Loading

རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། ཐོགས་མེད།
སེམས་ཙམ།
འི checked, but not manually proofread
༄༅། །རྣམ་གྲངས་བསྡུ་བ་བཞུགས། ༄༅། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། སྤྱི་སྡོམ་ནི། དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས། །རྣམ་གྲངས་དག་ནི་ཡང་དག་བཤད། །དོན་གྱིས་བློ་རབ་རྟོགས་བྱའི་ཕྱིར། །སྤྱི་ཡི་སྡོམ་ནི་བསྡུས་པ་ཡིན། །སྡོམ་ནི། སྟོན་དང་མཆོག་ཉིད་ཤེས་རབ་བཞི། །དེ་བཞིན་ལེགས་པར་གསུངས་པ་དང༌། །གླེང་གཞི་ཡོད་དང་སྦྱིན་པ་དང༌། །ཚུལ་ཁྲིམས་ལམ་རབ་རྒྱས་པ་ཡིན། །དེ་ལ་སྟོན་པ་ནི་དེ་བཞིན་གཤེགས་པའོ། །རབ་ཏུ་སྟོན་པ་ནི་དེའི་སློབ་མའི་མཆོག་རྣམས་ཏེ་གནས་བརྟན་ཤཱ་རིའི་བུ་ལ་སོགས་པའོ། ། རྗེས་སུ་སྟོན་པ་ནི་སློབ་དཔོན་དང༌། མཁན་པོ་དང༌། ཆོས་མཐུན་པ་བ་རྣམས་དང༌། སྐུལ་བར་བྱེད་པ་རྣམས་དང༌། དྲན་པར་བྱེད་པ་རྣམས་སོ། །དེ་ལ་སྟོན་པ་ནི་སྟོན་པར་བྱེད་པའོ། །རབ་ཏུ་སྟོན་པ་ནི་རབ་ཏུ་སྟོན་པར་བྱེད་པའོ། །རྗེས་སུ་སྟོན་པ་ནི་རྗེས་སུ་སྟོན་པར་བྱེད་པའོ། །བྱ་བ་རྗེས་ སུ་གནང་བ་དང༌། བྱ་བ་མ་ཡིན་པ་འགོག་པ་དང༌། དུས་དུས་སུ་གདམས་ངག་དང༌། རྗེས་སུ་བསྟན་པ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར། དེ་དག་ཉིད་གསུང་བ་དང༌། རབ་ཏུ་གསུང་པ་དང༌། རྗེས་སུ་གསུང་བ་ཡིན་པར་རིག་པར་བྱའོ། །འདྲེན་པ་ནི་བྱ་བ་མ་ཡིན་བ་ལ་བརྩོན་པ་རྣམས་ ཚར་གཅོད་པར་བྱེད་པའོ། །རྣམ་པར་འདྲེན་པ་ནི་བྱ་བ་ལ་བརྩོན་པ་རྣམས་ཡང་དག་པར་མགུ་བར་བྱེད་པའོ། །རབ་ཏུ་འདྲེན་པ་ནི་དེ་གཉི་ག་ཡང་དག་པར་སྐུལ་བར་བྱེད་པའོ། །འདྲེན་པར་བྱེད་པ་ནི་ཐེ་ཚོམ་སྐྱེས་ཤིང་བྱུང་བ་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །རྣམ་ པར་འདྲེན་པར་བྱེད་པ་ནི་འགྱོད་པ་རྣམས་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །རབ་ཏུ་འདྲེན་པར་བྱེད་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཡང་དང་ཡང་དུ་རྣམ་པར་སེལ་བར་བྱེད་པའོ། །ཡང་ཐེ་ཚོམ་རྣམས་གཅོད་པར་བྱེད་པ་དང༌། དོན་དམ་ པར་མ་ཕྱེ་བ་རྣམས་རྣམ་པར་འབྱེད་པར་བྱེད་པ་དང༌། དོན་རྣམ་པར་ཕྱེ་བ་རྣམས་གསལ་བར་བྱེད་པ་དང༌། དོན་དང་ཚིག་ཟབ་མོ་ཤེས་རབ་ཀྱིས་ཡང་དང་ཡང་དུ་རྟོགས་པར་བྱས་ཏེ། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར། འདྲེན་པར་བྱེད་པ་ལ་སོགས་པ་དང་གོ་རིམས་ ༄༅། །བཞིན་ནོ། །སློབ་དཔོན་ནི་བླ་མའི་གནས་སུ་ཁས་བླང་བར་བྱའོ། །གཉིས་པ་ནི་གྲོགས་བྱེད་པ་སྟེ། དེ་དང་མཐུན་པར་རྗེས་སུ་འཇུག་པའི་ཕྱིར་རོ། །མཛའ་བཤེས་ནི་ཁྱིམ་པའི་ཚེའི་གྲོགས་པོ་རྙིང་པའོ། །སྙིང་དུ་སྡུག་པ་ནི་ཕ་དང་མ་དང་དེ་དང་འབྲེལ་བའོ། །སྙིང་བརྩེ་ བ་ནི་འབྲེལ་བ་མེད་པར་ཕན་འདོགས་པའོ། །དོན་ཞེས་བྱ་བ་ནི་དོན་དུ་གཉེར་བ་དང་དོན་དང་ལྡན་པའོ། །དེ་འདོད་པ་ནི་དོན་འདོད་པའོ། །ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །དེ་འདོད་པ་ནི་ཕན་པ་འདོད་པའོ། །རེག་པར་གནས་པ་ནི་ལུས་དང་སེམས་ལ་ཕན་འདོགས་པའི་དོན་གྱིས་བདེ་ བ་ཞེས་བྱའོ། །དེ་འདོད་པ་ནི་བདེ་བ་འདོད་པའོ། །རེག་པར་འདོད་པ་ནི་མཐོང་བའི་ཆོས་ཀྱི་བདེ་བ་ལས་བརྩམས་པའོ། །གྲུབ་པ་དང་བདེ་བར་འདོད་པ་ནི་ཚེ་ཕྱི་མའི་བདེ་བ་ལས་བརྩམས་པའོ། །མངོན་པར་ཡིད་ཆེས་པ་ནི་ཐམས་ཅད་ལ་མངོན་པར་ཡིད་ཆེས་པའོ། །དེ་ཉིད་དེས་ཡོན་ ཏན་དང་མཐུ་དང་ཤེས་རབ་མཆོག་ཏུ་འབྱུང་བ་ཐོས་ནས། གང་ཟག་གི་རྟེན་གྱི་སྒོ་ནས་དང་པོའོ། །དེ་ཉིད་ཆོས་ཀྱི་གཞི་དང་རིག་པའི་སྒོ་དང་མཐུན་པ་ནི་དང་པ་སྟེ། གང་གི་དབང་དུ་བྱས་ཏེ་སྤུ་ཟིང་ཞེས་བྱེད་པ་དང༌། མཆི་མ་དཀྲུག་ཅེས་བྱེད་པ་ལ་སོགས་པ་དང་བའི་རྟགས་འབྱུང་ བ་ཡིན་ནོ། །ངེས་པར་རྟོགས་པས་ནི་ཡོན་ཏན་ལ་སོགས་པ་མ་ཐོས་པ་སྤྱོད་ལམ་དང༌། སྤྱོད་པ་དང༌། གནས་པ་དག་ལས་དེ་ལ་ཡོན་ཏན་ཡོད་པར་ཡིད་ཆེས་པའོ། །འདུན་པ་ནི་དེ་བྱེད་འདོད་པ་དང༌། ཐོབ་པར་འདོད་པ་གང་ཡིན་པའོ། །བརྩོན་འགྲུས་ནི་བརྩོན་འགྲུས་བརྩམས་པའི་ སེམས་མངོན་པར་སྤྲོ་བ་གང་ཡིན་པའོ། །རྩོལ་བ་ནི་སྤྲོ་བ་བྱས་པ་སྦྱོར་བ་དེ་ལ་རྩོལ་བའོ། །ངེས་པར་འབྱུང་བ་ནི་བརྩོན་འགྲུས་བརྩམས་པ་མི་གཏོང་ཞིང་རྒྱུན་དུ་བྱེད་པ་སྟེ་ཕྱིར་མི་བཟློག་པའོ། །བརྟུལ་བ་ནི་བརྩོན་འགྲུས་གུས་པར་བརྩོན་པའོ། །མཐུ་ནི་མཚན་མོའམ་ཐུན་འདས་ནས་བརྩོན་ འགྲུས་འདི་དང་འདི་ལྟ་བུ་ཞིག་བརྩམ་མོ་ཞེས་སྔ་ནས་སེམས་པའི་གོ་ཆ་གང་ཡིན་པའོ། །རྩོལ་བ་ནི་ཇི་ལྟར་གོ་ཆ་བགོས་པའམ་ཁྱད་པར་དུ་འཕགས་པར་བརྩོན་འགྲུས་རྩོམ་པའོ། །སྤྲོ་བ་ནི་བརྩོན་འགྲུས་བརྩམས་པ་དེའི་འབྲས་བུའི་ཕན་ཡོན་མཐོང་བའོ། །བཟོད་སྤྲོ་ནི་དེ་དང་ལྡན་པ་གྲང་བ་ ལ་སོགས་པའི་གནོད་པ་དང་དུ་ལེན་པའོ། །མངོན་པར་སྤྲོ་བ་ནི་སྔ་ཕྱིའི་ཁྱད་པར་ཤེས་ནས་གོང་མའི་ཁྱད་པར་ཐོབ་པར་བྱ་བ་ལ་ཡིད་ཆེས་པ་སྐྱེས་པའི་བརྩོན་འགྲུས་གང་ཡིན་པའོ། །ཕྱིར་མི་ལྡོག་པ་ནི་ཁྱད་པར་དུ་ཆུང་ཟད་ཙམ་མམ། ངན་ངོན་ཙམ་ཞིག་རྟོགས་ནས་བར་མ་དོར་སྒྱིད་མི་ལུག་པ་ སྟེ་དགེ་བ་བསྒོམས་པས་ཆོག་མི་ཤེས་པའོ། །སེམས་ཡང་དག་པར་སྡུད་པ་ནི་བརྩོན་འགྲུས་ཀྱི་གགས་སུ་གྱུར་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བདུད་ཀྱི་ལས་རྣམས་ལས་བློ་སེམས་ཡང་དག་པར་སྒོམ་པའོ། །རྒྱུན་དུ་བྱེད་པ་ནི་སྦྱོར་བ་དེ་ཉིད་ལ་རྒྱུན་དུ་བྱེད་པ་གང་ཡིན་བ་སྟེ་བརྩོན་པ་མི་གཏོང་ བའོ། །དད་པ་ནི་འདི་ལྟ་སྟེ། དེས་སྟོན་པས་ཆོས་སྟོན་པའི་ཆོས་དེ་ཐོས་ནས་དད་པ་རྙེད་པ་གང་ཡིན་པའོ། །བག་ཡོད་པ་ནི་དད་པ་ཐོབ་པ་ངེས་པར་འབྱུང་བར་འདོད་པའི་གགས་སུ་གྱུར་པའི་ཆོས་དག་ལས་སེམས་ཀུན་དུ་སྲུང་བ་གང་ཡིན་པ་དང་རྒྱུན་དུ་དགེ་བའི་ཆོས་སྒོམ་པར་བརྩོན་པའོ། ། སྦྱོར་བ་ནི་ལུང་དང༌། ཁ་ཏོན་དང༌། ཡོངས་སུ་འདྲི་བ་དང༌། འབྲེལ་བའི་གཏམ་རྣམ་པར་ངེས་པ་ལ་ཡང་དག་པར་རབ་ཏུ་སྦྱོར་བའོ། །སེམས་པ་ནི་ཇི་སྐད་བསྟན་པ་དང་མནོས་པའི་ཆོས་དང་དོན་ལ་ཡོངས་སུ་རྟོགས་པའོ། །དྲན་པ་ནི་ཡོངས་སུ་བརྟགས་པའི་དོན་མི་བརྗེད་པ་དང༌། ཡུན་རིང་མོ་ ཞིག་ན་བྱས་པ་དང་བཤད་པ་ཡང་རྗེས་སུ་དྲན་པའོ། །རྣམ་པར་རྟོག་པ་ནི་ཆོས་དང་དོན་དེ་ཉིད་ལ་བརྟེན་ཏེ། ངེས་པར་འབྱུང་བ་ལ་སོགས་པ་རྣམ་པར་རྟོག་པའོ། །ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ནི་འཇིག་རྟེན་ལས་འདས་ པའི་ཤེས་རབ་པོ། །ཤེས་རབ་ཐོབ་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་རྗེས་སུ་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པ་གང་ཡིན་པའོ། །དཔྱོད་པ་ནི་དཔྱོད་པའི་ཡིད་ལ་བྱེད་པས་སྤངས་པ་དང༌། མ་སྤངས་པ་དང༌། ལྷག་མ་དང་བཅས་པ་དང༌། ལྷག་མ་མ་ལུས་པ་ལ་སོ་སོར་རྟོག་ པ་གང་ཡིན་པའོ། །ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཚངས་པར་སྤྱོད་པ་མ་ཡིན་པ་འཁྲིག་པའི་ཆོས་སྤངས་པའོ། །ལྷག་མ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་ཚངས་པར་སྤྱོད་པ་ཀུན་ཏུ་འདྲེན་པར་བྱེད་པ་སྟེ། དེ་དག་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་ ༄༅། །དང༑ དེའི་ཕྱོགས་ཡིན་པའི་ཕྱིར་ཞི་གནས་དང་ལྷག་མཐོང་དང༌། ལུས་སུ་གཏོགས་པའི་དྲན་པ་དང༌། གནས་གསུམ་དག་གིས་ཅི་རིགས་པར་བསྡུས་སོ། །དེ་ལ་དད་པ་དང་དྲན་པ་ནི་གཉིས་ཀའི་ཕྱོགས་ཡིན་ནོ། །དེ་ལ་སྟོན་པ་དེ་ཉིད་རང་གི་དོན་སྒྲུབ་པའི་ཕྱིར་ མཆོག་ཅེས་བྱའོ། །གཞན་གྱི་དོན་སྒྲུབ་པའི་ཕྱིར་གཙོ་བོ་ཞེས་བྱའོ། །དེ་གཉི་ག་སྒྲུབ་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་བླ་མ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཟིལ་གྱིས་གནོན་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། ། མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་ པའི་དགེ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་མཆོག་གོ། །ཉན་ཐོས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་གཙོ་བོའོ། །རང་སངས་རྒྱས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐུན་མོང་བའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཉོན་མོངས་ པའི་སྒྲིབ་རྣམ་པར་དག་པའི་ཕྱིར་བླ་མའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་བླ་ན་མེད་པའོ། །རྣམ་གྲངས་གཞན་ཡང་འདོད་པ་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་མཆོག་གོ། །གཟུགས་ན་སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་གཙོ་བོའོ། །གཟུགས་མེད་པ་ན་ སྤྱོད་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་ཁྱད་པར་དུ་འཕགས་པའོ། །ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པ་འཇིག་རྟེན་ལས་འདས་པའི་དགེ་བ་ཕུན་སུམ་ཚོགས་པའི་ཕྱིར་བླ་མའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཡང་དག་པར་འདས་པའི་དགེ་བ་ཕུན་ སུམ་ཚོགས་པའི་ཕྱིར་བླ་ན་མེད་པའོ། །སེམས་ཅན་རྐང་མེད་རྣམས་ནི་འདི་ལྟ་སྟེ་སྦྲུལ་ལ་སོགས་པའོ། །སེམས་ཅན་རྐང་གཉིས་རྣམས་ནི་འདི་ལྟ་སྟེ་མི་ལ་སོགས་པའོ། །སེམས་ཅན་རྐང་བཞི་རྣམས་ནི་འདི་ལྟ་སྟེ། གླང་པོ་ཆེ་ལ་སོགས་པའོ། །སེམས་ཅན་རྐང་མང་རྣམས་ནི་འདི་ ལྟ་སྟེ་སྲིན་གྱི་མེ་ལ་སོགས་པའོ། །སེམས་ཅན་གཟུགས་ཅན་རྣམས་ནི་འདི་ལྟ་སྟེ་འདོད་པའི་ཁམས་ནས་བཟུང་སྟེ། བསམ་གཏན་བཞི་པའི་བར་དག་གོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་རྣམས་ནི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་གོ། །སེམས་ཅན་འདུ་ཤེས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པ་འདོད་པའི་ཁམས་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དག་གོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་འདི་ལྟ་སྟེ། །འདུ་ ཤེས་མེད་པའི་ལྷ་རྣམས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་རྣམས་ནི་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །མདོར་བསྡུ་ན་རྣམ་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཡོངས་སུ་གཡོ་བ་དང༌། སྐུ་དང་ཐུགས་ཀྱི་ སྒོ་ནས་མཆོག་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་པ་ཡིན་ནོ། །ཤེས་རབ་རྙེད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་དགེ་བ་དང༌། དོན་དང་ལྡན་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱས་པ་དང༌། འཕེལ་བ་དང༌། ཡངས་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་ཁྱད་ པར་དུ་འཕགས་པའོ། །ཤེས་རབ་རྣམ་པར་བྱང་བ་ནི་སྔོན་གོམས་པར་བྱས་པའི་ཤེས་རབ་དུས་གཞན་དུ་ཡོངས་སུ་སྨིན་པའོ། །ཤེས་རབ་འབྱོར་པ་ནི་ཉོན་མོངས་པ་ཡོངས་སུ་ཤེས་པ་དང༌། སྤོང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ཡོངས་སུ་སྐོང་བ་ནི་དེ་ཉིད་མཐར་ཐུག་པར་འགྲོ་ བའོ༑ །ཤེས་རབ་ཡོངས་སུ་མི་ཉམས་པ་ནི་དེ་ཉིད་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཏེ། ཤིན་ཏུ་ཚར་ཕྱིན་པའོ། །ཤེས་རབ་མྱུར་བ་ཉིད་ནི་སྐྱེན་པར་རབ་ཏུ་ཤེས་པའོ། །ཤེས་རབ་མགྱོགས་པ་ཉིད་ནི་ཤེས་རབ་ཡོངས་སུ་མི་གཏུགས་པའོ། །ཤེས་རབ་རྣོ་བ་ཉིད་ནི་ཇི་སྙེད་པ་དང་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་པའོ། །ངེས་པར་འབྱུང་བའི་ཤེས་རབ་ཉིད་ནི་ངེས་པར་འབྱུང་པར་བྱ་བའི་ཆོས་རྣམས་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་ཤེས་པའོ། །ངེས་པར་འབྱེད་པའི་ཤེས་རབ་ཉིད་ནི་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་རབ་ཏུ་ཤེས་པའོ། །ཤེས་རབ་ ༄༅། །ཟབ་པ་ནི་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པའི་ཆོས་རབ་ཏུ་ཤེས་པ་དང༌། དོན་དང་ཚིག་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ནི་དེ་དག་གདགས་པ་ལ་ཤེས་རབ་ཡིན་ནོ། །ཉན་ཐོས་ རྣམས་ཀྱི་ནི་གདགས་པ་ལ་ཤེས་རབ་ཆེན་པོ་ཡིན་ཏེ། ཤེས་རབ་དེ་ཉིད་དུས་ཉིད་དུ་ཡུན་རིང་པོ་ནས་ཡོངས་སུ་གོམས་པར་བྱས་པ་ཡིན་ནོ། །ཤེས་རབ་ཡང་པ་ནི་དེ་ཉིད་ཚད་མེད་པ་དང་མཐའ་ཡས་བའི་སྤྱོད་ཡུལ་ལོ། །ཤེས་རབ་མཉམ་པ་མེད་པ་ནི་གཞན་དག་དང་མི་མཚུངས་པའི་ཤེས་རབ་པོ། ། ཤེས་རབ་རིན་པོ་ཆེ་ནི་ཤེས་རབ་དབང་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་སྟེ། འཁོར་ལོས་སྒྱུར་བའི་ནོར་བུ་རྣམས་ཀྱི་ནང་ན་བཻ་ཌཱུ་ཪྻ་ལྟར་འོད་ཀྱིས་སྣང་བར་བྱེད་པའི་ཕྱིར་རོ། །དེ་དང་ལྡན་པ་ནི་ཤེས་རབ་རིན་པོ་ཆེ་དང་ལྡན་པའོ། །ཤེས་རབ་མིག་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་པོ། །ཤེས་རབ་སྣང་བ་ནི་ གཞན་ལས་བསྒྲུབས་ཤིང་གཞན་གྱིས་སྐྱེད་པ་སྦྱོར་བ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་འོད་ནི་ཤེས་རབ་དེ་ཉིད་སྦྱོར་བ་ལས་བྱུང་བ་སྟེ། ཐོས་པ་དང་བསམས་པ་ལས་བྱུང་བའོ། །ཤེས་རབ་གསལ་བ་ནི་ཤེས་རབ་དེ་ཉིད་བསྒོམས་པ་ལས་བྱུང་བའོ། །ཤེས་རབ་མར་མེ་ནི་དེ་བཞིན་ གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་རྣམ་པར་འཇོག་པ་གང་ཡིན་པ་སྟེ་རབ་ཏུ་གསལ་བར་བྱེད་པའོ། །ཤེས་རབ་སྐར་མདའ་ནི་ཆོས་སྟོན་པའི་དུས་ཙམ་གྱི་རྗེས་སུ་འཇུག་པའོ། །ཤེས་རབ་སྒྲོན་མ་ནི་དེ་དང་དེ་དག་ཏུ་ཤེས་རབ་ཀྱིས་ཆོས་རྣམས་ལ་ཤིན་ཏུ་ལེགས་པར་ བརྟགས་ཤིང་དུས་ཕྱིས་ཀྱང་རྗེས་སུ་འཇུག་པ་སྟེ། ལུས་ཀྱིས་མངོན་དུ་བྱས་པས་ནི་མ་ཡིན་པའོ། །ཤེས་རབ་མུན་པ་མེད་པ་ནི་ལུས་ཀྱིས་མངོན་དུ་བྱས་པའོ། །ཤེས་རབ་དབང་པོ་ནི་གཞན་དག་གི་རྟོགས་པའི་དབང་དུ་བྱས་ནས་ཤེས་རབ་གང་ཡིན་པའོ། །ཤེས་རབ་སྟོབས་ནི་བདག་ཉིད་ཀྱི་ སྔ་ཕྱིའི་ཁྱད་པར་རྟོགས་པ་ལེགས་པར་རྟོགས་པའི་དབང་དུ་བྱས་ཏེ་རིགས་པ་དང་ཆོས་ལ་བརྫི་བ་མེད་པའི་ཤེས་རབ་བོ། །ཤེས་རབ་ནོར་ནི་དབང་ཕྱུག་ཐམས་ཀྱི་ན་ངན་དབང་ཕྱུག་གི་མཆོག་རབ་སྐྱེད་པ་དང༌། རང་གི་སྨེས་ལ་དབང་སྒྱུར་བ་ཐོབ་པར་བྱེད་པ་དང་ནོར་ཐམས་ཅད་ཀྱི་གཙོ་བོ་དང༌། འཇིག་རྟེན་པའི་ནོར་ཐམས་ཅད་ཀྱི་རྩ་བའི་རྒྱུ་གང་ཡིན་པའོ། །ཤེས་རབ་རིན་པོ་ཆེ་ནི་ཇི་སྐད་དུ་བཤད་པའོ། །ཤེས་རབ་རལ་གྲི་དང་ཤེས་རབ་མཚོན་ཆ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་གཅོད་པར་བྱེད་པའོ། །ཤེས་རབ་མཚོན་ཆ་ནི་ཉོན་མོངས་པ་དང༌། ལྷའི་བུའི་བདུད་རིང་དུ་སྤོང་བའོ། །ཤེས་རབ་ འདེབས་པ་ནི་ཡིད་ཀྱི་དབང་པོའི་རྟ་དགེ་བ་སྤྱོད་པར་འདེབས་པའོ། །ཤེས་རབ་ལྟུང་བར་བྱེད་པ་ནི་ལུས་ཐམས་ཅད་དང་བྲལ་བ་དང༌། རྣམ་པར་འཇིག་པར་བྱེད་པའོ། །ཤེས་རབ་རབ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་སྒོ་དུ་མ་འགོག་པར་ཞུགས་པའོ། །ཤེས་རབ་ཐེམ་སྐས་ནི་སྦྱོར་བ་ལས་ བྱུང་བའི་ལམ་མོ། །ཤེས་རབ་ཁང་བཟངས་ནི་མཐར་ཕྱིན་པར་སོང་བའོ། །ཡང་ར་བ་ལ་སོགས་པ་དེ་དག་ཉིད་གཏན་ལ་དབབ་པའི་ཕྱིར་འདི་གསུམ་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཁམས་ཤེས་པ་དང༌། ཁམས་སྣ་ཚོགས་ཤེས་པ་དང༌། ཁམས་དུ་མ་ཤེས་པའོ། །ཡང་དག་པའི་ལྟ་བ་ནི་དེ་ ཁོ་ན་ཉིད་རབ་ཏུ་རྟོགས་པ་ལ་སློབ་པའི་ཤེས་རབ་གང་ཡིན་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་དེ་སྐྱེད་པར་བྱེད་པའོ། །སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བ་ནི་གོང་མ་སྟེ། སློབ་པ་རྣམས་ཀྱི་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་བསྡུས་པ་དང༌། ལན་ཅིག་ཕྱིར་ འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུས་བསྡུས་པའོ། །མི་སློབ་པ་རྣམས་ཀྱི་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུས་བསྡུས་པའོ། །རང་སངས་རྒྱས་རྣམས་ཀྱི་ནི་རང་སངས་རྒྱས་ཀྱིས་བསྡུས་པའོ། །སངས་རྒྱས་རྣམས་ནི་བྱང་ཆུབ་དམ་པས་བསྡུས་པའོ། །དེ་ལ་ཇི་ལྟར་ན་ ཁམས་ཤེས་བར་བྱ་བ་ཡིན་ཞེ་ན། སྨྲས་པ། ཁམས་དུ་མ་དང༌། ཁམས་སྣ་ཚོགས་ཤེས་པར་བྱ་སྟེ། ཁམས་བཅོ་བརྒྱད་ཅེས་བྱ་བ་ནི་ཁམས་དུ་མ་ཤེས་པའོ། །དེ་དག་གི་རྣམ་པ་ཚོགས་ཤེས་པ་ནི་ཁམས་སྣ་ཚོགས་ཤེས་པའོ། །ཡང་དེ་དག་གི་རབ་ཏུ་དབྱེ་བ་ནི་ཁམས་དང༌། འགྲོ་ བ་དང་ས་དང་གང་ཟག་དང་རྣམ་པའི་དབྱེ་བ་ཤེས་པའོ། །ཞིབ་མོ་ནི་དེ་ཁོ་ན་དང་ཟབ་མོའི་དོན་ལ་འཇུག་པའོ། །བརྟག་པ་ནི་དོན་མཐའ་དག་ལ་འཇུག་པའོ། །མཁས་པ་ནི་སྐྱེད་པའི་ཤེས་རབ་དང་ལྡན་པའོ། །མཛངས་པ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པའོ། །ཡང་ན་བཟློག་ ༄༅། །པའོ༑ །མིག་ནི་མངོན་སུམ་གྱི་དངོས་པོ་འཛིན་པའོ། །ཤེས་པ་ནི་ལྐོག་ཏུ་གྱུར་པའི་རིགས་འཛིན་པའོ། །རིགས་པ་ནི་དངོས་པོ་ཇི་སྙེད་ཡོད་པ་ལ་འཇུག་པའོ། །བློ་ནི་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོགས་པའོ། །དོན་སྤྱོད་པ་ནི་བསམས་པ་ལས་བྱུང་བའི་ དགེ་བས་ཡང་དག་པར་བསྡུས་པའོ། །ཆོས་སྤྱོད་པ་ནི་ཐོས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་བ་སྤྱོད་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བས་ཡང་དག་པར་བསྡུས་པའོ། །དགེ་ལེགས་སྤྱོད་པ་ནི་བསྒོམས་པ་ལས་བྱུང་བའི་དགེ་བས་ཡང་དག་པར་ བསྡུས་པའོ། །ལེགས་པར་གསུངས་པ་ནི་ཚིག་དང་ཡི་གེ་ཕུན་སུམ་ཚོགས་པའོ། །ལེགས་པར་བསྟན་པ་ནི་དོན་དང་ཤིན་ཏུ་མངོན་པར་འབྲེལ་པའོ། །ངེས་པར་འབྱུང་བ་ནི་འཇིག་རྟེན་པའི་ལམ་གྱི་སྡུག་བསྔལ་སྤོང་བས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི་ འཇིག་རྟེན་ལས་འདས་པའི་ལམ་གྱི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་མངོན་པར་བྱང་ཆུབ་པའོ། །མི་མཐུན་པ་མེད་པ་ནི་སྟོན་པ་དང་ཉན་ཐོས་རྣམས་ཀྱིས་བཤད་པ་དོན་དང་དོན་དུ་ཚིག་དང་ཚིག་ཏུ་ཕན་ཚུན་མཐུན་པ་སྟེ་གཅིག་ལ་གཅིག་མི་འགལ་བའོ། །འདུལ་ བ་དང་ལྡན་པ་ནི་མུ་སྟེགས་ཅན་དང་བདུད་དང་འཇིག་རྟེན་པ་ཐམས་ཅད་ཀྱིས་རྣམ་པར་མི་བསྐྱོད་པའོ། །རྟེན་པ་ཡོད་པ་ནི་སྟོན་པ་བཞི་ཆུད་མི་གསོན་པའོ། །འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ལུང་རྣམ་པར་དག་པའོ། །དེ་ལ་ མདོར་བསྡུ་ན་ཚིག་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་རྣམ་པ་བཞིར་བསྟན་པ་ཡིན་ཏེ། ཚིག་གཉིས་ཀྱིས་ནི་ཡི་གེ་དང་དོན་ཕུན་སུམ་ཚོགས་པར་བསྟན་ཏོ། །གཉིས་ཀྱིས་ནི་འབྲས་བུ་ཕུན་ སུམ་ཚོགས་པར་བསྟན་ཏོ། །གསུམ་གྱིས་ནི་སྒྲུབ་པ་ཕུན་སུམ་ཚོགས་པར་བསྟན་ཏོ། །གཅིག་གིས་ནི་སྟོན་པ་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་གླེང་གཞི་ཡོད་པ་ཞེས་བྱ་བ་ནི་ཀུན་ནས་སློང་བ་དང་བཅས་པར་བསླབ་པའི་གཞི་བཅས་ པའོ༑ །ངེས་པར་འབྱུང་བ་ཡོད་པ་ནི་རྣམ་པར་འདས་ན་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་བཅས་པའོ། །སྟོན་པ་ཡོད་པ་ནི་སྟོན་པ་བཞིས་འཆལ་བའི་ཚུལ་ཁྲིམས་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཅས་པའོ། །རྩོལ་བ་ཡོད་པ་ནི་འདོད་པའི་བསོད་ནམས་དང༌། ལུས་དུབ་ པའི་མཐའ་སྤོང་སྟེ་སྐྱེས་བུའི་རྩལ་གྱིས་འགྲུབ་པ་དང་མཐུན་པར་བྱ་བའི་ཕྱིར་བཅས་པའོ། །ཆོས་འཕྲུལ་ཡོད་པ་ནི་ཆོས་འཕྲུལ་གསུམ་གྱིས་མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར་གདམས་ངག་གོང་ན་མེད་པ་བཅས་པའོ། །ལྷུག་པར་གཏོང་པ་ནི་སྦྱིན་པ་དང་འབྲས་བུར་མ་འབྲེལ་བ་སྟེ། མྱ་ངན་ ལས་འདས་པར་ཡོངས་སུ་བསྡོས་པའི་ཕྱིར་རོ། །ལག་བརྐྱང་བ་ནི་གུས་པ་དང་རྒྱ་ཆེར་རབ་ཏུ་སྦྱིན་པའོ། །རྣམ་པར་གཏོང་བ་ལ་དགའ་བ་ནི་སྦྱིན་པའི་སྔོན་རོལ་དང༌། སྦྱིན་པའི་ཚེ་དང༌། བྱིན་ཟིན་ནས་ཡི་རངས་པ་དང༌། དང་བ་དང༌། འགྱོད་པ་མེད་པའོ། །སྦྱིན་པ་མི་འཆད་པར་ བྱེད་པ་ནི་གཅིག་ཏུ་ཆོས་དང་བབ་ཅོལ་མ་ཡིན་པས་ལོངས་སྤྱོད་བསྒྲུབས་ཏེ་དུས་སུ་ཡང་དང་ཡང་དུ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །གཏོང་བ་ཕུན་སུམ་ཚོགས་པ་ནི་སྦྱིན་གནས་དག་ལ་དབུལ་བའོ། །སྦྱིན་པ་ལ་འགེད་པར་དགའ་བ་ནི་དུས་དུས་སུ་ཕ་དང་མ་དང་བུ་དང་ བྲན་ལ་སོགས་པ་ལ་ཀུན་འགེད་པའོ། །ཡང་དེ་དག་ཐམས་ཅད་མདོར་བསྡུ་ན་སྦྱིན་པ་རྣམ་པ་དྲུག་ཡིན་ཏེ། མི་རྟེན་པའི་སྦྱིན་པ་དང༌། རྒྱ་ཆེན་པོའི་སྦྱིན་པ་དང༌། དགའ་བའི་སྦྱིན་པ་དང༌། ཡང་དང་ཡང་དུ་སྦྱིན་པ་དང༌། སྣོད་དུ་གྱུར་པ་ལ་སྦྱིན་པ་དང༌། ཡོངས་སུ་སྦྱིན་པ་དང༌། འཁོར་ ལ་སྦྱིན་པ་སྟེ། ཇི་ལྟར་སྦྱིན་པ་དང༌། གང་ལ་སྦྱིན་པའི་དབང་དུ་བྱས་པའོ། །ཚུལ་ཁྲིམས་རབ་ཏུ་རྒྱས་པའི་བར་གྱི་སྡོམ་ནི། ཚུལ་ཁྲིམས་དང་ཆོས་དང་སྲོག་གཅོད་པ་དང༌། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་རོ། །དེ་ཚུལ་ཁྲིམས་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་ཁ་ན་ མ་ཐོ་བས་ཀུན་དུ་གདུངས་པ་ཉེ་བར་ཞི་བར་བྱེད་པ་དང༌། ངང་ཚུལ་དུ་བྱ་བའི་དོན་ཏོ། །སྡོམ་པ་ནི་སྤོང་བའི་རང་བཞིན་ནོ། །ཕུན་སུམ་ཚོགས་པ་ནི་འགྱོད་པ་མེད་པ་ཡོངས་སུ་འཛིན་པའོ། །ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་ཡོངས་སུ་འཛིན་པའོ། །དགེ་བ་ནི་འབྲས་བུ་ཡིད་ ༄༅། །ངུ་འོང་བ་ཡོངས་སུ་འཛིན་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་བདག་དང་གཞན་ལ་ཕན་པ་ཡོངས་སུ་འཛིན་པའོ། །གནོད་པ་མེད་པ་ནི་མཚོན་ཆ་ལེན་པ་དང༌། དབྱུག་པ་ལེན་པ་དང༌། འཐབ་མོ་དང༌། མཚང་འབྲུ་བ་ལ་སོགས་པ་དང་མི་མཐུན་པར་གནས་པའོ། །རྗེས་ སུ་མཐུན་པ་ནི་དགེ་སྦྱོང་གི་འབྲས་བུ་དང་ཡོན་ཏན་ཁྱད་པར་ཅན་འཐོབ་པའི་རྗེས་སུ་མཐུན་པའོ། །རྗེས་སུ་འཕྲོད་པ་ནི་དགེ་བ་མི་སྤྱོམས་པའོ། །ཐབས་ནི་སྡིག་པ་འཆགས་པའོ། །འཚམ་པ་ནི་འདོད་པ་ཆུང་བ་ལ་སོགས་པ་དགེ་སྦྱོང་གི་རྒྱན་ཡོངས་སུ་འཛིན་པའོ། །མཐུན་པ་ནི་ལྟ་བ་དང་ ཀུན་ཏུ་སྤྱོད་པ་དང་འཚོ་བ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའོ། །གདུང་བ་མེད་པ་ནི་ལུས་ངལ་བའི་མཐའ་སྤོང་བའོ། །ཉེ་བར་གདུང་བ་མེད་པ་ནི་འདོད་པའི་བསོད་ནམས་ལྷུར་ལེན་པའི་མཐའ་སྤོང་བའོ། །འགྱོད་པ་མེད་པ་ནི་ཉོན་མོངས་པ་ཅན་ལ་མངོན་པར་མི་དགའ་ནས་སྲེད་པར་ གྱུར་པ་སྤོང་བའོ། །ཆོས་ནི་རིགས་པར་གཏོགས་པ་སྟེ་ལེགས་པར་བྱེད་པའི་ཕྱིར་རོ། །གདུལ་བ་ནི་ཉོན་མོངས་པ་འདུལ་བ་དང་མཐུན་པའོ། །འཕགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལས་རིང་དུ་ཞུགས་པའོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པ་དང་འདོད་པའི་འབྲས་བུ་སྐྱེད་ པའོ༑ །བསྟེན་པར་བྱ་བ་ནི་ངེས་པར་བསྟེན་པར་བྱ་བར་འོས་པའོ། །ལེགས་པ་ནི་མཁས་པ་རྣམས་ཀྱིས་རབ་ཏུ་བསྔགས་པའི་དངོས་པོའོ། །སྲོག་གཅོད་པ་ནི་འདི་ན་ལ་ཞེས་བྱ་བ་སྟེ། རྒྱས་པར་ནི་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་དང་བཅས་པར་འདི་ལྟ་སྟེ་རྟོག་པ་དང་བཅས་པ་དང་ དཔྱོད་པ་དང་བཅས་པའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་སོ་སོར་ཐར་པས་བསྡམས་བཞེས་བྱ་བརྒྱས་པར་འབྱུང་བ་དང༌། དབང་པོ་དག་གི་སྒོ་བསྡམས་ཏེ་གནས་པ་དང་དྲན་པ་ཀུན་ཏུ་བསྲུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང༌། ཟས་ཀྱི་ ཚོད་རིག་པ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ཀྱི་རྒོད་པའི་ཕྱིར་མ་ཡིན་པ་དང༌། རྒྱགས་པའི་ཕྱིར་མ་ཡིན་པ་ཞེས་བྱ་བརྒྱས་པར་འབྱུང་བ་དང༌། འགྲོ་བ་དང་ལྡོག་པ་ནི་ཤེས་བཞིན་དུ་གནས་པ་ཡིན་ནོ་ཞེས་བྱ་བརྒྱས་པར་འབྱུང་བ་དེ་དག་ཐམས་ཅད་རྒྱས་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ལམ་རབ་ཏུ་རྒྱས་པའི་བར་གྱི་སྡོམ་ནི། །དྲན་དང་སྤོང་དང་རྫུ་འཕྲུལ་དང༌། །དབང་པོ་རྣམས་དང་སྟོབས་རྣམས་དང༌། །བྱང་ཆུབ་ཡན་ལག་ལམ་ཡན་ལག །ཚད་མེད་པ་ནི་ཐ་མ་ཡིན། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ་བའི་ཕྱིར་ འདུན་པ་དྲག་པོ་ཆེན་པོ་ཞེས་བྱ་བ་ནི། ཡིད་ལ་མི་བྱེད་པའི་ཉེས་པ་སྤོང་བའོ། །བརྩོན་འགྲུས་ནི་རྩོལ་བ་ལྷོད་པར་གྱུར་པའི་ཉེས་པ་སྤོང་བའོ། །རྩོལ་བ་ནི་རྒོད་པ་དང་བྱིང་བའི་ཉོན་མོངས་པའི་སྐྱོན་སྤོང་བའོ། །སྤྲོ་བ་ནི་བདག་ཉིད་ལ་བརྙས་པར་མི་བྱེད་པའོ། །བཟོད་སྤྲོ་ནི་བརྙས་པ་ལ་བཟོད་ པའོ༑ །ཕྱིར་མི་ལྡོག་པ་ནི་ཆུང་ཟད་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པའོ། །དྲན་པ་ནི་གདམས་ངག་མི་བརྗེད་པའོ། །ཤེས་བཞིན་ནི་ལྟུང་བ་མི་བྱེད་པའོ། །བག་ཡོད་པ་ནི་བརྩོན་པ་མི་གཏོང་བའོ། །བརྟུན་པ་དང་ལྡན་པར་གནས་པ་ནི་ལེ་ལོའི་གཉེན་པོ་བསྒོམ་པའོ། །ཤེས་ བཞིན་དང་ལྡན་པ་ནི་ལྟུང་བའི་གཉེན་པོ་བསྒོམ་པའོ། །དྲན་པ་དང་ལྡན་པ་ནི་བསྒོམ་པ་བརྗེད་ངས་པའི་གཉེན་པོ་བསྒོམ་པའོ། །འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤོང་བཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་གཉེན་པོ་བསྒོམ་པའོ། །དེ་བས་ ན་འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་བརྩོན་པའི་དགེ་སློང་གིས་གཉེན་པོ་རྣམ་པ་བཞི་བསྒོམ་པར་བྱའོ་ཞེས་ཡོངས་སུ་བསྟན་པ་ཡིན་ནོ། །ཡང་དག་པར་སྤོང་བ་དག་དང༌། རྫུ་འཕྲུལ་གྱི་རྐང་པ་དག་གི་རྣམ་གྲངས་གང་ཡིན་པ་དེ་དག་རྒྱས་པར་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་ འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལ་དད་པ་ཞེན་པ་ཡིན་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་བཞིན་ནོ། །མཐུ་དང་ལྡན་པར་གནས། བརྩོན་འགྲུས་དང་ལྡན། སྤྲོ་བ་དང་ལྡན་པ་ཞེས་བྱ་བ་ནི་རྒྱས་པར་འདི་ ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཆོས་རྣམ་པར་འབྱེད་དོ། །རབ་ཏུ་རྣམ་པར་འབྱེད་དོ། །ཡོངས་སུ་རྣམ་པར་རྟོག་པར་བྱེད་དོ། །ཡོངས་སུ་དཔྱོད་པར་བྱེད་དོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །ཟག་པ་མེད་པའི་ཡིད་ལ་བྱེད་ ༄༅། །པ་ཐོབ་པ་ནས་བཟུང་སྟེ། བདེན་པ་ལ་དམིགས་པ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་ལྡན་པ་ཐམས་ཅད་ནི་ཆོས་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ལ་རྣམ་པར་འབྱེད་པ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་འཛིན་པའོ། ། རབ་ཏུ་རྣམ་པར་འབྱེད་པ་ནི་འདི་ལྟར་སྐྱེ་བ་ནི་སྡུག་བསྔལ། རྒ་བ་ནི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སོ་སོར་རྣམ་པར་ཕྱེ་བ་འཛིན་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་དེའི་གཞི་མདོ་ལ་སོགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། འདི་ལྟར་དེ་ལ་བརྟེན་ནས་སྔ་མ་གཉིས་འབྱེད་པར་བྱེད་ པའོ༑ །དེ་ལ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་རྟོག་པའོ། །རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཡང་དག་པར་རྟོག་པའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ངེས་པར་འཛིན་པ་ནི་ཉེ་བར་རྟོག་པའོ། །དེ་ལ་སྔ་མ་ནི་ཀུན་ཏུ་ཚོལ་བའི་ལམ་མོ། །འདི་ནི་རྣམ་པར་ངེས་པའི་ལམ་ མོ༑ །རྣམ་གྲངས་གཞན་ཡང་རྟོག་པ་ནི་ཤེས་བྱའི་དངོས་པོ་ལ་ཡིད་ལ་བྱེད་པ་གཏོད་པའོ། །ཡང་དག་པར་རྟོག་པ་ནི་གཏད་པའི་འོག་ཏུ་ཡོངས་སུ་ཚོལ་བའོ། །ཉེ་བར་རྟོག་པ་ནི་ཡོངས་སུ་བཙལ་བའི་འོག་ཏུ་གཏན་ལ་འབེབས་པའོ། །བསྟེན་པ་ནི་རྣམ་པར་རྟོག་པའི་ལུས་ཤེས་པའོ། ། ཡང་དག་པར་རྟོགས་པ་ནི་ཤེས་བྱའི་དངོས་པོ་ཤེས་པའོ། །རྣམ་གྲངས་གཞན་ཡང་རང་གི་མཚན་ཉིད་ཀྱི་སྒོ་ནས་བསྟན་པའོ། །སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པར་རྟོགས་པའོ། །ཡོད་འཛིན་ནི་ཇི་སྙེད་ཡོད་པ་དང་ཇི་ལྟར་ཡོད་པ་བཞིན་འཛིན་པའོ། །རྒྱས་པར་འགྱུར་བ་དང༌། ། འཕེལ་བ་དང༌། ཡངས་པ་ནི་སྔ་མ་དང་ཕྱི་མ་ལས་སོ། །ཡིད་གཞུངས་པ་ནི་དེའི་དོན་སྔ་ཕྱི་མི་བརྗེད་པའོ། །བློ་ནི་རྣམ་པར་འབྱེད་པར་ནུས་པའི་ཤེས་རབ་ལྷན་ཅིག་སྐྱེས་པ་གང་ཡིན་པའོ། །མཁས་པ་ནི་ཡང་དག་པར་བླངས་པའི་ཤེས་རབ་གང་ཡིན་པའོ། །ཤེས་རབ་རྒྱུ་བ་ནི་ལུང་དང་ ཁ་ཏོན་དང༌། ཡོངས་སུ་འདྲི་བ་དང༌། འབེལ་བའི་གཏམ་རྣམ་པར་ངེས་པ་ལ་སོགས་པས་དོན་རྣམ་པར་ཤེས་པ་དེ་གོང་ནས་གོང་དུ་རྣམ་པར་ཤེས་པར་བྱ་བ་དང་ལྡན་པའི་ཤེས་རབ་གང་ཡིན་པའོ། །ལྷག་མཐོང་ནི་སྔར་རྣམ་པར་ཤེས་ཟིན་པའི་དོན་ལ་སོ་སོར་རྟོག་པའོ། །གཏོད་པ་ ནི་རྟོག་པ་སྔོན་དུ་བཏང་བའི་དམིགས་པ་ཡིད་ལ་བྱེད་པ་གང་ཡིན་པ་དང༌། དེར་སེམས་གཏོད་པར་བྱེད་པའོ། །རྣམ་པར་གཏོད་པ་ནི་གང་གིས་མཇུག་རྟུལ་བར་བྱེད་པའོ། །རྟོག་པ་ནི་མཚན་མར་འཛིན་པའོ། །རབ་ཏུ་རྟོག་པ་ནི་མངོན་རྟགས་སུ་འཛིན་པའོ། །རྣམ་གྲངས་གཞན་ཡང་རྟོག་པ་ནི་ ཀུན་ཏུ་ཚོལ་བའི་སེམས་ཀྱིས་རྟོག་པའོ། །རབ་ཏུ་རྟོག་པ་ནི་ཀུན་ཏུ་ལྟ་བས་སོ་སོར་རྟོག་པའོ། །མངོན་པར་རྟོག་པ་ནི་ཡོན་ཏན་དང་སྐྱོན་ལ་རྟོག་པའོ། །དེ་དག་ཉིད་ལུང་ལ་བརྟེན་ནས་བྱེ་བྲག་ཏུ་རྟོག་པ་དང་བྱེ་བྲག་ཏུ་བགྲང་བའོ། །མངོན་སུམ་ལ་བརྟེན་ནས་རྟོག་པ་དང་རྣམ་པར་རྟོག་པའོ། ། རྗེས་སུ་དཔག་པ་ལ་བརྟེན་ནས་ཡང་དག་པར་རྟོག་པ་དང༌། ཡང་དག་པར་རྟོག་པ་ཉིད་དོ། །ཀུན་ཏུ་སྤོང་བ་ནི་ལྷག་པའི་བསམ་པས་སྤོང་བ་ངེས་པར་སྐྱེ་བའོ། །རྣམ་པར་སྤོང་བ་ནི་གཞན་ལས་ཡང་དག་པར་ལེན་པའོ། །ཉེ་བར་སྤོང་བ་ནི་ཡང་དག་པར་བླངས་པའི་འོག་ཏུ་ཚུལ་ཁྲིམས་རྗེས་སུ་ སྲུང་བའོ། །སོ་སོར་སྤོང་བ་ནི་ལྟུང་བ་འབྱུང་བ་ཆོས་བཞིན་དུ་ཡང་ཕྱིར་བྱེད་པའོ། །དེ་ལ་ཡང་དག་པར་སྡོམ་པ་དང༌། སྡོམ་པ་གཉིས་ཀྱིས་ཚུལ་ཁྲིམས་རྗེས་སུ་སྲུང་བ་ཞེས་བྱ་བ་དེ་ལ་ཡང་དག་པར་སྡོམ་པ་ནི་བཟོད་པ་དང༌། དེས་པ་དང༌། འདོད་པ་ཆུང་བ་དང༌། བྱམས་པའི་སེམས་ལ་ སོགས་པའོ། །སྡོམ་པ་ནི་དབང་པོའི་སྒོ་བསྡམས་པའོ། །མི་བྱ་བ་ནི་བདག་ཀྱང་མི་བྱེད་ལ། གཞན་ལ་ཡང་བྱེད་དུ་མི་གཞུག་པའོ། །མི་སྤྱད་པ་ནི་ཤེས་བཞིན་དུ་མི་བྱེད་པའོ། །སྤྱད་པ་མ་ཡིན་པ་ནི་དྲན་བཞིན་དུ་མི་སྤྱོད་པའོ། །ཆུ་ལོན་ནི་དེ་ལ་བརྟེན་ནས་སྡིག་པའི་ཆོས་ལས་རྒལ་བའོ། ། དུས་ཚོད་ནི་དེ་དང་འགལ་བར་གནས་པ་དང༌། དེའི་བར་ཆད་བྱེད་པའི་ཆོས་སྐྱེས་སོ་ཅོག་གཉེན་པོ་ལ་བརྟེན་ནས་དང་དུ་མི་ལེན་ཅིང་སྤོང་བའོ། །སྤོང་ལྡན་ནི་སྤོང་བ་དེ་དག་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའོ། །མི་འདའ་བ་ནི་བསླབ་པའི་ཚོགས་ཐམས་ཅད་རྣམ་པར་འབྱེད་པར་ མི་བྱེད་ཅིང་མི་སྤོང་བའོ། །རྣམ་པར་མི་འདའ་བ་ནི་ཕྱོགས་འགའ་ཡང་འཕན་མི་འབྱིན་ཞིང་མི་སྤོང་བའོ། །གནས་པ་ནི་སེམས་འཇོག་པར་བྱེད་པ་གང་ཡིན་པའོ། །ཡང་དག་པར་འཇོག་པ་ནི་ཡང་དག་པར་འཇོག་པ་གང་ཡིན་པ་སྟེ། རྒྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་སེམས་ ༄༅། །གནས་པ་རྣམ་པ་དགུ་འབྱུང་བ་བཞིན་དུ་རྟོགས་པར་བྱའོ། །སྡོམ་ནི། ཤེས་དང་སྟོན་དང་དགེ་བ་དང༌། །འདུན་དང་བརྟུན་དང་གཅིག་པུ་དང༌། །རྡུལ་བྲལ་ནད་དང་སྣང་བ་དང༌། །བདག་དང་སྲེད་བཅད་སྐྱེ་བ་ཟད། །ལྷར་བཅས་སྐྱེ་བོ་མང་པོ་དང༌། །ཕུང་པོ་དང་ནི་ངར་འཛིན་ པའོ༑ །ཤེས་པ་ཞེས་བྱ་བ་ནི་ཐོས་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་པོ། །མཐོང་བ་ནི་མཐོང་བའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་པོ། །རིག་པ་ནི་བྱེ་བྲག་ཕྱེད་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་པོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཐ་སྙད་སྔོན་དུ་འགྲོ་བའི་ཤེས་རབ་པོ། །ཡེ་ ཤེས་ནི་ལྐོག་ཏུ་གྱུར་པ་ཤེས་པའོ། །མཐོང་བ་ནི་མངོན་དུ་མངོན་སུམ་དུ་གྱུར་བ་མཐོང་བའོ། །རིག་པ་ནི་མ་རིག་པ་ལས་བཟློག་པའི་བྱེ་བྲག་ཏུ་རྟོགས་པའོ། །བློ་ནི་ཡང་དག་པར་ཡོད་པའི་དོན་ཤེས་པའོ། །རྟོགས་པ་ནི་ཡང་དག་པ་མ་ཡིན་པ་ལ་སྒྲོ་འདོགས་པའོ། །ཤེས་རབ་གང་ཡིན་པ་ནི་ལྷན་ ཅིག་སྐྱེས་པའི་ཤེས་རབ་གང་ཡིན་པ་སྟེ་སྐྱེས་ནས་ཐོབ་པའོ། །སྣང་བའི་སྦྱོར་བ་ལས་ཡང་དག་པར་བསྒྲུབས་པའི་ཤེས་རབ་གང་ཡིན་པའོ། །མངོན་པར་རྟོགས་པ་ནི་ཆོས་མངོན་པར་རྟོགས་པ་དང་ལྡན་པ་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཅིང༌། ལྐོག་ཏུ་གྱུར་པ་མ་ཡིན་པ་ནང་གི་སོ་སོའི་ནང་ གི་ཤེས་རབ་གང་ཡིན་པའོ། །སྟོན་པ་ནི་དྲིས་པ་ལུང་སྟོན་པ་གང་ཡིན་པའོ། །འདོགས་པར་བྱེད་པ་ནི་ལུང་སྟོན་པར་འདོད་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་མཐར་གྱིས་ལེགས་པར་སྡེབ་པར་བྱེད་པའོ། །རབ་ཏུ་འཇོག་པར་བྱེད་པ་ནི་མཐར་གྱིས་ལེགས་པར་བསྡེབས་པ་རྣམས་ སྟོན་པར་བྱེད་པའོ། །བྱེ་བྲག་ཏུ་འགྲེལ་པ་ནི་བསྟན་པ་རྣམས་བྱེ་བྲག་ཏུ་སྟོན་པར་བྱེད་ཅིང་དོན་འཆད་པའོ། །རྣམ་པར་འགྲེལ་བ་ནི་གཞན་གྱི་ཐེ་ཚོམ་སྐྱེས་སོ་ཅོག་སེལ་བར་བྱེད་པའོ། །གསལ་བར་བྱེད་པ་ནི་དོན་དང་ཚིག་དང་ཟབ་མོ་ཡང་དང་ཡང་དུ་རྟོགས་པར་བྱས་ནས་རབ་ཏུ་སྟོན་པར་བྱེད་ པའོ༑ །སྟོན་པར་བྱེད་པ་ནི་སྙིང་བརྩེ་བས་མ་དྲིས་མ་བཅོལ་བར་ཆོས་འཆད་བར་བྱེད་ཅིང་ཀུན་ཏུ་སྟོན་པའོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་བར་ཆད་མེད་པར་སྟོན་པའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་བྱེད་པ་ནི་འཆབ་པ་མི་བྱེད་པའོ། །ཐོག་མར་དགེ་བ་ནི་ཉན་པ་རྣམས་རབ་ཏུ་དགའ་བ་ སྐྱེད་པའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པར་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང༌། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང༌། ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང༌། ཤིན་ཏུ་འདོད་ཆགས་ དང་བྲལ་བའི་མཐར་གྱུར་པའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང༌། བདེ་བ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་མིང་གི་ཚོགས་ལ་སོགས་པ་ལེགས་པར་སྦྱར་བ་དང༌། ཚིག་ཏུ་འདོན་པ་ཟུར་ཕྱིན་པ་དང་ལྡན་པའོ། །མ་འདྲེས་པ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ། ། ཡོངས་སུ་རྫོགས་པ་ནི་ཚད་མེད་པའི་ཕྱིར་ཐམས་ཅད་ཀྱི་མཆོག་ཏུ་བྱུང་བའོ། །ཡོངས་སུ་དག་པ་ནི་རང་བཞིན་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བའོ། །ཚངས་པར་སྤྱོད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ནི་མ་འདྲེས་པའི་རྣམ་པ་ལ་སོགས་པས་ མཚན་ཉིད་རྣམ་པ་བཞིར་བསྟན་ཏོ། །ཉོན་ལ་ཞེས་བྱ་བ་ནི་མཚན་ཉིད་དེ་ལྟ་བུའི་ཆོས་ལ་རྣ་གཏོད་པར་ཡང་དག་པར་སྦྱོར་བར་བྱེད་པའོ། །ཤིན་ཏུ་ལེགས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་དང༌། རྒྱུན་མི་འཆད་པ་དང༌། གུས་པར་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཡང་དག་པར་སྦྱོར་བར་ བྱེད་པའོ། །འདུན་པ་དྲག་པོ་ནི་ནམ་ཞིག་ན་གནས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དགའ་བ་དྲག་པོ་ནི་ཡང་དག་པར་སྦྱོར་བ་ལ་དགའ་བའོ། །རབ་ཏུ་དགའ་བ་དྲག་པོ་ནི་སྟོན་པར་བྱེད་པ་སྟོན་པའམ་བླ་མའི་གནས་ལྟ་བུ་ལ་རབ་ཏུ་དགའ་བའོ། །དང་བ་དྲག་པོ་ནི་ཆོས་སྟོན་པ་ དང་གདམས་ངག་རྗེས་སུ་སྟོན་པ་ལ་དང་བའོ། །བརྟུན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར་ཏེ། སང་བྱའོ་སང་བྱའོ་ཞེས་མི་སྡོད་པར་བརྩོན་འགྲུས་རྩོམ་པའོ། །རྗེས་སུ་བརྩོན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཇི་ལྟར་བསླབ་པ་དང༌། མཉམ་པའམ། ལྷག་པར་རབ་ཏུ་སྦྱོར་གྱི། ཆུང་ངུར་ནི་མ་ཡིན་ནོ། །སྤང་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་བསྒོམ་པའོ། །ནང་དུ་ཡང་དག་གཞག་པའི་ཕྱིར་ཞེས་བྱ་བ་ནི་བས་མཐའི་གནས་མལ་དག་ཏུ་མ་འདྲེས་པར་གནས་ཤིང་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བ་ལ་ཏིང་ངེ་འཛིན་གང་ ༄༅། །ལ་བརྟེན་ནས་གཉེན་པོ་བསྒོམ་པའོ། །གཅིག་པུ་ནི་དབེན་པའི་གནས་མལ་དུ་སོང་བ་གཉིས་ལྷན་ཅིག་ཏུ་མི་གནས་པའོ། །མ་འདྲེས་པ་ནི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་ལ་ཀུན་ཏུ་མི་སྤྱོད་པའོ། །བག་ཡོད་པ་ནི་འདོད་པའི་རྣམ་པར་རྟོག་པ་ ལ་སོགས་པ་སྡིག་པ་ཅན་གྱི་ཆོས་ལས་སེམས་སྲུང་བ་དང༌། དགེ་བ་ལ་ཡང་དག་པར་སྦྱོར་བའོ། །བསྟན་པ་ཅན་ནི་སྔ་མ་བཞིན་ནོ། །བདག་ཉིད་གཏོད་པ་ནི་སྒྲིབ་པ་ལྔ་སྤངས་ནས་སེམས་ནང་དུ་རབ་ཏུ་གཏོད་པ་དང་འདས་བླ་ན་མེད་པའི་གྲུབ་པ་དང་བདེ་བ་ལ་སེམས་གཏོད་པ་ཡིན་ནོ། །རྡུལ་ དང་བྲལ་བ་ཞེས་བྱ་བ་ནི་མཐར་མ་ཐུག་པའི་ཤེས་པ་སྐྱེས་པ་ལ་མངོན་པར་རྟོགས་པའི་བར་ཆད་བྱེད་པ་ངའོ་སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་བར་ཆད་མེད་པར་འབྱུང་བ་གང་ཡིན་པ་དེ་ནི་རྡུལ་ཞེས་བྱའོ། །དྲི་མ་ནི་དེའི་ཕྱོགས་དང་མཐོང་བས་སྤང་བར་བྱ་བའི་ཕྱོགས་ཀྱི་གནས་ངན་ལེན་ ཏོ༑ །དེ་དག་མེད་པའི་ཕྱིར་རྡུལ་དང་བྲལ་བ་དང་དྲི་མ་དང་བྲལ་བའོ། །ཡང་ངའོ་སྙམ་པའི་ང་རྒྱལ་དེ་དང༌། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་རྡུལ་ལོ། །ཕྱོགས་གཉིས་ཀའི་གནས་ངན་ལེན་ནི་དྲི་མའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དུ་གནས་པ་དག་ ལའོ། །ཆོས་ཀྱི་མིག་ནི་ཆོས་ཙམ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཉམས་སུ་མྱོང་བ་ཅན་གྱི་ཤེས་རབ་པོ། །ཆོས་མཐོང་བ་ནི་སྡུག་བསྔལ་ལ་སོགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །ཆོས་ཐོབ་པ་ནི་དགེ་སྦྱོང་གི་འབྲས་བུ་མཐུན་པར་ཐོབ་པའོ། །ཆོས་རྟོགས་པ་དེ་ ཐོབ་པ་ན་བདག་གིས་ཐོབ་པའོ། །བདག་ནི་རྒྱུན་དུ་ཞུགས་པ་སྟེ་ལྟུང་བའི་ཆོས་ཅན་མ་ཡིན་ཞེས་བྱ་བར་ཤེས་པའོ། །ཆོས་ཀྱི་གཏིང་སླེབ་པ་ནི་བདེན་པ་མངོན་པར་རྟོགས་པའི་དབང་དུ་བྱས་ཏེ་ཤེས་ནས་དད་པ་རྙེད་པའི་ཕྱིར། སྟོན་པ་དང་ཆོས་དང་དགེ་འདུན་དང་བདག་ཉིད་ཀྱིས་འཕགས་པ་དགྱེས་ པའི་ཚུལ་ཁྲིམས་རྣམས་རྣམ་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཏིང་རྟོགས་པའོ། །སོམ་ཉི་ལས་རྒལ་བ་ནི་རང་གི་རྟོགས་པ་ལའོ། །ཐེ་ཚོམ་ལས་རྒལ་བ་ནི་གཞན་དག་གི་རྟོགས་པ་དག་ལའོ། །གཞན་གྱི་དྲིང་མི་འཇོག་པ་ནི་ཆོས་དེ་བདག་ཉིད་ཀྱིས་ཡང་དག་པར་རྟོགས་ཀྱི་གཞན་ ལས་མཉན་པ་ལ་སོགས་པ་དག་ལས་ནི་མ་ཡིན་པའོ། །གཞན་གྱིས་བཀྲིར་མི་བཏུབ་པ་ནི་སྟོན་པའི་བསྟན་པ་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པའོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་རྟོག་པ་དེ་ལ་གཞན་གྱིས་དྲིས་ཀྱང་སྤ་འགོང་བ་མེད་པའོ། །མངོན་བར་རྒལ་བ་ མངོན་པར་རྒལ་བ་ཞེས་བྱ་བ་ནི་རྒྱུན་ཕྱོགས་ལས་བཟློག་པའི་ལམ་ལ་ཡང་དག་པར་ཞུགས་པའོ། །ལན་གཉིས་སུ་བརྗོད་པ་ནི་ཤིན་ཏུ་མངོན་པར་རྒལ་བ་ལས་ཕྱིར་མི་ལྡོག་པའོ། །རྣམ་གྲངས་གཞན་ཡང་བརྡར་བཏགས་པ་དང་དོན་དམ་པའི་ཆོས་ཁས་བླངས་པར་རིག་པར་བྱའོ། །ནད་དུ་ སྣང་ངོ་ཞེས་རྒྱས་པར་བཤད་པ་གང་ཡིན་པ་ཇི་ལྟར་ན་ནད་ལ་སོགས་པར་སྣང་བ་ཡིན་ཞེ་ན། འདིའི་ནད་ནི་འདི་མ་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། འོན་ཀྱང་དེ་དང་པོ་དེ་ཉིད་དུ་མི་རྟག་པ་ལ་སོགས་པའི་རྣམ་པས་དེ་ལྟར་རྣམ་པར་སུན་ཕྱུང་བ་ཡིན་ཏེ། །གང་ཞིག་ཡིད་ལ་བྱེད་པ་ན་ འགྲོགས་པར་མི་འདོད་པས་ནད་ལ་སོགས་པ་བཞིན་དུ་མི་མཐུན་པར་འཛིན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ་མི་རྟག་པ་ལ་སོགས་པའི་རྣམ་པ་སྨོས་ཏེ། དེ་ལྟར་སྣང་བ་དེ་ནི་དེར་ཡོངས་སུ་རྟག་པའི་འབྲས་བུ་ཡིན་ནོ། །མི་རྟག་པ་ཉིད་དུ་ཞེས་བྱ་བ་ནི་ཚེའི་སྐད་ཅིག་བརྒྱུད་པ་ མཐོང་པ་སྟེ། སྐད་ཅིག་བརྒྱུད་པ་ན་དཔེར་ན་མངོན་སུམ་པ་དང༌། གཞན་གྱི་དྲིང་མི་འཇོག་པའི་ཤེས་པས་རེག་པ་དེ་དང་དེ་ཀུན་ཏུ་འབྱུང་བ་དང་ནུབ་པའི་སྒོ་ནས་ཚོར་བ་དེ་དང་དེ་ཀུན་ཏུ་འབྱུང་བ་དང་ནུབ་པའི་རྒྱུན་མཐོང་བ་ལྟ་བུའོ། །སྡུག་བསྔལ་ཉིད་དུ་ཞེས་བྱ་བ་ནི་སྡུག་བསྔལ་རྣམ་པ་གཉིས་ ཏེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང༌། གང་ཅི་ཚོར་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱའོ། །ཚེའི་སྐད་ཅིག་བརྒྱུད་པ་མཐོང་བའི་སྒོ་ནས་ཅི་རིགས་པར་དེ་ཉིད་ལ་འཇུག་སྟེ། ཤི་བའི་འོག་ཏུ་སྐྱེའོ། །སྐྱེས་ནས་ཀྱང་རྒ་བ་ལ་སོགས་པས་སྡུག་བསྔལ་ཏེ་དེའི་ཕྱིར་གང་མི་རྟག་ པ་དེ་ནི་སྡུག་བསྔལ་ལོ་ཞེས་སྐྱེ་བ་བརྒྱུད་པའི་སྒོ་ནས་སྡུག་བསྔལ་བ་ཉིད་ལ་འཇུག་གོ། །ཇི་ལྟར་ན་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་ཞེ་ན། བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་ལོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ ༄༅། །ཉིད་ཀྱིས་སྐྱེ་བ་དང་གནས་པས་སྡུག་བསྔལ་ལོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་མི་རྟག་པ་དང་འགོག་པའི་ཆོས་ཅན་པས་སྡུག་བསྔལ་ལོ། །དེ་ལ་བདེ་བ་ནི་མི་རྟག་པའི་ཕྱིར་ཡོངས་སུ་འགྱུར་རོ། །སྡུག་བསྔལ་ནི་མི་རྟག་པའི་ཕྱིར་སྐྱེའོ། །རྒྱུན་དུ་ འབྱུང་བའི་ཕྱིར་གནས་སོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་འགག་པ་ནི་མི་རྟག་པ་སྐྱེས་པ་ནི་འགགས་པའི་ཆོས་ཅན་ཏེ། དེ་འགགས་ཀྱང་དེ་གཉིས་དང་མ་བྲལ་བ་ནི་དེ་གཉིས་དང་རྗེས་སུ་འབྲེལ་བ་ཡིན་པས་དེའི་ཕྱིར་དེ་ཡང་སྡུག་བསྔལ་བ་ཡིན་ནོ། །ཇི་ལྟར་ན་བདེ་བའི་ཚོར་བ་ སྡུག་བསྔལ་བ་ཉིད་དུ་ལྟ་ཞེ་ན། དེ་ལ་འདོད་ཆགས་རྒྱས་པར་འགྱུར་ལ། །དེ་ལ་ཡང་ཚེ་ཕྱི་མ་ལ་སྡུག་བསྔལ་ཡོངས་སུ་འཛིན་པ་དང༌། མཐོང་བའི་ཆོས་ལ་ཡང་དེས་འགྱུར་བའི་སྡུག་བསྔལ་སྐྱེད་པར་བྱེད་དེ། དེ་ལྟར་ན་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ། །ཇི་ལྟར་ན་སྡུག་བསྔལ་ལ་ཟུག་རྔུ་ཉིད་དུ་བལྟ་ བར་བྱ་ཞེ་ན། མངོན་དུ་གྱུར་ན་ཟུག་རྔུ་བཞིན་དུ་གནོད་པ་བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་མི་རྟག་པ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་ནི་འགགས་པ་གང་ཡིན་པ་ནི་མི་རྟག་པའོ། །མ་འགགས་པ་གང་ཡིན་པ་ནི་འགོག་པའི་ཆོས་ཅན་ཏེ། མི་རྟག་པ་གང་ ཡིན་པ་དེ་ལས་ནི་བདེ་བའམ་སྡུག་བསྔལ་མི་སྐྱེའོ། །འགོག་པའི་ཆོས་ཅན་ནི་དེས་བདེ་བ་དང་སྡུག་བསྔལ་དག་ལས་ཡོངས་སུ་མ་གྲོལ་བ་ཡིན་ནོ། །སྟོང་པ་ཉིད་ཅེས་བྱ་བ་ནི་རྟག་པ་དང་བརྟན་པ་དང་མི་འགྱུར་པའི་ཆོས་ཅན་གྱི་བདག་དང་བྲལ་པའོ། །བདག་མེད་པ་ཉིད་ནི་རྟེན་ཅིང་འབྲེལ་བར་ འབྱུང་བ་དང་རང་དབང་མེད་པའོ། །སྣང་བ་ནི་རང་བཞིན་གྱིས་སོ། །རབ་ཏུ་སྣང་བ་ནི་དེ་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བའོ། །ངན་པར་སྣང་བ་ནི་དེ་ཡོངས་སུ་མ་ཤེས་ཤིང་མ་སྤངས་ན། སྐྱོན་འདི་ལྟ་བུ་དང་མཐུན་པར་འགྱུར་ཞེས་བྱ་བའོ། །ཀུན་ཤེས་པ་ནི་མཚན་ཉིད་སོ་སོར་ཡང་ དག་པར་རྟོགས་པས་སོ། །རྣམ་པར་ཤེས་པ་ནི་མོས་པ་ཡིད་ལ་བྱེད་པས་སོ། །རབ་ཏུ་ཤེས་པ་ནི་རབ་ཏུ་དབེན་པ་དང་ལྡན་པ་ལ་སོགས་པས་སོ། །ཡང་དག་པར་རྟོག་པར་བྱེད་པ་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་སོ། །ཉེ་བར་རྟོག་པར་བྱེད་པ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སོ། །བསྟེན་ པར་བྱེད་པ་ནི་ཇི་སྙེད་ཡོད་པ་ལས་སོ། །སོ་སོར་རྟོག་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ལས་སོ། །རེག་པར་བྱེད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཚངས་པར་སྤྱོད་པས་ཡང་དག་པར་བསྡུས་པའོ། །མངོན་སུམ་དུ་བྱེད་པ་ནི་འབྲས་བུ་མྱ་ངན་ལས་འདས་པའོ། །བདག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ རྣམས་ལ་བདག་དང་བདག་གིར་ལྟ་བ་ཀུན་དུ་སྤྱོད་པའོ། །སེམས་ཅན་ནི་ཡོད་པའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པ་དང་དེ་དག་ལ་ཆགས་པའོ། །ཤེད་ལས་སྐྱེས་པ་ནི་ཡིད་ཀྱི་རྣམ་པའོ། །ཤེད་བུ་ནི་ང་རྒྱལ་ལ་བརྟེན་ནས་མཐོ་དམན་དུ་འགྱུར་བའོ། །གསོ་བ་ནི་ཡང་འབྱུང་བ་པའི་ སྲིད་པའི་ལམ་གྱིས་རྒྱས་པར་བྱས་པའོ། །སྐྱེས་བུ་ནི་སྐྱེས་བུའི་རྩལ་བྱེད་པའོ། །གང་ཟག་ནི་ཡང་དང་ཡང་དུ་འགྲོ་བ་ལ་ངོམས་པར་དང་ཆོག་མི་ཤེས་པའོ། །སྲོག་ནི་ཚེ་དང་ལྷན་ཅིག་གསོན་ཞིང་གནས་པའོ། །སྐྱེ་བ་པོ་ནི་སྐྱེ་བ་ལ་སོགས་པའི་ཆོས་སོ། །ཀུན་ཏུ་སྦྱོར་བ་རྣམས་རྣམ་པར་བཟློག་ ནས་སྲེད་པ་བཅད་པ་དང་ལྡན་ཞེས་བྱ་བ་ནི་འདི་ལྟ་སྟེ། བདེན་པ་མངོན་པར་རྟོགས་པ་དང་བཅས་པ་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ཡང་སྲིད་པའི་སྲེད་པ་ཀུན་ཏུ་མི་སྤྱོད་པའོ། །དེས་དུས་གཞན་ན་ཡང་དང་ཡང་དུ་སྐྱེ་བ་དང་འཇིག་པ་རྗེས་སུ་མཐོང་ནས་ང་རྒྱལ་མ་ལུས་པར་རབ་ཏུ་སྤོང་སྟེ་ དེའི་ཕྱིར་ང་རྒྱལ་ཡང་དག་པར་མངོན་པར་རྟོགས་པ་ཞེས་བྱའོ། །དེའི་སྲེད་པའི་བག་ལ་ཉལ་འདི་ཐམས་ཅད་སྤངས་པ་ཡིན་ཏེ་དེའི་ཕྱིར་ཕྱི་མ་ལ་སྡུག་བསྔལ་ཡང་མི་སྐྱེ་བའི་ཆོས་ཉིད་རྙེད་པའི་ཕྱིར་སྡུག་བསྔལ་མཐར་བྱས་པ་ཞེས་བྱའོ། །བདག་གི་སྐྱེ་བཟད་དོ་ཞེས་བྱ་བ་ནི་ཡང་སྲིད་པ་བརྒྱད་པ་ ཕན་ཆད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ་ཞེས་བྱ་བ་ནི་ལམ་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་ཡོངས་སུ་མི་ཉམས་པའོ། །བྱ་བ་བྱས་པ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པ་དང་ལམ་མཐའ་དག་ཐོབ་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་སྲིད་པ་བདུན་ཡང་ ཟད་པའོ། །ཡང་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ནི་སྐྱེ་བ་ནི་གཉིས་ཏེ་སྐྱེ་བའི་སྐྱེ་བ་དང༌། ཉོན་མོངས་པའི་སྐྱེ་བ་སྟེ་སྐྱེ་བའི་སྐྱེ་བ་ནི་སྔ་མ་བཞིན་ནོ། །དེ་གཉིས་བསྲབས་བ་ནི་ཟད་པ་སྟེ། འབྲས་བུ་དང་པོ་གཉིས་སྟོན་ཏོ། །ཚངས་པར་སྤྱོད་པ་བསྟེན་ཞེས་བྱ་བ་ནི་ཕྱིར་མི་འོང་བས་མི་ ༄༅། །ཚངས་པར་སྤྱོད་པའི་འདོད་ཆགས་སྤང་པའོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དོ། །དེ་དག་ནི་ཀུན་ཤེས་པ་བརྡ་སྤྲོད་པའི་རྣམ་པ་ཡིན་པར་རིག་པར་བྱའོ། །ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་མངོན་བསྟན་པའོ། ། དེ་ནི་རྣམ་པ་གཉིས་ཏེ་བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པའོ། །དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་གང་དག་མི་རྣམས་ཀྱི་ནང་དུ་སྐྱེས་པ་ཚངས་པའམ་བདུད་ཀྱི་ཕྱིར་ཞུགས་པའོ། །ལྷ་དང་མིར་བཅས་པའི་སྐྱེ་དགུ་ཞེས་བྱ་བ་ནི་ལྷ་དག་གི་ནང་ན་ ནི་ཚངས་པ་དང་བདུད་དག་མ་གཏོགས་སོ། །མི་དག་གི་ནང་ན་ནི་དགེ་སྦྱོང་དང་བྲམ་ཟེ་མ་གཏོགས་སོ། །གྲོལ་བ་ནི་འཆིང་བ་གསུམ་གྱི་དབང་དུ་བྱས་པའོ། །ངེས་པར་འབྱུང་བ་ནི་འདུན་པའི་འདོད་ཆགས་འདུལ་བ་དང༌། སྤོང་བ་དང༌། ཡང་དག་པར་འདའ་བ་ཞེས་བྱ་བ་ལ་འདུལ་བ་ནི་མཚན་ཉིད་ སོ་སོ་ཡང་དག་པར་རིག་པ་དང༌། མོས་པ་ཡིད་ལ་བྱེད་པ་གཉིས་ཀྱིས་སོ། །སྤོང་བ་ནི་རབ་ཏུ་དབེན་པ་དང་ལྡན་པ་ལ་སོགས་པས་སོ། །ཡང་དག་པར་འདའ་བ་ནི་སྦྱོར་བ་མཐར་ཕྱིན་པའི་འབྲས་བུའོ། །རྣམ་པར་མི་ལྡན་པ་ནི་ཀུན་ཏུ་སྦྱོར་བ་དགུ་དང་རྣམ་པར་བྲལ་བའོ། །རབ་ཏུ་རྣམ་པར་གྲོལ་བ་ནི་སྐྱེ་བ་ དང་རྒ་བ་ལ་སོགས་པ་ལས་སོ། །ཕྱིན་ཅི་ལོག་དང་བྲལ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །མང་དུ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་ལན་དུ་བྱས་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ལ་ཕན་པ་ཞེས་བྱ་བ་ནི་དགེ་བ་སྤྱོད་པའོ། །བདེ་བ་ནི་གནོད་པ་མེད་པའོ། ། སྙིང་བརྩེ་བ་ནི་འདི་ལྟ་སྟེ། ཁ་ཅིག་དགེ་བ་དང་གནོད་པ་མེད་པའི་སྤྱོད་པས་གཞན་ལ་སྙིང་བརྩེ་བའོ། །དོན་ནི་དོན་དུ་གཉེར་བ་དང་ལྡན་པ་སྟེ། འདོད་པ་དང་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པའོ། །ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་མི་གང་དག་དགེ་བ་དང་གནོད་པ་ མེད་པའི་སྤྱོད་པ་ལ་འཇུག་པ་མང་པོ་ཕལ་ཆེར་ལ་སངས་རྒྱས་འབྱུང་བ་དང༌། ལེགས་པར་གསུངས་པའི་ཆོས་དང༌། དགེ་འདུན་ལེགས་པར་བསྒྲུབས་པས་ཕན་པ་དང་བདེ་བ་ཡིན་པ་དེ་དག་བདག་ཉིད་ལ་ཕན་པ་དང་བདེ་བ་མང་པོ་བྱས་ནས་འཇིག་རྟེན་ལ་སྙིང་བརྩེ་བར་བྱེད་དེ། དེ་དག་འདི་སྙམ་ དུ་ཇི་ལྟར་ན་གཞན་དག་ལ་ཕན་པ་དང་བདེ་བས་ཡང་དག་པར་རབ་ཏུ་སྦྱོར་བར་འགྱུར་སྙམ་དུ་སེམས་ལ། གཞན་དག་ཀྱང་འདི་སྙམ་དུ་ཇི་ལྟར་ན་བདག་ཅག་ལ་ཕན་པ་བྱེད་སྙམ་དུ་སེམས་པར་འགྱུར་བ་སྟེ་དེའི་ཕྱིར་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞེས་བསྟན་ཏོ། །ལྷ་དང་མི་རྣམས་ལ་ཞེས་བྱ་ བ་ནི་དེ་དག་དོན་ཀུན་ཤེས་པ་དང་བསྒྲུབ་པར་ནུས་པའོ། །རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་དང༌། ཕ་དང་མ་དང་བུ་ལ་སོགས་པ་ཡོངས་སུ་བཟུང་བའི་རྫས་བདུན་ནོ། །བྱེ་བྲག་དུ་མ་བཤད་ན་ནི་འདུན་པའི་འདོད་ཆགས་ཀྱང་ཉེ་བར་ལེན་པ་ཡིན་ནོ། །བྱེ་བྲག་ཏུ་བཤད་ན་ནི་ཉེ་བར་ལེན་པ་བཞི་ ཡིན་ནོ། །སེམས་ཀྱི་རྟེན་ནི་རྣམ་པར་ཤེས་པ་གནས་པ་བཞི་ཡིན་ནོ། །མངོན་པར་ཞེན་པ་ནི་ཉོན་མོངས་པ་གང་དག་གིས་ཕུང་པོ་འཛིན་པ་དེ་དག་གིས་ཀུན་ནས་དཀྲིས་པའོ། །དེའི་ཕྱོགས་ཀྱི་གནས་ངན་ལེན་ནི་བག་ལ་ཉལ་ཞེས་བྱ་སྟེ། དེ་ལྟར་ན་དེ་དག་ནི་རྫས་དང་ཉེ་བར་ལེན་པ་དང༌། སེམས་ཀྱི་ རྟེན་དང་མངོན་པར་ཞེན་པ་དང༌། བག་ལ་ཉལ་བའོ། །རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་དང་ཕྱིའི་རྒྱུད་ཐམས་ཅད་ལ་ཞེས་བྱ་བ་ནི་ངར་འཛིན་པ་དང༌། བདག་ཏུ་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་དུ་མ་མངོན་པར་ཞེན་པའི་བག་ལ་ཉལ་རྣམས་ཀྱི་གཞི་དང་དམིགས་པའི་རྒྱུ་དག་པ་སྟེ། དེ་ལ་ ངར་འཛིན་པ་དང་བདག་ཏུ་འཛིན་པ་དག་ནི་འཇིག་ཚོགས་ལ་ལྟ་བའོ། །ངའོ་སྙམ་པའི་ང་རྒྱལ་ནི་དེ་དག་ཉིད་དོ། །དེ་དག་གིས་ཀུན་ནས་དཀྲིས་པ་ནི་མངོན་པར་ཞེན་པའོ། །གནས་ངན་ལེན་ནི་བག་ལ་ཉལ་ལོ། །དེ་ལ་རབ་ཏུ་མངོན་པར་ཞེན་པ་ནི་ཕྱི་པ་རྣམས་ཀྱིའོ། །བག་ལ་ཉལ་ནི་གཉིས་ཀའིའོ། ། སྡོམ་ནི། དེ་བཞིན་གཤེགས་དང་མི་རྟག་པའི། །འདུ་ཤེས་གསུམ་འཇིགས་འདུས་མ་བྱས། །བདག་ཏུ་མ་གྱུར་མཚམས་སྦྱོར་མེད། །སྟོང་ཉིད་མི་རྟག་མ་ལུས་སྤོང༌། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཇི་ལྟར་མདོ་ལས་རྣམ་པར་ཕྱེ་བ་བཞིན་ ཏེ༑ དགྲ་བཅོམ་པ་ཞེས་བྱ་བ་ནི་མཆོད་པར་འོས་པའོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་རིག་པ་ནི་གསུམ་མོ། །ཞབས་ནི་སྤྱོད་པ་དང་བཟོག་[?] པ་ཕུན་སུམ་ཚོགས་པ་དང༌། ལྷག་པའི་སེམས་ལས་བྱུང་བ་བཞི་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །དང་པོ་ནི་རྒྱུ་པའི་ཞབས་སོ། །ཐ་ ༄༅། །མ་ནི་གནས་པའི་ཞབས་ཏེ། དེ་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་དང༌། འཚོ་བ་ཡོངས་སུ་དག་པ་ནི་སྤྱོད་པའོ། །དབང་པོའི་སྒོ་བསྲུངས་པ་ནི་བཟློག་པའོ། །དེ་གཉིས་ནི་དེ་བཞིན་གཤེགས་པའི་སྲུང་བ་མེད་པ་གསུམ་དང་བསྙེལ་བ་མེད་པའི་ཆོས་ ཡིན་ནོ། །བསམ་གཏན་དག་གིས་སྤྱོད་པ་དྲག་པོ་བཀག་པའི་ཕྱིར་འཇིག་རྟེན་ལ་ཉེས་པ་མི་སྤྱོད་པའོ། །བདེ་བར་གཤེགས་པ་ནི་ཡུན་རིང་པོ་ནས་རྣམ་པ་ཐམས་ཅད་དུ་བདག་དང་གཞན་ལ་ཕན་པར་དགྱེས་པའོ། །འཇིག་རྟེན་མཁྱེན་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ སྟེ། དེ་ལ་སེམས་ཅན་ནི་སྔོན་དང་ཕྱི་མའི་མཐའ་ལས་བརྩམས་ཏེ། སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་མཁྱེན་པའོ། །དུས་ཐམས་ཅད་ལས་བརྩམས་ཏེ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པའོ། །སྣོད་ཀྱི་འཇིག་རྟེན་ནི་ཤར་ཕྱོགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་འཇིག་ པ་དང་འཆགས་པ་མཐའ་དག་མཁྱེན་པ་དང༌། འཇིག་རྟེན་པའི་ཆོས་རྣམས་ཀྱི་རང་བཞིན་དང༌། གླེང་གཞི་དང༌། སྲེད་པ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་དང༌། འགྲོ་བའི་ལམ་ཡང་མཁྱེན་པའོ། །བླ་ན་མེད་པ་ནི་མཉམ་པ་མེད་པ་མཁྱེན་པ་དང་དེ་ལས་ཆེས་མཆོག་ཏུ་གྱུར་པ་མེད་པ་ དང་མཐོང་བའི་ཆོས་ལ་མཉམ་པ་མེད་པའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ནི་འདི་སྐྱེས་བུ་ཡང་ཡིན་ལ་གདུལ་བར་བྱ་བའི་སྐྱེས་བུ་རྣམས་ཀྱང་ཕལ་ཆེར་འདུལ་བར་བྱེད་པའོ། །ཁ་ལོ་སྒྱུར་བ་ཞེས་བྱ་བ་ནི་མཆོག་དང་གཙོ་བོའོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་དེ་དག་དོན་རྟོགས་ པ་དང་སྒྲུབ་པར་ནུས་པའི་ཕྱིར་རོ། །སངས་རྒྱས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའོ། །བཅོམ་ལྡན་འདས་ནི་བྱང་ཆུབ་ཀྱི་སྙིང་པོར་སྡིག་པ་ཅན་གྱི་ཆོས་དང༌། བདུད་ཀྱི་ གཡུལ་གྱི་སྟོབས་ཐམས་ཅད་བཅོམ་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །འདི་ལྟར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའོ། །དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟེ། རེ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཐུན་མོང་བ་བསྟན་ཏོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་ཐུན་མོང་མ་ཡིན་པ་བསྟན་ཏོ། །མདོ་ལས་མི་ རྟག་པའི་འདུ་ཤེས་བསྒོམ་པ་ཞེས་བྱ་བ་ནི་ཀུན་ཏུ་བསྟེན་པ་དང༌། གོམས་པར་བྱས་པས་སངས་རྒྱས་པར་འབྱུང་བའོ། །བསྒོམ་པའི་འབྲས་བུ་ནི་འདོད་པའི་འདོད་ཆགས་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །བསྒོམ་པའི་རྣམ་པ་ནི་དཔེའི་དབྱེ་བ་དག་གིས་སོ། །བསྒོམ་པའི་ཐབས་ནི་དགོན་ པར་སོང་སྟེ་ཞེས་བྱ་བའམ་རྒྱས་པར་འབྱུང་བའོ། །དེ་ལ་ཀུན་ཏུ་བསྟེན་པ་ནི་མཚན་ཉིད་སོ་སོ་ཡང་དག་པར་རིག་པ་ཡིད་ལ་བྱེད་པས་སོ། །གོམས་པར་བྱས་པ་ནི་མོས་པ་ཡིད་ལ་བྱས་པས་སོ། །ལན་མང་དུ་བྱས་པས་ནི་མ་ལུས་པ་དག་གིས་སོ། །ཡང་ཀུན་དུ་བསྟེན་པ་ནི་ཤེས་བྱའི་དངོས་ པོ་ལ་ཀུན་ཏུ་གཏོད་པའོ། །གོམས་པར་བྱས་པ་ནི་རྒྱུན་མི་འཆད་པ་དང་གུས་པར་བྱས་ཏེ་སྦྱོར་བའོ། །ལན་མང་དུ་བྱས་པ་ནི་ཡུན་རིང་པོ་ནས་འདྲིས་པར་བྱས་པའོ། །ཐེག་པར་བྱས་པ་ནི་རྟེན་གྱི་སྒོ་ནས་སོ། །དངོས་པོར་བྱས་པ་ནི་དམིགས་པའི་སྒོ་ནས་སོ། །ནན་ཏན་དུ་བྱས་པ་ནི་ཡིད་ལ་བྱེད་ པའི་སྒོ་ནས་སོ། །ཡོངས་སུ་འདྲིས་པ་ནི་ཅི་འདོད་པ་དང་ཚེགས་མེད་པར་འཐོབ་པའོ། །ལེགས་པར་མཐར་ཕྱིན་པ་ནི་ཆོས་མཉན་པའོ། །ལེགས་པར་བརྩམས་པ་ནི་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཡང་ལེགས་པར་མཐར་ཕྱིན་པ་ནི་གུས་པར་ཡིད་ལ་བྱེད་པའོ། །ལེགས་པར་ བརྩམས་པ་ནི་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །ཡང་ལེགས་པར་རྫོགས་པ་ནི་མཐར་ཕྱིན་པར་འགྲོ་བའོ། །ལེགས་པར་བརྩམས་པ་ནི་ཡང་དག་པར་སྦྱོར་བའོ། །འདོད་པའི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་རྒོད་པ་བསྟན་ཏོ། །གཟུགས་ཀྱི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་ང་ རྒྱལ་བསྟན་ཏོ། །གཟུགས་མེད་པའི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཕྱིར་མ་རིག་པ་བསྟན་ཏོ། །རྩ་བའི་འཆིང་བ་གཅོད་པ་ནི་བག་ལ་ཉལ་ཡང་དག་པར་འཇོམས་པའོ། །རྩེ་མོ་ཡང་དག་པར་གཡོ་བར་བྱེད་པ་ནི་ས་འོག་མའི་དགེ་བའི་ཆོས་སྤོང་བའོ། །རྩྭ་དག་སེལ་བ་ནི་མི་རྟག་པར་འདུ་ ༄༅། །ཤེས་པ་ལ་དམིགས་པ་ལ་མི་རྟག་པའི་འདུ་ཤེས་སུ་ཡང་དག་པར་སྟོན་པ་སྟེ། རང་གི་ཡིད་ལ་བྱེད་བྱེད་པ་ལ་མི་རྟག་པར་ཡོངས་སུ་རྟོགས་པའི་ཕྱིར་རོ། །བརྩེགས་པ་ནི་རྣམ་པར་གྲོལ་བའི་རྒྱུ་དང་ལྷན་ཅིག་པའི་མི་རྟག་པར་འདུ་ཤེས་པའོ། །ཕྱི་མ་དགུ་པོ་དག་ནི་དེའི་རྒྱུར་ གྱུར་པ་རྣམས་སོ། །གླང་པོ་ཆེའི་རྗེས་ནི་མི་སྡུག་པ་ལ་སོགས་པའི་འདུ་ཤེས་རྣམས་ཀྱི་ནང་ན་དམིགས་པ་རྒྱ་ཆེན་པོའི་ངོ་བོས་མཆོག་ཏུ་གྱུར་པའོ། །འབབ་པ་ནི་རྣམ་པར་གྲོལ་བའི་རྒྱུ་དང་ལྷན་ཅིག་པའི་མི་རྟག་པར་འདུ་ཤེས་པ་རྣམས་མྱ་ངན་ལས་འདས་པར་འབབ་པའོ། །ཉི་མ་ཤར་བ་ནི་མ་རིག་པའི་ མུན་པའི་གཉེན་པོའོ། །འཁོར་ལོས་སྒྱུར་བ་ལྟ་བུ་ནི་མི་བསླབ་པའི་མི་རྟག་པར་འདུ་ཤེས་པའོ། །ཁམས་ཀྱི་རྒྱལ་ཕྲན་ལྟ་བུ་ནི་དེ་ལས་གཞན་པ་རྣམས་སོ། །དགོན་པ་དང༌། ཤིང་དྲུང་དང༌། ཁང་སྟོང་དག་གི་བླ་གབ་མེད་པ་དང༌། ཤིང་དྲུང་དང༌། སྒྲིབ་གཡོགས་སྨོས་པ་ནི་གནས་མལ་ཐམས་ ཅད་བསྡུས་ཏེ་རབ་ཏུ་དབྱེ་བ་ནི་དེ་ལྟ་བུའོ། །གཟུགས་མི་རྟག་པ་ཉིད་དམ་ཞེས་བྱ་བ་ནི་གཟུགས་ཙམ་ཡིན་གྱི་བདག་ནི་མེད་དོ་ཞེས་དེ་ལྟར་ཡང་དག་པར་རབ་ཏུ་སྦྱོར་བའོ། །ལམ་དུ་འགྲོ་བ་ལ་བར་ཆད་བྱེད་པ་བཞི་ནི་ལམ་རྣམ་པ་གཉིས་ལ་སོགས་པ་སྟེ། དེ་ལ་ཐེ་ཚོམ་གྱིས་ནི་འགྲོ་བར་མི་རྩོལ་བ་ ཉིད་དོ། །རྣམ་པར་རྟོག་པ་དག་དང་ལོག་པའི་ཡན་ལག་གིས་ནི་བརྩལ་ཀྱང་རྣམ་པར་རྟོག་པ་དང་ལྟ་བ་སྤྱོད་པ་དག་གཞན་དུ་འགྲོ་བར་འགྱུར་རོ། །དེ་དག་མེད་ཀྱང་གདམས་ངག་རྗེས་སུ་བསྟན་པ་ལ་མི་བཟོད་པར་འགྱུར་ཏེ། ཁྲོ་བ་ནི་གཞན་དག་སྨྲ་བ་ལ་འཁྲུག་པའོ། །རབ་ཏུ་བྱུང་བ་ལ་ཡང་རང་དབང་ མེད་པ་དང་གཞན་ལ་རག་ལུས་པ་དང༌། མི་བཟད་པ་དང་ངན་པའི་སྤྱོད་པ་དག་གིས་དགའ་བ་མ་ཡིན་པ་དག་དང་འདྲིས་པ་སྟེ། གནོད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་གཉིས་ནི་གཡང་ས་ཡིན་ཏེ། དེ་གཉིས་ཀྱིས་ཀྱང་འགྲོ་བ་ལ་བར་ཆད་བྱེད་དོ། །དེ་དག་མེད་ཀྱང་རྙེད་པ་དང་བཀུར་སྟིའི་ནགས་ ཁྲོད་དུ་ཞུགས་པའི་ཕྱིར་བར་ཆད་བྱེད་པ་ནི་མི་བཟོད་པའི་ཐིབས་པོའི་ནང་དུ་ཞུགས་པའི་ཕྱིར་ཏེ། འདི་ལྟར་ཡོངས་སུ་བཟུང་བ་བཏང་ཡང་སྤང་བར་མི་ནུས་པའོ། །འཇིགས་པ་དང་བཅས་པ་ནི་ཆོམ་རྐུན་དང་གཡོ་སྒྱུ་ཅན་གྱི་འཇིགས་པ་ཡོད་པའོ། །མི་མངོན་པའི་འཇིགས་པ་དང་བཅས་པ་ནི་ཉེ་ འཁོར་ཐིབས་པོ་ཡིན་པ་དང་གཅན་གཟན་དང་མི་མ་ཡིན་པའི་འཇིགས་པ་ཡོད་པའོ། །ཚེར་མ་དང་བཅས་པ་ནི་ཐམས་ཅད་ནས་ཚེར་མས་གང་བའོ། །ལམ་གོལ་བ་ནི་གཞན་དུ་འགྲོ་བའོ། །ལམ་ངན་པ་ནི་མི་མཉམ་པ་སྟེ། དེ་ལྟར་ན་ལྔ་པོ་དེ་དག་ནི་ལམ་གྱི་སྐྱོན་ཡིན་ནོ། །འགྲོ་བ་ངན་པ་སྡང་བའི་འགྲོ་བ་ ནི་འགྲོ་བའི་སྐྱོན་ནོ། །ལམ་གོལ་བ་དང་ལམ་ངན་པར་འགྲོ་བ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ཀུན་ཏུ་བསྟེན་པའི་ཕྱིར་འགྲོ་བ་པོའི་གང་ཟག་གི་ཉེས་པ་སྟེ། ཆོམ་རྐུན་པ་ལ་སོགས་པ་སྐྱེས་བུ་དམ་པ་མ་ཡིན་པ་དག་ཀུན་ཏུ་བསྟེན་པའི་ཕྱིར་རོ། །མི་གཡོ་བ་ནི་མཚན་མ་ཐམས་ཅད་དང་བྲལ་བའོ། །མཐའ་ ཡས་པ་ནི་སྲེད་པ་ཟད་པ་དང་ཡུལ་གྱིས་ཡོངས་སུ་འགྱུར་རོ། །མཐོང་བར་དཀའ་བ་ནི་ཟབ་པའོ། །འཆི་བ་མེད་པ་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ཡང་དག་པར་ཟད་པའོ། །བདེ་བ་ནི་མི་དང་མི་མ་ཡིན་པས་གཙེ་བའི་འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞི་བ་ནི་སྡུག་ བསྔལ་ཐམས་ཅད་ཉེ་བར་ཞི་བ་དང་མཆོག་ཏུ་བསིལ་བར་གྱུར་པའོ། །དངོས་པོ་བཟང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དམིགས་པ་ཡིན་ནོ། །བདེ་ལེགས་སུ་འགྱུར་བ་ནི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་དམིགས་པའོ། །མྱ་ངན་མེད་པ་ནི་ དགའ་བ་དང་མི་དགའ་བ་ལས་ཡང་དག་པར་འདས་པ་དང་ཐོབ་པ་ཆུད་མི་ཟ་བའོ། །འཆི་འཕོ་མེད་པ་ནི་རྟག་པ་དང་ཕྱིར་མི་ལྡོག་པའོ། །རིམས་ནད་མེད་པ་ནི་རྣམ་པར་བྱང་བའོ། །ཡོངས་སུ་གདུང་བ་མེད་པ་ནི་འདོད་པས་ཕོངས་པ་མེད་པའོ། །ནད་མེད་པ་ནི་ནད་དང་འབྲས་ཐམས་ཅད་རྣམ་ པར་ཞི་བའོ། །མི་གཡོ་བ་ནི་གཡོ་བ་དང་རློམ་པ་ཐམས་ཅད་ཟད་པའོ། །མྱ་ངན་ལས་འདས་པ་ནི་ཕུང་པོ་ཐམས་ཅད་བཟློག་པའོ། །བདག་ཏུ་མ་གྱུར་ཅིག །བདག་གིར་མ་གྱུར་ཅིག་ཅེས་བྱ་བ་ནི་མ་འོངས་པའི་དུས་ལས་བརྩམས་ཏེ། བདག་དང་བདག་གི་ངོ་བོར་ཉེ་བར་སོང་བ་ནང་དང་ཕྱིའི་སྐྱེ་མཆེད་ ཀྱིས་བསྡུས་པ་བདག་གི་ལུས་དང་ཡོངས་སུ་གཟུང་བའི་དངོས་པོ་མི་སྐྱེ་བ་དོན་དུ་གཉེར་བའོ། །ཡང་ལུས་མི་སྐྱེ་བ་དོན་དུ་གཉེར་བ་དང༌། དེ་ལ་བརྟེན་པའི་ཚོར་བ་མི་སྐྱེ་བ་དོན་དུ་གཉེར་བ་ཡང་ཡོངས་སུ་བསྟན་ཏོ། །བདག་ཏུ་མ་གྱུར་ཅིག་བདག་གིར་མ་གྱུར་ཅིག་ཅེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ ༄༅། །ལས་བརྩམས་ཏེ། འདི་ནི་མི་རྟག་པའི་འགོག་པ་ལ་ཡོངས་སུ་རྟོག་པ་སྔོན་དུ་འགྲོ་བ་སོ་སོར་བརྟགས་པའི་འགོག་པ་ལ་ཡོངས་སུ་རྟོག་པ་སྟེ་སྔར་ལེགས་སུ་སྨོན་པ་བྱས་ནས། ཕྱིས་ད་ལྟར་བྱུང་བའི་རྒྱུ་ལ་མི་རྟག་པར་ཡོངས་སུ་རྟོག་གོ། །ཉིང་མཚམས་མི་སྦྱོར་བ་ནི་ཤི་ འཕོས་པའི་རྣམ་པར་ཤེས་པ་མི་སྐྱེ་བའོ། །ལེན་པ་མེད་པ་ནི་མི་གནས་པའི་རྣམ་པར་ཤེས་པ་ལ་མིང་དང་གཟུགས་མི་འཇུག་པའི་ཕྱིར་ལུས་མི་སྐྱེ་བའོ། །མི་སྐྱེ་བ་ནི་མིང་དང་གཟུགས་འཕེལ་བ་དང་རྒྱས་པ་མེད་པའོ། །འདུས་བྱས་ཐམས་ཅད་ཞི་བ་ནི་ཕུང་པོ་ལྔ་ཞིག་པའོ། །སྟོང་པ་ཉིད་ནི་ཉོན་ མོངས་པ་ཐམས་ཅད་དང་བྲལ་བའོ། །མི་དམིགས་པ་ནི་མཚན་མ་ཐམས་ཅད་དང་བྲལ་བའོ། །སྲེད་པ་ཟད་པ་ནི་མ་འོངས་པ་ལ་དོན་དུ་གཉེར་བ་མེད་པའོ། །འདོད་ཆགས་དང་བྲལ་བ་ནི་ད་ལྟར་བྱུང་བའི་ལོངས་སྤྱོད་ལ་དགའ་བ་མེད་པའོ། །འགོག་པ་ནི་དེ་ལས་གཞན་པའི་ཉོན་མོངས་པ་སྤངས་པའོ། མྱ་ངན་ལས་འདས་པ་ནི་ཕུང་པོའི་ལྷག་མ་མ་ལུས་པའོ། །མི་རྟག་པ་ནི་ཞིག་པ་དང་འཇིག་པའི་ཆོས་ཅན་ནོ། །འདུས་བྱས་ནི་སྔོན་གྱི་མཐའ་ལས་བརྩམས་ཏེ་རྣམ་པར་བརྟགས་པ་གང་ཡིན་པའོ། །བསམ་པ་ནི་ཕྱི་མའི་མཐའ་ལས་བརྩམས་ཏེ་དོན་དུ་གཉེར་བ་གང་ཡིན་པའོ། །རྟེན་ཅིང་ འབྲེལ་བར་འབྱུང་བ་ནི་ད་ལྟར་གྱི་དུས་སུ་རྒྱུ་དང་རྐྱེན་གྱི་དབང་གིས་བྱུང་བ་གང་ཡིན་པའོ། །ཟད་པའི་ཆོས་ཅན་ནི་ཕྱོགས་གཅིག་ཟད་པའོ། །འཇིག་པའི་ཆོས་ཅན་ནི་ཐམས་ཅད་འགག་པའོ། །ཡང་ཟད་པའི་ཆོས་ཅན་ནི་ཐམས་ཅད་འགག་པའོ། །འཇིག་པའི་ཆོས་ཅན་ནི་རྒྱུན་རྣམ་པར་འགྱུར་ བའོ། །འདོད་ཆགས་དང་བྲལ་བའི་ཆོས་ཅན་ནི་ཉེས་དམིགས་དང་ལྡན་པའོ། །འགོག་པའི་ཆོས་ཅན་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལས་ངེས་པར་འབྱུང་བའོ། །མ་ལུས་པར་སྤོང་བ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ཕྱིས་སྤང་བ་ནི་ཀུན་ནས་དཀྲིས་པ་སྤངས་པའོ། །བྱང་བར་ གྱུར་པ་ནི་བག་ལ་ཉལ་སྤངས་པའོ། །ཟད་པ་ནི་འདས་པ་ལས་རྣམ་པར་གྲོལ་བའོ། །འདོད་ཆགས་དང་བྲལ་བ་ནི་ད་ལྟར་བྱུང་བ་ལས་རྣམ་པར་གྲོལ་བའོ། །འགོག་པ་ནི་མ་འོངས་པ་ལས་རྣམ་པར་གྲོལ་བའོ། །རྣམ་པར་ཞི་བ་ནི་མཐོང་བའི་ལམ་གྱིས་སོ། །ནུབ་པ་ནི་བསྒོམ་པའི་ལམ་གྱིས་ཏེ། འདི་ནི་ལམ་གཉིས་ཀྱིས་ཉོན་མོངས་པའི་དངོས་པོ་སྤངས་པའི་ཕྱིར་མ་ལུས་པར་སྤོང་བར་ཡོངས་སུ་བསྟན་ཏོ། །སྡོམ་ནི། འདོད་པ་གཉིས་དང་བདེ་བྱ་དང༌། །ཆོས་དང་དགེ་འདུན་གཞི་དང་ནི། །ཡིད་བྱུང་བྲམ་ཟེ་མི་རྟག་ཉིད། །དབུ་བ་རྡོས་པ་ཐ་མ་ཡིན། །མི་རྟག་པ་དང་གསོབ་དང་ གསོག་དང་སླུ་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་ཡིན་པའི་ཕྱིར་འདོད་པ་དག་གི་ཕྱིན་ཅི་མ་ལོག་པ་བསྟན་པ་སྟེ། དེ་ལ་གསོབ་ཀྱིས་ནི་སྟོང་པ་ཉིད་བསྟན་ཏོ། །གསོག་གིས་ནི་མི་སྡུག་པ་ཉིད་བསྟན་ཏོ། །སླུ་བས་ནི་བདེན་པར་ན་བདེ་བ་མ་ཡིན་ནོ་ཞེས་སྡུག་བསྔལ་ཉིད་བསྟན་ཏོ། །དེ་ལྟར་ ན་དེ་དག་ནི་རྟག་པ་ལ་སོགས་པར་སྣང་བས་ཕྱིན་ཅི་ལོག་གི་གཞི་ཡིན་པའི་ཕྱིར་སླུ་བའི་ཆོས་སོ། །ཇི་ལྟར་ན་སླུ་བའི་ཆོས་ཡིན་པ་ནི་དཔེས་བསྒྲུབ་པར་བྱ་སྟེ་སྒྱུ་མ་ལྟ་བུ་ནི་རྟག་པ་ལ་སོགས་པ་མ་ཡིན་ཡང་དེ་བཞིན་དུ་སྣང་བས་ཆོས་མཐུན་པའོ། །བྱིས་པ་འདྲིད་པ་ནི་ཡང་དག་པ་ཇི་ལྟ་བ་ དེ་བཞིན་དུ་མི་ཤེས་པའི་ཕྱིར་བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་ལ་ཡིན་ཏེ། དེ་དག་གི་ཡུན་རིང་པོ་ནས་སླུ་བ་ལ་ལྷག་པར་ཆགས་པའི་སྒོ་ནས་རྣམ་པར་འགྱུར་བ་ལ་སྐྱེས་པའི་སྡུག་བསྔལ་གྱིས་རེག་པའོ། །མཁས་པ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ། ། རུས་པའི་ཀེང་རུས་ལྟ་བུ་ནི་ངོམས་མི་ཤེས་པའོ། །ཤའི་ཁམ་ཚད་ལྟ་བུ་ནི་མང་པོ་དང་ཐུན་མོང་བའོ། །རྩྭའི་སྒྲོན་མ་ལྟ་བུ་ནི་ཆོས་མ་ཡིན་པ་སྤྱོད་པ་དང་མི་མཐུན་པར་སྤྱོད་པའི་རྒྱུའོ། །མེའི་དོང་ལྟ་བུ་ནི་འདོད་པའི་སྲེད་པའི་ཡོངས་སུ་གདུང་བ་འཕེལ་བར་བྱེད་པའོ། །སྦྲུལ་གདུག་པ་ལྟ་བུ་ནི་མཁས་ པ་རྣམས་ཀྱིས་སྤང་བར་བྱ་བའོ། །རྨི་ལམ་ལྟ་བུ་ནི་མྱུར་དུ་འཇིག་པར་འགྱུར་བའོ། །བརྙན་པོའི་རྒྱན་ལྟ་བུ་ནི་རྐྱེན་ལ་རག་ལས་པའོ། །ཤིང་ཏོག་ལྟ་བུ་ནི་བག་མེད་པའི་སའོ། །མི་གཙང་བ་རྣམས་ཞེས་བྱ་བ་ནི་མདོར་བསྟན་པའོ། །དྲི་མི་ཞིམ་པ་ནི་ཟས་དང་སྐོམ་དང་ལོངས་སྤྱོད་རྣམ་པར་ འགྱུར་བ་སྟེ། དེ་ལ་བཤང་པ་དང་གཅི་བ་ལ་སོགས་པ་མི་གཙང་བར་ཡོངས་སུ་གྱུར་པ་ནི་དྲི་མི་ཞིམ་པའོ། །དྲི་ང་བ་ནི་ཤ་དང་ཁྲག་ལ་སོགས་པ་ཡོངས་སུ་གྱུར་པའོ། །མི་མཐུན་པ་ནི་འཁྲིག་པའི་ལོངས་སྤྱོད་ཡོངས་སུ་གྱུར་ན་མི་མཐུན་པའོ། །གུས་པར་བདེ་བར་བྱ་བ་ནི་འཇིག་རྟེན་པའི་ཟང་ཟིང་ ༄༅། །ཡོངས་སུ་གཏང་བར་བྱ་བའི་ཕྱིར་བོད་པའོ། །རབ་ཏུ་བོད་པར་བྱ་བ་ནི་སྲེད་པ་ཟད་པར་བྱ་བའི་ཕྱིར་བོད་པའོ། །འབྲས་བུ་འདོད་པ་དག་གིས་ནི་གུས་པར་བོད་པར་བྱ་བའོ། །ཐར་པ་འདོད་པ་དག་གིས་ནི་རབ་ཏུ་བོད་པར་བྱ་བའོ། །ཐལ་མོ་སྦྱར་བར་བྱ་བ་ནི་དོན་དེ་ཉིད་དེ་དག་གིས་སློང་ བའི་དུས་ནའོ། །འདུད་པར་བྱ་བ་ནི་ཕྱག་ལ་སོགས་པ་བྱ་བར་འོས་པ་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པར་ཁས་བླང་བར་འོས་པའོ། །འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་དང་སྦྱིན་གནས་ཞེས་བྱ་བ་ནི་དེ་ལ་ཡོན་ཕུལ་བའི་འབྲས་བུ་གཞལ་དུ་མེད་པའོ། །ལེགས་པར་གསུངས་པ་ ཞེས་བྱ་བ་ནི་དོན་བཟང་པོ་དང་ཚིག་འབྲུ་བཟང་པོའོ། །ཡང་དག་པར་མཐོང་བ་ནི་མཐོང་བའི་ཆོས་ལ་རྟོགས་པར་བྱ་བའོ། །རིམས་ནད་མེད་པ་ནི་ཉོན་མོངས་པ་མེད་པའོ། །དུས་ཆད་པ་མེད་པ་ནི་དུས་གསུམ་ལས་རྣམ་པར་གྲོལ་བའོ། །ཉེ་བར་གཏོད་པ་ནི་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པས་ཉེ་ བར་མི་བཀྲི་བའོ། །འདི་མཐོང་བ་ལ་ཡོད་པ་ནི་ལྷ་ལ་སོགས་པའི་འགྲོ་བ་དག་ལ་ཡང་སྣང་བའོ། །སོ་སོ་རང་གིས་རིག་པར་བྱ་བ་ནི་གཞན་ལ་དད་པ་ལ་སོགས་པས་ཡང་དག་པར་རིག་པར་བྱ་བ་མ་ཡིན་པའོ། །མཁས་པ་དག་གིས་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དག་གིས་སོ། །གནས་དང་ གླིང་དང༌། མགོན་དང༌། སྐྱབས་དང༌། དཔུང་གཉེན་ཞེས་བྱ་བ་ནི་ཕྱི་མ་ཕྱི་མ་བཤད་པ་ཡིན་ཏེ། དེ་དག་གི་ངེས་པར་བྱུང་བར་བྱ་བའི་ཕྱིར་ཡོངས་སུ་བསྟན་ཏོ། །འཕགས་པའི་བདེན་པ་བཞི་ཤེས་ནས་ཡང་དག་པའི་ལྟ་བ་དུས་ཐམས་ཅད་དུ་སྐྱེའོ་ཞེས་སྐབས་དབྱེ་བར་མཛད་པ་ནི་འདས་པ་དང་ད་ ལྟར་བྱུང་བ་དང་མ་འོངས་པའི་སློབ་པ་རྣམས་ཀྱི་སྐྱེས་པ་དང་སྐྱེ་བར་འགྱུར་བའོ། །ད་ལྟར་སྐྱེས་པ་ནི་གང་དག་གིས་ད་ལྟར་གྱི་དུས་སུ་ཐོབ་པ་དང༌། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བའོ། །དུས་ཕྱིས་སྐྱེད་པར་བྱེད་པ་ནི་གང་དག་གིས་མ་ཐོབ་པ་ལ་རབ་ཏུ་བརྩོན་པ་རྣམས་སོ། །ཀུན་ཏུ་ བསྟེན་པར་བྱ། གོམས་པར་བྱ་ལན་མང་དུ་བྱ་ཞེས་བྱ་བ་ནི་ཅི་རིགས་པར་སྔ་མ་བཞིན་ནོ། །མཐུན་པར་བསྲུང་བར་བྱ་བ་ནི་ཡོངས་སུ་ཉམས་པར་འགྱུར་པ་ནི་ཆོས་རྣམ་པར་སྤང་པའོ། །རེག་པར་བྱ་བ་ནི་ཁྱད་པར་ཅན་གྱི་ཆ་དང་མཐུན་པའི་ཆོས་བསྟེན་པའམ། ལུས་ཀྱིས་རེག་པར་བྱ་བའོ། ། འབྲས་བུའམ། ཤེས་པ་ཕྱི་མའམ། རྟོགས་པའི་སྒོ་ནས་ནི་མངོན་སུམ་དུ་བྱ་བའོ། །དུས་སུ་གཏམ་ཞེས་བྱ་བ་ནི་ཕ་རོལ་པོ་སྟན་དམའ་བ་ལ་འདུག་པ་ལ་སོགས་པའི་སྒོ་ནས་ཉན་པ་དང་འདོད་པ་དང་ཉན་པར་འོས་པར་ཤེས་ཤིང་འདི་ནི་སྔར་གཏམ་བྱ་བའི་དུས་ཡིན་ནོ། །འདི་ནི་ཡང་དག་པར་འཕགས་ པའི་དུས་ཡིན་ནོ་ཞེས་བྱ་བར་ཤེས་ནས་གཏམ་བྱ་བའོ། །གུས་པར་བྱས་ཏེ་ཞེས་བྱ་བ་ནི་ཅི་ནུས་པར་བདག་ཉིད་ཐམས་ཅད་ཀྱི་ཆོས་སྟོན་པ་སྟེ། རྣམ་གྲངས་དེ་དང་དེ་དག་གིས་མི་འཁྲུག་ཅིང་དོན་རབ་ཏུ་བསྟན་པར་འདོད་ཀྱི། སྟོན་པ་ཙམ་དུ་འདོད་པ་ནི་མ་ཡིན་པའོ། །མཐར་གྱིས་ཞེས་བྱ་བ་ནི་ དོན་ཡང་དག་པར་རབ་ཏུ་སྟོན་པའི་སྒོ་ནས་སོ། །མཚམས་སྦྱར་བ་ནི་རྒོལ་བར་བྱེད་ནས་སོ། །མཐུན་པར་འབྲེལ་པ་ནི་དེའི་ལན་ཡང་དག་པར་རབ་ཏུ་སྟོན་པའི་སྒོ་ནས་སོ། །རངས་པར་བྱེད་པ་ནི་ཡང་དག་པར་བླངས་ཏེ་འདུག་པ་རྣམས་ལའོ། །དགའ་བར་བྱེད་པ་ནི་བར་མར་གནས་པ་རྣམས་ ལའོ༑ །མགུ་བར་བྱེད་པ་ནི་ཞེ་འགྲས་པ་རྣམས་ལའོ། །སྤྲོ་བར་མི་བྱེད་པ་ནི་བསྟེན་པ་དང་མགུ་བའི་སེམས་ཀྱིས་ཕ་རོལ་པོའི་ཡང་དག་པའི་ཡོན་ཏན་རྣམས་ལ་སྤྲོ་བར་བྱེད་ཀྱི། རང་གི་མིང་གིས་མི་སྟོན་པའོ། །སྤ་འགོང་བར་མི་བྱེད་པ་ནི་ཞེ་སྡང་གིས་ཕ་རོལ་པོའི་ཡང་དག་པའི་སྐྱོན་རང་གི་ མིང་གིས་མི་སྟོན་པའོ། །རིགས་པ་དང་ལྡན་པ་ནི་རིགས་པ་བཞི་པོ་ལྟོས་པའི་རིགས་པ་དང༌། གཏན་ཚིགས་སྒྲུབ་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པ་བཞི་དང་ལྡན་པའོ། །འབྲེལ་པ་ནི་སྐབས་མི་འདོར་བའོ། །མ་འདྲེས་པ་ནི་མ་འཁྲུག་པ་དང་ འབྲེལ་པའོ། །ཆོས་དང་མཐུན་པ་ནི་དོན་དང་ལྡན་པ་སྟེ། སྡུག་བསྔལ་ལ་སོགས་པ་དང་ངེས་པར་འབྱུང་བ་དང་རབ་ཏུ་དབེན་པ་ལས་སྐྱེས་པའི་ཆོས་རྣམ་པ་དུ་མ་ལས་བརྩམ་པའོ། །འཁོར་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་འཁོར་བཞི་ལ་རུང་བའོ། །བྱམས་ པའི་སེམས་ཀྱིས་ཞེས་བྱ་བ་ནི་དོན་དེ་རྟོགས་པ་དང་ཕན་པར་འདོད་པའོ། །ཕན་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཅི་ནས་ཀྱང་དེ་གུས་པར་ཆོས་ཉན་པར་འགྱུར་བ་དང༌། ཀུན་ཤེས་པར་འགྱུར་བ་དང༌། དེས་ན་དེ་དག་ལ་ཕན་པར་འགྱུར་རོ་སྙམ་དུ་སེམས་པའོ། །སྙིང་བརྩེ་བའི་སེམས་ཀྱིས་ ༄༅། །ཞེས་བྱ་བ་ནི་ཆོས་དང་མཐུན་པའི་ཆོས་སྒྲུབ་པར་འདོད་པས་སོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་མི་རྟེན་པ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་ལས་བརྩམས་ཏེ་མ་ཡིན་ཕྱག་འཚལ་བ་ལ་སོགས་པ་དག་གི་ཕྱིར་མ་ཡིན་གྱི། གཞན་དག་གཡེན་སྤྱོའོ་སྙམ་ པ་འབའ་ཞིག་ཏུ་སེམས་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །བདག་ལ་བསྟོད་པར་མི་བྱེད་ཅིང་གཞན་ལ་སྨོད་པར་མི་བྱེད་པ་ནི་རྙེད་པ་དང་བཀུར་སྟི་འདོད་པས་བདག་ནི་ཆོས་འདུལ་བ་འདི་ཀུན་ཤེས་སོ། །ཁྱོད་ནི་མི་ཤེས་སོ་ཞེས་བྱ་བ་རྒྱ་ཆེར་བདག་གི་ཡོན་ཏན་མི་བརྗོད་ཅིང་གཞན་གྱི་སྐྱོན་ནས་མི་བརྗོད་པའོ། ། དུས་སུ་ཆོས་མཉན་པར་བྱ་བ་ནི་བདག་གི་གཏམ་འདི་ནི་དེ་ཕན་པ་མང་པོ་བྱེད་དོ་སྙམ་དུ་བདག་ཉིད་ཀྱིས་གཏམ་བྱ་བ་གང་ཡིན་པའི་དུས་ལ་བབ་པར་མཐོང་ཞིང༌། གཞན་གྱི་ཡང་འདིའི་བར་ཆད་དུ་མི་འགྱུར་རོ་ཞེས་སྟོན་པའི་དུས་ཤེས་ནས་གཏམ་བྱ་བའོ། །གུས་པར་བྱ་བ་ནི་སེམས་དམའ་བས་སྟན་དམའ་བ་ལ་ འདུག་སྟེ། སྤྱོད་ལམ་ཕུན་སུམ་ཚོགས་པར་འགྱུར་བས་ཅི་ནུས་སུ་ཆོས་མཉན་པའོ། །གུས་པར་མཉན་པ་ནི་དོན་བྱེ་བྲག་ཏུ་མ་རྟོགས་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་དྲི་བ་དང༌། བྱེ་བྲག་ཏུ་རྟོགས་པ་ཐེ་ཚོམ་ཅན་ཡང་ཐེ་ཚོམ་བསལ་བར་བྱ་བའོ། །སྤང་བར་མི་བྱ་བས་ ཞེས་བྱ་བ་ནི་ཁྱད་པར་ཆེས་འཕགས་པའོ། །རྗེས་སུ་མཐུན་པར་བྱ་བ་ནི་མཉམ་པ་དང་དམན་པ་གཉིས་སོ། །ཆོས་ལ་བསྙེན་བཀུར་ཉེ་བར་བཞག་སྟེ་ཞེས་བྱ་བ་ནི་དེའི་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོ་རྟོགས་ནས་དེ་ལ་བཀུར་སྟི་བསྐྱེད་ནས་ཉན་པའོ། །ཆོས་སྨྲ་བ་ལ་ཞེས་བྱ་བ་ནི་དེ་སྟོན་ པ་ནི་འདིའོ་ཞེས་བྱ་བའོ། །ཆོས་ལ་མི་བརྙས་པས་ཞེས་བྱ་བ་ནི་འདི་ནི་ཡི་གེ་དང་ཚིག་འབྲུ་བཟང་པོ་མ་ཡིན་གྱི། འདི་ནི་ཚིག་དང་ཡི་གེ་ཡང་བ་དང་མངོན་པའོ་ཞེས་བརྙས་པར་མི་བྱེད་པའོ། །ཆོས་སྨྲ་བ་ལ་ཞེས་བྱ་བ་ནི་འདི་ནི་བདག་པས་རིགས་དམའ་ཞིང་ཆོས་ངན་པ་ཡིན་ནོ་ཞེས་བརྙས་པར་ མི་བྱེད་པའོ། །བདག་ཉིད་ལ་ཞེས་བྱ་བ་ནི་བདག་ཉིད་ལ་ནི་ཆོས་འདི་ཀུན་ཤེས་པར་བྱ་བའི་མཐུ་མེད་དོ་ཞེས་རྟོགས་པར་བྱ་བ་ལ་སྤ་མི་འགོང་བའོ། །ཀུན་ཤེས་པར་འདོད་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཐོ་མི་འཚམས་པའི་བསམ་པས་ཤེས་པར་འདོད་པའོ། །རྩེ་གཅིག་པའི་སེམས་ཀྱིས་ཞེས་ བྱ་བ་ནི་ཡི་གེའི་བྱེ་བྲག་རྟོགས་པར་བྱ་བའོ། །རྣ་གཏད་དོ་ཞེས་བྱ་བ་ནི་སྒྲ་རྟོགས་པར་བྱ་བའོ། །ཡིད་ཡང་དག་པར་གཏད་དོ་ཞེས་བྱ་བ་ནི་དོན་དང་མཐུན་པར་འཇུག་པར་བྱ་བའོ། །སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ་ཞེས་བྱ་བ་ནི་ཅི་ནས་ཀྱང་འགའ་ཡང་ཡང་དག་པར་མི་རིགས་པ་དང་ཡང་དག་ པར་མི་རྟོག་པར་མི་འགྱུར་བར་བྱ་བའི་བར་ཆད་མེད་པར་ཡི་གེ་དང་སྒྲའི་བྱེ་བྲག་རྟོགས་པར་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །རིགས་པར་ཞུགས་པ་ཞེས་བྱ་བ་ནི་སློབ་པ་འབྲས་བུ་ལ་གནས་པ་རྣམས་སོ། །དྲང་པོར་ ཞུགས་པ་ཞེས་བྱ་བ་ནི་ཞུགས་པའི་ལམ་ལ་གནས་པ་རྣམས་སོ། །མཐུན་པར་ཞུགས་པ་ནི་མི་སློབ་པ་རྣམས་ཏེ་དེ་དག་ནི་སྟོན་པ་དང་ཆོས་དང་བསླབ་པ་ལ་སོགས་པ་ལ་གུས་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །མཐུན་པའི་ཆོས་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་ལ་གནས་པ་རྣམས་སོ། །ཆོས་ཀྱི་རྗེས་སུ་ མཐུན་པའི་ཆོས་སྒྲུབ་པ་ནི་གང་དག་ཕ་རོལ་གྱི་སྒྲའི་རྒྱུ་ལས་བྱུང་བས་ནང་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཡང་ལེགས་པར་ཞུགས་པ་ནི་དེའི་ལམ་དང་དེའི་འབྲས་བུ་འགོག་པ་ལ་ཞུགས་པའོ། །དྲང་པོར་ཞུགས་པ་ནི་ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པ་སྟེ་གཡོ་དང་སྒྱུ་མེད་པར་ཡང་དག་པ་ཇི་ ལྟ་བ་བཞིན་དུ་འཆགས་པའོ། །མཐུན་པར་ཞུགས་པ་ནི་མགུ་བར་འགྱུར་བའི་ཆོས་དྲུག་དང་ལྡན་པའོ། །མཐུན་པའི་ཆོས་སྤྱོད་པ་ནི་ཆོས་དང་མཐུན་པའི་ཆོས་སྤྱོད་པའོ། །དགྲ་བཅོམ་པ་དང་ཟག་པ་ཟད་པ་ཞེས་རྒྱས་པར་འབྱུང་བ་དང༌། ཤིན་ཏུ་མཐར་ཐུག་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང༌། གཏན་པ་མེད་པ་དང༌། འོབས་བོར་བ་དང༌། འོབས་ལས་ཡང་དག་པར་རྒལ་བ་ཞེས་རྒྱས་པར་འབྱུང་བ་དང༌། ཡན་ལག་ལྔ་སྤངས་པ་དང༌། ཡན་ལག་དྲུག་དང་ལྡན་པ་ཞེས་རྒྱས་པར་འབྱུང་བ་དང༌། རྒྱུན་དུ་ཞུགས་པ་དང་རྣམ་པར་མི་ལྟུང་བའི་ཆོས་ཅན་དང་ངེས་པར་རྫོགས་པར་བྱང་ཆུབ་ཏུ་འགྲོ་བ་ ཞེས་རྒྱས་པར་འབྱུང་བ་འདི་དག་ཐམས་ཅད་ནི་གཞི་བསྡུ་བར་རང་གི་གནས་ནས་བཤད་པར་རིག་པར་བྱའོ། །སྟོན་པའི་སྲས་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ། །ཐུགས་ལས་སྐྱེས་པ་ཞེས་བྱ་བ་ནི་སྲས་ཀྱི་ནང་ན་དམན་པས་སོ་སོའི་སྐྱེ་བོ་བསལ་བའི་ཕྱིར་རོ། །གསུང་ལས་སྐྱེས་པ་ནི་ཆོས་བསྟན་ ༄༅། །པའི་སྒྲ་ལས་སྐྱེས་པའོ། །ཆོས་ལས་སྐྱེས་པ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཆོས་དང་མཐུན་པའི་ཆོས་སྒྲུབ་པ་ལས་སྐྱེས་པའོ། །ཆོས་ཀྱི་སྤྲུལ་པ་ནི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་དང་ཆོས་མཐུན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ནི་ཟག་པ་མེད་པའི་ཆོས་ཀྱི་ལོངས་སྤྱོད་ ལ་ཆོས་མཐུན་པ་ཡིན་ནོ། །དེ་དག་གིས་ནི་སྐྱེ་བ་ཕུན་སུམ་ཚོགས་པ་དང༌། ཡབ་དང་ཆོས་མཐུན་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པ་ཡིན་ཏེ། ཚིག་དང་པོས་ནི་སྐྱེ་བ་བཟང་པོ་ཕུན་སུམ་ཚོགས་པ་སྣོད་ཀྱི་སྐྱོན་དགག་པ་བསྟན་ཏོ། །གཉིས་པས་ནི་ཁུ་བ་དང་ཁྲག་མི་གཙང་བ་ལས་ སྐྱེ་བ་དགག་པ་བསྟན་ཏོ། །གསུམ་པས་ནི་དམ་པའི་ཆོས་མ་ཡིན་པ་འདོད་པའི་འདོད་ཆགས་ལས་སྐྱེ་བ་དགག་པ་བསྟན་ཏེ། ཚིག་གསུམ་པོ་དེ་དག་གིས་སྐྱེ་བ་བཟང་པོ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །ཚིག་བཞི་པས་ནི་བདག་དང་ཆོས་མཐུན་པ་བསྟན་ཏོ། །ལྔ་པས་ནི་ལོངས་སྤྱོད་ ལ་ཆོས་མཐུན་པ་བསྟན་ཏོ། །ཚིག་འདི་གཉིས་ཀྱིས་ནི་ཆོས་མཐུན་པ་ལ་སྐྱེ་བ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །གཞི་ནི་རྐྱེན་དང་ཀུན་འབྱུང་བ་དང་རྒྱུའོ། །རྐྱེན་གྱི་དབང་དུ་བྱས་ནས་དེ་ལས་སྐྱེ་བའོ། །རྒྱུའི་དབང་དུ་བྱས་ནས་དེ་ལས་རབ་ཏུ་སྐྱེས་པའོ། །རྒྱུ་ལས་རབ་ཏུ་སྐྱེ་ཡང་རྐྱེན་གྱི་ དབང་གིས་ནི་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཚིག་ཕྱི་མ་ཕྱི་མ་བཤད་པ་ཡིན་པར་རིག་པར་བྱའོ། །ལེགས་པར་མཐོང་བ་ཞེས་བྱ་བ་ནི་མདོར་བསྟན་པའོ། །ལེགས་པར་རིག་པ་ནི་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའོ། །ལེགས་པར་ཡིད་ལ་བྱས་པ་ནི་ཡང་དག་པར་ཚུལ་ བཞིན་ཡིད་ལ་བྱེད་པའོ། །ལེགས་པར་བསྟན་པ་ནི་ཀུན་ནས་སོ། །ལེགས་པར་རྟོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་སྒོ་ནས་ཏེ། དེ་གཉིས་ནི་ལེགས་པར་མཐོང་བ་ཡིན་ནོ། །སྔ་མ་གཉིས་ནི་དེའི་སྦྱོར་བ་ཡིན་ནོ། །འཕགས་པ་ནི་ཟག་པ་མེད་པ་དང་འཕགས་པའི་རྒྱུ་ལ་ཡོད་པའི་ཕྱིར་རོ། ། ངེས་པར་འབྱུང་བ་ནི་ཁམས་གསུམ་པའི་སྡུག་བསྔལ་ལས་ངེས་པར་འབྱུང་བའོ། །ངེས་པར་རྟོག་པ་ཅན་ནི་ཤིན་ཏུ་ངེས་པར་འབྱུང་བ་དང་ཕྱིར་མི་ཟློག་པའོ། །བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་བ་ནི་དང་པོར་མངོན་པར་རྫོགས་པར་བྱང་ཆུབ་པའོ། །བཅོམ་ལྡན་འདས་ནི་འདྲེན་ པར་བྱེད་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་ནས་ལྷ་དང་མིའི་བར་ལ་ཡང་དག་པར་རབ་ཏུ་སྟོན་པའོ། །བཅོམ་ལྡན་འདས་ནི་རྟེན་ཞེས་བྱ་བ་ནི་ཆོས་བསྟན་པ་ལ་ཐེ་ཚོམ་སྐྱེས་པ་ཐམས་ཅད་ཡང་དང་ཡང་དུ་སེལ་བའོ། །བཅོམ་ལྡན་འདས་དེ་མིག་ཏུ་གྱུར་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་ རབ་སྒྲུབ་པའོ། །ཡེ་ཤེས་སུ་གྱུར་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་སྒྲུབ་པའོ། །མངོན་དུ་གྱུར་པ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པའོ། །ཆོས་སུ་གྱུར་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་སྒྲུབ་པའོ། །དོན་གསལ་བར་གཏན་ལ་འབེབས་པར་བྱེད་པ་ནི་ཐེ་ཚོམ་ཐམས་ཅད་ གཅོད་པར་བྱེད་པའོ། །དོན་ཐམས་ཅད་ཀྱི་རྟེན་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པའོ། །ཡིད་བྱུང་བ་ནི་མཐོང་བའི་ལམ་ལའོ། །འདོད་ཆགས་དང་བྲལ་བ་ནི་བསྒོམ་པའི་ལམ་ཡོངས་སུ་རྫོགས་པ་དག་ལའོ། །འགོག་པ་ནི་ཕུང་པོ་ཐམས་ཅད་ འགོག་པའོ། །ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་དེ་གཉིས་ཀྱི་སྦྱོར་བ་ལ་གནས་པ་རྣམས་ཡིན་ནོ། །འགོག་པ་ལ་ཞུགས་པ་རྣམས་ནི་མི་སློབ་པ་ཡིན་ནོ། །ཡིད་འབྱུང་བར་འགྱུར་བ་ནི་བདེན་པ་མཐོང་བས་འདུས་བྱས་ཐམས་ཅད་ལས་མི་མཐུན་པར་འཛིན་པའོ། །དེ་ ནས་འདོད་ཆགས་དང་བྲལ་བར་འགྱུར་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་འདོད་ཆགས་སྤོང་བའོ། །རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་དེ་ནས་འདོད་ཆགས་དང་དེ་དང་དེ་གྲུབ་པ་དང་བདེ་བ་གཅིག་ལ་དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བའོ། །ཡོངས་སུ་ གྲོལ་བ་ནི་ཉོན་མོངས་པ་སྤོང་བའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་གྲོལ་བའོ། །དེ་ནི་བྲམ་ཟེ་ཞེས་བྱ་བ་ནི་ཕ་རོལ་གྱི་མཐར་ཐུག་པར་འགྲོ་བ་དང་སྡིག་པ་བསལ་བའོ། །དེའི་མཚན་ཉིད་ལ་ཐེ་ཚོམ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་རྟོགས་པ་ལ་ཐེ་ཚོམ་མེད་པའོ། །འགྱོད་པ་ བཅད་པ་ནི་བྱ་བ་མི་བྱེད་པ་མེད་པ་དང་བྱ་བ་མ་ཡིན་པ་བྱེད་པ་མེད་པའོ། །སྲེད་པ་དང་བྲལ་བ་ནི་རྙེད་པ་དང་བཀུར་སྟི་ལ་སྲེད་པ་མེད་པའོ། །འབྱུང་བ་དང་ཞིག་པ་ལ་ཆགས་པ་རྒྱས་པར་མི་འགྱུར་ཞེས་བྱ་བ་ནི་བག་ལ་ཉལ་སྤངས་པའོ། །དེ་ལ་ད་ལྟར་དང་མ་འོངས་པའི་དུས་ནི་འབྱུང་བའོ། །འདས་པ་ ༄༅། །ནི་ཞིག་པ་སྟེ་དེ་དག་གིས་ནི་བྲམ་ཟེ་དེ་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཐོས་པ་མང་པོ་དང་ཤེས་བཞིན་དང་དགེ་བའི་ཕྱོགས་ལ་བརྩོན་པ་ལ་ཡང་གོང་མ་གསུམ་སྲིད་པས་དེའི་ཕྱིར་ལུང་སྟོན་པས་ན་བཞི་པས་ཀྱང་ཡོངས་སུ་བརྟག་པར་བྱའོ། །དེ་ལ་ཆགས་པ་ཞེས་བྱ་བ་ནི་ཆགས་ པ་བརྒྱད་དེ། ཞིག་པ་ལས་མྱ་ངན་དུ་གྱུར་པ་དང༌། ད་ལྟར་གྱིས་ཡང་དག་པར་བསྡུས་པ་འབྱུང་བ་ལ་ལྔ་སྟེ། བྱི་དོར་བྱས་པ་དང༌། སྦས་པ་དང༌། བདག་གིར་བྱས་པ་དང༌། གྱེན་དུ་བསྒྲེང་བ་དང༌། ཆུང་ངུ་བསྒྲེང་བའོ། །མ་འོངས་པ་ལ་གཉིས་ཏེ། རྣམ་པར་སྤྱད་པ་དང༌། རྣམ་པར་བསྐྱོད་པའོ། ། གསུམ་ཀ་ལ་ནི་སྟུག་པོར་བྱས་པ་དང༌། རོ་བྲོ་བར་བྱས་པའོ། །དེ་ལ་མྱ་ངན་དུ་གྱུར་པ་ནི་སྡུག་པ་ཡོངས་སུ་གྱུར་པའོ། །བྱི་དོར་བྱས་པ་ནི་གསོས་པ་དང་ཡོངས་སུ་བསྐྱངས་པའོ། །སྦས་པ་ནི་འཚེ་བའི་གནས་ལས་བསྐྱབས་པའོ། །བདག་གིར་བྱས་པ་ནི་བདག་གིར་བྱ་བས་རང་གིར་བྱས་པའོ། ། གྱེན་དུ་བསྒྲེང་བ་ནི་བདག་མཆོག་གོ་སྙམ་པའི་ང་རྒྱལ་ཏེ། བཅོམ་ལྡན་འདས་ཀྱིས་སྐྱེ་དགུ་ནི་ང་རྒྱལ་གྱི་རྒྱལ་མཚན་ཅན་ནོ་ཞེས་གསུངས་སོ། །ཆུང་ངུ་བསྒྲེང་བ་ནི་བདག་ཆུང་ངོ་སྙམ་པའི་ང་རྒྱལ་ལོ། །རྣམ་པར་སྤྱད་པ་ནི་མ་འོངས་པ་དོན་དུ་གཉེར་བའི་སྲེད་པའོ། །རྣམ་པར་བསྐྱོད་པ་ནི་དོན་དུ་གཉེར་བ་ ཡོངས་སུ་ཚོལ་བའོ། །སྟུག་པོར་བྱས་པ་ནི་གང་ཞིག་འདོད་པ་ཉེ་བར་ལོངས་སྤྱོད་པར་བྱ་བ་མ་ཡིན་པ་སྟེ། འདི་ལྟ་སྟེ། གསེར་རམ་ཟོང་གཞན་དག་གོ། །རོ་བྲོ་བར་བྱས་པ་ནི་ཉེ་བར་ལོངས་སྤྱད་པར་བྱ་བ་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་མདོར་བསྡུ་ན་ཚིག་ལྔས་ལམ་རྟོགས་པ་དང༌། ལམ་ རྟོགས་པའི་འབྲས་བུ་མངོན་དུ་བྱ་བ་ཡོངས་སུ་བསྟན་ཏེ། དེ་ལ་དེ་ནི་བྲམ་ཟེ་ཞེས་བྱ་བས་ནི་ལམ་རྟོགས་པ་ཡོངས་སུ་བསྟན་ཏོ། །ཐེ་ཚོམ་མེད་པ་དང༌། འགྱོད་པ་ཆད་པ་དང༌། སྲེད་པ་དང་བྲལ་བ་དང༌། འབྱུང་བ་དང་ཞིག་པ་ལ་ཆགས་པ་རྒྱས་པར་མི་འགྱུར་ཞེས་བྱ་བའི་ཚིག་འདི་དག་གིས་ ནི་ལམ་རྟོགས་པའི་འབྲས་བུ་མངོན་དུ་བྱ་བ་ཡོངས་སུ་བསྟན་ཏེ། ཀུན་ཤེས་པ་ཐོབ་པ་དང༌། ལུང་སྟོན་པའི་ཐེ་ཚོམ་སྤོང་བ་དང༌། རྒྱུ་བ་ན་སྤྱོད་པ་བརྗེད་པའི་ཆོས་ཉིད་སྤོང་བ་དང༌། མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་སྤོང་བ་དང༌། ད་ལྟར་གྱི་སྡུག་བསྔལ་རྒྱུ་གནས་ངན་ལེན་སྤོང་བའི་ཕྱིར་རོ། །དེ་ལ་ དོན་གྱི་སྐབས་འདིར་ནི་འབྱུང་བ་ནི་ཁམས་གསུམ་པར་གཏོགས་པའི་མཚན་མ་ཡིད་ལ་བྱེད་པ་ཡིན་པར་བལྟ་བར་བྱའོ། །ཞིག་པར་ནི་མཚན་མ་མེད་པ་ཡིད་ལ་བྱེད་པའོ། །ཆགས་པ་ཡང་དོན་གྱི་སྐབས་འདིར་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཏེ། དེ་དག་ཀྱང་ཇི་ལྟར་ མཚན་མ་མེད་པ་ལ་སྙོམས་པར་ཞུགས་པའི་སློབ་པ་ལ་རྒྱས་པར་འགྱུར་བ་ལྟར་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །རྣམ་པར་རྟོག་པ་དང༌། སྤྲོས་པ་དང༌། ཆགས་པ་དང༌། །འདུ་ཤེས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་བཞི་སྟེ། སྔ་མ་གཉིས་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་ཡིན་ནོ། །གཉིས་ ནི་ཁྱིམ་པ་ཕྱི་མའི་ཕྱོགས་ཀྱི་ཡིན་ཏེ། ཆགས་པ་རྒྱས་ན་དེ་སྐྱེ་བར་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ནི་ཡུལ་ཉམས་སུ་མྱོང་བ་རྗེས་སུ་དྲན་པ་ལས་ནི་རྗེས་སུ་རྟོག་པ་ཙམ་ཡིན་ལ་གཡོ་བ་ཀུན་ཏུ་སྤྱོད་པ་ལས་ནི་སྤྲོས་པ་ཡིན་གྱི། ཁྱིམ་པ་རྣམས་ནི་ཡུལ་ཉེ་བར་གནས་པ་ལས་ཆགས་པ་ཡིན་ནོ། ། ཆགས་པ་དང་དེའི་མཚན་མ་ལ་འཛིན་པ་ལས་དེའི་འདུ་ཤེས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ནི་གཉིས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། དེའི་གནས་ཀྱི་ཆོས་རྣམས་ཏེ། རྒྱུ་གང་ལས་སྐྱེ་བ་དེ་ནི་དེའི་རྒྱུ་ཡིན་ནོ། །མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལོ་ཞེས་བྱ་བའི་ དོན་ཅི་ཞེ་ན། གང་གིས་ན་མི་རྟག་པ་དང་རིས་མཐུན་པ་དེས་ན་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་སྐྱེ་བ་དང༌། གང་གིས་ན་རེག་པ་ལ་རག་ལུས་ཏེ་ཚོར་བ་དེས་ན་རྣམ་པར་འགྱུར་ལ། སྐྱེ་ཞིང་འཇིག་སྟེ། དེའི་ཕྱིར་ཚོར་བ་གསུམ་པོ་ཐམས་ཅད་སྡུག་བསྔལ་ལོ་ཞེས་བཤད་དོ། ། གང་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆོས་ཅན་དང༌། གང་ཡང་རྣམ་པར་འགྱུར་བ་ལ་སོགས་པའི་སྡུག་བསྔལ་གྱི་ཆོས་ཅན་དེ་དག་ནི་བདག་ཉིད་ཀྱིས་བདག་མེད་པས་བདག་མེད་པའམ། །དེ་ལ་བདག་མི་གནས་པས་ན་བདག་མེད་པ་སྟེ། དེས་ན་སྟོང་པ་ཉིད་དང་བདག་མེད་པའི་རྣམ་ པ་སྨོས་པ་ཡིན་ནོ། །ཀུན་ཤེས་པར་བྱེད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཏེ། ཤེས་པ་གསུངས་པ་འདི་སྐད་དུ་གསུང་ངོ་ཞེས་བྱ་བའོ། །ཡང་དག་པར་ཤེས་པར་བྱེད་པ་ནི་བསམས་པ་ལས་བྱུང་བའོ། །ངེས་པར་རྟོག་པ་ནི་བསྒོམས་པ་ལས་བྱུང་བའི་སྟེ། ཤེས་རབ་རྣམ་པ་ ༄༅། །གསུམ་རྒྱུ་བ་དེ་ཉིད་ལ་བཟོད་པ་གང་ཡིན་པ་དེ་ནི་མགུ་བ་དང༌། ཡང་དག་པར་མགུ་བ་དང༌། ཡངས་སུ་མགུ་བའོ། །མི་རྟག་པར་རྗེས་སུ་བལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་བལྟ། འགོག་པར་རྗེས་སུ་བལྟ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་ བཞིན་ནོ། །མི་རྟག་པ་དང༌། གཡོ་བ་དང༌། འཇིག་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཅིག་ལས་འཕྲོས་པ་མཐུན་པར་སྦྱར་བ་ལས་མི་རྟག་པ་ལ་སོགས་པའི་རྣམ་གྲངས་ནས་སྡིག་པའི་རྣམ་གྲངས་ལ་ཐུག་པའི་བར་དུ་ཅི་རིགས་པར་རིག་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་ནི་དེ་དང་པོ་ ནས་མ་ཐོབ་པའམ་སྔ་མ་ལས་ཉམས་པའོ། །རྟོག་པར་བྱ་བ་ནི་གོང་མའི་ཁྱད་པར་རྟོགས་པའོ། །མངོན་སུམ་དུ་བྱ་བ་ནི་སྤངས་པའོ། །ལྟ་བ་ཞེས་བྱ་བ་འདིས་ནི་ཤེས་རབ་བསྟན་ཏོ། །ངེས་པར་རྟོག་པ་ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་བསྟན་ཏོ། །ཚུལ་བཞིན་ཡོངས་སུ་རྟོག་ཅེས་བྱ་བ་ནི་ ཆོས་གཉིས་པོ་དེ་དག་ཉིད་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བསྟན་ཏོ། །མེད་ཀྱང་སྟང་ངོ་ཞེས་བྱ་བ་ནི་དེ་ལ་བདེ་བ་མེད་པའོ། །གསོབ་ཅེས་བྱ་བ་ནི་བདག་གིས་སྟོང་པའོ། །གསོག་ཅེས་བྱ་བ་ནི་མི་གཙང་བའོ། །སྙིང་པོ་མེད་ཅེས་བྱ་བ་ནི་མི་རྟག་པ་ཉིད་དེ། དེ་ལྟར་ན་དེ་དག་གིས་ནི་ཕྱིན་ཅི་ལོག་ བཞི་མེད་པར་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་གཟུགས་དབུ་བ་རྡོས་པ་ལྟ་བུ་ཡིན་ཞེ་ན་བསགས་པ་དང༌། འཇིག་པ་མྱུར་བ་དང༌། ཆུའི་ཁམས་ལས་བྱུང་བ་ལྟར་ཟས་དང་སྐོམ་གྱི་རོ་དང༌། རྣམ་པར་རྟོག་པའི་ཆུ་ལས་བྱུང་བའི་ཕྱིར་རོ། །བཅང་བར་མི་བཟོད་པ་ཉིད་ནི། བཅང་བར་ མི་བཟོད་པ་དང་འཇི་བའི་གོང་བུ་ལ་སོགས་པ་བཞིན་དུ་སྒྱུར་བར་མི་ནུས་པའོ། །སེམས་ཅན་གཅིག་ཏུ་མོས་པའི་ཕྱིར་གོང་བུ་མ་ཡིན་ཡང་གོང་བུར་སྣང་བའོ། །ཚོར་བ་ཆུའི་ཆུ་བུར་ལྟ་བུ་ནི་གསུམ་འདུས་པ་ལས་སྐྱེས་པ་དང་མི་གནས་པར་ཆོས་མཐུན་པའི་ཕྱིར་ཏེ། དེ་ལས་ལྟ་བུ་ནི་ དབང་པོ་སྟེ། དེ་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །ཡུལ་ལྟ་བུ་ནི་སྤྲིན་ནོ། །ཆུ་ལྟ་བུ་ནི་རྣམ་པར་ཤེས་པའོ། །ཆར་པས་བཏབ་པ་ལྟ་བུ་ནི་རེག་པའོ། །ཆུའི་ཆུ་བུར་ལྟ་བུ་ནི་ཚོར་བ་སྟེ། མྱུར་དུ་འགག་པ་དང་མི་གནས་པའོ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་ནི་གཡོ་བའི་བདག་ཉིད་དང༌། རྣམ་པ་ དུ་མ་འབྱུང་བ་དང༌། དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། སྐྱེས་པ་དང་བུད་མེད་ལ་སོགས་པ་ཡོངས་སུ་གཅོད་པའི་ཚུལ་གྱིས་ཡུལ་གསལ་བར་བྱེད་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཆུ་ཤིང་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ སོ༑ སྟ་རེ་རྣོན་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཚོན་ཆའོ། །ཚལ་དུ་འཇུག་ཅེས་བྱ་བ་ནི་འགྲོ་བ་ལྔར་གཏོགས་པའོ། །ཆུ་ཤིང་གི་སྡོང་པོ་ཞེས་བྱ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་ལུས་ཤིང་དང་ཆོས་མཐུན་པའོ། །སར་པ་དྲང་པོ་ཞེས་བྱ་བ་ནི་བདག་བྱེད་པ་པོ་དང་ཟ་བ་པོར་ལྟ་བའོ། །དེས་དེ་དྲུང་ནས་ བཅད་ནས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་སྤོང་བའོ། །ལོ་མའི་གླེགས་བུ་རྣམ་པར་བཤིག་སྟེ་ཞེས་བྱ་བ་ནི་སེམས་པ་དུ་མའི་འདུ་བྱེད་རྣམ་པར་སྨིན་པ་ཙམ་དུ་རབ་ཏུ་རྣམ་པར་འབྱེད་པའོ། །དེས་དེའི་སྙིང་པོ་མ་ཡིན་པ་ཡང་མི་རྙེད་ན་ཞེས་བྱ་བ་ནི་དེ་དག་དུས་གཞན་དུ་མི་གནས་པའོ། །སྙིང་པོ་ལྟ་ ཞིག་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཤིན་ཏུ་རྟག་པ་དང་བརྟན་པའི་བདག་དང་བྱེད་པ་པོ་དང་ཟ་བ་པོ་ག་ལ་སྣང་ཞེས་བྱ་བའོ། །ཇི་ལྟར་ན་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་ཡིན་ཞེ་ན། སྒྱུ་མ་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པའི་ ཚིག་བླ་དགས་སོ། །ལམ་པོ་ཆེའི་བཞི་མདོར་འདུག་སྟེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་ལ་བརྟེན་པའོ། །སྒྱུ་མ་རྣམ་པ་བཞི་བྱེད་ཅེས་བྱ་བ་ནི་ཇི་ལྟར་དེ་དག་ཏུ་གླང་པོ་ཆེའི་ཚོགས་ལ་སོགས་པ་སྣང་པའོ། །གླང་པོ་ཆེ་ལ་སོགས་པའི་ཚོགས་དེ་དག་ཡོངས་སུ་གྲུབ་པ་མ་ཡིན་པ་དེ་བཞིན་ དུ༑ བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་གནས་པ་བཞི་ལ་བརྟེན་ཅིང་དམྱལ་བ་ལ་སོགས་པའི་ལུས་སྟོན་པ་དེ་ཡང་མི་སྣང་བར་འགྱུར་བའི་ཕྱིར་དེ་ཉིད་ཀྱིས་དེའི་ལུས་ཡོངས་སུ་གྲུབ་པ་མེད་དེ། སྒྱུ་མའི་གཟུགས་བཞིན་ནོ། །དཀར་པོའི་ ཕྱོགས་ཀྱི་རྣམ་གྲངས་རྫོགས་སོ།། །།སྡོམ་ནི། སྐྱེ་དང་རྒ་དང་འཆི་བ་དང༌། །ཆགས་དང་འདོད་དང་ཉོན་མོངས་དང༌། །འདོད་ཆགས་རབ་རྒྱས་ཞེ་སྡང་དང༌། །གཅི་མུག་ཆུང་དང་ཁྱད་པར་ཉིད། །སྐྱེ་བ་ནི་དང་པོ་ཉིད་དུ་ཉིང་མཚམས་སྦྱོར་བའི་འབྲེལ་པ་སྟེ། མིང་དང་གཟུགས་ ༄༅། །ཀྱི་གནས་སྐབས་སོ། །ཀུན་ཏུ་སྐྱེ་བ་ནི་ལུས་ཡོངས་སུ་རྫོགས་པའོ། །བྱུང་བ་ནི་རུམ་ནས་བྱུང་བའོ། །མངོན་པར་གྲུབ་པ་ནི་ལང་ཚོའི་གནས་སྐབས་ནས་བཟུང་སྟེ། དར་ལ་བབ་པ་དང་དར་ཡོལ་བའི་གནས་སྐབས་ཀྱི་བར་གང་ཡིན་པའོ། །ཆེས་འགྲས་ནི་རྒས་ པའི་གནས་སྐབས་ཀྱི་བར་གང་ཡིན་པའོ། །ཕུང་པོ་རྙེད་པ་ནི་མིང་དང་གཟུགས་ཀྱི་གནས་སྐབས་སོ། །ཁམས་རྙེད་པ་ནི་དེ་ཉིད་དུ་དེའི་ས་བོན་རྙེད་པའོ། །སྐྱེ་མཆེད་རྙེད་པ་ནི་མིང་དང་གཟུངས་འཕལ་བས་སྐྱེ་མཆེད་དྲུག་ཡོངས་སུ་རྫོགས་པའོ། །ཕུང་པོ་མངོན་པར་འགྲུབ་པ་ནི་འབྱུང་བ་ནས་ བཟུང་སྟེ་རྒས་པའི་བར་རོ། །སྲོག་གི་དབང་པོ་བྱུང་བ་ནི་རིས་མཐུན་པ་སྔ་མ་ཡོངས་སུ་བཏང་སྟེ་རིས་མཐུན་པ་གསར་གྱི་ཚེ་ཡོངས་སུ་འཛིན་པའོ། །རྒ་བ་ནི་ན་ཚོད་ཡོངས་སུ་གྱུར་པས་འགྲོ་བ་ན་རྡེག་འཆའ་ཞིང་འགྱེལ་བའོ། །མགོ་སྐྱ་ནི་སྐྲ་དང་བ་སྦུ་མ་ཚང་ཞིང་མདོག་དཀར་བ་དང་སེར་བའོ། ། གཉེར་མས་གང་བ་ནི་པགས་པ་འཁུམས་པའོ། །རྙིང་པ་ནི་ན་ཚོད་ཡོངས་སུ་གྱུར་པ་ཉིད་མདངས་མེད་ཅིང་སྐྱ་བོར་གྱུར་པ་གང་ཡིན་པའོ། །གཞོམ་པ་ནི་མཐུ་དང་བརྩོན་འགྲུས་དང་སྟོབས་དང་རྩལ་མེད་བའོ། །སྒུར་པོ་ཕྱམ་སྒུར་པོ་ལྟར་ཡོ་བ་ནི་ལུས་མདུན་དུ་སྒུ་བ་གང་ཡིན་པ་སྟེ། ཁར་ བལ་བརྟེན་པ་གང་ཡིན་པའོ། །ལུས་སྨེ་བ་ནག་པོས་གང་བ་ནི་སྨེ་བ་ནག་པོ་དག་གིས་ལུས་བཀྲ་བར་བྱས་པའོ། །ཐེག་ཆེ་བ་ནི་འཕྲལ་གྱི་བྱ་བ་འགྲེང་བ་དང་འཆགས་པ་དག་མི་མང་བའོ། །ཉམ་དམའ་བ་ནི་ཡུལ་དག་ལ་དབང་པོ་རྣམས་རྒྱུ་བ་མི་མང་བའོ། །ཉམས་པ་ནི་དྲན་པ་དང་བློ་མི་མང་ བའོ༑ །ཡོངས་སུ་ཉམས་པ་ནི་དབང་པོ་ལ་སོགས་པ་དེ་དག་ཉིད་སྐད་ཅིག་དང་ཐང་ཅིག་དེ་དང་དེ་དག་ཉིད་འདས་ཤིང་འབྲི་བའོ། །དབང་པོ་རྣམས་ཡོངས་སུ་སྨིན་པ་ནི་དེ་དག་ཉིད་ཀྱི་བྱེ་བྲག་གོ། །འདུས་བྱས་རྣམས་རྙིངས་པར་གྱུར་པ་ནི་དབང་པོའི་གནས་རྣམས་དུས་གཞན་དུ་གནས་པའོ། །རྙིངས་ པ་ནི་དེ་དག་ཉིད་གཞན་དུ་འགྱུར་བའོ། །ཤི་འཕོས་པ་ནི་ལུས་ཡོངས་སུ་པོར་བའོ། །འཆི་འཕོ་བ་ནི་འཆི་ཀ་ཉིད་དོ། །ཞིག་པ་ནི་གང་ཞིག་ན་ལུས་རོར་འདུག་པའོ། །ནུབ་པ་ནི་གང་ན་མི་གནས་པའོ། །ཡང་ཞིག་པ་ནི་གཟུགས་ཀྱི་ལུས་སོ། །ནུབ་པ་ནི་མིང་གི་ལུས་སོ། །ཚེ་ཉམས་ཤིང་དྲོད་ཉམས་ ཞེས་བྱ་བ་ནི་འཆི་ཀར་དེའི་དུས་སུ་སྙིང་གར་གནས་པའོ། །སྲོག་གི་དབང་པོ་འགག་པ་ནི་ཚེ་ཐམས་ཅད་ཡོངས་སུ་གཏུགས་པའོ། །འཆི་བ་ནི་རྣམ་པར་ཤེས་པ་སྙིང་གར་ཡོངས་སུ་འདོར་བའོ། །དུས་བྱས་པ་ནི་དེ་ཕྱིན་ཆད་དེ། ཤི་ནས་ཞག་གཅིག་གམ་གཉིས་སམ། ཞག་གསུམ་མམ། ཞག་བདུན་ལོན་པའོ། །སྐྱེ་མཆེད་དྲུག་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདག་ཏུ་འཛིན་པས་ནི་ཆགས་པར་འགྱུར་རོ། །བདག་གིར་འཛིན་པས་ནི་ཉེ་བར་ཆགས་པར་འགྱུར་རོ། །འཇིག་ཚོགས་ལ་ལྟ་བ་ནི་རྩ་བ་ཅན་འཇིག་རྟེན་སོ་སོའི་ལྟ་བར་གྱུར་པ་རྣམས་དང་ངའོ་སྙམ་པའི་ང་རྒྱལ་གྱི་དབང་ཅན་སྲེད་པ་ རྣམ་པར་སྤྱོད་པ་རྣམས་ཀྱིས་ནི་ལྷག་པར་ཆགས་སོ། །བདེ་བའི་ཚོར་བའི་གནས་ལྟ་བུའི་སྐྱེ་མཆེད་དྲུག་ལ་ནི་འདོད་ཆགས་དང་བཅས་པས་རོ་མྱོང་བར་བྱེད་པའོ། །སྡུག་བསྔལ་གྱི་ཚོར་བའི་གནས་ལྟ་བུ་ལ་ནི་ཞེ་སྡང་དང་བཅས་པས་སྤོང་བར་བྱེད་དོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ ཡིན་པའི་ཚོར་བའི་གནས་ལྟ་བུ་ལ་ནི་གཏི་མུག་དང་བཅས་པས་ཁས་ལེན་པར་བྱེད་དོ། །འདས་པའི་སྐྱེ་མཆེད་དྲུག་ལ་ནི་བལྟས་པ་དང་བཅས་པས་རྒྱས་པར་བྱེད་དོ། །མ་འོངས་པ་ལ་ནི་མངོན་པར་དགའ་བ་དང་བཅས་པས་གནས་སོ། །ད་ལྟར་བྱུང་བ་ལ་ནི་ལྷག་པར་ཞེན་པ་དང་བཅས་པས་ མངོན་པར་ཞེན་ཏོ། །རང་གི་ཡོངས་སུ་གཟུང་བར་གྱུར་པ་གཞན་གྱི་རྒྱུད་ལ་ཡོད་པའི་སྐྱེ་མཆེད་དྲུག་ལ་ནི་བདག་གིར་བྱེད་དོ། །རང་གི་ཡོངས་སུ་གཟུང་བར་མ་གྱུར་པ་གཞན་གྱི་རྒྱུད་ལ་ཡོད་པ་ཐ་མ་དང་འབྲིང་དང་ཁྱད་པར་ཅན་ལ་ནི་ང་རྒྱལ་གྱི་རྣམ་པ་ལ་བརྟེན་པས་རློམ་སེམས་སུ་བྱེད་དོ། །མཉམ་པར་ གཞག་པ་ཡིན་པའི་ས་པ་འདོད་པ་དང་མཚུངས་པར་ལྡན་པ་ལ་ནི་གོང་ནས་གོང་དུ་དོན་དུ་གཉེར་བར་བྱེད་དོ། །མཉམ་པར་གཞག་པའི་ས་པ་གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པ་ནི་ཇི་ལྟར་སྲིད་པ་རྒྱ་ཆེ་བ་དང་གྱ་ནོམ་པ་ཡིན་པའི་ཕྱིར་བརྟེན་པར་བྱེད་དོ། །ཁྱིམ་པའི་ཕྱོགས་ལ་བརྟེན་ པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་རོའི་སྒོ་ནས་འཁོར་གྱི་རྗེས་སུ་སོང་བ་ཡིན་པའི་ཕྱིར་རོ་མྱོང་བར་བྱེད་དོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་སྐྱེ་མཆེད་དྲུག་ལ་ནི་ལེ་ལོ་དང་བག་མེད་པ་དང་ལྡན་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོར་རོ། །འདོད་པ་དང་སྡུག་པ་དང་དགའ་བ་ ༄༅། །དང་ཡིད་དུ་འཐད་པ་ཞེས་བྱ་བའི་ཚིག་བཞི་པོ་འདི་དག་ནི་མདོར་བསྡུ་ན། འདོད་པའི་དངོས་པོ་ཡོངས་སུ་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །འདོད་པའི་དངོས་པོ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། བཙལ་བར་བྱ་བ་དང༌། བརྟག་པར་བྱ་བ་དང༌། ལྷག་པར་ཞེན་བར་ བྱ་བའོ། །དེ་ལ་འདོད་པ་མ་འོངས་པ་ནི་བཙལ་བར་བྱ་བ་ཡིན་པའི་ཕྱིར་འདོད་པ་ཡིན་ནོ། །འདོད་པ་འདས་པ་ནི་འདོད་པ་བྱས་པ་དང་དགའ་བར་བྱས་པ་འབའ་ཞིག་ཡིན་པའི་ཕྱིར་སྡུག་པ་ཡིན་ནོ། །འདོད་པའི་དངོས་པོ་ད་ལྟར་བྱུང་བ་ནི་རྣམ་པ་གཉིས་ཏེ། ཡུལ་གྱི་དངོས་པོ་དང་མྱོང་བའི་དངོས་ པོའོ༑ །དེ་ལ་ཇི་སྙེད་དུ་ཡུལ་གྱི་དངོས་པོ་ལ་འདོད་པ་དེ་ནི་དགའ་བ་ཡིན་ནོ། །མྱོང་ཟིན་པའི་དངོས་པོ་ལ་འདོད་པ་གང་ཡིན་པ་དེ་ནི་ཡིད་དུ་འཐད་པའོ། །འདོད་པའི་དངོས་པོ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ཡུལ་ལམ་མྱོང་བ་ནི་འདི་དག་ཙམ་དུ་ཟད་དེ། འདིའི་བཙལ་བར་ བྱ་བའམ། བརྟག་པར་བྱ་བའམ། ལྷག་པར་ཆགས་པར་བྱ་བ་དེ་དག་ཐམས་ཅད་ནི་ཚིག་འདི་དག་གིས་བསྟན་པ་ཡིན་ནོ། །འདོད་པ་ནི་མ་འོངས་པའི་དུས་ལ་བརྟེན་ནས་བཙལ་བར་བྱ་བ་ཡིན་པའི་ཕྱིར་རོ། །སྡུག་པ་ནི་ད་ལྟའི་དུས་ལ་བརྟེན་ནས་ངོམས་མི་མྱོང་བས་འདོད་པར་བྱ་བ་ཡིན་པའི་ཕྱིར་ རོ༑ །ཡིད་དུ་འཐད་པ་ནི་འདས་པའི་དུས་ལ་བརྟེན་ནས་རྗེས་སུ་དྲན་པའི་སྒོ་ནས་ཡིད་དུའང་བས་མངོན་པར་བརྗོད་པའི་ཕྱིར་རོ། །དགའ་བའི་ངོ་བོ་ནི་སྡུག་པ་གང་ལ་བརྟེན་ནས་དུས་གསུམ་ལ་འདོད་པར་འགྱུར་བ་དང༌། འདོད་པ་དང་ཡིད་དུ་འོང་བས་མངོན་པར་བརྗོད་པའོ། །འདོད་པ་དང་ ལྡན་པ་ནི་འདོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རམ་ཟེར་བའམ། ལོངས་སྤྱོད་རྣམ་པ་སྣ་ཚོགས་འདོད་པའི་གནས་ལྟ་བུར་གྱུར་པའི་ཕྱིར་རོ། །ཆགས་པར་བྱ་བ་ནི་འདོད་ཆགས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ། །དངོས་པོ་ལྔ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་པའི་ཕྱིར་ཀུན་ཏུ་སྦྱོར་བ་རྣམས་ སོ༑ །དངོས་པོ་རྣམ་པ་ལྔ་ནི་ཀུན་དུ་སྦྱར་བར་བྱ་བ་དང༌། །ཀུན་ཏུ་སྦྱོར་བ་དང༌། ཁ་ན་མ་ཐོ་བ་མེད་པའི་དངོས་པོ་དང༌། རྒྱུ་མཐུན་པའི་དངོས་པོ་དང༌། འགྲོ་བའི་དངོས་པོའོ། །དེ་ལ་ཀུན་ཏུ་སྦྱར་བར་བྱ་བ་ནི་ཀུན་དུ་སྦྱོར་བ་རྣམས་ཀྱི་དམིགས་པ་ཡིན་ཏེ། འདི་ལྟར་རྗེས་སུ་ཆགས་པ་ ལ་སོགས་པས་སོ་སོའི་མཚན་མའི་རྗེས་སུ་འབྲང་བས་དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ། །ཀུན་ཏུ་སྦྱོར་བ་རྣམས་ནང་ཡང་ཕན་ཚུན་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་ཀུན་ཏུ་སྦྱོར་བར་བྱེད་པའོ། །ཀུན་ཏུ་སྦྱོར་བའི་གཞི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བསྐྱེད་པར་འགྱུར་ཞིང༌། དེ་ལས་སྐྱེས་པ་སེམས་ ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བའི་བར་དུ་ཡང་སོ་སོར་མྱོང་བར་བྱེད་དོ། །དེའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་ཕྱིར་དངོས་པོ་ལ་ཡང་ཀུན་ཏུ་སྦྱོར་བར་བྱེད་དོ། །མ་འོངས་པ་ན་འདོད་ཆགས་དྲག་པོ་ལ་སོགས་པའི་ངོ་བོའི་རྒྱུར་གྱུར་པའི་ཕྱིར་རྒྱུ་མཐུན་པ་ལ་ཡང་ཀུན་ཏུ་སྦྱོར་བར་བྱེད་དོ། །འགྲོ་ བ་ལྔ་ལེན་པའི་ཕྱིར་འགྲོ་བ་རྣམས་སུ་ཀུན་ཏུ་སྦྱོར་བར་བྱེད་དོ། །དེའི་རྒྱུ་ལས་ཉེས་པར་སྤྱོད་པ་ཀུན་ཏུ་སྤྱོད་པའི་ཕྱིར་བདག་ལ་གཞན་གྱིས་དབྱུང་པ་དང༌། བསད་པ་དང༌། བཅིང་བ་དང༌། བརྡེག་པ་དང༌། སྤྱོ་བ་དང༌། སྤྱུགས་པ་ལ་སོགས་པའི་གནོད་པ་སྐྱེད་པའི་ཕྱིར་བདག་ལ་གནོད་པར་ འགྱུར་བའོ། །བདག་ལ་མ་ཡིན་ཡང་གཞན་ལ་སྐྱེད་པས་གཞན་ལ་གནོད་པར་འགྱུར་བའོ། །གཉིས་ཀ་ལ་སྐྱེད་པས་ན་གཉིས་ཀ་ལ་གནོད་པར་འགྱུར་བའོ། །མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་སྐྱེད་པར་བྱེད་ཅེས་བྱ་བ་དེ་ནི་ཇི་སྐད་དུ་སྨོས་པ་དེ་ཉིད་ཡིན་ཏེ། དེས་གདོན་མི་ཟ་བར་ངན་སོང་དུ་ འགྲོ་བ་ནི་མ་ཡིན་ནོ། །ཚེ་ཕྱི་མ་ལ་ནི་གང་གཞན་དག་གིས་འདི་ལ་མི་ཤེས་ཀྱང་དེའི་རྒྱུ་ཅན་གྱིས་ནི་ངན་སོང་དུ་འགྲོ་བའོ། །གང་གཞན་དག་གིས་འདི་ལ་ཤེས་ཀྱང་ངན་སོང་དུ་ཡང་འགྲོ་བ་ནི་མཐོང་བའི་ཆོས་དང་ཚེ་ཕྱི་མ་གཉིས་ཀ་ཡིན་ནོ། །དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་ དང་ཡིད་མི་བདེ་བ་ནི་ཆགས་པར་གྱུར་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་མི་འབྱོར་བའི་ཕྱིར་རོ། །གཙོ་ཆེར་ནི་ཀུན་ཏུ་སྦྱོར་བ་དགུ་ཁོ་ནའོ། །འདོད་དགུར་མི་བྱེད་པའི་དོན་གྱིས་ན་ཆིང་བ་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །ཚོར་བ་གསུམ་གྱི་དབང་དུ་བྱས་པའི་ ཕྱིར་ཏེ། དེ་དག་གིས་ནི་དེ་དག་ལས་ཐར་པར་འདོད་ཀྱང་མི་འགྲོལ་ལོ། །ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ས་བོན་དང་མཐུན་པར་གྱུར་པ་ནི་བག་ལ་ཉལ་ཏེ། རྗེས་སུ་འབྲེལ་པ་ཕྲ་བའི་དོན་གྱིས་སོ། །རྩ་བ་སྨོས་པའི་ཕྱིར་ན་བདུན་ནོ། །ཉོན་མོངས་པ་ལས་སྐྱེས་པའི་ཕྱིར་དང༌། ༄༅། །ཉོན་མོངས་པ་དང་ཉེ་བར་གྱུར་པའི་ཕྱིར་དང༌། སེམས་ཀྱི་རྒྱུན་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་ན་ཉེ་བའི་ཉོན་མོངས་པ་རྣམས་ཏེ། བག་ལ་ཉལ་མ་གཏོགས་པ་སེམས་ལས་བྱུང་བ་ཉོན་མོངས་པ་ཅན་རྣམས་སོ། །སྐྱེ་བའི་རྒྱུན་མི་ཆད་པའི་དོན་གྱིས་ན་ཀུན་ནས་དཀྲིས་པ་ རྣམས་ཏེ་ངོ་ཚ་བ་མེད་པ་ལ་སོགས་པ་བརྒྱད་དོ། །དེ་དག་ནི་ཤིན་ཏུ་རྒྱུན་ཆགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལུས་དང་སེམས་ལས་སུ་མི་རུང་བར་བྱེད་པའི་ཕྱིར་ཐ་བ་རྣམས་ཏེ། ལས་སུ་མི་རུང་བའི་ཞིང་རྩུབ་པོ་བཞིན་ནོ། །རྟེན་གྱི་བྱེ་བྲག་གིས་ནི་ཐེ་ཚོམ་གྱི་བྱེ་བྲག་སེམས་ཀྱི་ཐ་བ་རྣམ་པ་ལྔའོ། ། འདོད་ཆགས་ལ་སོགས་པ་གསུམ་ནི་མི་གཙང་བར་བྱེད་པའི་ཕྱིར་ན་དྲི་མ་རྣམས་སོ། །སྐྱེ་མཆེད་རྣམས་ཀྱི་སྒོ་ནས་རྟག་ཏུ་འཛག་པའི་ཕྱིར་དང་དྲག་ཏུ་གནོད་པར་བྱེད་པའི་ཕྱིར་ན་རྟག་འཛག་རྣམས་སོ། །མ་ཞི་བར་བྱེད་པའི་ཕྱིར་ན་ཟུག་རྔུ་རྣམས་ཏེ་ཟུག་རྔུ་མ་ཕྱུང་བ་བཞིན་ནོ། །བཏང་སྙོམས་ ཀྱི་བར་ཆད་བྱེད་པའི་ཕྱིར་དང༌། སྤྲོས་པ་དང་བཅས་པ་ཡིན་པའི་ཕྱིར་ན་ཅི་ཡང་རྣམས་སོ། །ཆོས་མ་ཡིན་བ་དང་མི་མཐུན་པའི་སྤྱོད་པ་ཉེ་བར་གནས་པའི་ཕྱིར་ན་ཉེས་པར་སྤྱོད་པ་རྣམས་སོ། །ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པའི་ཕྱིར་ན་རྩ་བ་རྣམས་སོ། །ཕྱི་མ་ལ་སྐྱེ་བ་ སྐྱེད་པའི་ཕྱིར་ན་ཟག་པ་རྣམས་སོ། །སྐྱེས་པ་ལ་རྒ་བ་དང་འཆི་བ་ལ་སོགས་པས་གནོད་པ་བྱེད་པའི་ཕྱིར་ན་གནོད་པ་རྣམས་སོ། །མི་སྡུག་པ་དང་ཕྲད་པ་དང༌། སྡུག་པ་དང་བྲལ་བ་དང༌། འདོད་པ་མི་རྙེད་པ་དག་གིས་ཡོངས་སུ་གདུངས་པའི་ཕྱིར་ན་ཡོངས་སུ་གདུང་བ་རྣམས་སོ། །མྱ་ངན་དང་ སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པར་བྱེད་པའི་ཕྱིར་ན་འཁྲུག་པ་རྣམས་སོ། །རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པའི་ཕྱིར་ན་ཆུ་བོ་རྣམས་སོ། །སྔོན་གྱི་མཐའ་ནས་བཟུང་སྟེ་མཐོང་བའི་ཆོས་ལ་སྐྱེ་བ་དང་འཁོར་བའི་ཐབས་སུ་གྱུར་པའི་ཕྱིར་ན་སྦྱོར་བ་རྣམས་སོ། ། ད་ལྟར་བྱུང་བ་ནས་བཟུང་སྟེ་མ་འོངས་པའི་ཐབས་སུ་གྱུར་པའི་ཕྱིར་ན་ཉེ་བར་ལེན་པ་རྣམས་སོ། །དགྲོལ་བར་དཀའ་བའི་ཕྱིར་ན་མདུད་པ་རྣམས་སོ། །ཤེས་བྱའི་དངོས་པོ་ལ་ཤེས་པའི་སྒྲིབ་པར་གྱུར་པའི་ཕྱིར་ན་སྒྲིབ་པ་རྣམས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཚུན་ཆད་ཀྱི་ཆ་ནི་ འདོད་པའི་ཁམས་སོ། །བསྒོམ་པའི་ལམ་ཚུན་ཆད་ཀྱི་ཆ་ནི་མཐོང་བའི་ལམ་མོ། །དེ་གཉིས་ནི་ཐ་མ་ཡང་ཡིན་ལ་ཆ་ཡང་ཡིན་ཏེ། དེའི་ཕྱིར་ཅི་རིགས་པར་ཚུན་ཆད་ཀྱི་ཆ་དང་མཐུན་པའམ་ཐ་མའི་ཆ་དང་མཐུན་པའི་སྒྲིབ་པ་ལྔ་ཡིན་ནོ། །དེ་ལས་བཟློག་པ་ནི་གོང་མའི་ཆ་དང་མཐུན་པ་རྣམས་སོ། ། འཕགས་པའི་ལམ་ཡན་ལག་སྐྱེ་བའི་བ་གེགས་བྱེད་པའི་ཕྱིར་རྣམ་པར་འཆིང་བ་རྣམས་ཏེ་ལུས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྔའོ། །ཆུང་དུའི་ཆར་གཏོགས་པ་རྣམས་ལ་ཡང་རབ་ཏུ་རྒྱ་སྐྱེད་པའི་ཕྱིར་ན་མེ་རྣམས་སོ། །སྲིད་པའི་རྩེ་མོར་སོང་བ་རྣམས་ལ་ཡང་ཉོན་མོངས་པའི་རྣམ་པ་ཐམས་ཅད་ འཕེལ་བར་བྱེད་པའི་ཕྱིར་དང༌། དམ་པ་རྣམས་ཀྱིས་རིང་དུ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །ལུས་དང་སེམས་ཀུན་ཏུ་གདུང་བར་བྱེད་པའི་ཕྱིར་ན་རིམས་ནད་རྣམས་སོ། །འཇིག་ཚོགས་ལེན་པའི་ཕྱིར་ན་ཀུན་ཏུ་ལེན་པ་རྣམས་སོ། །ནགས་ཞེས་བྱ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་ཕུང་པོའི་ ལུས་མངོན་པར་སྒྲུབ་པའོ། །ནགས་སྦྱོར་ནི་དེ་སྐྱེད་པར་བྱེད་པའི་ཆགས་པ་གང་ཡིན་པའོ། །འཐབ་མོ་ལ་སོགས་པས་རྣམ་པ་སྣ་ཚོགས་རྩོམ་པའི་ཕྱིར་ན་འཐབ་པ་རྣམས་སོ། །རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ན་ནག་པོའོ། །སྡུག་བསྔལ་དང་ལྡན་པའི་ཕྱིར་ན་ཕུང་པོའོ། །དགོས་ པ་མེད་པའི་ཕྱིར་ན་དམན་པའོ། །ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ན་ཁ་ན་མ་ཐོ་བ་དང་བཅས་པའོ། །བཙལ་བར་གཤའ་བ་མ་ཡིན་པའི་ཕྱིར་ན་ཡོངས་སུ་སྤང་བར་བྱ་བའོ། །ཚུལ་ཁྲིམས་འཆལ་པ་ནི་མནོས་པ་ཉམས་པར་བྱེད་པའི་ཕྱིར་རོ། །སྡིག་པའི་ཆོས་ནི་ངོ་ཚ་མི་ཤེས་པ་དང༌། ཁྲེལ་ མེད་པ་དྲག་པོས་སངས་རྒྱས་ལ་སོགས་པ་ལ་མ་དད་པ་དང༌། འཕགས་པ་ལ་སྐུར་པ་འདེབས་པ་ལ་སོགས་པ་ལོག་པར་ལྟ་བ་དང་ལྡན་པའོ། །ཡང་ན་སྡིག་པའི་ཆོས་སྣ་ཚོགས་པ་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་ཞེས་བྱ་བ་དང་མཐུན་པར་ སྦྱར་རོ། །ཁོང་མྱགས་པ་ནི་ཕྱི་དགེ་སློང་གི་རྟགས་འཆང་བའི་ཕྱིར་བ་དང༌། ནང་ན་དགེ་སྦྱོང་དུ་བྱེད་པའི་ཆོས་མེད་པའི་ཕྱིར་ཏེ། དཔེར་ན་ཤིང་ཕྱི་རོལ་མདོག་བཟང་པོ་ཡིན་ལ། ནང་ནི་སྲིན་བུ་ལ་སོགས་པས་ཟོས་ཤིང་ཁོང་སྟོང་དུ་བྱས་པ་ལྟ་བུའོ། །ཉེས་འཛག་ནི་ཇི་ལྟར་ཉེས་འཛག་དང་ཉེས་ ༄༅། །འཛག་མ་ཡིན་པའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་བཞིན་ནོ། །ཤིང་རུལ་གྱིས་བརྙོགས་པའི་ཆུ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་དེས་ཐོས་པ་གཟུང་བར་གྱུར་པ་གང་ཡིན་པ་དེ་ནི་སྲེད་པ་སེལ་བའི་ཕྱིར་ཆུ་ལྟ་བུ་ཡིན་ལ། དེའི་དེ་ནི་འཆལ་པའི་ཚུལ་ཁྲིམས་ལ་སོགས་པའི་ཤིང་རུལ་ གྱིས་བརྙོགས་པའོ། །དེའི་ཕྱིར་ཤིང་རུལ་གྱིས་བརྙོགས་པའི་ཆུ་བཞིན་དུ་འཚོ་བར་བྱེད་པ་མ་ཡིན་པ་སྟེ། གཞན་དག་གིས་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ལུང་བོང་ལྟར་སྤྱོད་པ་ནི་དགེ་སྦྱོང་འདུས་པ་དག་ཏུ་རྙེད་པ་དང་ཚུལ་ཤིང་ནོད་པ་དང༌། མལ་ཆ་དང་སྟན་འགེད་པ་དག་ལ་ལོའི་དང་ པོའི་དུས་ཙམ་ཞིག་བརྗོད་པའི་ཕྱིར་རོ། །དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ་ནི་དགེ་སློང་གི་ངོ་བོ་ལས་ཉམས་པ་དགེ་སློང་གི་ངོ་བོར་ཁས་འཆེ་བའི་ཕྱིར་བའམ། འདོད་ཆེན་གྱིས་དོན་དམ་པའི་དགེ་སློང་དུ་ཁས་འཆེ་བའི་ཕྱིར་རོ། །ཚངས་པར་སྤྱོད་པ་མ་ཡིན་བ་ཞེས་བྱ་བ་ནི་འཁྲིག་པ་ མ་སྤངས་པར་སྤངས་པར་ཁས་འཆེ་བའོ། །ཡང་དགེ་སློང་གི་ངོ་བོ་ལས་ཉམས་པ་ཉིད་དུ་ཁས་འཆེ་བའི་ཕྱིར་ན་ཚངས་པར་སྤྱོད་པར་ཁས་འཆེ་བའོ། །དོན་དམ་པའི་དགེ་སྦྱོང་དུ་ཁས་འཆེ་བའི་ཕྱིར་ན་དགེ་སློང་དུ་ཁས་འཆེ་བའོ། །ཡང་དག་པར་བླངས་པ་གཏང་བའི་ཕྱིར་ན་ཚུལ་ཁྲིམས་ འཆལ་བའོ། །སྡིག་པའི་ཆོས་མངོན་པར་བཏང་བ་ཡང་ལེན་པའི་ཕྱིར་ན་སྡིག་པའི་ཆོས་རྣམས་སོ། །རྟགས་ཀྱི་བསམ་པ་བསླུ་བའི་ཕྱིར་ན་ནང་མྱངས་པའོ། །དགའ་མགུར་སྤྱོད་ཅིང་གནས་པའི་ཕྱིར་ན་ཉེས་འཛག་གོ། །ཐོས་པ་ཉམས་པའི་ཕྱིར་ན་ཤིང་རུལ་གྱིས་བརྙོགས་པའི་ཆུ་ ལྟ་བུར་གྱུར་པའོ། །དད་པས་བྱིན་པ་ལོག་པར་སྤྱོད་པའི་ཕྱིར་ན་ལུང་བོང་ལྟར་སྤྱོད་པའོ། །ལོག་པར་སྨྲ་བའི་ཕྱིར་ན་དགེ་སྦྱོང་དང་ཚངས་པར་སྤྱོད་པར་ཁས་འཆེ་བའོ། །ཆགས་པ་དང་ཞེ་སྡང་དང་གཏི་མུག་དང༌། ཁྲོ་བ་དང༌། འཁོན་དུ་འཛིན་པ་ཞེས་བྱ་བ་ནི་རྒྱས་པར་གཞི་བསྡུ་ བའི་ནང་དུ་གཞི་ཕྲན་ཚེགས་བཤད་པར་བྱའོ། །མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྐྱེ་བའི་ཆོས་དང༌། རྒ་བའི་ཆོས་དང༌། གདུང་བར་བྱེད་པ་དང༌། མེ་མུར་ཞེས་བྱ་བའི་བར་ནི་དེ་ཉིད་ཀྱི་ནང་ན་ཇི་ལྟར་གནས་པ་བཞིན་དུ་བཤད་པར་བྱའོ། །ཆགས་ པ་ལོངས་སྤྱོད་ལ་མངོན་པར་དགའ་བས་སོ། །ཆགས་པ་ནི་དེ་ཉིད་ལ་མི་ལྟ་བ་མེད་པས་སོ། །འཆུམས་པས་ནི་མ་འོངས་པ་ན་འཐོབ་བའི་ལོངས་སྤྱོད་ལ་མངོན་པར་འདོད་པའོ། །མདུད་པ་བོར་བ་ནི་དེ་ལས་གཞན་པའི་ཉོན་མོངས་པ་ཕྲོགས་པར་བྱེད་པ་མདུད་པ་འདོར་བའོ། །བརྒྱལ་བ་ནི་འོག་ནས་ བཤད་པར་བྱའོ། །ལྷག་པར་ཆགས་པ་ནི་ཐོབ་པ་དག་ལ་མི་རྩོམ་བ་མེད་པའོ། །ལྷག་པར་ཆགས་པར་འགྱུར་བ་ནི་མ་ཐོབ་པ་དག་ལ་ཡོངས་སུ་ཚོལ་བར་སྦྱོར་བའོ། །འདུན་པ་ནི་མ་ཐོབ་པ་དང་ཐོབ་པ་དག་ལ་ཐོབ་པ་དང་ལོངས་སྤྱོད་པར་འདོད་པ་ཉིད་དོ། །འདོད་ཆགས་ནི་ལོངས་སྤྱོད་ལ་མངོན་པར་དགའ་བས་ ལྷག་པར་ཆགས་པའོ། །འདོད་པ་དང་དགའ་བ་ནི་འདོད་པར་འགྱུར་བ་དང་དགའ་བར་འགྱུར་བ་བཞིན་ནོ། །ཀུན་ཏུ་ཞེན་པ་ནི་ནང་གི་ལུས་སུ་གཏོགས་པ་རྣམས་ལ་སྲེད་པའོ། །འཆུམས་པ་ནི་གཞན་གྱི་རྒྱུད་ལ་ཡོད་པ་རྣམས་ལའོ། །ལྷག་པར་ཆགས་པ་ནི་བདག་གི་ཡུལ་དག་ལ་སྲེད་པའོ། ། སྐོམ་པ་ནི་ཡང་དང་ཡང་དུ་འདོད་པའོ། །ཆགས་པར་འགྱུར་བ་ནི་འདོད་ཆགས་ཀྱི་གནས་ཡིན་པའོ། །རྒྱགས་པར་འགྱུར་བ་ནི་རྒྱགས་པ་རྣམ་པ་བདུན་གྱི་གནས་ཡིན་པའོ། །བྱམས་པར་འགྱུར་བ་ནི་ལོངས་སྤྱོད་ལ་འདོད་པ་རྣམ་པ་སྣ་ཚོགས་ཀྱི་གནས་ལྟ་བུར་གྱུར་པའོ། །འདོད་པར་འགྱུར་བ་ ནི་འདས་པ་ལ་ལྟ་བའི་གནས་ལྟ་བུ་ལ་སྲེད་པ་རྗེས་སུ་འབྲེལ་པའོ། །དགའ་བར་འགྱུར་བ་ནི་ད་ལྟའི་དུས་ལ་བརྟེན་ནས་ཏེ་དགའ་བའི་ཡིད་བདེ་བའི་གནས་ལྟ་བུར་གྱུར་པའོ། །ཡང་མཐོང་བའི་ཆོས་ལ་གོམས་པས་སྲེད་པར་བྱས་པ་ནི་བྱམས་པའོ། །སྔོན་གོམས་པར་བྱས་པ་ནི་དགའ་ བའོ༑ །བརྒྱལ་བར་འགྱུར་བ་ནི་ཡོན་ཏན་དང་སྐྱོན་དཔྱད་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཆགས་པར་འགྱུར་བ་ནི་སེམས་ཀུན་ཏུ་འཛིན་པའི་གནས་སུ་གྱུར་པའོ། །འཆིང་བར་འགྱུར་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་གནས་སུ་གྱུར་པའོ། །དོན་དུ་གཉེར་བར་འགྱུར་བ་ནི་ སྲེད་པ་སྐྱེད་པར་བྱེད་པའོ། །ཀུན་ཏུ་སྦྱོར་བར་འགྱུར་བ་ནི་ཀུན་ཏུ་སྦྱོར་བའི་གནས་སུ་གྱུར་པ་དང་སྡིག་པ་མི་དགེ་བའི་ཆོས་ལ་ཀུན་ཏུ་སྦྱོར་བར་བྱེད་པའོ། །དགའ་བ་དང་མངོན་པར་དགའ་བ་ནི་མངོན་དུ་བྱ་བའི་ཕྱིར་དོན་དུ་གཉེར་བའོ། །སྨྲ་བ་དང་མངོན་པར་སྨྲ་བ་ནི་མངོན་དུ་བྱ་བའི་ཕྱིར་ཚིག་ཡོངས་ ༄༅། །སུ་ཚོར་བའོ། །ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྩོལ་བས་ན་ལྷག་པར་ཆགས་པར་འགྱུར་བ་སྟེ་ལུས་ཀྱིས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ལྷག་པར་ཆགས་པར་བྱ་བའི་ཕྱིར་གནས་ཞེས་བྱ་བ་ནི་ཐོབ་པ་ལ་མངོན་པར་ཞེན་པའོ། །ཆགས་པ་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་ པ་སྟེ་དེ་ཉིད་ཀུན་ཏུ་ཆགས་པ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཁོང་ཁྲོ་བ་དང་ལྡན་པར་འགྱུར་རོ། །ཀུན་ཏུ་རྨོངས་པ་ནི་གསུམ་ཀ་ལ་གཏི་མུག་གིས་སོ། །འདས་པ་ལ་ནི་ལྟ་བ་དང་ལྡན་ནོ། །མ་འོངས་པ་ལ་ནི་སེམས་འབྲེལ་ཏོ། །དལ་བ་ནི་དེའི་གཞི་ཡོངས་སུ་ཚོལ་བ་ལ་བཞུགས་པའོ། ། རིམས་ནད་ནི་འདོད་པ་འབྱོར་བ་དག་ལ་སེམས་ཉོན་མོངས་པ་ཅན་ནོ། །ཡོངས་སུ་གདུང་བ་ནི་འདོད་པ་མི་འབྱོར་པ་དག་ལའོ། །འཁྲུག་པ་ནི་ཐོབ་པ་ཡོངས་སུ་འགྱུར་བའི་ཕྱིར་རོ། །ཀུན་ཏུ་སློང་བས་ཞེས་བྱ་བ་ནི་ལྟད་མོ་དང་བཀྲ་ཤིས་ལ་སོགས་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །དགའ་ བས་ཞེས་བྱ་བས་ནི་མཆོག་ཏུ་འཛིན་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །དོན་དུ་གཉེར་བས་ཞེས་བྱ་བ་ནི་རབ་ཏུ་སྦྱིན་པའི་རྙེད་པ་ཉེ་བར་ལེན་པའི་སྲེད་པ་སྟོན་པར་བྱེད་དོ། །མངོན་པར་དགའ་བས་ཞེས་བྱ་བ་ནི་ཡིད་དུ་འཐད་པ་ལ་གཅིག་ཏུ་རྟོག་པ་ཉེ་བར་ལེན་པའི་སྲིད་པ་སྟོན་པར་བྱེད་དོ། །དེ་དག་ ཉིད་ལ་སེམས་འཇུག་གོ། །རབ་ཏུ་འགྱིང་ངོ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། མཉམ་པར་གཞག་པའི་སར་ངེས་པར་འབྱུང་བའི་ཁམས་ལྔ་ལས་རིག་པར་བྱའོ། །མྱོས་པ་ནི་རྒྱགས་པ་གསུམ་དང་ལྡན་པའོ། །རབ་ཏུ་མྱོས་པ་ནི་རྒྱགས་པ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་ སེམས་ཀུན་ཏུ་མི་བསྲུང་བའོ། །རབ་ཏུ་རྒྱགས་པར་གྱུར་པ་ནི་སྡིག་པ་ཀུན་ཏུ་རྩོམ་པར་སྦྱོར་བའོ། །རྒྱགས་པར་འགྱུར་བ་ནི་རྒྱགས་པའི་རྒྱུ་ཀུན་ཏུ་བསླངས་ནས་འདུག་པའོ། །འདོད་པ་དག་ལ་ཀུན་ཏུ་རྒྱགས་པར་གྱུར་པ་ནི་ཉེས་དམིགས་སུ་མི་ལྟ་བར་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་ པའོ། །སིམ་པ་ནི་བདེ་བ་ཚོར་བའི་རང་གི་མཚན་ཉིད་ལ་བརྟེན་ནས་སོ། །མྱོང་བར་འགྱུར་བ་ནི་སྤྱིའི་མཚན་ཉིད་ལ་བརྟེན་ནས་སོ། །ཚོར་བར་གྱུར་པ་ནི་དེ་ལས་གཞན་པའི་ཚོར་བར་གྱུར་པ་རྣམས་ཀྱི་རྒྱུའི་མཚན་ཉིད་ལ་བརྟེན་ནས་སོ། །འདོད་པ་དང༌། འདོད་ཆགས་དང༌། ལྷག་པར་ ཆགས་པ་དང༌། རྣམ་པར་འཆིང་བ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་པ་རྣམས་ནི་འདི་ལྟ་སྟེ། ཐོས་པ་ལས་བྱུང་བའི་ས་ལས་རྟོགས་པར་བྱའོ། །ནང་གི་དྲི་མ་ནི་ཁོན་དུ་འཛིན་པའི་བསམ་པ་འཛིན་པའོ། །ནང་གི་འགྲན་ཟླ་ནི་འདོད་པ་ལ་བགེགས་བྱེད་པའོ། །ནང་གི་ ཕྱིར་རྒོལ་བ་ནི་མི་འདོད་པ་ལ་གཏོད་པའོ། །ནང་གི་དགྲ་བོ་ནི་མི་མཐུན་པ་ལ་གཏོད་པའོ། །མི་སྡུག་པ་ནི་འདོད་པ་དང་ཡིད་དུ་མི་འཐད་པ་ལ་སོགས་པ་ནི་འདོད་པ་ལ་སོགས་པ་ལས་བཟློག་པའོ། །སྡུག་བསྔལ་བ་ནི་རང་བཞིན་གྱིས་རྗེས་སུ་དྲན་པ་ནའོ། །གནོད་པ་ནི་མངོན་དུ་གྱུར་པ་ནའོ། །མི་མཐུན་ པ་ནི་དུས་གསུམ་པ་ཡིད་ལ་བྱེད་པ་ནའོ། །ཡིད་དང་འགལ་བ་ནི་སྡུག་བསྔལ་མངོན་སུམ་དུ་གྱུར་པ་སྟེ། གནོད་པ་བྱེད་པར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་མི་བཟད་པ། རྩུབ་པ། དྲག་པ། ཡིད་དུ་མི་འཐད་པ་ཞེས་བྱ་བ་ནི་འདི་ལྟ་སེ། གཞི་བསྡུ་བ་ལས་འབྱུང་བ་བཞིན་རྟོགས་པར་བྱའོ། །གཏུམ་ པ་ཞེས་བྱ་བ་ནི་བསྟན་པའོ། །ཀུན་ཏུ་ཟབ་པ་ནི་རྣོ་བ་དང་གཏུམ་པོར་སྨྲ་བའོ། །གཟུགས་པོར་སྨྲ་བའི་ཡི་གེར་བཏོན་ནས་འཛེམ་པ་མེད་པར་ཚིག་རྩུབ་པོར་སྨྲ་བའོ། །ནང་པ་ནི་བསམ་པ་ཁྲོས་པའོ། །འཁྲུག་པ་ནི་ངག་གི་བྱེ་བྲག་གིས་བསམ་པ་ཁྲོས་པ་སྟོན་པའོ། །གནོད་སེམས་སུ་བྱེད་པ་ ནི་ལག་པ་ལ་སོགས་པས་འཚོག་པའོ། །ནང་སྟེ་།འདུག་པ་ནི་འཁྲུགས་པའི་མཇུག་ཏུ་གདོང་ཁྲོ་གཉེར་དང་བཅས་པར་གནས་ཤིང་ཚིག་ཏུ་མི་སྨྲ་བའོ། །འཁྲུག་པ་ཀུན་ཏུ་སྐྱེད་པར་བྱེད་པ་ནི་གནོད་པར་བྱེད་པའི་རྒྱུའི་རྗེས་སུ་འབྲང་བས་ཡང་དང་ཡར་དུ་ཁོན་དུ་འཛིན་པའོ། །ཉོན་མོངས་པ་ བྱུང་ན་སེམས་ཀུན་ནས་ཉོན་མོངས་པར་བྱེད་པས་དེའི་ཕྱིར་སྡུག་བསྔལ་བར་གནས་པ་སྟེ། ཇི་སྐད་དུ། དགེ་སློང་དག་སྡིག་པ་དང་འདྲེས་པ་དག་གིས་ནི་ལེ་ལོ་ཅན་སྡུག་བསྔལ་བར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །མ་འོངས་པའི་སྡུག་བསྔལ་ལེན་པས་དེའི་ཕྱིར་སྡུག་བསྔལ་དང་ བཅས་པའོ། །དགེ་བའི་ཕྱོགས་ལས་རིང་དུ་བྱེད་པས་དེའི་ཕྱིར་གནོད་པ་དང་བཅས་པའོ། །ཉོན་མོངས་པ་གཞན་གྱི་རྒྱུ་ཡིན་པས་དེའི་ཕྱིར་འཚེ་བ་དང་བཅས་པའོ། །འགྱོད་པར་བྱེད་པའི་ཕྱིར་ཡོངས་སུ་གདུང་བ་དང་བཅས་པའོ། །ཡང་སྨྲས་པ། སྡུག་བསྔལ་ཞེས་བྱ་བ་ནི་བསྟན་ ༄༅། །པའོ༑ །སྡུག་བསྔལ་དང་བཅས་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ལྡན་པའོ། །གནོད་པ་དང་བཅས་པ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་རྣམ་པར་འགྱུར་བའོ། །འཚེ་བ་དང་བཅས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་དེ་གཉི་ག་ ལས་མ་ཐར་པའོ། །ཡོངས་སུ་གདུང་བ་དང་བཅས་པ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དག་ལ་ཅི་རིགས་པར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེས་སོ། །ཡང་འདས་པ་ནི་སྡུག་བསྔལ་དང་བཅས་པའོ། །མ་འོངས་པ་ལ་ནི་གནོད་པ་དང་བཅས་པའོ། །གསོད་པར་བྱེད་པ་ཞེས་བྱ་བ་ནི་ ཆེར་འཁོན་དུ་ཡོངས་སུ་འཛིན་པ་སྟོན་པར་བྱེད་དོ། །ཕྱིར་རྒོལ་བ་དང་དགྲ་བོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཕམ་པ་ནི་སྐྱེས་བུའི་རྩལ་མ་སྐྱེས་པ་སྐྱེ་བ་དང་འགལ་བར་བྱེད་པའོ། །ཞོམ་པ་ནི་སྐྱེས་པ་དང་གནས་པ་དང་འགལ་བར་བྱེད་པའོ། །འཇིགས་པར་བྱེད་པ་ནི་ཡང་དང་ཡང་དུ་མངོན་དུ་ཕྱོགས་པའོ། ། གཞན་རྒྱལ་བ་ནི་རྩལ་མ་སྐྱེས་པ་སྐྱེ་བ་དང་འགལ་བར་བྱེད་པའོ། །རྒྱབ་ཀྱིས་བསྟན་པ་ནི་རྩལ་སྐྱེས་པ་གནས་པ་དང་འགལ་བར་བྱེད་པའོ། །ངན་པར་ཞོམ་པ་དང༌། རྣམ་པར་ཞོམ་པ་དང༌། བྱེ་བྲག་ཏུ་བཅོམ་པ་དང༌། གནོད་པ་དང༌། བསྒྱེལ་བ་ཞེས་བྱ་བའི་ཚིག་འདི་དག་གི་དོན་ནི་ཚིག་འདི་དག་གིས་ རིག་པར་བྱའོ། །སྔོན་གྱི་མཐའ་མི་ཤེས་པ་ནི་འདས་པའི་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །ཕྱི་མའི་མཐའ་ནི་ད་ལྟར་བྱུང་བ་རྣམས་ལ་ཟད་པའི་ཆོས་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ནི་མ་འོངས་པ་རྣམས་སྐྱེ་བའི་ཆོས་ཉིད་དང་སྐྱེས་པ་རྣམས་ཟད་ པའི་ཆོས་ཉིད་དུ་མི་ཤེས་པ་གང་ཡིན་པའོ། །དེ་དེ་ལྟར་མ་ཤེས་པས་སྔོན་གྱི་མཐའ་ལ་སོགས་པ་ལས་བརྩམས་ནས་ཅི་བདག་འདས་པའི་དུས་ནས་བྱུང་བར་གྱུར་རམ་ཞེས་བྱ་བ་རྒྱས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་དེ། ཇི་ལྟར་འདུག །ཇི་ལྟ་བུར་འགྱུར། སེམས་ཅན་འདི་དག་ག་ལས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་བ་ཞེས་བྱ་བ་འདི་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལས་བརྩམས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེ་དེ་ལྟར་མི་རྟག་པ་ཉིད་ལ་ཀུན་དུ་རྨོངས་པས་འདུ་བྱེད་རྣམས་ལ་བདག་ཏུ་ལྟ་བའི་རྗེས་སུ་འབྲེལ་ཅིང་ནང་དང་ཕྱི་དང་གཉི་ག་དག་ལ་ཆོས་ཙམ་ དུ་མི་ཤེས་ཏེ། ནང་ནི་ནང་གི་སྐྱེ་མཆེད་རྣམས་ལའོ། །ཕྱི་ནི་ཕྱིའི་ལྔ་པོ་དག་ལའོ། །ཕྱི་དང་ནང་ནི་དབང་པོའི་རྟེན་དེ་དག་ཉིད་དང་ཆོས་ཀྱི་སྐྱེ་མཆེད་ལ་སྟེ། ཆོས་དེ་དག་ནི་ནང་གི་ཡིན་པར་ཡང་དམིགས་ཤིང་ཕྱིའི་སྐྱེ་མཆེད་དག་གིས་བསྡུས་པ་ཡིན་ནོ། །ལས་མི་ཤེས་པ་ལས་འདུ་བྱེད་ཙམ་དུ་མི་ཤེས་པ་བདག་ དང་བྱེད་པ་པོར་རྟོག་པར་བྱེད་པ་གང་ཡིན་པའོ། །རྣམ་པར་སྨིན་པ་མི་ཤེས་པ་ནི་སེམས་ཅན་དང་སྣོད་དག་དང་ཡུལ་གཞན་ལས་ཀྱི་རྒྱུ་ཅན་རྣམས་ལ་དབང་ཕྱུག་དང་བྱེད་པ་པོ་དང་འབྱིན་པ་པོར་རྟོག་པར་བྱེད་པ་གང་ཡིན་པའོ། །ལས་དང་རྣམ་པར་སྨིན་པ་མི་ཤེས་པ་ནི་ཐམས་ཅད་དུ་རྨོངས་པ་ལས་དང་ འབྲས་བུ་ལ་སྐུར་པ་འདེབས་པར་བྱེད་པའི་ལོག་པར་ལྟ་བ་ཐོབ་པ་གང་ཡིན་པ་སྟེ། འདི་ནི་འདི་ལས་ཕྱི་རོལ་པ་རྣམས་ཀྱི་མི་ཤེས་པ་ཡིན་པར་བཤད་དོ། །ཆོས་འདི་ལ་སོ་སོའི་སྐྱེ་བོ་རྣམས་སངས་རྒྱས་མི་ཤེས་པ་ནི་ཆོས་ཀྱི་སྐུའི་རྣམ་པ་དག་གི་སྒོ་ནས་སོ། །ཆོས་མི་ཤེས་པ་ནི་ལེགས་པར་གསུངས་པ་ ལ་སོགས་པའི་རྣམ་པའི་སྒོ་ནས་སོ། །དགེ་འདུན་མི་ཤེས་པ་ནི་ལེགས་པར་ཞུགས་པ་ལ་སོགས་པའི་རྣམ་པའི་སྒོ་ནས་སོ། །སྡུག་བསྔལ་ལ་སོགས་པ་མི་ཤེས་པ་ནི་མདོ་སྡེ་དག་ལས་ཇི་ལྟར་རྣམ་པར་ཕྱེ་བའམ། རྣམ་པ་བཅུ་དྲུག་གི་སྒོ་ནས་སོ། །རྒྱུ་དག་མི་ཤེས་པ་ནི་མ་རིག་པ་ལ་སོགས་ པ་སྲིད་པའི་ཡན་ལག་རྣམས་འདུ་བྱེད་ལ་སོགས་པའི་རྒྱུ་ཉིད་དུ་མི་ཤེས་པའོ། །རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྒྱུ་ལས་བྱུང་བ་ཉིད་དུ་མི་ཤེས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ནི་མི་དགེ་བ་རྣམས་དང་དགེ་བ་རྣམས་སོ། ། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་ནི་ཉེས་དམིགས་དང་ཕན་ཡོན་དང་ལྡན་པའོ། །ནག་པོ་དང་དཀར་པོ་རྣམས་ནི་མ་རིག་པ་དང་རིག་པའི་ཆ་དང་མཐུན་པའོ། །གནག་ཅིང་རྣམ་པར་སྨིན་པ་གནག་པ་རྣམས་དང་དཀར་ཞིང་རྣམ་པར་སྨིན་པ་དཀར་བ་རྣམས་སོ་སོར་དབྱེ་བ་དང་བཅས་པ་ རྣམས་ནི་དཀར་བ་དང༌། གནག་པ་གང་དག་རྣམ་པར་སྨིན་པ་དཀར་བ་དང་གནག་པ་དེ་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་དེ་དག་མི་ཤེས་པའོ། །རེག་པའི་སྐྱེ་མཆེད་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པའམ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་ ༄༅། །སྒོ་ནས་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་སྐྱེས་པ་རྣམས་དང་དེ་འགགས་པ་དང་ཉེ་བར་ཞི་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པས་ཞེས་བྱ་བའི་སྦྱོར་བ་འདི་ནི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་བྱ་ཞིང་ཡེ་ཤེས་དང་མཐོང་ བ་དང་རྟོགས་པར་བྱ་བའི་ཕྱིར་རོ། །གང་དེ་དང་དེར་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའམ་མ་བཤད་པར་རོ། །མི་ཤེས་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའོ། །མ་མཐོང་བ་ཞེས་བྱ་བ་ནི་མངོན་སུམ་དུ་མངོན་དུ་མ་གྱུར་པའོ། །མངོན་པར་མ་རྟོགས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་གཞན་གྱི་དྲིང་མི་ འཇོག་པ་ལའོ། །མུན་པ་ནི་ཡང་དག་པའི་དངོས་པོ་མི་ཤེས་པའོ། །ཀུན་ཏུ་རྨོངས་པ་ནི་ཡང་དག་པ་མ་ཡིན་པའི་དངོས་པོ་སྒྲོ་འདོགས་པའོ། །མ་རིག་པ་ནི་ཤེས་བྱའི་དངོས་པོ་ལ་མི་མཁས་པ་དེ་དང་དེ་དག་ལ་མ་བྱུང་བ་སྟེ། འདི་ལྟར་བཤད་པ་དེ་དང་དེའི་དོན་དང་མིང་དང་ཚིག་དང་ཡི་གེའི་ཚོགས་ མི་ཤེས་པའོ། །མུན་པ་ནི་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་དང་ལྡན་པ་རྣམས་ཀྱིའོ། །སྒྲིབ་པ་དང་ཆོད་པ་དང་ལོང་བར་བྱེད་པ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། གཞི་བསྡུ་བ་ལས་རྟོགས་པར་བྱའོ། །ཀུན་ཏུ་བསྒྲིབས་པ་དང་ཆོད་པ་དང་མཐོ་བ་དང་ཡོངས་སུ་མཐོ་བ་ཞེས་བྱ་ བ་ནི་རྒྱས་པར་འདི་ལྟ་སྟེ། སྲེད་པ་ཅན་གྱི་མདོ་ལས་འབྱུང་བ་བཞིན་རྟོགས་པར་བྱའོ། །ཞེ་ས་མི་བྱེད་པ་ནི་ཞེས་མི་བྱེད་པར་སྦྱོར་བའོ། །བླ་མར་མི་བྱེད་པ་ནི་ཡོན་ཏན་ལ་ཡིད་མི་ཆེས་པས་སོ། །མཉེས་པར་མི་བྱེད་པ་ནི་འདོད་པས་ཕོངས་པར་སྦྱོར་བའོ། །མཆོད་པར་མི་བྱེད་པ་ནི་ཐོབ་པ་མེད་པར་ སྦྱོར་བའོ། །ཡང་ཞེ་ས་མི་བྱེད་ཅེས་བྱ་བ་ནས་མཆོད་པར་མི་བྱེད་ཅེས་བྱ་བའི་བར་ནི་ཚིག་འོག་མ་འོག་མ་བཤད་པ་ཡིན་ནོ། །གུས་པར་མ་བྱས་པས་ཆོས་ཉན་བླ་མར་མ་བྱས་ཡིད་ཆེས་པར་མ་བྱས་པར་ཞེས་བྱ་ནི་རྒྱས་པར་འདི་ལྟ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་རིག་པར་བྱའོ། ། གུས་པར་མི་ཉན་པ་ནི་ཉན་པར་མི་འདོད་པའོ། །རྣ་མི་གཏོད་པ་ནི་སེམས་རྣམ་པར་གཡེངས་པའོ། །ཀུན་ཤེས་པར་འདོད་པའི་སེམས་ཉེ་བར་འཇོག་པར་མི་བྱེད་པ་ནི་སྒྲུབ་པར་མི་འདོད་པ་ཉིད་དོ། །སྒྲུབ་པར་མི་བྱེད་པ་ནི་ཆོས་དང་མཐུན་པའི་ཆོས་ལ་བསམ་པ་ཇི་ལྟ་བ་བཞིན་ཡང་དག་པར་མི་རྟག་ པའོ༑ །ཡང་དག་པར་བླང་སྟེ་མི་གནས་པ་ནི་སྟོན་པའི་བསྟན་པ་ཁོང་དུ་མ་ཆུད་པའོ། །གསོན་པོ་རྣམས་ཀྱི་ནང་ན་གཉིད་ལོག་པ་ནི་དོན་མེད་པའོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །འབྲས་བུ་མེད་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་བར་འགྱུར་བའི་རྒྱུ་བསླུ་བའོ། །འབྲས་བུ་མ་ཡིན་པ་ཞེས་བྱ་བ་ནི་དེའི་ འབྲས་བུ་བསླུ་བའོ། །དོན་མེད་པ་ནི་མྱ་ངན་ལས་འདའ་བ་འཐོབ་པའི་རྒྱུ་བསླུ་བའོ། །ཕན་ཡོན་མེད་པ་ནི་དེའི་འབྲས་བུ་འཐོབ་པ་བསླུ་བའོ། །གནོད་པ་ཆུང་ངམ་ཞེས་དྲི་བ་ནི་ཁམས་མ་སྙོམས་པ་ལ་བརྟེན་ནས་སོ། །ཉམ་ང་བ་ཆུང་ངམ་ཞེས་བྱ་བ་ནི་ལས་ཀྱི་མཐའི་སྦྱོར་བ་མི་མཉམ་པ་མེད་པ་ལ་བརྟེན་ ནས་སོ། །བསྐྱོད་པ་ཡང་ངམ་ཞེས་བྱ་བ་ནི་ཟས་ཡི་གར་འོང་བ་དང་ཟོས་པ་བདེ་བླག་ཏུ་འཇུ་བ་ལ་བརྟེན་ནས་སོ། །འཚོ་བ་དང༌། སྟོབས་དང༌། བདེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་རྣམས་ནི་འདི་ལྟར་ཉན་ཐོས་ཀྱི་སའི་ནང་དུ་ཁ་ཟས་ཀྱི་ཚོད་རིག་པ་ལས་ཤེས་པར་བྱའོ། །རྣམ་པར་མི་འབྱེད་སོ་སོར་རྣམ་ པར་མི་འབྱེད་པ་ཞེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །སེམས་པར་མི་བྱེད་འཇལ་བར་མི་བྱེད་ཅེས་བྱ་བ་ནི་རྒྱས་པར་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་རིག་པར་བྱའོ། །ཉུང་བ་ནི་རབ་ཙམ་ཞིག་མེད་པའོ། །ཆུང་ངུ་ནི་དམན་པ་ཙམ་ཞིག་དང་ལྡན་པའོ། །ཉུང་ ཤེས་ནི་ཐ་སྙད་དུ་བྱ་བ་ཙམ་ཞིག་ཡོངས་སུ་བཟུང་བའོ། །ཁྱད་པར་རམ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་ཁྱད་པར་རོ། །བསམ་པའམ། ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་བྱེ་བྲག་གོ། །ཐ་དད་དུ་བྱ་བའམ། །ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་ཀྱི་ཁྱད་པར་ཏེ། འདི་ནི་རྣམ་གྲངས་བསྡུ་བ་ཞེས་བྱའོ། ། འདི་དག་ནི་བདག་གི་ཐ་སྙད་མང་པོ་གདགས་པའི་རྣམ་གྲངས་ཆེ་ལོང་མདོ་སྡེ་ལས་བཏུས་ནས། དོན་གྱི་སྒོ་ནས་ཡང་ཡོངས་སུ་བསྟན་པ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་གྲངས་སྟོན་པ་ནི་ཚད་མེད་དོ། ཕྱོགས་འདི་དང་བསླབ་པ་འདི་དང་བསྟན་པ་འདིས་ཀྱང་འདི་དག་དང་རྣམ་གྲངས་ གཞན་རྣམས་དང་དོན་གྱི་རྣམས་གྲངས་གཞན་དག་ལ་ཡང་བརྟག་ཅིང་ཡོངས་སུ་བསྟན་པར་བྱ། རྣམ་པར་གཞག་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ་རྫོགས་སོ།། །།འདི་ལ་ཤློ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ།། Copyright © 2012 by the Asian Classics Input Project. All rights reserved.