་འདོད་པ་དག་བསྟན་པའི་དོན་དུ་མ་བསྐུལ་བར་ཆོས་སྟོན་པར་རྩོམ་སྟེ། གཞན་དུ་ན་འཇིག་རྟེན་རྣམས་ཀྱི་སྟོན་པར་འདོད་པ་ཉིད་ནི་མི་ཤེས་སོ། །རེས་འགའ་ཡང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ། རེས་དགའ་ཡང་སྐུའི་ཕྱག་གིས། རེས་དགའ་ཚེ་དག་གིས་ རེས་འགའི་ཚེ་ཡིད་ཀྱིས། རེས་དགའ་གསུམ་གྱིས་ཀྱང་ཆོས་སྟོན་པར་བྱིན་གྱིས་རློབ་པ་ཉིད་དེ། དེ་དང་དེའི་རིགས་ཅན་སེམས་ཅན་རྣམས་སྤྲོ་བ་འཕེལ་བར་བྱ་བའི་དོན་དུའོ། །བྱེ་བྲག་གི་ལས་ཀྱི་དོན་དུ་འོད་ཟེར་བཅས་པའི་ཆོ་འཕྲུལ་བསྐུལ་བ་འདེབས་པ་དང་སྟོན་པར་བྱེད་དོ། །དེ་ཡང་དེ་བཞིན་གཤེགས་ པའི་འོད་ཟེར་དེ་ནི་ལས་བརྒྱད་ལྡན་དང་ལུས་གཉིས་ལྡན་ནོ། །དེ་ལ་ལས་བརྒྱད་ནི། འདི་ལྟ་སྟེ། འོད་ཟེར་དག་གིས་རེག་པའི་བྱང་ཆུབ་སེམས་དཔའ་དག་གིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལས་སྐྱེས་པའི་སྟོབས་ལ་གཟིགས་པར་བྱེད་པ་དེ་ཡང་དག་པར་བསྐུལ་བའི་ལས་ཅན་གྱི་འོད་ཟེར་ རོ༑ །གང་འཇིག་རྟེན་ཁམས་གྲངས་མེད་སྤྲོ་བ་དང༌། འོད་འདོམ་གང་ཙམ་དུ་སྡུད་པ་དེ་ནི་སྤྲོ་བ་དང་སྡུག་པའི་ལས་ཅན་དང༌། འཁོར་འོད་ཟེར་གྲངས་མེད་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྒྱུའི་ལས་ཅན་དང༌། འཇིག་རྟེན་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང༌། དེས་བྱིན་གྱིས་བརླབས་པའི་བྱང་ཆུབ་ སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཡང་དག་པར་སྟོན་པས་ཀུན་དུ་ཡང་དག་པར་སྟོན་པའི་ལས་ཅན་དང༌། ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའི་ལས་ཅན་དང༌། བདུད་ཀྱི་ཡུལ་ཐམས་ཅད་དུ་འོད་ཟེར་གྱིས་མོག་མོག་པོར་བྱེད་པས་ཟིལ་གྱིས་གནོན་པའི་ལས་ཅན་ དང༑ བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ནུས་པ་སྟོན་པར་བྱེད་པས་འཇུག་པར་བྱེད་པའི་ལས་ཅན་དང༌། ཚིགས་སུ་བཅད་པའི་སྒྲ་འབྱིན་པས་བསྐུལ་བ་འདེབས་པའི་ལས་ཅན་དང༌། གང་གི་ཚེ་འོད་ཟེར་དེ་འཇིག་རྟེན་ཁམས་གཞན་དུ་སྤྲོས་པ་དེའི་ཚེ་སྐར་མདའ་ལྟ་བུའི་ལུས་དང༌། གང་གི་ཚེ་སྤྲིན་ ཐུག་པོ་དྲ་བ་ཁང་བུ་བརྩེགས་པ་ལྟ་བུར་རྣམ་པར་གནས་པར་རབ་ཏུ་འཕྲོ་བ་གཅིག་གིས་ཐམས་ཅད་རྣམ་པར་སང་བར་བྱེད་པ་དེའི་ཚེ་ཉི་མ་ལྟ་བུའི་ལུས་སོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་འདས་པའི་ལས་རྣམས་ལུང་བསྟན་པར་འདོད་པར་གྱུར་བ་དེའི་ཚེ་འོད་ཟེར་བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ནུབ་ པར་འགྱུར་རོ། །གང་གི་ཚེ་མ་འོངས་པ་མདུན་དུའོ། །གང་གི་ཚེ་དམྱལ་བར་སྐྱེ་བ་དེའི་ཚེ་ཞབས་ཀྱི་མཐིལ་དུའོ། །གང་གི་ཚེ་དུད་འགྲོར་སྐྱེ་བ་དེའི་ཚེ་ཞབས་ཀྱི་རྟིང་པ་ལའོ། །གང་གི་ཚེ་ཡི་དྭགས་སུ་སྐྱེ་བ་དེའི་ཚེ་རྐང་པའི་མཐེ་བ་ཆེན་ལའོ། །གང་གི་ཚེ་མིར་སྐྱེ་བ་དེའི་ཚེ་པུས་མོ་ལའོ། །སྟོབས་ཀྱི་འཁོར་ ༄༅། །ལོས་སྒྱུར་བའི་རྒྱལ་པོ་ལ་ནི་ཕྱག་གཡོན་པ་ལའོ། །འཁོར་ལོས་སྒྱུར་བ་ལ་ནི་ཕྱག་གཡས་པ་ལའོ། །ལྷར་སྐྱེ་བ་ནི་ལྟ་བར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ནི་ཞལ་དུའོ། །རང་རྒྱལ་བྱང་ཆུབ་ནི་མཛོད་སྤུ་ལའོ། །བླ་ན་མེད་པ་ཡང་དར་པར་རྫོགས་པའི་བྱང་ཆུབ་ནི་ གཙུག་ཏོར་དུའོ་ཞེས་སོ། །འཕགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཕན་འདོགས་པ་ལ་འཇུག་པའི་སྤྱོད་ལམ་བཞི་སྟོན་པ་དང་སྙོམས་པར་འཇུག་པ་དང་ནད་དུ་ཡང་དག་འཇོག་སྟེ། གནས་པ་བཞིས་འོག་ནས་བཤད་པས་གནས་པའོ། །སྔོན་དུ་བཤད་པ་བཞིན་དུ་ལན་ གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །འདི་ཙམ་ཉིད་འགྲོ་བའི་དོན་ཕུན་སུམ་ཚོགས་པའོ་ཞེས་ཤེས་པར་འདོད་ནས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་རབ་ཏུ་བསྟན་པ་ལས། ཕྱི་དལ་བྱེད་པའི་སེམས་ཅན་རྣམས་རིངས་པར་བྱ་བའི་དོན་དུ་མྱ་ངན་ལས་ འདའ་བར་ཉེ་བར་བགྲོད་པ་བསྟན་ཏོ། །གང་ལས་འཇིག་རྟེན་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བ་བཞིན་སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཆད་དུ་སྣ་ཚོགས་པ་གཞལ་དུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཐབས་ཀྱིས་རྒྱུད་གཅིག་ཏུ་གཞན་ལ་ཕན་འདོགས་པ། རང་དང་སྤྱིའི་ མཚན་ཉིད་ཀྱི་ཡུལ་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་རྟེན་ཡིན་པས་སྤྲུལ་པའི་སྐུའོ། །དེ་ནི་ཡང་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ལུས་ཀྱི་སྤྲུལ་པ་དང༌། ངག་གི་སྤྲུལ་པ་དང༌། ཡིད་ཀྱི་སྤྲུལ་པའོ། །དེ་ལ་དང་པོ་ནི་གསུམ་སྟེ། འདི་ལྟ་སྟེ། རྫུ་འཕྲུལ་ཀུན་དུ་སྟོན་པ་དང༌། སྐྱེ་བ་ཀུན་དུ་སྟོན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་ཀུན་དུ་སྟོན་པའོ། །དེ་ལ་རྫུ་འཕྲུལ་ཀུན་དུ་སྟོན་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དེ་གང་མངོན་དུ་བྱས་ནས་གདུལ་བྱ་རྣམས་རབ་ཏུ་དང་བསྐྱེད་པར་བྱེད་པ་སྟེ། ལྟེང་རྒྱས་འོད་ སྲུངས་ལ་སོགས་པ་བཞིན་དུ་གདུལ་བྱ་རྣམས་འཇུག་པར་བྱེད་པ་དེ་ནི་རྫུན་འཕྲུལ་གྱི་ཆོ་འཕྲུལ་ལོ། །གང་གིས་དགེ་བའི་རྩ་བ་རྒྱས་པར་བྱས་པ་ལས་སུ་རུང་བ་སྐྱེད་པ་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །གང་རང་གི་གདམས་པའི་སྟོབས་ལས་འཕགས་ པའི་ལམ་སྐྱེད་པ་ཁམས་གསུམ་གྱི་གདུལ་བྱ་རྣམས་གྲོལ་བར་བྱེད་པ། འོད་ཟེར་སྒྲོ་བ་ལ་སོགས་པས་སྡུག་བསྔལ་ཉེ་བར་ཞི་བས་སྔོན་གྱི་དགེ་བའི་རྩ་བ་རྗེས་སུ་དྲན་པས་བདེ་འགྲོ་ལ་རབ་ཏུ་གནས་པར་བྱེད་པ་དེ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །ཆོ་འཕྲུལ་འདིས་གདུལ་བྱ་རྣམས་སོ་སོར་སྡུད་ ཅིང་འཛུད་པས་ཆོ་འཕྲུལ་ལོ། །ཆོ་འཕྲུལ་དེ་གསུམ་ནི་གནས་པ་བཞིས་བྱེད་དོ། །གནས་པ་ཡང་བཞི་སྟེ་འདི་ལྟ་སྟེ། སྤྱོད་ལམ་གྱི་གནས་པ་དང༌། ཆོས་སྟོན་པའི་གནས་པ་དང༌། སྙོམས་པར་འཇུག་པའི་གནས་པ་དང༌། ནང་དུ་ཡང་དག་པར་འཇོག་པ་ལ་གནས་པའོ། །དེ་ལ་སྤྱོད་ལམ་ གྱི་གནས་པ་ནི་བཞི་སྟེ། འདི་ལྟ་སྟེ། བཞེངས་པ་དང༌། འཆག་པ་དང༌། བཞུས་པ་དང༌། གཟིམས་པའོ། །ངག་གི་ལས་ཐམས་ཅད་ཆོས་སྟོན་པའི་གནས་པའོ། །གང་ལ་རང་བཞིན་མཉམ་པར་གཞག་པའི་ཡིད་དང་གང་དག་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཡིད་དང༌། དེ་གཉི་ག་ནི་ སྙོམས་པར་འཇུག་པའི་གནས་པའོ། །དེ་སངས་རྒྱས་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་གཟིགས་པ་དང་ལྷ་ལ་སོགས་པ་ཉེ་བར་འདུ་བ་དག་ཏུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་ཀྱི་ལས་དེ་གཉི་ག་ནི་ནང་དུ་ཡང་དག་འཇོག་གོ་གནས་སོ། །དེ་བཞིན་གཤེགས་པ་ནི་ཅིག་ཅར་དུ་ འཇིག་རྟེན་ཁམས་ཐམས་ཅད་དུ་སྐྱེ་གནས་ཉེ་བར་སྟོན་པ་ནི་སྐྱེ་བ་ཀུན་དུ་སྟོན་པའོ། །དེ་བཞིན་གཤེགས་པ་ཡང་རང་གིས་བྱས་པའི་ལས་དགེ་བ་དང༌། མི་དགེ་བདག་གིས་འབྲས་བུ་འདོད་པ་དང་མི་འདོད་པ་དག་རང་ཉིད་ལོངས་སྤྱོད་པ་ནི་ལས་བཅུ་དྲུག་སླུ་ཏི་བཞིན་དུ་སྟོན་པར་བྱེད་པ་འདི་ན་ལས་ཀྱི་རྣམ་ པར་སྨིན་པ་བསྟན་ཏོ། །ལས་སླུ་ཏི་ནི་བཅུ་དྲུག་སྟེ། འདི་ལྟ་སྟེ། བཅོམ་ལྡན་འདས་པད་མའི་རྩ་ལ་བཞེས་པའི་གཡོན་ཅན་དུ་གྱུར་པས་རང་སངས་རྒྱས་དྲི་མཛེས་ལྡན་མས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གནོན་གྱི་ཉན་ཐོས་དགའ་བ་ ཞེས་བྱ་བ་ལ་སྐུར་བ་བཏབ་པས་བྲམ་ཟེ་མོ་ཙེ་ན་ཞེས་བྱ་བས་བཅོམ་ལྡན་འདས་ལ་སྐུར་བ་བཏབ་པོ། །བཅོམ་ལྡན་འདས་བྲམ་ཟེར་གྱུར་པ་ན་དྲང་སྲོང་འཇིགས་བྱེད་ཞེས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལ་སྐུར་བས་གཞན་མཛེས་ལྡན་མས་སྐུར་པ་བཏབ་པོ། །མ་གཅིག་མིན་ ༄༅། །པའི་སྤུན་རྡོ་བས་བསྣུར་བས་ལྷ་སྦྱིན་གྱིས་འཕངས་པའི་རྡོ་བའི་དུམ་བུ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེབ་ཆེན་ལ་ཕོག་གོ། །བཅོམ་ལྡན་འདས་ཁྱེ་འུར་གྱུར་པས་རང་སངས་རྒྱས་རྡོ་གསེག་གི་བརྡུངས་པས་བཅོམ་ལྡན་འདས་སྤ་མའི་ཚེར་མ་ལ་ཉལ་བ་དང༌། བཅོམ་ལྡན་འདས་གླང་པོ་ཆེའི་ཁ་ལོ་བར་གྱུར་པས་རང་སངས་རྒྱས་ཀྱི་ལམ་གླང་པོ་ཆེས་བཀག་པས་གླང་པོ་ཆེ་ནོར་སྐྱོན་ཁྲོས་ནས་དེ་བཞིན་གཤེགས་པའི་ཐ་དད་དུ་བརྒྱུགས་སོ། །བཅོམ་ལྡན་འདས་རྒྱལ་པོར་གྱུར་པ་ན་མཚོན་གྱིས་སྐྱེས་བུ་ལ་བརྒྱབ་པས་བཅོམ་ལྡན་ འདས་ཞབས་བསྙུང་ངོ༌། །བཅོམ་ལྡན་འདས་ཉ་བའི་ཁྱེའུར་གྱུར་པ་ན་ཉ་པ་གཞན་གྱི་ཁྱེའུ་དག་གིས་ཉ་བསད་པ་ལ་ཡིད་དགའ་བ་བྱས་པས། ཤཱཀྱ་རྣམས་བསད་པའི་ཉི་མ་ལ་བཅོམ་ལྡན་འདས་དབུ་བསྙུད་དོ་[*SNYUNG NGO?]། །དེ་བཞིན་གཤེགས་པ་བུ་སའི་ཉན་ཐོས་ལ་ནས་ཟོ་ཞིག་སྲན་ ཆུང་ཟོ་ཞིང་ཅེས་པ་ལ་སོགས་པ་དན་སྨྲས་པས་བཅོམ་ལྡན་འདས་བཻ་རྙྫའི་དྲུད་དུ་ཟླ་བ་གསུམ་དུ་ནས་གསོལ་ལོ། །སྟོབས་འགྱེད་པ་ན་གྱད་སྟོབས་ལྡན་གཞན་གྱི་ཚིགས་པ་བཅག་པས་བཅོམ་ལྡན་འདས་རྒྱབ་པ་སྙུང་བ་འབྱུང་ངོ༌། །བཅོམ་ལྡན་འདས་སྨན་པར་གྱུར་པས་ ཕྱིན་ཅི་ལོག་གི་གསོ་དཔྱད་བྱས་པས་བཅོམ་ལྡན་འདས་ལ་གྲ་ཧ་ནའི་ནད་བྱུང་ངོ༌། །བཅོམ་ལྡན་འདས་བྲམ་ཟེ་སྣང་བ་སྐྱོན་དུ་གྱུར་པས་དེ་བཞིན་གཤེགས་པ་འོད་སྲུང་ལ་དབུ་སྐྲ་བྲེགས་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་རྙེད་པར་དཀའོ་ཞེས་ངན་དུ་སྨྲས་པས་བཅོམ་ལྡན་ འདས་ལོ་དྲུག་ཏུ་དཀའ་བ་སྤྱད་དོ། །འཕགས་པ་མང་པོས་བཀུར་བའི་སྡེ་པའི་ཆོས་ལུགས་ཀྱི་བཅོམ་ལྡན་འདས་ལ་འཕར་པ་བཅུ་དྲུག་སྟེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྐྲ་བྲེགས་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་རྙེད་པར་དཀའོ་སྨྲས་པས་ ལས་གང་བྱས་པ་དེའི་རྣམ་པར་སྨིན་པ་བྱང་ཆུབ་སྨེས་དཔའ་བ་སྤྱད་དོ། །བླ་མའི་བཀའ་ལས་འདས་ནས་བྱ་བ་བྱས་པས་ལས་གང་བྱས་པ་དེས་དགེ་སློན་ལྔ་སྡེ་རྣམས་ཀྱིས་སྟོན་པ་སྤང་བར་བྱས་སོ། །རང་སངས་རྒྱས་ལ་ཚིག་རྩུབ་མོ་སྨྲས་པས་ལས་གང་བྱས་པ་དེས་བྲམ་ ཟེ་བྷར་དྷྭ་ཛས་སངས་རྒྱས་ལ་ཚིག་རྩུབ་པོ་སྨྲས་སོ། །དྲང་སྲོང་གང་གིས་ཡང་སློབ་མའི་ཚོགས་དབྱེ་བ་བྱས་པས་ལས་གང་བྱས་པ་དེས་གྲོང་ཁྱེར་ཀོ་ཤཱ་པ་རུ་དགེ་འདུན་འབྱེད་པ་བྱུང་ངོ༌། །བཅོམ་ལྡན་འདས་སྨན་ཆེན་པོར་གྱུར་པས་འགྲན་ཟླའི་རྒྱལ་པོ་འབྱེད་པར་བྱས་པས་ལས་གང་བྱས་པ་དེས་ལྷས་སྦྱིན་གྱིས་དགེ་འདུན་ འབྱེད་པ་བྱས་སོ། །རང་སངས་རྒྱས་སྐྲག་པར་བྱ་འདོད་ནས་གླང་པོ་ཆེ་སྨྱོན་པ་བཏང་བས་ལས་གང་བྱས་པ་དེས་གླང་པོ་ཆེ་ནོར་སྐྱོང་སངས་རྒྱས་ཀྱི་ཐད་དུ་བརྒྱུགས་སོ། །ནོར་གྱི་དོན་དུ་གྲོགས་ཀྱིས་མ་གཞན་སྤུན་བསད་པས་ལས་གང་བྱས་པ་དེས་རྒྱལ་པོའི་ཁབ་ཏུ་ལྷ་སྦྱིན་གྱིས་སངས་རྒྱས་སྟེང་དུ་རྡོ་འཕངས་སོ།། འཕེན་པའི་མདུད་ཐུང་གིས་ཀྱེས་བུ་བསད་པས་ལས་བྱས་པ་དེས་བཅོམ་ལྡན་འདས་ཀྱི་ཞབས་ལས་ཁྲག་བྱུང་ངོ༌། །ཁྲོས་ནས་དེ་བཞིན་གཤེགས་པའི་དབང་དུ་བྱས་ཏེ་འདི་ནི་ནས་ཟ་བར་འོས་པའོ་ཞེས་སྨྲས་པས་བྱས་པའི་ལས་གང་དེས་པཻ་རཉྗའི་གྲོད་དུ་དབྱར་ཚོར་གྱི་དུས་སུ་ཟླ་བ་གསུམ་དུ་བཅོམ་ལྡན་ འདས་ནས་ཀྱི་བཟའ་བ་གསོལ་ལོ། །རང་སངས་རྒྱས་དགའ་ཞེས་པ་ལ་སྐུར་པ་བཏབ་པས་ལས་གང་བྱས་པ་དེས་བྲམ་ཟེ་མོ་ཙན་ཙས་བརྫུན་གྱིས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་པོ། །སྨད་འཚོད་མ་བསད་ནས་དེའི་རྒྱན་རྣམས་རྒྱལ་བའི་གནས་སུ་བསྐོས་ནས་བཞག་པས་ལས་གང་བྱས་པ་དེས་བཅོམ་ ལྡན་འདས་མཛེས་ལྡན་ནས་སྐུར་ཏོ། །བསོད་སྙོམས་ལ་རྒྱུ་བའི་རང་སངས་རྒྱས་ཀྱི་ལྷུང་བཟེད་སྤས་པས་ལས་གང་བྱས་པ་དེས་ཤཱ་ལའི་གྲོང་དུ་བཅོམ་ལྡན་འདས་བསོད་སྙོམས་མ་རྙེད་པས་ལྷུང་བཟེད་སྟོང་པར་གྱུར་ཏོ། །བཅོམ་ལྡན་འདས་གྱད་སྟོབས་ལྡན་དུ་གྱུར་པས་སྟོབས་འགྱེད་པ་སྟོབས་ ལྡན་གྱད་གཞན་ཚིགས་པ་བཅོམ་པས་ལས་གང་བྱས་པ་དེས་བཅོམ་ལྡན་འདས་རྒྱབ་ཏུ་སྡུག་བསྔལ་འབྱུང་ངོ༌། །བཅོམ་ལྡན་འདས་སྨན་པར་གྱུར་པ་ན་ཁྲོས་ནས་ནད་པ་ལ་སྨན་ཕྱིན་ཅི་ལོག་བྱིན་ནས་འཁྲུགས་པར་བྱས་པས་ལས་གང་བྱས་པ་དེས་བཅོམ་ལྡན་འདས་བྱིང་བ་ཅན་གྱི་ནད་སྐྱེས་ སོ༑ །དེ་ཉིད་ཀྱིས་བཅོམ་ལྡན་འདས་ཤིན་ཏུ་འབྱང་བ་བྱུང་ངོ༌། །བཅོམ་ལྡན་འདས་མིའི་རྒྱལ་པོར་གྱུར་པས་ཉའི་ཚོགས་གསོད་པའི་སྣང་བ་མི་རྣམས་ལ་བྱས་པ་དེས་ཤྰྐྱའི་རིགས་བསད་པ་དེའི་ཉིན་མོ་བཅོམ་ལྡན་འདས་དབུ་ལ་ཚོར་བ་དྲག་པོ་སྐྱེས་སོ། །ལས་འདི་འབྲས་བུ་སྡུག་ ༄༅། །བསྔལ་ནི། །ངན་སོང་རྣམས་སུ་མང་མྱོང་འགྱུར། །ལས་དང་རྗེས་འབྲེལ་འབྲས་བུ་ནི། མྱོང་བའི་ལྷག་མ་ཙམ་ཤེས་བྱ། །ཞེས་སོ། །གདུལ་བྱ་རྣམས་དྲང་བའི་དོན་དུ་དཀའ་སྤྱོད་པ་བསྟན་པ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་ཙམ་གྱིས་དག་པར་ འགྱུར་བ་མ་ཡིན་ཏེ། ཡེ་ཤེས་ཉིད་ཀྱིས་དག་པར་རིག་པར་བྱ་བའི་དོན་དུ་ཡང༌། དགེ་སློང་མགོ་ཟླུམ་ལ་བྱང་ཆུབ་ག་ལ་ཡོད་དེ་བྱང་ཆུབ་ནི་ཤིན་ཏུ་འཐོབ་པར་དཀའ་བའོ་ཞེས་ངག་གི་ལས་ངན་པ་དེའི་འབྲས་བུ་སྤྱོད་པ་དཀའོ་ཞེས་གདུལ་བྱ་རྣམས་ཀྱི་དག་གི་ཉེས་པར་སྤྱོད་པ་ རྣམས་བཟློག་པར་བྱ་བའི་དོན་དེ་བཞིན་གཤེགས་པས་དཀའ་བ་སྤྱོད་པ་བསྟན་ཏོ། །ལུས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་གཉིས་ཏེ། རང་ལུས་དང་འབྲེལ་པ་དང༌། གཞན་ལུས་ཀྱི་འབྲེལ་པའོ། །དེ་ལའང་ལུས་དང་འབྲེལ་པ་འདི་ལུས་ཀྱི་སྤྲུལ་པ་ནི་འཁོར་ལོས་སྒྱུར་བ་ལ་ སོགས་པའི་གཟུགས་སུ་སྟོན་པའོ། །འདི་ལྟ་སྟེ། གྲོང་ཁྱེར་མཉན་ཡོད་དུ་ཀ་པི་ཎའི་རྒྱལ་པོ་གདུལ་བར་བྱ་བའི་དོན་དུ་བདག་ཅག་གི་སྟོན་པ་འཁོར་ལོས་སྒྱུར་བའི་གཟུགས་བཟུང་སྟེ། རྒྱན་ཀྱང་བཅངས་གཞུ་ཡང་གཟུང་བ་ཉིད་དུ། དེའི་འཁོར་དགྲ་བཅོམ་པ་ཆེན་པོ་ཐམས་ཅད་ ཀྱིས་ཆ་འོག་གི་རྒྱལ་ཕྲན་དང་བློན་པོ་ཆེན་པོའི་གཟུགས་ལ་སོགས་པ་རྣམ་པ་དུ་མའི་རྒྱན་རྣམས་རབ་ཏུ་བྱུང་བ་ལ་བཀག་པ་རྣམས་གཟུང་བ་ཉིད་དོ་ཞེས་པ་ལ་སོགས་པ་མཐའ་མེད་པའི་ལུས་ཀྱི་སྤྲུལ་པ་དེ་བཞིན་གཤེས་པ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཆེན་པོ་རྣམས་རིག་པར་བྱའོ།། གཞན་ཡང་འགའ་ཞིག་ཏུ་གདུལ་བྱ་ཡོད་པའི་ཡུལ་དུ་གཤེགས་ནས་དང༌། འགའ་ཞིག་ཏུ་གདུལ་བྱ་རྣམས་རང་གི་ཡུལ་དུ་བླངས་ནས་དང༌། འགའ་ཞིག་ཏུ་ཡུལ་གཅིག་ཏུ་གནས་པའི་སྐུ་ཕྱོགས་ཐམས་ཅད་དུ་འཇིག་རྟེན་ཁམས་ཐམས་ཅད་དུ་བདག་གི་དངོས་པོ་ལ་ སོགས་པ་བསྟན་པས་གདུལ་བྱ་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་རྟོག་པ་རྣམས་དབེན་པ་བྱེད་དོ། །བག་མེད་པ་རྣམས་བག་ཡོད་པའི་གནས་སུ་རྣམ་པར་བཞག་པས་དེའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་དོ། །ཅི་ལྟར་བདག་ཅག་གི་སྟོན་པས་དགའ་བོ་དང་སོར་མོའི་ཕྲེང་བ་ དང་མ་སྐྱེས་དགྲ་དང་བཟོད་པ་ལ་སོགས་པའོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པའི་བདག་ལྟ་བུ་ཅི་སྨོས་སོ། །དེ་རྣམས་ལ་འགྲོལ་བ་འདོད་པས་དད་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །གཞན་ ལུས་དང་འབྲེལ་པའི་ལུས་ཀྱི་སྤྲུལ་པ་ནི། བདུད་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་སྐུར་སྟོན་པའོ། །མ་འབྲེལ་པའི་ལུས་ཀྱི་སྤུལ་པ་ནི་ས་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལ་སོགས་པའི་གཟུགས་སུ་སྟོན་པ་དང༌། གང་ཡང་གཞན་དུ་མེད་པའི་སངས་རྒྱས་ཀྱི་ གཟུགས་སྟོན་པ་དང༌། གང་འོད་ཟེར་སྤྲོས་པས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང༌། གང་ཡང་སྐྱེ་བ་རྣམས་སྟོན་པའོ། །རང་ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། གང་ཚངས་པའི་དབྱངས་ཀྱིས་འཇིག་རྟེན་ཁམས་མཐའ་མེད་པ་རྣམས་སུ་གོ་བར་བྱེད་པའོ། །གཞན་ ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། གང་གི་ཉན་ཐོས་ལ་སོགས་པ་རྣམས་གཏིང་དཔག་དཀའ་བའི་ཆོས་རྣམས་ཀྱང་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་སྟོན་པར་བྱེད་དོ། །ཅི་ལྟར་འཕགས་པ་རབ་འབྱོར་ལ་སོགས་པའོ། །གཞན་ལུས་དང་འབྲེལ་པ་དག་གི་སྤྲུལ་པ་ནི། སིལ་ སྙན་ཐམས་ཅད་ཀྱི་རྣམ་པ་ལས་དང༌། གཟུགས་སུ་སྣང་བ་ཐམས་ཅད་ལས་དང༌། ནམ་མཁའ་ལས་ཀྱང་ཆོས་སྟོན་པའི་སྒྲ་འབྱུང་ངོ༌། །རང་ལུས་དང་འབྲེལ་པའི་སེམས་ཀྱི་སྤྲུལ་པ་ནི། གང་བདག་ཉིད་ཀྱི་ཆོས་ཐམས་ཅད་མངོན་པར་རྟོག་སྤའོ། །གཞན་དང་འབྲེལ་པའི་ སེམས་ཀྱི་སྤྲུལ་པ་ནི། གང་ཕ་རོལ་གྱི་སེམས་ཀྱང་དེ་བཞིན་གཤེགས་པས་ཚར་གཅོད་པ་སྟེ། གང་གིས་ཤེས་རབ་ཆུང་བ་རྣམས་ཀྱང་ཕ་མོའི་ཆོས་ཀྱང་བརྙེས་པས་སོ། །དྲན་པ་སྟོར་བ་རྣམས་དྲན་པ་རྙེད་དོ་ཞེས་པ་ལ་སོགས་པ་རྒྱས་པར་རོ། །སངས་རྒྱས་སྤྲུལ་ པ་དེ་རྣམས་ནི་རྣམ་པ་ཐམས་ཅད་དུས་ཐམས་ཅད་དུ་རྗེས་སུ་འགྲོ་བ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །བྱ་བ་སྤྱོད་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་དང༌། ཞིང་དབྱེ་བས་བསམ་གྱིས་མི་ཁྱབ་པས་སོ། །སེམས་ཅན་དོན་བྱ་བ་རྒྱུན་མི་འཆད་པར་འཇུག་པས་བསམ་ ༄༅། །གྱིས་མི་ཁྱབ་པས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་ཐབས་ལ་མཁས་པ་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་གཉིས་པའོ།། །།ཐུགས་རྗེ་ཆེན་པོ་ཅན་དེ་བཞིན་གཤེགས་པ་འདིའི་བསྐལ་པ་གྲངས་མེད་མཚམས་ ཚིགས་མེད་པར་དཀའ་བ་སྤྱད་ནས་ཡང་དག་པར་རྙེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་རིན་པོ་ཆེའི་གཞན་ལ་ཕན་འདོགས་པ་ཚད་མེད་པ་དང་རབ་ཏུ་ལྡན་པ་གསུངས་རབ་ནི་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེ་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པ་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བ་དང༌། གཏན་ལ་ཕབ་པའོ། །དེ་ལ་ཚིག་རྐྱང་ལྷུག་གིས་དོན་མདོར་བརྗོད་པ་དེ་ནི་མདོའོ། །གང་མདོ་ཉིད་བར་དང་ཐ་མ་དག་ཏུ་ཚིགས་སུ་བཅད་པས་དབྱངས་ སུ་བསྙད་པ་དང༌། གང་དག་བགྲང་བྱ་བའི་དོན་མདོར་བསྟན་པ་ཤེས་པས་བརྟག་པར་བྱ་བ་གཞན་ཡོད་པ་དེ་ནི་དབྱངས་ཀྱིས་བསྙད་པའོ། །གང་དུ་ཉན་ཐོས་ལ་སོགས་པ་དང༌། འདས་པ་ལ་སོགས་པ་དང༌། སྐྱེ་བ་ལ་སོགས་པ་ལུང་སྟོན་པར་བྱེད་པ་དང༌། གང་དག་དོན་ངེས་པར་བསྟན་པ་ནི་དཔེ་བྱེ་བྲག་ཏུ་དགོངས་པ་བཤད་ པས་དེ་ནི་ལུང་དུ་བསྟན་པའོ། །གང་ཚིགས་སྦྱར་བས་གསུངས་པ་དེ་ནི་ཚིགས་སུ་བཅད་པའོ། །དེ་ཡང་ཚིགས་བཅད་རྐང་པ་གཉིས་པ་དང༌། རྐང་པ་གསུམ་དང༌། རྐང་པ་བཞི་བ་དང༌། རྐང་པ་ལྔ་པ་དང༌། རྐང་པ་དྲུག་པ་རྣམས་སོ། །ཡང་ཐུགས་དགྱེས་ནས་ཆེད་དུ་གསུངས་པ་དེ་ནི་ཆེད་དུ་བརྗོད་པའོ། །གང་ ཅུང་ཟད་གཞིར་བྱས་ནས་གསུངས་པ་དེ་ནི་གླེང་གཞིའི་སྡེའོ། །གང་དཔེ་དང་བཅས་ནས་གསུངས་པ་དེ་ནི་རྟོགས་པ་བརྗོད་པའོ། །གང་སྔོན་སྦྱོར་བ་རབ་ཏུ་ལྡན་པ་དེ་ནི་དེ་ལྟ་བུ་བྱུང་བའི་སྡེའོ། །གང་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་ལྡན་པ་དེ་ནི་སྐྱེས་པའི་རབས་སོ། །གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལྡན་པ་དེ་ནི་སེམས་ཅན་ ཐམས་ཅད་ལ་ཕན་པ་དང༌། བདེ་བ་བྱིན་གྱིས་བརླབས་པ་ཅན་ཡིན་པས་ཤིན་ཏུ་རྒྱས་པའོ། །གང་ཉན་ཐོས་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པ་དེ་ནི་རྨད་དུ་བྱུང་བའི་ཆོས་སོ། །གང་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་བརྗོད་པ་དེ་ནི་གཏན་ལ་ཕབ་པའོ། །ཡང་དེ་ བཞིན་གཤེགས་པའི་གསུང་རབ་ཡན་ལག་དགུ་སྟེ། འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། སྐྱེས་པ་རབས་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། ཚིགས་སུ་བཅད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། རྣམ་པར་ངེས་པའི་གཏམ་མོ། །མདོའི་སྡེ་ལ་སོགས་པ་དེ་རྣམས་ནི་མདོར་བསྡུ་ན་སྡེ་སྣོད་ གསུམ་དུ་འགྱུར་རོ། །དེ་ལ་གང་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་དང་ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་འདི་རྣམས་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གང་གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་བྱུང་བ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །དེ་ལ་གླེང་གཞིའི་སྡེ་ནི་ འཐད་པ་དང་ལྡན་པའི་བསླབ་པ་བཅས་སྤ་གསུངས་པ་བསྡུས་པ་ནི་འདུལ་བའི་སྡེ་སྣོད་དོ། །རྟོགས་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ། །གང་ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་འདི་ནི་བྱང་ཆུབ་སྨེས་དཔའི་སྡེ་སྣོད་དོ། །གཏན་ལ་ཕབ་པ་ནི་ཉན་ཐོས་དང་བྱང་ཆུབ་སྨེས་དཔའ་གཉི་གའི་མངོན་ པའི་སྡེ་སྣོད་དོ། །སྡེ་སྣོད་གསུམ་པོ་དེ་རྣམས་ཉིད་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིད་དང་བཞི་སྟོང་དུ་འགྱུར་ཏེ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་དང་བཞི་སྟོང་གི་སེམས་ཀྱི་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཅི་སྲིད་ཀྱིས་ཡོངས་སུ་རྫོགས་པ་དེ་སྲིད་ཀྱི་གསུང་ནི་ཆོས་ཀྱི་ཕུང་པོ་ཞེས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ ཅུ་སྟེ་གཞུང་བྱེ་བྲག་ཕྲག་བརྒྱད་དང་གཞུང་འབུམ་ཕྲག་བཞི་བཅུ་ཐམ་པར་འགྱུར་རོ་ཞེ་མངོན་པ་ཀུན་ལས་བཏུས་པ་ལས་སོ། །ཆོས་མངོན་པར་མཛོད་ལས། །ཐུབ་པས་ཆོས་ཀྱི་ཕུང་པོ་ནི། །སྟོང་ཕྲག་བརྒྱད་ཅུ་གསུངས་པ་གང༌། །ཞེས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ནི་ཆོས་ཀྱི་ཕུང་པོ་ཚད་ནི་འདི་སྲིད་ཅིག་གསུངས་ ཏེ༑ ཆོས་ཀྱི་ཕུང་པོ་ཞེས་པའི་མིད་ཅན་མངོན་པའི་བསྟན་བཅོས་ཀྱི་ཚད་ནི་ཆོས་ཀྱི་ཕུང་པོའི་ཚད་དོ་ཞེས་སོ། །དེ་ནི་སྟོང་ཕྲག་དྲུག་གོ། །ཡང་གཞན་དག་སྨྲ་བ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བདེན་པ། ཟས་བསམ་གཏན་ཚད་མེད་པ་གཟུགས་མེད་རྣམ་པར་ཐར་ཟིལ་གནོན་ཐད་པར་བྱང་ཆུབ་ཕྱོགས་མདོན་[*MNGON?] པར་ཤེས་པ་སོ་སོར་ཡང་དག་པར་རིག་པ་སྨོན་ལམ་ཡེ་ཤེས་ཉོན་མོངས་མེད་པ་ལ་སོགས་པ་བཤད་པ་སོ་སོར་ཆོས་ཀྱི་ཕུང་པོ་ཞེས་སོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ལ་སོགས་པ་སྤྱོད་པའི་དབྱེ་བས་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་དེ་རྣམས་ཀྱི་གཉེན་པོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ ༄༅། །ཅུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་སོ། །བསྟན་བཅོས་ཚད་ནི་གཅིག་ཡིན་ཏེ། །ཕུང་པོ་ལ་སོགས་པ་དེ་བཞིན་གཅིག །སྤྱོད་པའི་གཉེན་པོར་གྱུར་པ་རྣམས། །ཆོས་ཀྱི་ཕུང་པོར་རྗེས་སུ་བརྗོད། །ཅེས་སོ། །དེ་བཞིན་གཤེགས་པ་ལྡེམ་པོར་དགོངས་པ་བཞི་བསྟན་པ་ལ། གཞུག་པ་ལ་ ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། ཡོངས་སུ་སྒྱུར་བ་ལ་སྡེམ་པོར་དགོངས་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། བསྟན་པ་ལ་གཞུག་པའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་གཟུགས་ལ་སོགས་པ་ཡོད་པ་ ཉིད་བསྟན་པ་རིག་པར་བྱའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པ་སྐྱེ་བ་མེད་པ་བསྟན་པའི་ཕྱིར། དོན་གཞན་ལ་དགོངས་ནས་ཡོངས་སུ་བརྟགས་པ་གཞན་གྱི་དབང་ཡོངས་སུ་གྲུབ་པ་རང་བཞིན་གསུམ་དུ་རིག་པར་བྱའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། ཉེས་པ་རྣམས་ཀྱི་ རྣམ་པར་སེལ་བར་བལྟ་བར་བྱའོ། །འདི་ལྟ་སྟེ། སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཁྱེད་པར་མེད་པས་མཉམ་པ་ཉིད་ལ་དགོངས་པའི་ལྡེམ་པོར་དགོངས་པས། བདག་ཉིད་དུས་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ གཟིགས་ཞེས་བྱ་བར་གྱུར་ཏོ་ཞེས་པའོ། །ཆོས་ལ་བརྙས་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་གཱ་ཆུ་བོ་བྱེད་མ་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བ་འདི་ཙམ་གྱིས་ཐེག་པ་ཆེན་པོ་ལ་ངེས་པར་རྟོགས་པ་སྐྱེའོ་ཞེས་པའི། །འགྱེད་པའི་གཉེན་པོ་ཡང་དག་པར་གསུངས་པ། དུས་གཞན་ལ་དགོངས་ནས་གང་ ཞིག་བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་སྐྱེ་བའི་ཕྱིར་སྨོན་ལམ་འདེབས་པར་འགྱུར་པ་དེ་དེ་རུ་སྐྱེ་པར་འགྱུར་རོ་ཞེས་པ་དང༌། དྲི་མ་མེད་པའི་ཟླ་བའི་འོད་ཟེར་གྱི་མཚན་གཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་པའོ། །ཆུང་ངུ་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་པོ་ཡང་ དག་པར་གསུངས་པ། ཆུང་དུས་ཆོག་པར་འཛིན་པའི་གང་ཟག་གི་བསམ་པ་ལ་དགོངས་ནས་གང་དེ་དགེ་བའི་རྩ་བ་འགའ་ཞིག་གིས་བསྔགས་པ་དང༌། འགའ་ཞིག་གི་བསྔགས་པ་མ་ཡིན་པའོ། །འདོད་ཆགས་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་དུ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ ཞིང་རྣམ་པར་འཇིག་པ་རྗོད་པར་བྱེད་པ་དང༌། ང་རྒྱལ་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་དུ་བཅོམ་ལྡན་འདས་ལྷག་པའི་ཕུན་སུམ་ཚོགས་པ་རྗོད་པར་བྱེད་པ་དང༌། འགྱོད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། གང་ཞིག་སངས་རྒྱས་བྱང་ཆུབ་ སེམས་དཔའ་རྣམས་ལ་གནོད་པ་བྱེད་པར་འགྱུར་པ་དེ་ཐམས་ཅད་བདེ་འགྲོར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་པ་དང༌། དུས་འབྲལ་དུ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལས་འབྱེད་པའི་སྒྲིབ་པའི་གཉེན་པོ་ཡང་དག་པར་གསུངས་པ། ཉན་ཐོས་ཆེན་པོ་རྣམས་སངས་ རྒྱས་ཉིད་དུ་གསུངས་པ་དང་ཐེག་པ་གཅིག་ཏུ་གསུངས་པ་དང་ཐེག་པ་གཅིག་ཏུ་གསུངས་པའོ། །ཡོངས་སུ་སྒྱུར་བ་ལ་ལྡེམ་པོར་དགོངས་པའི་རྗོད་པར་བྱེད་པ་ཟབ་མོ་རུ་ལྟ་བར་བྱེད་དོ། །འདི་ལྟ་སྟེ། སྙིང་པོ་མེད་པ་ལ་སྙིང་པོ་བློ། །ཕྱིན་ཅི་ལོག་པ་འང་ལེགས་གནས་ཅིང༌། །ཉོན་མོངས་པས་ནི་ཉོན་མོངས་པས། །བྱང་ཆུབ་དམ་པ་ ཐོབ་པར་འགྱུར། །ཞེས་སོ། །འདིར་དགོངས་པ་ནི་སྙིང་པོ་མེད་པ་ནི་རྣམ་པར་གཡེང་བ་མེད་པ་ལ། སྙིང་པོ་བློ་གང་རྣམས་ཀྱི་གཙོ་བོའི་བློའོ། །རྟག་པ་དང་བདེ་བ་གཙང་བ་བདག་རྣམས་སུ་འཛིན་པ་ལས་བཟློག་ནས་མི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་ལ་ལེགས་པར་གནས་པ་སྟེ་ཡོངས་སུ་མི་ ཉམས་པའོ། །ཉོན་མོངས་པས་ནི་དགའ་སྤྱད་རྩོལ་བའི་དལ་བས་སོ། །ཤིང་ཏུ་དོན་གཉེར་བས་ཡོངས་སུ་ཉོན་མོངས་པ་ཞེས་པའོ། །བདག་ཅག་གི་སྟོན་པའི་དམ་པའི་ཆོས་དུས་ཅི་ཙམ་དུ་གནས་པར་འགྱུར་ཞེ་ན། དམ་པའི་ཆོས་ལྔ་བརྒྱ་ཕྲག་ལྔ་རུ་གནས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ན། བརྒྱ་ཕྲག་ལྔ་རྣམས་ཀྱི་ཚོགས་པ་ནི་ལྔ་བརྒྱ་ཕྲག་གོ ། །ལྔ་བརྒྱ་ཕྲག་ལྔ་ནི་ཕྱེད་དང་བཅས་པའི་ལོ་སྟོང་ཕྲག་གཉིས་སོ། །དམ་པའི་ཆོས་རྣམས་པར་ནུབ་པ་ཡང་སྒྲུབ་པོ་ཡོངས་སུ་ཉམས་པ་ཡིན་ཞིས་ཁ་ཅིག་གོ། །གཞན་དུ་ཡང་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔ་སྟེ། དེ་རྣམས་བརྒྱ་ཕྲག་ལྔ་ལྔས་ཕྱེད་དུ་བྱས་པའི་ལྔ་བརྒྱ་ཕྲག་བཅུར་འགྱུར་རོ། །ཡོངས་སུ་འགྱུར་སྤྱོད་ཀྱི་དུས་བཅུ་སྟེ། དེ་ལ་དང་པོ་ནི་རེ་ཞིག་རྟོགས་པ་ཡོངས་སུ་འགྱུར་སྤྱོད་ཀྱི་དུས་དང༌། སྒྲུབ་པ་ཡོངས་སུ་འགྱུར་སྤྱོད་ཀྱི་དུས་དང༌། ལུང་ཡོངས་སུ་འགྱུར་སྤྱོད་ཀྱི་ ༄༅། །དུས་སོ། །ཡང་ཡོངས་སུ་འགྱུར་སྤྱོད་སོ་སོར་ཡོངས་སུ་འགྱུར་སྤྱོད་གསུམ་གསུམ་སྟེ། ཡོངས་སུ་སྤྱོད་པ་དུམ་བུ་དགུར་འགྱུར་རོ། །འདི་ལྟ་སྟེ། ལྔ་བརྒྱ་ཕྲག་དང་པོ་ལ་དགྲ་བཅོམ་པའི་ཡོངས་སུ་འགྱུར་སྤྱོད་ཀྱི་དུམ་བུའོ། །གཉིས་པ་ལ་ཕྱིར་མི་འོངས་ཡོངས་སུ་འགྱུར་སྤྱོད་དོ། །གསུམ་ པ་ནི་རྒྱུན་དུ་ཞུགས་པ་ཡོངས་སུ་སྤྱོད་ཅིང་འགྱུར་བའོ། །འདི་ཙམ་ཉིད་ཀྱིས་རྟོགས་པ་ཡོངས་སུ་སྤྱོད་པ་རྫོགས་པའོ། །བཞི་པ་ལ་ལྷག་མཐོང་ཡོངས་སུ་སྤྱོད་པའོ། །ལྔ་པ་ལ་ཏིང་དེ་འཛིན་ཡོངས་སུ་སྤྱོད་པའོ། །དྲུག་པ་ལ་ཚུལ་ཁྲིམས་ཡོངས་སུ་སྤྱོད་པའོ། །འདི་ཙམ་གྱིས་སྒྲུབ་པ་ཡོངས་སུ་སྤྱོད་པ་ རྫོགས་པའོ། །བདུན་པ་ལ་ནི་ཆོས་མངོན་པའམ་སྡེ་སྣོད་ཡོངས་སུ་སྤྱོད་ཅིང་འགྱུར་པའོ། །བརྒྱད་པ་ལ་མདོ་སྡེའི་སྡེ་སྣོད་ཡོངས་སུ་སྤྱོད་ཅིང་འགྱུར་པའོ། །དགུ་པ་ལ་འདུལ་བའི་སྡེ་སྣོད་ཡོངས་སུ་འགྱུར་པའོ། །འདི་ཙམ་གིས་ལུང་ལ་ཡོངས་སུ་སྤྱོད་པ་རྫོགས་པའོ། །ལྔ་བརྒྱ་ཕྲག་དགུ་ལ་ཡོངས་སུ་ སྤྱོད་འགྱུར་དུ་མ་པུ་དགུའོ། །ལྔ་བརྒྱ་ཕྲག་བཅུ་པ་ལ་རྟགས་ཙམ་ཉིད་ཁྱད་པར་དུ་འཕགས་པའོ། །འདི་ཉིད་ནི་ལྔ་བརྒྱ་ཐམ་ཞེས་སོ། །སངས་རྒྱས་རྣམས་ཀྱིས་མཉམ་པ་ནི་རྒྱུ་གསུམ་གྱིས་ཡིན་ཏེ། འདི་ལྟ་སྟེ། སྔོན་ཡང་དག་པར་གྲུབ་པ་བསོད་ནམས་ཡེ་ཤེས་ཚོགས་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ ཉིད་དང༌། འཇིག་རྟེན་གྱི་དོན་སྤྱོད་པའོ། །ཚེ་དང་རིགས་དད་ཚད་རྣམས་ཐ་དད་པར་འགྱུར་རོ། །འདི་ལྟ་སྟེ། རིང་བ་དང་ཆེས་[?] ང་[?]བ་འཚོ་བས་ཚེ་མི་མཉམ་པའོ། །རྒྱལ་རིགས་དང་བྲམ་ཟེ་རིགས་སུ་སྐྱེ་བས་རིགས་མི་མཉམ་པའོ། །འོད་གསུངས་དང་གཽ་ཏམ་ལ་སོགས་པས་རྒྱུན་ཐ་དད་པ་དང༌། དུས་ཇི་བཞིན་ དུ་ཚད་ཆུང་བ་དང་ཚད་ཆུང་དུ་མ་ཡིན་པས་ཚད་མི་མཉམ་པའོ། །གསུངས་པ། ཚོགས་དད་ཆོས་ཀྱི་སྐུ་དག་དང༌། །འགྲོ་བའི་དོན་ནི་སྤྱོད་པ་ལས། །སངས་རྒྱས་རྣམས་ནི་མཉམ་པ་ཉིད། །ཚེ་རིང་ཚད་ནི་མ་ཡིན་ནོ། །ཞེས་སོ། །དེ་ལྟ་ན་ཡང་སྔོན་གྱི་སངས་རྒྱས་ཚེ་རིང་བར་གྱུར་ལ། འཕགས་པ་བྱམས་པ་ སངས་རྒྱས་སུ་འགྱུར་པ་ན་རིང་དུ་གནས་པར་འགྱུར་རོ། །བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་དུ་གནས་པའོ། །འདི་ལྟ་སྟེ། ལོ་ཉི་ཤུ་ཉེར་དགུ་བབ་ཏུ་བཞུགས་པའི་ས་དང༌། ལོ་དྲུག་ཏུ་དཀའ་སྤྱད་ལ་ངས་པ་དང༌། སངས་རྒྱས་པར་གྱུར་ནས་དཔྱར་གནས་དང་པོ་ཆོས་ཀྱི་འཁོར་ལོའི་གནས་ སུ་མཛད་པ་དང༌། གཉིས་པ་བེ་ལུ་བ་ནི་རུའོ། །ཡང་བེ་ལུ་བ་ནར་གསུམ་པའོ། །ཡང་བཞི་པ་བེ་ལུ་བ་ནར་རོ། །ལྔ་པ་མེ་ཤཱ་ལྱིཾ་དོ། །དྲུག་པ་གོ་ལེར་རོ། །བདུན་པ་སུམ་ཅུ་རྩ་གསུམ་ལྷ་དུ་རྡོ་AR་མེ་ནི་གཏུའོ། །བརྒྱད་པ་སུ་ཤུམཱ་ར་གི་རིར་རོ། །དགུ་པ་ཀཽཤཱ་མགཱི་དུའོ། །བཅུ་པ་སྤྲེལ་བཏུལ་ཞེས་པ་བླང་པོ་ཆེ་པཱ་རི་ལེ་ཡའི་ གནས་སུའོ། །བཅུ་གཅིག་པ་རྒྱལ་པོའི་ཁ་བཏུའོ། །བཅུ་གཉིས་པ་བཻརྙྫའི་གྲོང་དུའོ། །བཅུ་གསུམ་པ་མཆོད་རྟེན་གྱི་རི་ལའོ། །བཅུ་པ་ཞི་པ་རྒྱལ་པོ་ཛེ་ཏ་བ་ནའི་ལྷ་གང་དུའོ། །བཅོ་ལྔ་པ་ཀ་པི་ལ་བཏུ་རུ་ཤིང་ཉགྲོ་དྷའི་ཀུན་དགའ་ར་བར་རོ། །བཅུ་དྲུག་པ་Ad་བཀར་རོ། །བཅུ་བདུན་པ་བརྒྱལ་པོའི་ཁབ་ ཏུའོ༑ །བཅོ་བརྒྱད་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཡང་བཅུ་དགུ་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཉི་ཤུ་པ་རྒྱལ་པོའི་བབ་ཏུའོ། །དབྱར་གནས་བཞི་ནི་མཉན་ཡོད་དུ་ཤར་ཕྱོགས་མ་མོ་པྲྀ་གཱ་རིའི་ཀུན་དགའ་ར་བ་རུའོ། །གྲོད་ཁྱེར་མཉམ་ཡོད་དུ་ལོ་ཉི་ཤུ་ཉེར་གཅིག་དབྱར་གནས་མཛད་དོ་ཞེས་པ་འཕགས་པ་ངས་བརྟན་ པ་འདོད་དོ། །དེས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུར་གྱུར་ཏོ་ཞེས་སོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་གསུངས་རབ་རྣམ་པར་ངེས་བཞེས་བྱ་བ་ལེའུ་སུམ་ཅུ་གསུམ་པའོ།། །། མཁས་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམ་འདི་གསུམ་ཉིད་ཡིད་ལ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་དགའ་བ་དང་གུས་པ་དྲག་པོ་བསྐྱེད་པར་དུས་སོ། །འདི་ལྟ་སྟེ། རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུན་ཚོགས་པ་ པའོ༑ །དེ་ལ་རྒྱུ་ཕུན་སུན་ཚོགས་པ་ལ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཡེ་ཤེས་ཚོགས་གོམས་པ་དང༌། དུས་རིང་དུ་གོམས་པ་དང༌། བར་ཆད་མེད་པར་གོམས་པ་དང༌། དམ་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་ པ་དང༑ སྤོང་པ་ཕུན་སུམ་ཚོགས་པ་དང༌། ནུས་པ་ཕུན་སུམ་ཚོགས་པ་དང༌། གཟུགས་སྐུ་ཕུན་སུམ་ཚོགས་པའོ། །གཞན་ལ་ཕན་འདོགས་པ་ཕུན་སུམ་ཚོགས་པ་ཡང་རྣམ་བཞི་སྟེ། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆོས་ངེས་པར་གྲོལ་བའི་ཕུན་སུམ་ཚོགས་པ་ ༄༅། །དང༑ དུད་འགྲོའི་སྡུག་བསྔལ་ཤིན་ཏུ་ཆེས་ངེས་པར་གྲོལ་བའི་ཕུན་སུམ་ཚོགས་པ་དང༌། ཡི་དགས་སྡུག་བསྔལ་ཤིན་ཏུ་ཆེས་གྲོལ་བའི་ཕུན་སུམ་ཚོགས་པ་དང༌། འཁོར་བའི་སྡུག་བསྔལ་ཤིན་ཏུ་ཆེས་གྲོལ་བའི་ཕུན་སུམ་ཚོས་པའོ། །ཡང་ན་སེམས་ཅན་རྣམས་ཉན་ཐོས་ཐེག་པ་ལ་རབ་ཏུ་འཇོག་པའི་ཕུན་ སུམ་ཚོགས་པ་དང༌། རང་སངས་རྒྱས་ཐེག་པ་ལ་རབ་ཏུ་འཇོག་པའི་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་རབ་ཏུ་འཇོག་པའི་ཕུན་སུམ་ཚོགས་པ་དང༌། བདེ་འགྲོལ་རང་ཏུ་འཇོག་པའི་ཕུན་སུམ་ཚོགས་པའོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཉེ་བར་བསྟན་པ་མ་ཡིན་པའི་ཡེ་ཤེས་དང༌། ཐམས་ཅད་ཤེས་པ་དང༌། དུས་དང་རྣམ་པ་ཐམས་ཅད་མཁྱེན་པ་དང༌། འབད་པ་མེད་པར་ཤེས་པའོ། །སྤོང་བ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། ཤིན་ཏུ་ཆེས་སྤངས་པ་དང༌། བག་ཆགས་དང་བཅས་པ་སྤངས་པ་ དང༑ ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བག་ཆགས་ཐམས་ཅད་སྤངས་པའོ། །ནུས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཕྱི་རོལ་ཡུལ་སྤྲུལ་པ་ཡོངས་སུ་བསྒྱུར་བ་བྱིན་རླབས་དབང་གྱུར་པ་ཐུན་སུམ་ཚོགས་པ་དང༌། སྐུ་ཚེ་ཆེས་རིང་བ་བྱིན་རླབས་དབང་དུ་གྱུར་པ་ཕུན་སུམ་ཚོགས་པ་དང༌། ནམ་མཁའ་སྒྲིབ་པ་རིང་བ་མྱུར་དུ་བགྲོད་པ་ཆུང་དུ་མར་པོ་ཉིན་ཕུན་སུམ་ཚོགས་པ་དང༌། རང་ཉིད་ངོ་མཚར་བ་རྣམ་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པའོ། །གཟུགས་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མཚན་བཟང་པོ་ཕུན་སུམ་ཚོས་པ་དང༌། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང༌། སྲིད་མེད་ཀྱི་ བུའི་སྟོངས་ཕུན་སུམ་ཚོགས་པ་དང༌། རྡོ་རྗེ་སྙིང་པོ་བཏུས་པ་གདུང་ཕུན་སུམ་ཚོགས་པའོ། །འདི་ནི་སངས་རྒྱས་ཀྱི་བདག་ཉིད་ཆེན་པོ་མདོར་བསྡུས་པ་སྟེ། དེ་དབྱེ་བ་བྱས་ན་རབ་ཏུ་དབྱེ་བ་མཐའ་མེད་པར་འགྱུར་ཏེ། དེ་ཡང་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཉིད་སྐལ་པ་གྲངས་མེད་པ་དུ་མར་འཚོ་བར་བྱིན་གྱིས་བརླབས་ནས་ཐམས་ ཅད་ཤེས་པ་དང་སྨྲ་བར་ནུས་པའོ། །དེ་བཞིན་དུ་རེ་ཞིག་དེ་བཞིན་གཤེགས་པ་ནི་རྨད་དུ་བྱུང་བ་ཡོན་ཏན་ཡེ་ཤེས་ནུས་པ་ཕན་འདོགས་པ་རིན་པོ་ཆེའི་འབྱུང་གནས་སོ། །དེ་ལྟ་ན་ཡང་བྱིས་པ་རྣམས་རང་ཡོན་ཏན་གྱི་དབུལ་བས་ལྷག་པར་མོས་པ་ཉམས་པས། དེ་བཞིན་གཤེགས་པ་དེའི་དེ་འབྲ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐོས་ཀྱང་ སངས་རྒྱས་དང་དེའི་ཆོས་ལ་གུས་པར་བྱེད་དོ། །མཁས་པ་རྣམས་ཀྱི་ཡང་རྐང་མར་གྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དང་དེའི་ཆོས་ལ་མངོན་པར་ཁས་ལེན་ཅིང་འཇུག་པར་བྱེད་དོ། །དེ་ལྟར་ཡང་དེ་དག་དང་བ་ཙམ་གྱིས་ཀྱང་མཐའ་གཅིག་ཏུ་མངོན་པར་རབ་ཏུ་དང་བས་རྣམ་པར་སྨིན་པ་ངེས་པའི་སྡིག་པའི་ལས་ཀྱི་ཕུང་པོ་རྣམས་ཟིལ་ ཀྱིས་མནན་ནས་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་ཉམས་སུ་ཚོགས་པ་ཉམས་སུ་མྱོད་[*MYONG?] ནས་མྱ་ངན་ལས་འདས་པར་ཡང་དག་པར་གཞོལ་པར་འགྱུར་རོ། །དེ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་བསོད་ནམས་ཤིང་བླ་ན་མེད་པ་ཞེས་བརྗོད་དོ། །གང་དེ་བཞིན་གཤེགས་པ་ལ་བསོད་ནམས་བསྐྱེད་པ་མོ་བཤམས་ཡིན་པའི་འབྲས་བུ་འགྱུར་ཏེ། འདི་ལྟ་སྟེ། འདོད་པའི་འབྲས་བུ་དང༌། འབྲས་བུ་ཁྱད་པར་དུ་འཕགས་པ་དང༌། འབྲས་བུ་གྱུར་བ་དང༌། ཐར་པའི་འབྲས་བུ་འགྱུར་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཞིག་རྒྱལ་བ་རྣམ་འདྲེན་ལ། །མཆོད་པ་ཆུང་བའང་བྱེད་འགྱུར་བ། །བདེ་འགྲོ་སྣ་ཚོགས་བགྲོད་ནས་ནི། །བདུད་རྩི་གོ་འཕགས་ ཐོབ་པར་འགྱུར། །ཞེས་སོ། །འདི་ནི་རེ་ཞིག་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །སངས་རྒྱས་རྣམས་ཀྱི་ཡོན་ཏན་གཞན་ཉན་ཐོས་དང་ཐུན་མོང་བ་ཡོད་དོ། །ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་བའོ། །དེ་ཡང་ཅི་ལྟར་རིགས་པར་ཉོན་མོངས་པ་མེད་པ་དང༌། སྨོན་ལམ་དང་ཡེ་ཤེས་དང༌། སོ་སོར་ཡང་དག་པར་རིགས་པ་དང་ མངོན་པར་ཤེས་པ་དང༌། བསམ་གཏན་དང༌། གཟུགས་མེད་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པ་དང༌། སྐྱེ་མཆེད་དང་ཟད་པར་སྐྱེ་མཆེད་ལ་སོགས་པའོ། །གཞན་གྱི་སློབ་མ་དང་ཐུན་མོང༌། །ཆོས་འདའ་སོ་སོ་སྐྱེ་བོ་སྟེ། །ཉོན་མོངས་པ་མེད་སྨོན་ལམ་ཡེ་ཤེས། །སོ་སོར་རིག་པའི་ཡོན་ ཏན་སོགས། །ཞེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གཉིས་ནི་མ་ཡིན་ཏེ། འདི་ལྟ་སྟེ། དབུའི་གཙུག་ཏོར་མི་མངོན་པ་དང་འོད་འདོམ་གང་བའོ། །བཅོམ་ལྡན་འདས་བསམ་གཏན་བཞི་པ་ལ་གནས་ཏེ་མྱ་ངན་ལས་འདའ་བར་གྱུར་ཏོ། །དེ་ལྟར་ཡང་མྱ་ངན་ལས་འདས་པའི་མདོ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་དང་པོ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །གཉིས་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་བཞུགས་སོ། །གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་སྙོམས་པར་ཞུགས་སོ། །བཞི་པ་ལས་བཞེངས་ ༄༅། །ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་བཞེངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་བཞེངས་ནས་འདུ་ཤེས་ཚོར་བ་འགོག་ པའོ༑ །དེ་ལས་བཞེངས་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། །དེ་རྣམ་པར་མ་གཏན་བཞི་པ་ལ། །དེ་ནས་བསམ་གཏན་གསུམ་པ་ལ། །དེ་ནས་བསམ་ གཏན་གཉིས་པ་ལ། །དེ་ནས་བསམ་གཏན་དང་པོ་ལ། དེ་ནས་གཉིས་པ་ལ། དེ་ནས་གསུམ་པ་ལ། བསམ་གཏན་གསུམ་པ་བཞེངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་བཞི་པ་ལ་གནས་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་བར་གྱུར་ཏོ། །བཅོམ་ལྡན་འདས་ཡོངས་སུ་ མྱ་ངན་ལས་འདས་ནས་དེ་མ་ཐག་ཏུ་ས་ཆེན་པོ་གཡོ་བར་གྱུར་པ་ལ་སོགས་པ་རྒྱས་པར་རོ། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལ་བརྒྱུ་འབྲས་གཞན་ལ་ཕན་འདོགས་པ་རྣམ་པར་དེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་བཞི་པའོ།། །།ད་ནི་འདུས་ མ་བྱས་བརྗོད་པར་བྱ་སྟེ། འདུས་མ་བྱས་དེ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང༌། སོ་སོར་མ་བརྟགས་པའི་འགོག་པའོ། །དེ་སྐད་དུ་ཡང༌། འདུས་མ་བྱས་ཀྱང་རྣམ་གསུམ་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་སོ། །དེ་ལ་ནམ་མཁའ་ནི་སྒྲིབ་གེགས་མེད་པའི་ རང་བཞིན་ཏེ། གང་དུ་གཟུགས་ཀྱི་བགྲོད་པའོ། །ཡང༌། དེ་ལ་སྒྲིབ་མེད་ནམ་མཁའ་སྟེ། །ཞེས་གསུངས་པ་དང༌། ཡང༌། བུག་ནམ་མཁའི་ཁམས་སུ་བརྗོད། །ཞེས་སོ། །གང་ཟག་པ་དང་བཅས་པའི་ཆོས་དང་བྲལ་བ་དེ་ནི་སོ་སོ་བརྟགས་པའི་འགོག་པའོ། །སོ་སོར་བརྟགས་པ་ནི་ཤེས་རབ་བྱེ་བྲག་སྟེ། །སྡུག་བསྔལ་ལ་སོགས་པ་ འཕགས་པའི་བདེན་པ་རྣམས་ཀྱི་སོ་སོར་སྤྱོད་པའོ། །སོ་སོར་བརྟགས་པས་ཐོབ་པའི་འགོག་པའོ། །ཐོབ་པའི་སྒྲ་ཕྱིས་པས་སོ། །འདི་ལྟ་སྟེ། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལ་ཤིང་རྟ་ཞེས་སོ། །སོ་སོར་བརྟགས་པའི་འགོག་པ་ནི། །བྲལ་བ་རྣམས་གང་གཞན་དང་གཞན། །ཞེས་གསུངས་སོ། །ཡང་ཅི་ཟབ་པ་དང་བཅས་པའི་ ཆེས་རྣམས་ཀྱི་སོ་སོར་བརྟགས་པའི་འགོག་པ་གཅིག་ཉིད་ཅེ་ན་མ་ཡིན་ཏེ་གསུངས་པ། ལྡན་པའི་རྫས་རྣམས་ཅི་སྙེད་པ། །བྲལ་བའི་རྫས་རྣམས་དེ་སྙེད་དོ། །གཞན་དུ་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་ཐམས་ཅད་ཀྱི་འགོག་པ་དངོས་སུ་མངོན་དུ་[?] བར་ཐལ་བས་སོ། །དེ་ལྟར་ཡིན་ན་འང་ལྷག་མ་ གཉེན་པོ་བསྒོམས་པ་དོན་མེད་པར་འགྱུར་རོ། །གང་མདོ་ལས་གསུངས་པ། སྐལ་པ་མི་མཐུན་འགོག་པ་ནི། །ཞེས་པ་འདིའི་དོན་ཅི་ཞེན་བརྗོད་པར་བྱ་སྟེ། འདིའི་སྐལ་པ་མཉམ་པའི་རྒྱུ་འགའ་ཞིག་གིས་ནི་ཡོད་པ་མ་ཡིན་ནོ། །འདིར་གང་ཁ་ཅིག་གིས་ནི་མ་ཡིན་ནོ་ཞེས་པ་འདི་ནི་ངག་འདིའི་དོན་ཡིན་ནོ། །འདིའི་སྐལ་པ་ མཉམ་པ་འགའ་ཞིག་ཡོད་པ་མ་ཡིན་པ་ནི་མ་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པ་བཤད་ཟིན་ཏོ། །མ་འོངས་པའི་ཆོས་རྣམས་སྐྱེ་བའི་ཤིན་ཏུ་འགོགས་སུ་གྱུར་བས་བྲལ་བ་ལས་འགོག་པ་གང་ཡིན་པ་དེ་ནི་སོ་སོར་མ་བརྟགས་པའི་འགོག་པའོ། །འདིར་སོ་སོར་བརྟགས་པས་ཐོབ་པར་བྱ་བ་ནི་མ་ཡིན་ནོ། །འོན་ཀྱང་ནི་རྐྱེན་མ་ ཚང་བ་ལས་སོ། །ཡང༌། འགོག་གཞན་སོ་སོར་མ་བརྟགས་པས། །སྐྱེ་བ་ཤིན་ཏུ་གེགས་གྱུར་པ། །ཞེས་གསུངས་སོ། །འདུས་མ་བྱས་དེ་གསུམ་ནི་རྟག་པ་སྟེ། །དེ་སྐད་དུ། ནམ་མཁའ་དང་མི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་ཉིད། །ཅེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ནི། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་ཞིན་དངོས་པོ་རང་བཞིན་ངོ་བོ་རྣམ་པ་གཞན་དུ་མ་ཡིན་པའམ་དེ་བཞིན་ཉིད་དེ། དེ་ནི་དག་པ་དང་མ་དག་པ་དང་དག་མ་དག་གོ ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཤིན་ཏུ་མཐར་ཕྱིན་པའི་འབྲས་བུ་ངོ་བོ་དེ་དག་ཐམས་ཅད་འདུས་མ་བྱས་སོ་ཞེས་རྣམ་པར་གཞག་ གོ༑ །པཎྜི་ཏ་ཆེན་པོ་སྟོབས་བདུད་པ་ལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ་ལེའུ་སུམ་ཅུ་ལྔ་པའོ།། །།རྣམ་པ་དེ་ལྟར་ཆོས་མཐའ་མེད། །འདུས་བྱས་འདུས་མ་བྱས་པའི་ཆོས། །ཕུང་པོ་དུ་མར་ཕྱེ་ནས་ནི། །སངས་ རྒྱས་རྣམས་ཀྱིས་བསྟན་པ་དེ། །བློ་ལྡན་བྱང་ཆུབ་སེམས་དཔའ་དང༌། །ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་ལོ། །བརྩོན་པས་སྔོན་གྱི་སློབ་དཔོན་གྱིས། །མི་རྣམས་ལ་ནི་བརྩེ་མཛད་ནས། །རྒྱ་མཚོ་ཆེ་ལས་ཆུ་ཐིགས་ལྟར། །རྒྱ་ཆེའི་ཆོས་ནི་དེ་རྣམས་ལས། །དེ་ཆོས་བདུད་རྩིས་གང་བ་ཡི། །བསྟན་བཅོས་རྒྱ་མཚོ་ཆེན་པོ་སྟོན། །ཆུ་ཡི་ ༄༅། །ཐིགས་པས་སྟོང་ཆ་ལྟར། །འདུས་བྱས་འདུས་མ་བྱས་རྣམས་ཀྱི། །ཆོས་སྣམས་རྣམ་པར་ངེས་པ་དག །དེ་ལས་བདག་གིས་ཡང་པ་སྡུས་སོ། །དེས་ན་ཕྱོགས་འདིའི་བདེ་ལེགས་ཀྱི། །ཐར་པ་སྔོན་འབྱུང་རྒྱུ་གཅིག་པུ། །བསྟན་པ་རིན་ཆེན་ཆོས་རྣམས་ཀྱི། །རབ་ཏུ་དབྱེར་བ་རང་རྒྱུས་ཞེས་བྱ། །འདུས་ བྱས་འདུས་མ་བྱས་ཆོས་རྣམས། །གཅིག་ཏུ་བསྡུས་ལས་བདག་གི་གང༌། །བསོད་ནམས་དེས་ནི་འགྲོ་བ་རྣམས། །འདུས་བྱས་འདུས་མ་བྱས་མ་བྱིན་གྱུར། །འདི་ལྟར་ཡང༌། ཐུབ་པའི་ངག་ནི་ངེས་པར་རྟོགས་པར་དཀའ་བ་ཉིད་དེའི་གསལ་བར་བྱེད་པ་རྣམས། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་འགྲེལ་མཛད་རྒྱས་པ་བསྟན་ བཅོས་ཆེན་པོ་ཐམས་ཅད་ཀྱང༌། །རྟོགས་པར་དཀའ་བ་དེ་ལས་ཇི་ལྟ་བུར་ཡང་ཚིག་གམ་ངག་དག་དྲངས་པ་འདི། །ཡིད་གཞུང་ངན་པར་ང་ཡིད་ཁེལ་ཡོད་རིང་དུ་སྤངས་ནས་གཞུང་ནི་འགྲེལ་མཛད་ཅེས། །རབ་ཏུ་བྱེད་པ་ཐ་ཤལ་འདི་ལས་གང་དག་རང་དམ་གཞན་དོན་ཕུན་ཚོགས་འབྱུང༌། །བློ་ངན་འདིས་ནི་འདི་རུ་ཁྱད་ འཕགས་བྱས་གང་ངལ་བ་འབའ་ཞིག་སྐྱེ་བར་ཟད། །དེ་ལ་སོགས་པའི་རབ་བསླང་སྨྲ་བའི་རྡོ་རྗེ་དྲག་པོས་རང་གི་མ་གོལ་བསྣུན་པ་ཡིས། །སྨན་གསེལ་[*GSAL?] བར་རང་གིས་བཀོད་དེ་མི་སྲུན་དོན་དུ་བདག་གིས་གཞུང་མ་བྱས། །འོན་ཀྱང་རྒས་ཤིང་རྙིངས་པ་བརྟན་པོས་ནོན་པས་བསྟན་བཅོས་མང་པོ་རྣམས། །རྒྱུན་དུ་ལྟ་བར་ མི་ནུས་པས་ཡིན་ང་རྒྱལ་ལས་མ་ཡིན། །སྡེ་པ་སྣ་ཚོགས་དང་ནི་རྒྱལ་སྲས་ཚུལ་ལུགས་རྗེས་འབྲངས་ནས། །བསླབ་བྱའི་ཡུལ་རྣམས་ཐམས་ཅད་འབད་པས་གཅིག་ཏུ་ཡོངས་སུ་བཟླུམས། །མཉམ་མེད་རྒྱལ་བའི་ཆོས་འདི་རང་ཉིད་ཁོ་ན་ཡིས། །གཞུང་འདི་གཅིག་པུས་ཡུལ་རྣམས་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར། ། བདག་གིས་བརྩམས་ཀྱང་སྐྱེ་བོ་གཞན་དོན་མ་ཡིན་འདི་དག་ལས། །ལེགས་གསུངས་བདུད་རྩི་རོ་ཡང་ཤིན་ཏུ་ཆུང་བ་འདིར་ངེས་མཆིས། །དེས་ཀྱང་སྐྱེ་བོ་དམ་པའི་ཡིད་རང་ཚིམ་ཞིང་མཉེས་པར་འགྱུར། །དེ་ཉིད་ཀྱིས་ན་བདག་གིས་ངལ་བ་ངེས་པར་དཔལ་ཡོད་ལགས། །འོན་ཀྱང་ས་སྟེངས་[*STINGS?] དག་ན་སྐྱེ་བོ་དམ་པ་འཐོར་བུར་གནས། །མི་སྲིད་དྲི་མ་གླང་པོས་སྦགས་པས་སྟེངས་[*STINGS?] བྱ་བ་བར་གནས། །འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་པཎྜི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །། Copyright © 2012 by the Asian Classics Input Project. All rights reserved.