Loading

འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
མདོ་སྡེ།
checked, but not manually proofread
རྒྱ་གར་སྐད་དུ། ཨཱཪྻ་སརྦ་བུདྡྷ་བི་ཥ་ཡ་ཨ་བ་ཏཱ་ར་ཛྙཱ་ན་ཨཱ་ལོ་ཀ་ཨ་ལཾ་ཀ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རིའི་རྩེ་མོ་བཞིའི་ཤིང་དྲུང་ཆོས་ཀྱི་དབྱིངས་ ཀྱི་སྙིང་པོའི་ཁང་བཟང་ན་འདི་ལྟ་སྟེ། ཉན་ཐོས་ཆེན་པོ་བརྒྱད་དང༌། ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དགེ་སློང་ཉི་ཁྲི་ལྔ་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་ པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ ཟད་པ༑ ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ནོར་དཔལ་དང༌། སངས་རྒྱས་དཔལ་དང༌། སྨན་གྱི་རྒྱལ་པོ་དང༌། སྨན་ཡང་དག་འཕགས་ ལ་སོགས་པ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་གི་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་ཀུན་ནས་བཀྱེ་བའི་བྱང་ཆུབ་སེམས་དཔའ་བྱེ་ བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཐམས་ཅད་ཀྱང་ཤིན་ཏུ་རྒྱས་པའི་སྡེ་དཀོན་མཆོག་བརྩེགས་ པའི་མདོ་ཡོངས་སུ་ཞུ་བ་ལ་མཁས་པ། ཐམས་ཅད་ཀྱང་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པ། ཐམས་ཅད་ཀྱང་ཤེས་རབ་ཀྱིས་རི་རབ་ལྟར་གྱུར་པ། ཐམས་ཅད་ཀྱང་སྟོང་པ་ཉིད་ ༄༅། །དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། དངོས་པོ་མེད་པའི་སེམས་སུ་བསྒོམས་ པའི་སེམས་དང་ལྡན་པ། ཐམས་ཅད་ཀྱང་ཆོས་ཟབ་མོའི་སྣང་བ་ཆེན་པོ་ཐོབ་པ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ལམ་དང་ལྡན་པ། ཐམས་ཅད་ཀྱང་ མངོན་པར་ཤེས་པ་ཡོངས་སུ་སྦྱངས་པས་ངེས་པར་འབྱུང་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ལ་གནས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ ན་བཅོམ་ལྡན་འདས་འདི་སྙམ་དུ་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱུར་བ་དང༌། སྟོབས་དང༌། ཤུགས་ཆེན་པོ་ཡང་དག་པར་ བསྐྱེད་པར་བྱ་བའི་ཕྱིར་ཆོས་ཀྱི་གཏམ་བརྗོད་པར་བྱ་ཞིང༌། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དག་བསྡུ་བར་ཡང་བྱ། བདག་གིས་ཆོས་བསྟན་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བཤད་པའི་ལྟས་སྣང་བ་ཆེན་པོའང་ བསྟན་པར་བྱ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྷགས་ནས་བདག་ལ་ཆོས་བསྟན་པ་ཆེན་པོ་ཡོངས་སུ་ཞུ་བར་འགྱུར་བར་ཡང་ བྱའོ༑ ༑སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་ ཅིང་བསམ་གྱི་མི་ཁྱབ་པ་དག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་འོད་ཟེར་ཆེན་པོའི་སྤྲིན་དག་གིས་སྣང་བར་མཛད་དོ། །དེའི་ཚེ་ན་ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་བྲག་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལྷགས་སོ། །དེ་དག་ ལ་བྱང་ཆུབ་སེམས་དཔའ་རེ་རེའང་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དག་གིས་འོངས་ཏེ་ལྷགས་ནས་ཀྱང་བཅོམ་ལྡན་འདས་ལ་ཚུལ་ དང་མཐུན་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་དག་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་པདྨའི་སྟན་དག་ལ་ འཁོད་དེ། །བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་ལྟ་ཞིང་སྡོད་པར་གྱུར་ཏོ། །དེའི་ཚེ་ན་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟང་དེའི་དབུས་སུ་སེངྒེའི་ཁྲི་ནོར་བུ་ རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་ཅན་རྒྱར་དཔག་ཚད་བྱེ་བ་ཕྲག་གྲངས་མེད་པ་ཡོད་པ། རིམ་གྱིས་མཐོ་བ། ནོར་བུ་རིན་པོ་ཆེ་ཀུན་ཏུ་སྣང་བ་ལས་གྲུབ་བ། ནོར་བུ་ ༄༅། །རིན་པོ་ཆེ་གློག་གི་སྒྲོན་མའི་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་འོད་བསམ་གྱིས་མི་ཁྱབ་པའི་ལན་ཀན་གྱིས་ ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་དཔེ་མེད་པས་ཡོངས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་སྣང་བ་དཔེ་ལས་འདས་པའི་ཕྲེང་བས་མཛེས་པར་བྱས་པ། ནོར་བུ་ རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་ཀུན་ནས་གཡོགས་པ། ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་སྤྲས་པ། གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེད་ པ་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །སེངྒེའི་ཁྲོ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་དེའི་ཁོར་ཁོར་ཡུག་ནས་འོད་ཟེར་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ ཕྲག་བཅུ་བྱུང་སྟེ། འོད་ཟེར་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཡང་དེའི་ཚེ་ན་ཕྱོགས་བཅུའི་ ཕྱོགས་རེ་རེ་ནས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བརྒྱ་བྱིན་ དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀྱང་ལྷགས་པར་ གྱུར་ཏེ༑ དེ་དག་ལས་ཁ་ཅིག་ནི། རིན་པོ་ཆེའི་ཁང་པ་བརྩེགས་པ་དག་ན་འཁོད་ལ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་ཅིང་བསམ་གྱིས་མི་ ཁྱབ་བ་གླུ་དབྱངས་དང༌། རོལ་མོའི་སྒྲ་འབྱིན་པ་དག་དང་ལྷགས་སོ། །ཁ་ཅིག་ནི། མེ་ཏོག་ལས་བྱས་པ་དག་དང༌། ཁ་ཅིག་ནི། ཙནྡན་སྤྲུལ་གྱི་སྙིང་པོ་དག་ པས་བྱས་པ་དག་དང༌། ཁ་ཅིག་ནི། མུ་ཏིག་ལས་བྱས་པ་དག་དང༌། ཁ་ཅིག་ནི། རྡོ་རྗེ་ལས་བྱས་པ་དག་དང༌། ཁ་ཅིག་ནི། ནོར་བུ་རིན་པོ་ཆེ་རྡོ་རྗེ་ལྟར་སྣང་བ་ ལས་བྱས་པ་དག་དང༌། ཁ་ཅིག་ནི། ཛམྦུའི་ཆུ་བོའི་གསེར་ལས་བྱས་པ་དག་དང༌། ཁ་ཅིག་ནི། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་ཡང་དག་པར་འདུས་པ་ལས་བྱས་པ་ དག་དང༌། ཁ་ཅིག་ནི། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་བྱས་པ་དག་དང༌། ཁ་ཅིག་ནི། ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལས་བྱས་པ་དག་དང༌། ཁ་ཅིག་ནི། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པ་ལས་བྱས་པ་དག་དང༌། ཁ་ཅིག་ནི། རྒྱ་མཚོའི་རྟེན་རྣམ་པར་དག་པའི་རིན་པོ་ཆེའི་བཀོད་པ་སྟོང་ལྟ་བུ་རིན་པོ་ཆེ་ ཆེན་པོ་ཀུན་ནས་འོད་ཟེར་སྣང་བ་ལས་བྱས་པའི་ཁང་པ་བརྩེགས་པ་དག་ལ་ཁོད་ལ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་ཅིང་བསམ་གྱིས་མི་ ༄༅། །ཁྱབ་པའི་གླུ་དབྱངས་དང་རོལ་མོའི་སྒྲ་འབྱིན་པ་དག་ལྷགས་སོ། །ལྷགས་ནས་ཀྱང་བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པ་ དང༌། མཚུངས་པ་མེད་པ་དང༌། གཞལ་དུ་མེད་པ་དང༌། དཔག་ཏུ་མེད་པ་ལས་ཀྱང་ཤིན་ཏུ་འདས་པའི་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་ སྔར་རང་རང་གི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་སྟན་དག་ལ་འཁོད་ནས་བཅོམ་ལྡན་འདས་ལ་མིག་མི་འཛུམ་པས་ལྟ་ཞིང་སྡོད་པར་གྱུར་ཏོ། །དེའི་ཚེ་ན་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཛམྦུའི་ཆུ་བོའི་གསེར་ལས་གྲུབ་པར་ཀུན་ཏུ་གནས་པར་གྱུར་ཅིང༌། ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱི་ ཤིང་ལྗོན་པ་དག་གིས་ལེགས་པར་བརྒྱན་པ་དང༌། ལྷའི་མེ་ཏོག་གི་ཤིང་ལྗོན་པ་དག་དང༌། གོས་ཀྱི་ཤིང་ལྗོན་པ་དག་དང༌། ཙནྡན་སྤྲུལ་གྱི་སྙིང་པོའི་ ཤིང་ལྗོན་པ་དག་དང༌། སྤོས་ཀྱི་ཤིང་ལྗོན་པ་དག་དང༌། ཨ་ག་རུའི་ཤིང་ལྗོན་པ་དག་གིས་ཀྱང་ལེགས་པར་བརྒྱན་ཅིང༌། ནོར་བུ་རིན་པོ་ཆེ་ཉི་མ་དང༌། ཟླ་བ་དང༌། གློག་གི་སྒྲོན་མའི་དྲ་བས་ཀུན་ནས་ཁེབས་བ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ་དང་ལྡན་ལ། ཤིང་ལྗོན་པ་ཐམས་ ཅད་ལའང་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་མུ་ཏིག་གི་དོ་ཤལ་ལུས་ཕྱེད་ལ་ཐོགས་པ་དང༌། རིན་པོ་ཆེའི་ཕྲེང་བ་ཐོགས་པ་དག་འཁོད་པར་གྱུར་ཏོ།། དེའི་ཚེ་ན་སེངྒེའི་ཁྲི་ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་དེ་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ༌། །ཁྱོད་ཀྱི་བསོད་ནམས་སྟོབས་ཀྱིས་བདག་བྱུང་སྟེ། །མི་དབང་རྒྱལ་ པོ་ཚུར་གཤེགས་བཞུགས་སུ་གསོལ། །རྒྱལ་བ་རྐང་གཉིས་དམ་པ་འདེགས་བགྱི་སྟེ། །དེ་རིང་བདག་གིས་བྲང་པ་འདི་རྫོགས་འགྱུར། །བདག་གི་ལུས་འདི་རིན་ ཆེན་རྒྱུས་གྲུབ་སྟེ། །འདྲེན་པ་ཁྱོད་ཕྱིར་བདག་གི་དཀྱིལ་ན་ནི། །རིན་ཆེན་པདྨ་ཡིད་འོད་གཅིག་མཆིས་ཏེ། །སྐྱོབ་པ་བདག་གི་བྲང་པ་དེ་རྫོགས་མཛོད། །རིན་ཆེན་ པདྨ་འདི་ལ་བཞུགས་ནས་ནི། །བདག་དང་འཇིག་རྟེན་འདི་ཀུན་མཛེས་པར་མཛོད། །གང་ཐོས་སེངྒེའི་ཁྲི་འདི་འདྲ་ཐོབ་པ། །ཆོས་དེ་སྲོག་ཆགས་བྱེ་མང་བསྟན་དུ་གསོལ། ། ཁྱོད་ཀྱི་སྐུ་ལས་འོད་ཟེར་སྟོང་བྱུང་སྟེ། །འཇིག་རྟེན་ཁམས་མང་རབ་ཏུ་སྣང་བྱེད་པ། །དེ་ནི་བདག་གིས་དགའ་མཆོག་སྐྱེས་པའི་མཚན། །འདྲེན་པ་བདག་གི་སླད་དུ་ བཞུགས་སུ་གསོལ། །སྔོན་ཡང་བདག་གིས་ཕྱོགས་འདིར་རང་བྱུང་བའི། །ཐུབ་པ་བྱེ་བ་ཕྲག་བརྒྱད་བ་བཏེགས་གྱུར་བས། །མྱུར་དུ་བཞུགས་ཏེ་ཕན་གདགས་མཛད་དུ་ ༄༅། །གསོལ། །བཅོམ་ལྡན་དེང་འདིར་ཕན་གདགས་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་གདན་སྔ་མ་ལས་བཞེངས་ཏེ། སེངྒེའི་ཁྲི་ ནོར་བུ་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་དེ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་པ་རྣམ་པར་གཟིགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་དག་ཕུལ་གྱི་ཆོས་བསྟན་པའི་ལྟས་མཛད་དོ། །དེའི་ཚེ་ན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ ཚོགས་རྣམས་འདི་སྙམ་དུ་སེམས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ བདག་ཅག་གིས་ཐོས་ནས་ཡུན་རིང་དུ་ལོན་པ་སྐྱེ་བ་མེད་པ་དང༌། འགག་པ་མེད་པའི་ཆོས་ཀྱི་རྣམ་གྲངས་དེ་ཡོངས་སུ་ཞུས་ན་ཅི་མ་རུང་སྙམ་མོ། །དེ་ནས་འཇམ་ དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱིས་ལྟས་མཛད་པའང་རིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པའང་ སེམས་ཀྱིས་ཤེས་ནས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ་བཅོམ་ལྡན་འདས་ག། ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་ པ་ཞེས་བགྱི་ན། བཅོམ་ལྡན་འདས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དྭགས་ལགས། དེའི་ཚེ་ཚིགས་སུ་བཅད་པ་ འདི་དག་གསོལ་ཏོ། །མི་སྐྱེ་འགག་པ་མ་མཆིས་པ། །རྣམ་འདྲེན་ཁྱོད་ཀྱིས་བཤད་དུ་གསོལ། །དེ་ཡི་ངེས་ཚིག་མཚན་ཉིད་དེ། །ཅི་འདྲ་ཤེས་རབ་ཆེན་པོ་པ། ། མི་སྐྱེ་འགག་པ་མ་མཆིས་པ། །དེ་ནི་ཇི་ལྟར་བརྗོད་པར་བགྱི། །དཔེ་རྣམས་དང་ནི་གཏན་ཚིགས་ཀྱིས། །ཐུབ་ཆེན་བཤད་པ་མཛད་དུ་གསོལ། །བྱང་ཆུབ་སེམས་ དཔའ་མང་པོ་འདི་དག་ནི། །འཇིག་རྟེན་རྣམ་པར་འདྲེན་པ་རྣམས་ཀྱིས་བཀྱེ་ལགས་ཏེ། །ཡེ་ཤེས་འཚལ་ཞིང་ཁྱོད་ལ་ཕྱག་འཚལ་མཆིས་ལགས་ན། །དམ་ཆོས་ རྒྱ་ཆེན་དམ་པ་བཤད་པ་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ། སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། ལྷ་དང་མི་ ༄༅། །རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང༌། ཕན་པ་དང༌། བདེ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོབ་པར་བྱ་བའི་ ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཡོངས་སུ་ཞུ་བར་སེམས་པ་ནི་འཇམ་དཔལ་ཡང་ཁྱོད་ལེགས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་དོན་དེ་ བསྟན་པ་ན་གནས་དེ་ལ་ཁྱོད་སྐྲག་པ་དང༌། འཇིགས་པ་དང༌། སྡང་བར་མི་བྱ་ཞིང༌། འཇམ་དཔལ་ཁྱོད་ཀྱིས་ཡེ་ཤེས་ལ་བསྟེན་པར་ཡང་བྱའོ། །འཇམ་དཔལ་སྐྱེ་བ་ མེད་པ་དང༌། འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཡིན་ཏེ། འཇམ་དཔལ་ འདི་ལྟ་སྟེ་དཔེར་ན། ས་གཞི་ཆེན་པོ་འདི་བཻ་ཌཱུཪྻ་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཅིང༌། དེའང་ཇི་ལྟར་བཻ་ཌཱུཪྻ་ཆེན་པོའི་རང་བཞིན་གྱིས་གཞི་ཆེན་པོ་ དེ་ལ་སུམ་ཅུ་རྩ་གསུམ་པའི་གནས་དང༌། ལྷའི་དབང་པོ་བརྒྱ་བྱིན་པ་དང༌། ཁང་བསང་རྣམ་པར་རྒྱལ་བ་བྱེད་ཀྱི་གཟུགས་བརྙན་ཀུན་ཏུ་སྣང་བར་འགྱུར་བ་དེ་ལྟར་ཀུན་ནས་ གནས་པར་གྱུར་ལ། དེ་ན་ལྷའི་དབང་པོ་བརྒྱ་བྱིན་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བ་དང༌། དགའ་བ་དང༌། དགའ་མགུར་སྤྱོད་པའང་ཀུན་ཏུ་ སྣང་བར་གྱུར་ཅིང༌། །དེ་ནས་དེའི་ཚེ་ལྷ་རྣམས་ཀྱིས་ཛམྦུའི་གླིང་གི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་ཐམས་ཅད་ལ་ཚིག་འདི་སྐད་ཅེས། ཀྱེ་སྐྱེས་པ་དང་བུད་མེད་དག་ཚུར་ ཤོག །ལྷའི་དང་པོ་བརྒྱ་བྱིན་འདི་ཁ་གང་བཟང་རྣམ་པར་རྒྱས་བྱེད་ཀྱི་ནང་ན། ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བརྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་པར་བྱེད་པ་ལྟོས། ཀྱེ་སྐྱེས་ པ་དང་བུད་མེད་ཀྱི་ཚོགས་དག་ཚུར་ཤོག །སྦྱིན་པ་དག་བྱིན་ཅིག །བསོད་ནམས་དག་གྱིས་ཤིག །ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་ཅིག་དང༌། ཁང་བཟང་རྣམ་པར་རྒྱལ་ བྱེད་འདི་ལྟ་བུ་དག་གི་ནང་ན་བརྩེ་བར་འགྱུར། དགའ་བར་འགྱུར། དགའ་མགུར་སྤྱད་པར་འགྱུར་ཞིང༌། བརྒྱ་བྱིན་ཉིད་ཐོབ་པར་ཡང་འགྱུར་ལ། ལྷའི་དབང་པོ་བརྒྱ་བྱིན་ལྷའི་ལོངས་སྤྱོད་ དག་གིས་འབྱོར་ཅིང་ལྡན་པར་གྱུར་པ་ཅི་འདྲ་བ་དེ་འདྲ་བའི་འབྱོར་པ་དག་དང་ལྡན་པ་འགྱུར་རོ། །ཞེས་ཡང་དག་པར་སྐུལ་བར་ཡང་བྱེད་ལ། འཇམ་དཔལ་དེ་ནས་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དེ་དག་གིས་བཻ་ཌཱུཪྻ་ཆེན་པོའི་རང་བཞིན་གྱིས་གཞི་ཆེན་པོ་དེ་ལ་སུམ་ཅུ་རྩ་གསུམ་པའི་གནས་དང༌། ཁང་བཟང་རྣམ་པར་རྒྱལ་བྱེད་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱི་ གཟུགས་བརྙན་མཐོང་ནས་ཐལ་མོ་སྦྱོར་ཞིང་མེ་ཏོག་དག་ཀྱང་འཐོར་བར་བྱེད། སྤོས་དག་ཀྱང་འཐོར་བར་བྱེད་ལ། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་ལྷའི་དབང་པོ་བརྒྱ་བྱིན་ཅི་འདྲ་བ་དེ་འདྲ་བའི་ ༄༅། །ལུས་ཐོབ་པར་གྱུར་ཅིག །བདག་ཅག་ཀྱང་ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་འདི་ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་ངན་ན་ལྷའི་འདོད་ པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བ་དང༌། དགའ་བ་དང༌། དགའ་མགུར་སྤྱོད་པར་བྱེད་པ་དེ་ལྟར་གྱུར་ཅིག །ཅེས་བརྗོད་པར་བྱེད་ཀྱང་སེམས་ཅན་དེ་དག་གིས་ ནི༑ འདི་ལྟར་བཻ་ཌཱུཪྻ་ཆེན་པོའི་རང་བཞིན་གྱིས་གཞི་ཆེན་པོ་ལ་སུམ་ཅུ་རྩ་གསུམ་པའི་གནས་དང༌། ཁང་བཟང་རྣམ་པར་རྒྱལ་བྱེད་དང༌། ལྷའི་དབང་པོ་བརྒྱ་བྱིན་ སྣང་བ་འདི་ནི། བཻ་ཌཱུཪྻ་ཆེན་པོའི་རང་བཞིན་ཡོངས་སུ་དག་པའི་ཕྱིར་གཟུགས་བརྙན་ཀུན་ཏུ་སྣང་བ་ཡིན་ནོ། །ཞེས་དེ་ལྟར་ཡོངས་སུ་མི་ཤེས་ཏེ། དེ་དག་བརྒྱ་ བྱིན་ཉིད་འདོད་པས་སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་ཀྱང་བྱེད། ཚུལ་ཁྲིམས་ཡང་དག་བར་བླངས་ཏེ་གནས་ཤིང་དགེ་བའི་རྩ་བ་དག་ཀྱང་སུམ་ཅུ་རྩ་གསུམ་ པའི་གནས་སྣང་བ་དེར་སྐྱེ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་ན། འཇམ་དཔལ། ཇི་ལྟར་བཻ་ཌཱུཪྻ་ཆེན་པོའི་རང་བཞིན་གྱིས་གཞི་ཆེན་པོ་དེ་ལ་སུམ་ཅུ་རྩ་ གསུམ་པའི་གནས་ཀྱང་མེད། ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱང་མེད། ལྷའི་དབང་པོ་བརྒྱ་བྱིན་ཡང་མེད་མོད་ཀྱི། འོན་ཀྱང་བཻ་ཌཱུཪྻ་ཆེན་པོ་ཡོངས་སུ་དག་ པའི་ཕྱིར་དེ་ལ་སུམ་ཅུ་རྩ་གསུམ་པའི་གནས་དང༌། ཁང་བཟང་རྣམ་པར་རྒྱལ་བྱེད་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་ཀུན་ཏུ་སྣང་སྟེ། དེ་དག་ཀྱང་ཡོད་ པ་མ་ཡིན་ཞིང་སྐྱེ་བ་མེད་པ་དང༌། འགག་པ་མ་ཡིན་བཞིན་དུ་བཻ་ཌཱུཪྻ་ཆེན་པོ་ཡོངས་སུ་དག་པའི་ཕྱིར་གཟུགས་བརྙན་ཀྱང་ཀུན་ཏུ་སྣང་བ་དེ་བཞིན་པུ་འཇམ་དཔལ། སེམས་ཡོངས་སུ་དག་པ་དང༌། སྒོམ་པ་ཤིན་ཏུ་གོམས་པར་བྱས་པའི་སེམས་ཅན་ལ་དེ་བཞིན་གཤེགས་པའི་སྐུ་སྣང་བར་གྱུར། འཇམ་དཔལ། དེ་བཞིན་གཤེགས་ པའི་མཐུས་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེའང་མ་བྱུང་བ། མ་སྐྱེས་པ། མ་འགག་པ། དངོས་པོ་མ་ཡིན། དངོས་པོ་མེད་པ་མ་ཡིན། བལྟར་སྣང་བ་མ་ཡིན། བལྟར་མི་སྣང་བ་མ་ཡིན། འཇིག་རྟེན་མ་ཡིན། འཇིག་རྟེན་མེད་པ་མ་ཡིན། སེམས་པ་ཡོད་པ་མ་ཡིན། སེམས་པ་མེད་པ་མ་ཡིན། བསམ་ དུ་ཡོད་པ་མ་ཡིན། བསམ་དུ་མེད་པ་མ་ཡིན། ཡོད་པ་མ་ཡིན། མེད་པ་མ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སེམས་ཅན་རྣམས་ནི། དེ་བཞིན་གཤེགས་པའི་ གཟུགས་བརྙན་ལ་དམིགས་ནས་མེ་ཏོག་ཀྱང་འཐོར་བར་བྱེད། སྤོས་དང༌། ན་བཟའ་དང༌། རིན་པོ་ཆེ་དག་ཀྱང་དབུལ་བར་བྱེད། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་དེ་ ༄༅། །བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག །ཅེས་བརྗོད་པར་བྱེད་དེ། སངས་ རྒྱས་ཀྱི་ཡེ་ཤེས་འདོད་པ་དེ་དག་བདག་ཀྱང་སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱེད། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་ཤིང་དེ་དག་ཀྱང་དེ་ བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བཻ་ཌཱུཪྻ་ཆེན་པོའི་རང་བཞིན་གྱིས་གཞི་ཆེན་ པོ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་དེ་གཡོ་བར་མི་བྱེད། སེམས་པར་མི་བྱེད། སྤྲོ་བར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་ ཅིང༌། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། སེམས་པ་མེད་པ། ཡིད་ལ་བྱེད་པ་མེད་པ། ཞི་བ། བསིལ་བར་གྱུར་པ། སྐྱེ་པ་མེད་པ། འགག་པ་མེད་པ། མཐོང་བ་ མེད་པ༑ ཐོས་པ་མེད་པ། བསྣམས་པ་མེད་པ། མྱངས་པ་མེད་པ། རེག་པ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ། དེ་ བཞིན་དུ་འཇམ་དཔལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་མི་བྱེད། སེམས་པར་མི་བྱེད། སྤྲོ་བར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་ཅིང༌། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། སེམས་པ་མེད་པ། ཡིད་ལ་བྱེད་པ་མེད་པ། ཞི་བ། བསིལ་བར་གྱུར་པ། སྐྱེ་བ་མེད་པ། འགག་པ་མེད་པ། མཐོང་བ་མེད་པ། ཐོས་པ་མེད་པ། བསྣམས་པ་མེད་པ། མྱངས་པ་མེད་པ། རེག་པ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ་སྟེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། སྐྱེ་བ་མེད་པའི་གནས་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་ན་གཟུགས་བརྙན་བཞིན་དུ་ སྣང་ཞིང་སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་བྱེ་བྲག་གིས་ཚེའི་བྱེ་བྲག་སྟོན་པར་ཡང་བྱེད་ལ། ཡོངས་སུ་སྨིན་པ་དང་མོས་པའི་སྟོབས་བསྐྱེད་པས་བྱང་ཆུབ་ ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་གཟུགས་བརྙན་སྣང་བར་ཡང་འགྱུར་ཏེ། སེམས་ཅན་རྣམས་ཀྱི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཐོས་པར་ཡང་འགྱུར། བསམ་ པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་དུ་ཤེས་པར་ཡང་འགྱུར། བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་གྲོལ་བར་ཡང་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སུམ་ ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་གྲུབ་པའི་ཆོས་ཀྱི་རྔ་བོ་ཆེ་ཆོས་ཀྱི་སྒྲ་ཞེས་བྱ་བ་ཞིག་ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་སྟེང་གི་བར་སྣང་ལ་འདུག་ཅིང་ ༄༅། །ལྷའི་བུ་ཐམས་ཅད་ཀྱི་མིག་ལམ་ལས་ཡང་དག་པར་འདས་ཏེ་བལྟར་མི་སྣང་ཞིང་མི་མཐོང་མོད་ཀྱི། འཇམ་དཔལ། འོན་ཀྱང་ཆོས་ཀྱི་རྔ་བོ་ཆེ་ དེ་གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ལྷའི་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་དག་གིས་རྟག་པར་རྒྱུན་དུ་ཤེས་ཆེར་བག་མེད་པར་གྱུར་ ཅིང༌། ཡང་དང་ཡང་དུ་ལྷའི་འདུན་ས་ཆོས་བཟང་གི་ནང་དུ་ཞུགས་ཏེ། ཆོས་ཡང་དག་པར་བགྲོ་བར་མི་བྱེད་པ་དང༌། འཇམ་དཔལ། གང་གི་ཚེ་ལྷའི་དབང་ པོ་བརྒྱ་བྱིན་ཡང་ལྷའི་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་དག་གིས་རྟག་པར་རྒྱུན་དུ་ཤས་ཆེར་བག་མེད་པར་གྱུར་ཅིང༌། ཡང་དང་ཡང་དུ་ལྷའི་ འདུན་ས་ཆོས་བཟང་གི་ནང་དུ་ཞུགས་ཏེ་ཆོས་ཀྱི་ཁྲི་སྟན་ལ་འདུག་ནས་ཆོས་སྨྲ་བར་མི་བྱེད་པ་དེའི་ཚེ་ཆོས་ཀྱི་རྔ་བོ་ཆེ་བར་སྣང་ལ་འདུག་ཅིང༌། མིག་གི་ལམ་ལས་ ཡང་དག་པར་འདས་ཏེ། བལྟར་མི་སྣང་ཞིང་མི་མཐོང་བ་དེ་ལས་ཆོས་ཀྱི་སྒྲ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། ཆོས་ཀྱི་སྒྲ་དེས་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་ཐམས་ཅད་ ལ་འདི་སྐད་དུ། གྲོགས་པོ་དག །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དག་ནི། མི་རྟག་པ་ཡིན་གྱི། བག་མེད་པར་མ་སྤྱོད་ཅིག །གནས་འདི་ ནས་མྱུར་དུ་ཤི་འཕོས་པར་གྱུར་ཏ་རེ། གྲོགས་པོ་དག །འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བ་ཡིན་ནོ། །གྲོགས་པོ་དག །འདུ་བྱེད་ཐམས་ཅད་ནི། སྟོང་པ་ཡིན་ནོ། ། གྲོགས་པོ་དག །འདུ་བྱེད་ཐམས་ཅད་ནི། བདག་མེད་པ་ཡིན་ནོ། །གྲོགས་པོ་དག། འདི་ནས་ཤི་འཕོས་པ་རྣམས་ནི། ཡང་འདིར་སྐྱེ་བར་འགྱུར་བ་དཀའ་བ་ཡིན་གྱི། བག་ མེད་པར་མ་བྱེད་པར་གྲོགས་པོ་དག །ཆོས་ཡང་དག་པར་བགྲོ་བར་གྱིས་ཤིག །ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བར་གྱིས་ཤིག །ཆོས་གཅེས་པར་བྱ་བ་དང༌། ཆོས་ ལ་གཞོལ་བ་དང༌། ཆོས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་ལ་གནས་པར་གྱིས་ཤིག །ལྷའི་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་འདི་དག་དང་ཡང་མི་འབྲལ་ བར་གྱིས་ཤིག །ཅེས་སྒྲས་གོ་བར་བྱེད་དོ། །འཇམ་དཔལ། དེའི་ཚེ་ན་ཆོས་ཀྱི་རྔ་བོ་ཆེ་དེ་བལྟར་མི་སྣང་བ། གཟུགས་མེད་པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། མིག་ གི་ལམ་ལས་ཡང་དག་པར་འདས་པ། མ་སྐྱེས་པ། མ་འགགས་པ། ཚིག་གི་ལམ་ལས་ཡང་དག་པར་འདས་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ་ དེ་ལྟ་བུ་དེའི་སྒྲ་དེས་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་ཐམས་ཅད་ལ་ཡང་དག་པར་བསྐུལ་བས་དེ་དག་འཇིགས་པ་དང༌། སྐྲག་པ་དང༌། སྐྱོ་བ་དང༌། ཡིད་བྱུང་བར་གྱུར་ནས་ ༄༅། །ལྷའི་འདུན་ས་ཆོས་བཟང་གི་ནང་དུ་ཞུགས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བར་གནས་ཤིང༌། ཆོས་གཅེས་པར་བྱ་བ་ དང༌། ཆོས་ལ་གཞོལ་བར་བྱ་བ་དང༌། ཆོས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་ལ་གནས་པར་ཡང་བྱེད་དེ། དེ་དག་དེ་ནས་ཤི་འཕོས་ནས་ཁྱད་པར་དུ་འགྲོ་བར་ཡང་ ཤེས་སོ༑ ༑དེའི་ཚེ་ན་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་འདུན་ས་ཆོས་བཟང་གི་ནང་དུ་ཞུགས་ཏེ་ཆོས་ཀྱི་ཁྲི་སྟན་ལ་འདུག་ནས་ཆོས་སྟོན་པར་བྱེད་དོ། །འཇམ་དཔལ། གང་གི་ཚེ་ལྷ་མ་ཡིན་རྣམས་ལྷ་རྣམས་དང་ལྷན་ཅིག་གཡུལ་སྤྲོད་པར་བྱེད་ཅིང༌། དེར་ཡང་གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཕམ་པར་གྱུར་པ་དེའི་ཚེ་ན་ཆོས་ ཀྱི་རྔ་བོ་ཆེ་དེ་སྒྲ་འདི་ལྟ་བུ་འབྱིན་པར་བྱེད་དེ། སྒྲ་དེས་ལྷ་མ་ཡིན་རྣམས་འཇིགས་པ་དང༌། སྐྲག་པ་དང༌། སྐྱོ་བ་དང༌། ཡིད་བྱུང་བར་གྱུར་ནས་འབྲོས་པར་བྱེད་དོ། ། འཇམ་དཔལ། ཆོས་ཀྱི་རྔ་བོ་ཆེ་དེ་ལ་ནི། སྒྲུབ་པར་བྱེད་པ་དང༌། ལུས་གཟུགས་ཅུང་ཟད་ཀྱང་མེད་དེ། འཇམ་དཔལ། ཆོས་ཀྱི་རྔ་བོ་ཆེ་དེ་ནི། བལྟར་མི་མཐོང་བ། མི་ སྣང་བ༑ ཡོད་པ་མ་ཡིན་པ། མ་བྱུང་བ། བསམ་དུ་མེད་པ། སེམས་པ་མེད་པ། མཚན་མ་མེད་པ། གཟུགས་ཅན་མ་ཡིན་པ། སྒྲ་མེད་པ། དངོས་པོ་མེད་པ། གཉིས་ སུ་མེད་པ་སྟེ། མིག་གི་ལམ་ལས་ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་སྔོན་ཡོངས་སུ་སྦྱངས་པ་བྱས་པ་ རྣམས་ལ་ཆོས་ཀྱི་རྔ་བོ་ཆེ་དེ་སྒྲ་དེ་ལྟ་བུ་འབྱིན་ཅིང་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་རྣམས་ཀྱི་གནོད་པ་དང༌། འཁྲུག་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་ བར་ཞི་བར་བྱེད་དོ། །འཇམ་དཔལ། ཇི་ལྟར་ཆོས་ཀྱི་རྔ་བོ་ཆེ་དེ་བལྟར་མི་སྣང་བ། མི་མཐོང་བ། ཡོད་པ་མ་ཡིན་པ། མ་བྱུང་བ། བསམ་དུ་མེད་པ། སེམས་པ་མེད་ པ༑ མཚན་མ་མེད་པ། གཟུགས་ཅན་མ་ཡིན་པ། སྒྲ་མེད་པ། དངོས་པོ་མེད་པ། གཉིས་སུ་མེད་པ་སྟེ། མིག་གི་ལམ་ལས་ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་སྔོན་ཡོངས་སུ་སྦྱངས་པ་བྱས་པ་རྣམས་ལ་ཆོས་ཀྱི་རྔ་བོ་ཆེ་དེ་སྒྲ་དེ་ལྟ་བུ་འབྱིན་ཅིང་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ ལྷའི་བུ་རྣམས་ཀྱི་གནོད་པ་དང༌། འཁྲུག་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་སྒྲ་འབྱིན་པར་བྱེད་ཅིང་ལྷའི་བུ་བག་མེད་པ་རྣམས་ལའང་ ཆོས་ཀྱི་སྒྲས་ཡང་དག་པར་སྐུལ་བར་བྱེད་ལ། ཆོས་ཀྱི་སྒྲ་དེའང་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་རྣམས་ཀྱི་གནོད་པ་དང༌། འཁྲུག་པ་དང༌། ཉེ་བའི་ཉོན་མོངས་ ༄༅། །པ་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །འཇམ་དཔལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ བལྟར་མི་སྣང་བ། མི་མཐོང་བ། ཡོད་པ་མ་ཡིན་པ། མ་བྱུང་བ། བསམ་དུ་མེད་པ། སེམས་པ་མེད་པ། མཚན་མ་མེད་པ། གཟུགས་ཅན་མ་ཡིན་པ། སྒྲ་མེད་ པ༑ དངོས་པོ་མེད་པ། གཉིས་སུ་མེད་པ་སྟེ། མིག་གི་ལམ་ལས་ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སེམས་ཅན་རྣམས་སྔོན་གྱི་ལས་ ཀྱི་རྣམ་པར་སྨིན་པས་བསམ་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒྲ་འབྱུང་བར་ཀུན་ཏུ་ཤེས་ཤིང༌། ཆོས་ཀྱི་སྒྲ་དེའང་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ དང༌། འཁྲུག་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་འཇུག་པར་འགྱུར་ཏེ། ཆོས་ཀྱི་སྒྲ་སྐད་ཀྱིས་འཇིག་རྟེན་ན་དེ་བཞིན་གཤེགས་ པའི་གསུང་ཞེས་བྱ་བའི་གྲངས་སུ་འགྲོའོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་ན་ཆོས་ཀྱི་སྒྲ་སྐད་ཀྱིས་དེ་ བཞིན་གཤེགས་པ་ཞེས་བྱ་བར་གདགས་པ་འབྱུང་སྟེ། སེམས་ཅན་རྣམས་ཁོ་ནའི་སྔོན་གྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་ཐམས་ཅད་ཀྱིས་ དེ་བཞིན་གཤེགས་པ་ལས་སྒྲ་འབྱུང་བར་ཀུན་ཏུ་ཤེས་སོ། །སྒྲ་དེའང་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཐམས་ཅད་ཡང་དག་པར་བསྐྱེད་པར་བྱ་བ་དང༌། བག་མེད་པ་རྣམས་ ལ་ཡང་དག་པར་བསྐུལ་བར་བྱ་བའི་ཕྱིར་བྱུང་སྟེ། འཇམ་དཔལ། སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་ནས་འདི་ནི། དེ་བཞིན་གཤེགས་པའི་སྐུ་ཡིན་ནོ། །སྙམ་དུ་དེ་བཞིན་ གཤེགས་པ་ལ་རྟོག་པར་ཡང་བྱེད་དོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་དང༌། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དེ་བཞིན་གཤེགས་པ་ལ་དམིགས་པའི་ དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་གསུང་ཡང་ཐོས་མོད་ཀྱི། འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སོས་ཀའི་དུས་ ཀྱི་མཐར་ཐུག་ནས་དབྱར་ཟླ་ར་བ་བྱུང་བར་གྱུར་ཕན་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ས་ལ་གནས་པའི་ས་བོན་གྱི་ཚོགས་དང༌། ལོ་ཏོག་གི་ཚོགས་ དང༌། རྩྭ་དང༌། ཤིང་གེལ་པ་དང༌། རྩི་དང༌། ནགས་ཚལ་ཐམས་ཅད་ཀུན་ཏུ་བསྐྱེད་པར་བྱ་བའི་ཕྱིར་སྟེང་གི་ནམ་མཁའ་བར་སྣང་གི་གནས་ལ་འདི་འདྲ་བའི་རླུང་དག་ ༄༅། །ལྡང་སྟེ༑ དེས་ཆར་བ་སྡུད་པར་བྱེད་ཅིང་བསྡུས་ནས་ཀྱང་ས་གཞི་ཆེན་པོ་ལ་འབབ་པར་བྱེད་དོ། །དེས་ས་གཞི་ཆེན་པོ་ཐམས་ཅད་ ཀུན་ཏུ་ཚིམ་པར་བྱེད་ཅིང༌། དེའི་ཚེ་ན་ཛམྦུ་གླིང་བའི་མི་ཐམས་ཅད་ཀྱང་རབ་ཏུ་དགའ་བ་དང༌། ཡིད་བདེ་བ་སྐྱེ་བར་བྱེད་དེ། དེ་ལ་འཇིག་རྟེན་ན་སྤྲིན་ཅེས་བྱ་བའི་ མིང་དུ་འགྱུར་རོ། །འཇམ་དཔལ། གང་གི་ཚེ་སྟེང་གི་བར་སྣང་ལས་ཆར་བའི་ཚོགས་ཆེན་པོ་མི་འབབ་པ་དེའི་ཚེ་ན་ཛམྦུ་གླིང་པའི་མི་ཐམས་ཅད་འདི་སྐད་ཅེས་འདིར་ སྤྲིན་མི་འཁོར་རོ། །ཞེས་རྗོད་པར་བྱེད་དོ། །འཇམ་དཔལ། གང་གི་ཚེ་སྟེང་གི་བར་སྣང་ལས་ཆར་བའི་ཚོགས་ཆེན་པོ་ས་གཞི་ལ་འབབ་པ་དེའི་ཚེ་ན་ནི། ཛམྦུ་གླིང་ པའི་མི་ཐམས་ཅད་འདི་སྐད་ཅེས་ཨ་ལ་ལ་སྤྲིན་ཆེན་པོ་ནི། ཆར་གྱི་རྒྱུན་འབེབས་པར་བྱེད་ཅིང༌། ས་གཞི་ཆེན་པོའང་ཀུན་ཏུ་ཚིམ་པར་བྱེད་དོ། །འཇམ་དཔལ། དེ་ན་ནི༑ སྤྲིན་ཡང་མེད་ལ་སྤྲིན་དུ་གདགས་པའང་མེད་དེ། འཇམ་དཔལ། སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཆར་པའི་ཚོགས་ཆེན་པོ་ རླུང་གིས་ཀུན་ནས་བསྐྱོད་ན་ནི། སྟེང་གི་བར་སྣང་ལས་འབབ་པར་ཡང་འགྱུར། འཇམ་དཔལ། ཆར་བའི་ཚོགས་ཆེན་པོ་དེ་རླུང་གིས་ཀུན་ནས་དཀྲུགས་པ་ནི། སྟེང་གི་ བར་སྣང་དེ་ཉིད་དུ་བག་ལ་ཞ་བར་ཡང་འགྱུར་རོ། །འཇམ་དཔལ། དེ་ལྟར་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་སྟེང་གི་བར་སྣང་ལ་ཆར་བའི་ཚོགས་ཆེན་པོ་ དེ་ཀུན་ནས་འདུས་པ་དང༌། རླུང་ཀུན་ཏུ་འཁྲུག་པ་དག་གི་ཆར་བའི་རྒྱུན་ཀུན་ཏུ་འཛིན་པའམ། འབེབས་པར་བྱེད་པ་དེ་ལ་སྤྲིན་ཅེས་འདོགས་པ་འབྱུང་མོད་ཀྱི། འཇམ་ དཔལ༑ དེ་ལ་ནི། སྤྲིན་ཡང་མེད། སྤྲིན་དུ་གདགས་པའང་མེད་དེ། འཇམ་དཔལ། སྤྲིན་དེ་ནི། མ་སྐྱེས་པ། མ་འགགས་པ། སེམས་ཀྱི་ཡུལ་དུ་མི་འཇུག་པ། འོང་བ་དང་འགྲོ་བ་དང་བྲལ་བ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་དགེ་བའི་རྩ་བའི་ཚོགས་བསགས་པ་དག་དང༌། སེམས་ཅན་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཤེས་པ་འདོད་པ་གཞན་དག་དང༌། སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ། མྱ་ངན་ལས་འདས་པ་ཡང་དག་པར་བསྟན་ པའི་རྒྱུ་ཅན་རྣམས་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་ཐོགས་པ་མི་མངའ་བ་དང་ལྡན་པ་འཇིག་རྟེན་དུ་བྱུང་ངོ༌། ། འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེ་གང་ཅི་གསུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་པ། མ་ནོར་བ་དེ་བཞིན་པ། གཞན་མ་ཡིན་པ་དེ་བཞིན་པ་ ༄༅། །ཡིན་པས། དེ་ལ་ལྷ་དང་མི་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་མཚན་དུ་བཏགས་པ་ཡིན་ཏེ། འཇམ་དཔལ། དེ་ ལས་ལྷ་དང་མི་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་འབྱུང་བར་ཡང་འགྱུར་རོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། ཡོད་པ་མ་ཡིན་ པ་སྟེ༑ འཇམ་དཔལ། དེ་བཞིན་གཤེགས་པ་ནི། མཚན་མ་མེད་པ། མཚན་མ་དང་བྲལ་བ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། མ་བྱུང་བ། མ་སྐྱེས་པ། མ་འགགས་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པའི་སྤོབས་པ་དེས་ལྷ་དང་བཅས་པའི་འཇིག་རྟེན་ཆོས་ཀྱིས་ཡང་དག་པར་ཚིམ་ པར་མཛད་ཅིང༌། ཡང་དག་པར་འཛིན་དུ་བཙུད་ནས་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་དང༌། བྱིས་པ་སོ་སོའི་སྐྱེ་བོ་ཡོངས་སུ་མྱ་ངན་ལས་འདའ་བས་ འདུལ་བ་གཞན་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་མི་སྣང་བར་གྱུར་པ་ན་བདག་འདི་སྙམ་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །སྙམ་ དུའང་སེམས་ཏེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། སྐྱེ་བའང་མེད། འགག་པའང་མེད་དོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། མ་སྐྱེས་པ། མ་འགགས་པ་སྟེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། གཟོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡོད་པ་མ་ཡིན་པ་སྟེ། འཇམ་དཔལ། ཇི་ལྟར་ཆར་བ་དམིགས་པ་ལས་སྤྲིན་མ་བྱུང་བ། མ་སྐྱེས་པ། མ་ འགགས་པ། ཡོད་པ་མ་ཡིན་པ། དེ་ལ་འཇིག་རྟེན་ན་སྤྲིན་སྤྲིན་ཅེས་བྱ་བར་འདོགས་པ་བྱུང་བ་དེ་བཞིན་དུ། འཇམ་དཔལ། ཆོས་སྟོན་པར་དམིགས་པ་ལས་དེ་ བཞིན་གཤེགས་པ་མ་བྱུང་བ། མ་སྐྱེས་པ། མ་འགགས་པ། ཡོད་པ་མ་ཡིན་པ། གཟོད་མ་ཉིད་ནས་མ་སྐྱེས་པ་དེ་ལ་འཇིག་རྟེན་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་འདོགས་པ་འབྱུང་ངོ༌། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སྟོང་གསུམ་འབུམ་ཕྲག་བཅུ་ལ་ དབང་སྒྱུར་བའི་ཚངས་པ་ཆེན་པོ་ཟིལ་གྱིས་མི་ནོན་ཅིང་ཟིལ་གྱིས་གནོན་པར་བྱེད་པ་ནི། ཉིན་གཅིག་བཞིན་དུ་རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་མཐར་ཐུག་པའི་བར་གྱི་ ལྷའི་རིས་ཐམས་ཅད་ལ་རྣམ་པར་ལྟ་བར་བྱེད་དེ། འཇམ་དཔལ། སྟོང་གསུམ་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོ་ཟིལ་གྱིས་མི་ནོན་ཅིང་ཟིལ་གྱིས་ ༄༅། །གནོན་པར་བྱེད་པ་སྟེ༑ ལྷའི་རིས་ཐམས་ཅད་ལ་རྣམ་པར་ལྟ་བར་བྱེད་པ་དེའི་ཚེ་ན་ལྷའི་རིས་ཐམས་ཅད་ཀྱི་ནང་ན་ལྷའི་བུ་ཐམས་ཅད་རང་ རང་གི་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་དག་སྤངས་ཏེ་སིལ་སྙན་དང༌། ཕེག་རྡོབ་དང༌། གླུ་དབྱངས་ཀྱི་སྒྲ་ཐམས་ཅད་ཞི་བར་བྱས་ནས་འདོད་ པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་ཡིད་ལ་བྱེད་པ་བཏང་སྟེ་གུས་པ་དང་བཅས་པས་ཐལ་མོ་སྦྱར་ནས། ཚངས་པ་ཆེན་པོ་དེ་ལ་མིག་མི་འཛུམ་པར་ལྟ་ བར་བྱེད་དོ། །ཚངས་པ་ཆེན་པོ་དེའང་གནས་ནས་མི་གཡོ་བར་ལྷའི་བུ་ཐམས་ཅད་ཡུད་ཙམ་ཞིག་བདག་བལྟར་འཇུག་པར་བྱེད་དེ། དེའི་ཚེ་ན་ལྷའི་བུ་དེ་དག་ཚངས་ པའི་འཇིག་རྟེན་དུ་སྐྱེ་བར་འདོད་ཅིང༌། དགེ་བའི་རྩ་བ་རྣམས་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །འཇམ་དཔལ། ཚངས་པ་ ཆེན་པོ་དེའང་ཚངས་པའི་གཞལ་མེད་ཁང་དེ་ནས་འཆི་འཕོ་བར་མི་བྱེད་བཞིན་དུ། སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང༌། ལྷའི་བུ་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་ བསགས་པའི་མཐུས་སྟོང་གསུམ་འབུམ་ཕྲག་བཅུ་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོ་ཟིལ་གྱིས་མི་ནོན་ཅིང་ཟིལ་གྱིས་གནོན་པར་བྱེད་པ་གཞན་ཞིག་བྱིན་གྱིས་རློབ་ པར་བྱེད་དོ། །འཇམ་དཔལ། སྤྲུལ་བའི་ཚངས་པ་ཆེན་པོ་དེའང་ཉིན་གཅིག་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་མཐར་ཐུག་པའི་བར་གྱི་ལྷའི་རིས་ཐམས་ཅད་ལ་རྣམ་པར་ལྟ་ པར་བྱེད་དེ། འཇམ་དཔལ། དེའི་ཚེ་ན་ལྷའི་རིས་ཐམས་ཅད་ཀྱི་ནང་ན་ལྷའི་བུ་ཐམས་ཅད་རང་རང་གི་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་དག་སྤངས་ཏེ། སིལ་སྙན་དང༌། ཕེག་རྡོབ་པ་དང༌། གླུ་དབྱངས་ཀྱི་སྒྲ་ཐམས་ཅད་ཞི་བར་བྱས་ནས་འདོད་པའི་རྩེད་མོ་དང༌། དགའ་བ་དང༌། ལོངས་སྤྱོད་ཡིད་ལ་བྱེད་པ་བཏང་སྟེ། གུས་ པ་དང་བཅས་པས་ཐལ་མོ་སྦྱར་ནས་ཚངས་པ་ཆེན་པོ་དེ་ལ་མིག་མི་འཛུམ་པར་ལྟ་བར་བྱེད་དོ། །སྤྲུལ་པའི་ཚངས་པ་ཆེན་པོ་དེའང་གནས་ནས་མི་གཡོ་བར་ལྷའི་བུ་ཐམས་ ཅད་ཡུད་ཙམ་ཞིག་བདག་ལ་བལྟར་འཇུག་པར་ཡང་བྱེད་དེ། དེའི་ཚེ་ན་ལྷའི་བུ་དེ་དག་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འདོད་ཅིང་དགེ་བའི་རྩ་བ་རྣམས་ཀྱང་ཚངས་ པའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་ཡང་བྱེད་དོ། །འཇམ་དཔལ། དེ་ལ་ནི། ཚངས་པ་ཡོད་པ་མ་ཡིན་ཏེ། འཇམ་དཔལ། ཚངས་པ་དེ་ནི། སྟོང་ པ༑ ཡ་མ་བརླ། མ་བྱུང་བ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་པོ་མེད་པ། བསམ་དུ་མེད་པ། མཚན་མ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་ ༄༅། །པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་ཚངས་པ་ཆེན་པོ་དེ་ཉིད་ཀྱི་སྔོན་གྱི་དགེ་བའི་རྩ་བ་ དང༌། སྨོན་ལམ་གྱི་བྱིན་གྱི་རླབས་དང༌། ལྷའི་བུ་དེ་དག་གི་སྔོན་གྱི་དགེ་བའི་རྩ་བ་བསགས་པའི་མཐུས་ལྷའི་རིས་ཐམས་ཅད་ལ་བལྟར་སྣང་བར་ཡང་འགྱུར་རོ། །འཇམ་ དཔལ༑ འོན་ཀྱང་ལྷའི་བུ་དེ་དག་འདི་སྙམ་དུ་ཚངས་པ་ཆེན་པོ་དེ་ནི། སྤྲུལ་པ། སྟོང་པ། ཡ་མ་བརླ། མ་བྱུང་བ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་ པོ་མེད་པ། བསམ་དུ་མེད་པ། མཚན་མ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། སྐྱེ་བ་མེད་པ། འགག་པ་མེད་པ་ཡིན་ནོ། །སྙམ་དུ་ མི་སེམས་སོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྟོང་པ། ཡ་མ་བརླ། མ་བྱུང་བ། ཡི་ གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་པོ་མེད་པ། བསམ་དུ་མེད་པ། མཚན་མ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་ པ༑ མ་འགགས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔོན་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་བྱིན་གྱི་རླབས་དང༌། བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ རྣམས་དང༌། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསགས་པའི་མཐུས་དེ་བཞིན་གཤེགས་པ་གནས་ནས་མི་གཡོ་བ་བཞིན་དུ་མཚན་བརྒྱ་སྟོང་གིས་ལེགས་པར་ བརྒྱན་པ། འཇིག་རྟེན་ན་གཟུགས་བརྙན་བཞིན་དུ་ཀུན་ཏུ་སྣང་ངོ༌། །འཇམ་དཔལ། བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་ པ་པ་ཐམས་ཅད་དང༌། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི། འདི་སྙམ་དུ་དེ་བཞིན་གཤེགས་པ་ནི། སྟོང་པ། ཡ་མ་བརླ། མ་བྱུང་བ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་ པ༑ དངོས་པོ་མེད་པ། བསམ་དུ་མེད་པ། མཚན་མ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ་ཡིན་པའི་མི་སེམས་མེད་ ཀྱི༑ འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་པ་ནི། སྤྱོད་ལམ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་མཚན་བརྒྱ་སྟོང་གིས་ལེགས་པར་བརྒྱུན་པ་ལས་སེམས་ ཅན་མོས་པ་སྣ་ཚོགས་ཐ་དད་པ་རྣམས་ལ་ཆོས་སྟོན་པ་ཆེན་པོ་འབྱུང་བར་ཡང་བྱེད་དོ། །ཆོས་བསྟན་པ་དེའང་སེམས་ཅན་ཐམས་ཅད་ཀྱི་གནོད་པ་དང༌། འཁྲུག་པ་དང༌། ཉེ་ ༄༅། །བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ནི། དེ་ལའང་ཐམས་ཅད་དུ་མཉམ་ཞིང་བཏང་ སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་དེ། འཇམ་དཔལ། རྣམ་གྲངས་དེས་ཀྱང་འདི་ལྟར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཞེས་བྱ་བ་དེ་ནི། དེ་བཞིན་ གཤེགས་པའི་ཚིག་བླ་དྭགས་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། ། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་ཀུན་ཏུ་ གཟུགས་བརྙན་ཀུན་ཏུ་སྣང༌། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དག་ནི། ཛམྦུའི་གླིང་དུ་དང་པོ་ཁོ་ནར་རིའི་དབང་པོ་ཆེན་པོ་རྣམས་ སྣང་བར་བྱེད་དོ། །དེའི་འོག་ཏུ་རིའི་ཁོར་ཡུག་དང༌། ཁོར་ཡུག་ཆེན་པོ་རྣམས་སྣང་བར་བྱེད་དོ། །དེའི་འོག་ཏུ་རི་ཆེན་པོ་གཞན་དག་ཀྱང་སྣང་བར་བྱེད་དོ། །དེའི་འོག་ཏུ་ རི་ནག་པོ་རྣམས་སྣང་བར་བྱེད་དོ། །དེའི་འོག་ཏུ་ས་ཕྱོགས་མཐོན་པོ་མཐོན་པོ་དག་སྣང་བར་བྱེད་དོ། །དེའི་འོག་ཏུ་ཛམྦུའི་གླིང་འདིའི་ས་ཕྱོགས་དམའ་བ་དམའ་བ་དག་ཀྱང་སྣང་ བར་བྱེད་དོ། །འཇམ་དཔལ། འོན་ཀྱང་ཉི་མའི་འོད་ཟེར་དེ་དག་ནི། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད། རྣམ་པར་སེམས་པར་མི་བྱེད་དེ། འཇམ་དཔལ། ཉི་མའི་འོད་ཟེར་རྣམས་ནི། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ། མཚན་ཉིད་མེད་པ། མཚན་ཉིད་དང་ བྲལ་བ༑ ཡིད་ལ་བྱེད་པ་མེད་པ། ཡིད་ལ་བྱེད་པ་དང་བྲལ་བ། སྤྲོས་པ་མེད་པ། སྤྲོས་པ་དང་བྲལ་བ། ཡོངས་སུ་གདུང་བ་མེད་པ། ཡོངས་སུ་གདུང་བ་དང་བྲལ་བ། ཚུ་རོལ་ན་ གནས་པ་མ་ཡིན་པ། ཕ་རོལ་ན་གནས་པ་མ་ཡིན། མཐོ་བ་མ་ཡིན། དམའ་བ་མ་ཡིན། བཅིངས་པ་མ་ཡིན། ཤེས་པ་དང་ལྡན་པ་མ་ཡིན། ཤེས་པ་དང་མི་ལྡན་པ་མ་ཡིན། ཉོན་ མོངས་པ་དང་བཅས་པ་མ་ཡིན། ཉོན་མོངས་པ་མེད་པ་མ་ཡིན། བདེན་པར་སྨྲ་བ་མ་ཡིན། བརྫུན་དུ་སྨྲ་བ་མ་ཡིན། ཕ་རོལ་མ་ཡིན། ཚུ་རོལ་མ་ཡིན། འགྲམ་ན་མ་ཡིན། གཤོང་ན་མ་ཡིན། ཐང་ལ་མ་ཡིན། ཆུ་བོ་ན་མ་ཡིན། རྟོག་གེའི་སྤྱོད་ཡུལ་མ་ཡིན། རྟོག་གེ་མ་ཡིན་པའི་སྤྱོད་ཡུལ་མ་ཡིན། གཟུགས་ཅན་མ་ཡིན། གཟུགས་མེད་ ༄༅། །པ་མ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་ས་གཞི་མཐོ་བ་དང༌། དམའ་བ་དང༌། བར་མའི་བྱེ་བྲག་གིས་སྣང་བ་ཆེན་པོ་དང༌། ཆུང་དུ་དང༌། བར་མའི་ འོད་ཟེར་སྣ་ཚོགས་སྣང་བར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད། རྣམ་པར་སེམས་པར་མི་བྱེད་དེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། སེམས་དང༌། ཡིད་དང༌། རྣམ་པར་ཤེས་ པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བ། ཡིད་ལ་བྱེད་པ་མེད་པ། ཡིད་ལ་བྱེད་པ་དང་བྲལ་བ། སྤྲོས་པ་མེད་པ། སྤྲོས་པ་དང་ བྲལ་བ༑ ཡོངས་སུ་གདུང་བ་མེད་པ། ཡོངས་སུ་གདུང་བ་དང་བྲལ་བ། ཚུ་རོལ་ན་གནས་པ་མ་ཡིན། ཕ་རོལ་ན་གནས་པ་མ་ཡིན། མཐོ་བ་མ་ཡིན། དམའ་བ་མ་ཡིན། བཅིངས་ པ་མ་ཡིན། གྲོལ་བ་མ་ཡིན། ཤེས་པ་དང་ལྡན་པ་མ་ཡིན། ཤེས་པ་དང་མི་ལྡན་པ་མ་ཡིན། ཉོན་མོངས་པ་དང་བཅས་པ་མ་ཡིན། ཉོན་མོངས་པ་མེད་པ་མ་ཡིན། བདེན་ པར་གསུང་བ་མ་ཡིན། བརྫུན་པར་གསུང་བ་མ་ཡིན། ཚུ་རོལ་མ་ཡིན། ཕ་རོལ་མ་ཡིན། འགྲམ་ན་མ་ཡིན། གཤོང་ན་མ་ཡིན། ཐང་ལ་མ་ཡིན། ཆུ་བོ་ན་མ་ཡིན། ཐམས་ཅད་མཁྱེན་པ་མ་ཡིན། ཐམས་ཅད་མི་མཁྱེན་པ་མ་ཡིན། རྟོག་གེ་མ་ཡིན། རྟོག་གེ་མེད་པ་མ་ཡིན། སྤྱོད་པ་མ་ཡིན། སྤྱོད་པ་མེད་པ་མ་ཡིན། ཀུན་ཏུ་འབྱུང་བ་མ་ཡིན། ཀུན་ཏུ་མི་འབྱུང་བ་མ་ཡིན། དྲན་པ་དང་ལྡན་པ་མ་ཡིན། དྲན་པ་དང་མི་ལྡན་པ་མ་ཡིན། སེམས་པ་མ་ཡིན། སེམས་པ་མེད་པ་མ་ཡིན། ཡིད་མ་ཡིན། ཡིད་མེད་པ་མ་ཡིན། སྒྲ་སྐད་མ་ཡིན། སྒྲ་སྐད་མེད་པ་མ་ཡིན། མིང་མ་ཡིན། མིང་མེད་པ་མ་ཡིན། གཟུགས་མ་ཡིན། གཟུགས་མེད་པ་མ་ཡིན། བརྗོད་པ་མ་ཡིན། བརྗོད་དུ་མེད་པ་མ་ཡིན། གདགས་པ་མ་ཡིན། གདགས་སུ་མེད་པ་མ་ཡིན། བལྟར་སྣང་བ་མ་ཡིན། བལྟར་མི་སྣང་བ་མ་ཡིན། ཚུལ་མ་ཡིན། ཚུལ་མེད་པ་མ་ཡིན། ལམ་སྟོན་པ་མ་ཡིན། ལམ་ མི་སྟོན་པ་མ་ཡིན། འབྲས་བུ་ཐོབ་པ་མ་ཡིན། འབྲས་བུ་མ་ཐོབ་པ་མ་ཡིན། རྟོག་པ་མ་ཡིན། རྟོག་པ་མེད་པ་མ་ཡིན། རྟོག་པ་དང་བྲལ་བ་མ་ཡིན། རྟོག་པ་དང་མ་བྲལ་བ་མ་ཡིན་ མོད་ཀྱི། འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་དག་ནི། ཁམས་གསུམ་པོ་དེ་དག་ཏུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ དག་ལ་ཐོགས་པ་མེད་པའི་འོད་ཟེར་གྱི་སྣང་བ་དག་གཏོང་བར་མཛད་ཅིང༌། ཡེ་ཤེས་ཀྱི་འོད་ཟེར་བཏང་བ་དག་གིས་ཀྱང་དང་པོ་ཁོ་ནར་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་ ༄༅། །པའི་རིའི་དབང་པོའི་རྒྱལ་པོ་ཆེན་པོ་ལྟ་བུ་དང་ལྡན་པ་རྣམས་ཀྱི་ལུས་ལ་འབབ་པར་འགྱུར་རོ། །དེའི་འོག་ཏུ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་ བར་ཞུགས་པ་རྣམས་ཀྱི་ལུས་ལ་འབབ་པར་འགྱུར་རོ། །དེའི་འོག་ཏུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ལུས་ལ་འབབ་པར་འགྱུར་རོ། །དེའི་འོག་ཏུ་ སེམས་ཅན་ལྷག་པའི་བསམ་པ་དགེ་བ་དང༌། མོས་པ་ཇི་ལྟ་བ་དང་ལྡན་པ་རྣམས་ཀྱི་ལུས་ལ་འབབ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་ འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་དག་ཐན་སེམས་ཅན་ལོག་པ་ཉིད་དུ་ངེས་པའི་སེམས་ཀྱི་རྒྱུད་དང་ལྡན་པ་རྣམས་ཀྱི་ལུས་ལ་འབབ་པར་འགྱུར་ཞིང༌། དེ་དག་ལ་མ་འོངས་ པའི་རྒྱུ་ཡང་དག་པར་སྐྱེད་པས་ཕན་འདོགས་པ་དང༌། དགེ་བའི་ཆོས་རྣམས་ཀྱིས་ཡང་དག་པར་འཕེལ་བར་ཡང་བྱེད་དོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། དེ་ དག་ལ་འང་ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིད་བྱེ་བྲག་མི་འབྱེད་དེ། འཇམ་དཔལ། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ ཤེས་ཀྱི་འོད་ཟེར་ནི། འདི་སྙམ་དུ་བདག་གིས་སེམས་ཅན་འདི་ལ་ནི། ཆོས་རྒྱ་ཆེན་པོ་བསྟན་པར་བྱའོ། །འདི་ལ་ནི། བསྟན་པར་མི་བྱའོ། །སྙམ་དུའང་མི་སེམས་ལ། འདི་ སྙམ་དུ་སེམས་ཅན་འདི་ནི། རྒྱ་ཆེན་པོ་ལ་མོས་པ་ཡིན་ནོ། །འདི་ནི། བར་མ་ལ་མོས་པ་ཡིན་ནོ། །འདི་ནི། ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ཡིན་ནོ། །འདི་ནི། བསམ་ པ་དགེ་བ་ཡིན་ནོ། །འདི་ནི། དམན་པ་དང་ལོག་པ་ལ་མོས་པ་ཡིན་ནོ། །སྙམ་དུ་རྣམ་པར་རྟོག་པར་ཡང་མི་བྱེད་དོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། འདི་སྙམ་ དུ༑ སེམས་ཅན་འདི་ནི། རྒྱ་ཆེན་པོ་ལ་མོས་པ་ཡིན་གྱི། འདི་ལ་ནི། ཐེག་པ་ཆེན་པོ་བསྟན་པར་བྱའོ། །འདི་ནི། ལྷག་པའི་བསམ་པ་བར་མ་ལ་མོས་པ་ཡིན་གྱི། འདི་ ལ་ནི༑ རང་སངས་རྒྱས་ཀྱི་ཐེག་པ་བསྟན་པར་བྱའོ། །འདི་ནི། ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ཡིན་གྱི། འདི་ལ་ནི། ཉན་ཐོས་ཀྱི་ཐེག་པ་བསྟན་པར་བྱའོ། །སེམས་ཅན་ བསམ་པ་དགེ་བ་རྣམས་ཀྱི་བསམ་པ་རྟོགས་པར་བྱས་ནས་བསམ་པ་རྣམ་པར་སྦྱང་བར་བྱའོ། །སེམས་ཅན་ལོག་པ་ཉིད་དུ་མོས་པའི་བར་དག་ནི། ལྟ་བ་དྲང་པོ་བྱ་ཞིང༌། ཇི་ལྟར་རྗེས་སུ་མཐུན་པའི་ཆོས་བསྟན་པར་བྱའོ། །སྙམ་དུའང་མི་སེམས་ཏེ། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་སྣང་བ་ནི། དེ་ལྟར་ རྣམ་པར་རྟོག་པར་མི་བྱེད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་སྣང་བ་ནི། རྟོག་པ་དང༌། རྣམ་པར་རྟོག་པ་དང༌། ༄༅། །ཡོངས་སུ་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཡང་དག་པར་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ། །འཇམ་དཔལ། འོན་ཀྱང་སེམས་ཅན་རྣམས་ ཀྱི་དགེ་བའི་བསམ་པའི་རྒྱུད་སྣ་ཚོགས་དག་ལ་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྣང་བ་སྣ་ཚོགས་དག་འབྱུང་བར་ཡང་འགྱུར་ རོ༑ ༑བམ་པོ་གཉིས་པ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་ནོར་བུ་ཆེན་པོ་བསམ་པ་ཐམས་ཅད་ཡོངས་སུ་ རྫོགས་པར་བྱེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་དེ་ལས་སེམས་ཅན་གང་གིས་བསམ་པ་ཅི་འདྲ་བ་དེ་ལྟ་བུའི་སྒྲ་འབྱུང་བར་སེམས་ ཅན་རྣམས་ཀྱིས་ཀུན་ཏུ་ཤེས་ཀྱང་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད། རྣམ་པར་སེམས་པར་མི་བྱེད་ ཅིང༌། སེམས་པ་མེད་པ། སེམས་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད། རྣམ་པར་སེམས་པར་མི་བྱེད་ཅིང༌། སེམས་པ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། མ་བཟུང་བ། ཡོངས་སུ་གཟུང་བར་བྱ་བ་མ་ཡིན་པ། མ་ཐོབ་པ། ཐོབ་པར་བྱ་བ་མ་ ཡིན༑ སོ་སོའི་བདེན་པ་གསལ་བ། འདོད་ཆགས་བསལ་བ། ཞེ་སྡང་བསལ་བ། གཏི་མུག་བསལ་བ། བདེན་པ་མ་ཡིན། རྫུན་པ་མ་ཡིན། རྟག་པ་མ་ཡིན། མི་རྟག་པ་མ་ཡིན། འོད་མ་ཡིན། འོད་མེད་པ་མ་ཡིན། འཇིག་རྟེན་མ་ཡིན། འཇིག་རྟེན་མེད་པ་མ་ཡིན། རྟོག་པ་མེད་པ། དཔྱོད་པ་མེད་པ། མ་སྐྱེས་པ། མ་ འགགས་པ། བསམ་དུ་མེད་པ། རབ་ཏུ་བསམ་དུ་མེད་པ། རང་བཞིན་མེད་པ། རང་བཞིན་གྱི་གཞི་མེད་པ། རང་བཞིན་སྟོང་པ། བླང་བ་མེད་པ། དོར་བ་མེད་པ། མངོན་ པར་ཞེན་པར་བྱ་བ་མེད་པ། བརྗོད་དུ་མེད་པ། བརྗོད་པ་ཡང་དག་པར་རྒྱུན་ཆད་པ། ཀུན་ཏུ་དགའ་བ་མེད་པ། ཀུན་ཏུ་དགའ་བ་དང་བྲལ་བ། ཀུན་ཏུ་དགའ་བས་ངེས་པར་བཅོམ་ པ༑ གྲངས་སུ་བགྲང་བ་མ་ཡིན་པ་དང༌། གྲངས་སུ་བགྲང་བ་དང༌། འགྲོ་བ་མེད་པ། འགྲོ་བར་འགྲོ་བ་མེད་པ། འགྲོ་བ་ཐམས་ཅད་ཡང་དག་པར་རྒྱུན་ཆད་པ། བརྗོད་པ་ ཐམས་ཅད་ཡང་དག་པར་རྒྱུན་ཆད་པ། བལྟར་མི་སྣང་བ། མི་མཐོང་བ། གཟུང་དུ་མེད་པ། ཐ་སྙད་མེད་པ། ནམ་མཁའ་མ་ཡིན། བླ་གབ་མེད་པ་མ་ཡིན། གཟུང་ ༄༅། །བར་མི་བྱ་བ་མ་ཡིན། བལྟར་སྣང་བ་མ་ཡིན། བསྟན་པར་བྱ་བ་མ་ཡིན། ཚོགས་པ་མེད་པ་མ་ཡིན། བརྟགས་པ་མ་ཡིན། རྣམ་པར་ བརྟགས་པ་མ་ཡིན། རྣམ་པར་བསྒྲུབས་པ་མ་ཡིན། ཀུན་ཏུ་བསྟན་པ་མ་ཡིན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན། ཡོངས་སུ་སྦྱང་བར་འོས་པ་མ་ཡིན། མིང་ མེད་པ༑ གཟུགས་མེད་པ། མཚན་མ་མེད་པ། ལས་མེད་པ། ལས་ཀྱི་རྣམ་པར་སྨིན་པ་མེད་པ། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ ཡིན༑ ཅིའང་མ་ཡིན། ཉོན་མོངས་པ་མེད་པ། ཡི་གེ་མེད་པ། སྒྲ་སྐད་ཐམས་ཅད་ལས་ཡང་དག་པར་འདས་པ། སྒྲ་མེད་པ། མཚན་ཉིད་མེད་པ། མཚན་ ཉིད་ཐམས་ཅད་དང་བྲལ་བ། ནང་ན་མི་དམིགས་།ཕྱི་རོལ་ན་མི་དམིགས། གཉི་ག་མེད་པར་ཡང་མི་དམིགས་མོད་ཀྱི། འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་ པའི་ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཡེ་ཤེས་རིན་པོ་ཆེ་སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན། དེ་ལས་སེམས་ཅན་གང་ཡིན་པ་དེའི་བསམ་པ་ དང་མོས་པ་ཇི་ལྟ་བ་དེ་ལྟ་བུའི་ཆོས་བསྟན་པ་འབྱུང་བར་སེམས་ཅན་རྣམས་ཀྱིས་ཀུན་ཏུ་ཤེས་ཀྱང་དེ་བཞིན་གཤེགས་པ་ནི། དེ་དག་ལའང་ཐམས་ཅད་དུ་མཉམ་ ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བྲག་ཅ་ནི། གཞན་གྱི་རྣམ་པར་རིག་པ་ལས་འབྱུང་བར་སེམས་ཅན་ རྣམས་ཀྱིས་ཀུན་ཏུ་ཤེས་ཀྱང་དེ་ནི། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉི་ག་མེད་པར་ཡང་མི་དམིགས་ ཏེ༑ མ་སྐྱེས་པ། མ་འགགས་པ། ཆད་པ་མ་ཡིན། རྟག་པ་མ་ཡིན། ཤེས་པ་དང་ལྡན་པ་མ་ཡིན། ཤེས་པ་དང་མི་ལྡན་པ་མ་ཡིན། ཤེས་རབ་མ་ཡིན། ཤེས་རབ་མེད་ པ་མ་ཡིན། རིག་པ་མ་ཡིན། རིག་པ་མེད་པ་མ་ཡིན། རྣམ་པར་གྲོལ་བ་མ་ཡིན། རྣམ་པར་གྲོལ་བ་མེད་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན། ཁ་ན་མ་ཐོ་ བ་མེད་པ་མ་ཡིན། དྲན་པ་དང་ལྡན་པ་མ་ཡིན། དྲན་པ་དང་མི་ལྡན་པ་མ་ཡིན། གནས་པ་དང་ལྡན་པ་མ་ཡིན། གནས་པ་དང་མི་ལྡན་པ་མ་ཡིན༑ འདུག་པ་མ་ཡིན། མི་འདུག་པ་མ་ཡིན། སའི་ཁམས་མ་ཡིན། ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། སྤྲོས་པ་ཡོད་པ་མ་ཡིན། སྤྲོས་པ་མེད་པ་མ་ཡིན། སྒྲ་མ་ཡིན། སྒྲ་མེད་པ་མ་ཡིན། བལྟར་སྣང་བ་མ་ཡིན། བལྟར་མི་སྣང་བ་མ་ཡིན། ཡི་གེ་མེད་པ། སྒྲ་མེད་པ། སྒྲ་ ༄༅། །ལས་ཡང་དག་པར་འདས་པ། གཞལ་དུ་མེད་པ། གཞལ་བ་ལས་ཡང་དག་པར་འདས་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་ བ༑ ཞི་བ་མ་ཡིན། མ་ཞི་བ་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན། སེམས་པ་ཡོད་པ་མ་ཡིན། སེམས་པ་མེད་པ་མ་ཡིན། སྣང་བ་མ་ཡིན། མི་སྣང་བ་མ་ ཡིན༑ བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། རང་བཞིན་སྟོང་པ་མ་ཡིན། དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པ། རྟོག་པ་མེད་པ། དཔྱོད་པ་ མེད་པ༑ སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་པ། དུས་ གསུམ་ལས་ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སེམས་ཅན་ལྷག་པའི་བསམ་པ་ཐ་དད་པ་རྣམས་ཀྱི་སྒྲ་སྐད་དང༌། རྣམ་པར་རིག་པ་ སྣ་ཚོགས་དག་ལས་བྲག་ཅའི་སྒྲ་སྐད་སྣ་ཚོགས་དག་འབྱུང་བར་འགྱུར་ཞིང༌། དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ཁོ་ན་བཞིན་དུ་ཀུན་ཏུ་ཤེས་པར་ འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་ བྱུང་བ་མ་ཡིན། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཞིང༌། གཉི་ག་མེད་པར་ཡང་མི་དམིགས་ཏེ། མ་སྐྱེས་པ། མ་འགགས་པ། ཆད་པ་མ་ཡིན། རྟག་པ་མ་ཡིན། ཤེས་པ་ དང་ལྡན་པ་མ་ཡིན། ཤེས་པ་དང་མི་ལྡན་པ་མ་ཡིན། ཤེས་རབ་མ་ཡིན། ཤེས་རབ་མེད་པ་མ་ཡིན། རིག་པ་མ་ཡིན། རིག་པ་མེད་པ་མ་ཡིན། རྣམ་པར་གྲོལ་བ་མ་ཡིན། རྣམ་པར་གྲོལ་བ་མེད་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན། ཁ་ན་མ་ཐོ་བ་མེད་པ་མ་ཡིན། དྲན་པ་དང་ལྡན་པ་མ་ཡིན། དྲན་པ་དང་མི་ལྡན་པ་མ་ཡིན། གནས་དང་ལྡན་པ་མ་ཡིན། གནས་ དང་མི་ལྡན་པ་མ་ཡིན། འདུག་པ་མ་ཡིན། མི་འདུག་པ་མ་ཡིན། སའི་ཁམས་མ་ཡིན། ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན། འདུས་ བྱས་མ་ཡིན། འདུས་མ་བྱས་མ་ཡིན། སྤྲོས་པ་ཡོད་པ་མ་ཡིན། སྤྲོས་པ་མེད་པ་མ་ཡིན། སྒྲ་མ་ཡིན། སྒྲ་མེད་པ་མ་ཡིན། བལྟར་སྣང་བ་མ་ཡིན། བལྟར་མི་སྣང་བ་མ་ ཡིན༑ ཡི་གེ་མེད་པ། སྒྲ་མེད་པ། སྒྲ་ལས་ཡང་དག་པར་འདས་པ། གཞལ་དུ་མེད་པ། གཞལ་བ་ལས་ཡང་དག་པར་འདས་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་ བ༑ ཞི་བ་མ་ཡིན། མ་ཞི་བ་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན། སེམས་པ་ཡོད་པ་མ་ཡིན། སེམས་པ་མེད་པ་མ་ཡིན། སྣང་བ་མ་ཡིན། མི་སྣང་བ་མ་ཡིན་།བསྟན་ ༄༅། །དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། རང་བཞིན་སྟོང་པ། དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པ། རྟོག་པ་མེད་པ། དཔྱོད་པ་མེད་ པ༑ སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་ལ། དུས་གསུམ་ལས་ ཡང་དག་པར་འདས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱི་ལྷག་པའི་བསམ་པ་དང༌། རྣམ་པར་རིག་པ་སྣ་ཚོགས་དག་ལས་ དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཀུན་ཏུ་ཤེས་པར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ས་ལ་བརྟེན་ཅིང་ས་ལ་གནས་ནས་རྩྭ་དང༌། ཤིང་གེལ་པ་ དང༌། རྩི་དང༌། ནགས་ཚལ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་ཡང་འཇམ་དཔལ། ས་ནི། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དེ། ཐམས་ཅད་དུ་མཉམ་ཞིང་རྣམ་པར་མི་རྟོག་པ། བྱེ་བྲག་མི་འབྱེད་ཅིང་སེམས་པར་མི་བྱེད་དེ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ་ཡིན། འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་བརྟེན་ཅིང་དེ་བཞིན་གཤེགས་པ་ལ་གནས་ནས་སེམས་ཅན་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ ཆེན་པོ་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་ལ། དེ་བཞིན་གཤེགས་པ་ལ་བརྟེན་ཅིང་དེ་བཞིན་གཤེགས་པ་ལ་གནས་ནས་ སྤྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་ལ་སོགས་པ་མུ་སྟེགས་ཀྱི་གནས་གཞན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང༌། ཐ་ན་ལོག་པ་ཉིད་དུ་ངེས་པ་རྣམས་ཀྱི་དགེ་བའི་ རྩ་བ་གཞན་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་མོད་ཀྱི། འཇམ་དཔལ། འོན་ཀྱང་དེ་བཞིན་གཤེགས་པ་ནི། རྟོག་པར་མི་ བྱེད༑ རྣམ་པར་རྟོག་པར་མི་བྱེད་དེ། འཇམ་དཔལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྟོག་པ་དང༌། རྣམ་པར་རྟོག་པ་དང༌། དམིགས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་རྒྱུན་ཆད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། རྟོག་གེ་མ་ཡིན། རྟོག་གེའི་སྤྱོད་ཡུལ་མ་ཡིན། མི་སྣང་བ། མི་མཐོང་བ། བསམ་དུ་མེད་པ། བསམ་པར་བྱ་བ་མ་ཡིན་པ། ཡིད་ལ་བྱེད་པ་མེད་པ། སེམས་པ་མེད་པ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ། ཐམས་ཅད་དུ་མཉམ་ཞིང་བཏང་སྙོམས་ལ་རྣམ་པར་མི་རྟོག་ཅིང་བྱེ་བྲག་མི་འབྱེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི། ཐམས་ཅད་དུ་མཉམ་ཞིང་ ༄༅། །རྣམ་པར་མི་རྟོག་ལ། བྱེ་བྲག་མི་འབྱེད་དེ། མ་སྐྱེས་པ། མ་འགགས་པ། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ ཡིན༑ མཚན་གཞི་མེད་པ། སྤྲོས་པ་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། རྣམ་པར་རིག་པ་མེད་པ། རེག་པ་མེད་པ། གནས་མེད་པ། གཞལ་དུ་མེད་ པ༑ གཞལ་བ་ལས་ཡང་དག་པར་འདས་པ། དཔེ་མེད་པ། དཔེ་ལས་ཡང་དག་པར་འདས་པ། མི་གནས་པ། གཟུང་བ་མེད་པ། མིག་གི་ལམ་ལས་ཡང་དག་ པར་འདས་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། མཚན་ཉིད་མེད་པ། ཡི་གེ་མེད་པ། སྒྲ་མེད་པ། ཡིད་ལ་བྱེད་པ་མེད་པ། བླང་བ་མེད་པ། དོར་ པ་མེད་པ། གདེག་པ་མེད་པ། གཞག་པ་མེད་པ། ཚིག་གི་ལམ་ལས་ཡང་དག་པར་འདས་པ། ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྗེས་སུ་ཞུགས་པ་ཡིན་མོད་ཀྱི། འཇམ་ དཔལ༑ འོན་ཀྱང་སེམས་ཅན་རྣམས་ཀྱིས་དབྱིབས་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་དག་གིས་ནམ་མཁའ་ཡང་ཆུང་དུ་དང༌། འབྲིང་དང༌། ཆེན་པོར་ཀུན་ཏུ་ཤེས་པར་ འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཐམས་ཅད་དུ་མཉམ་ཞིང་རྣམ་པར་མི་རྟོག་ལ། བྱེ་ བྲག་མི་འབྱེད་དེ། མ་སྐྱེས་པ། མ་འགགས་པ། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན། མཚན་གཞི་མེད་པ། སྤྲོས་པ་མེད་པ། གཟུགས་མེད་ པ༑ བསྟན་དུ་མེད་པ། རྣམ་པར་རིག་པ་མེད་པ། རེག་པ་མེད་པ། གནས་མེད་པ། གཞལ་དུ་མེད་པ། གཞལ་བ་ལས་ཡང་དག་པར་འདས་པ། དཔེ་མེད་པ། དཔེ་ལས་ ཡང་དག་པར་འདས་པ། མི་གནས་པ། གཟུང་བ་མེད་པ། མིག་གི་ལམ་ལས་ཡང་དག་པར་འདས་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། མཚན་ ཉིད་མེད་པ། ཡི་གེ་མེད་པ། སྒྲ་མེད་པ། ཡིད་ལ་བྱེད་པ་མེད་པ། བླང་བ་མེད་པ། དོར་བ་མེད་པ། གདེག་པ་མེད་པ། གཞག་པ་མེད་པ། ཚིག་གི་ལམ་ལས་ཡང་དག་པར་ འདས་པ། ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྗེས་སུ་ཞུགས་པ་ཡིན་མོད་ཀྱི། འཇམ་དཔལ། འོན་ཀྱང་སེམས་ཅན་དམན་པ་དང༌། འབྲིང་དང༌། མཆོག་གང་དག་ཡིན་པ་དེ་དག་ གིས་དེ་བཞིན་གཤེགས་པ་ཡང་དག་པ་དང༌། འབྲིང་དང༌། མཆོག་ཏུ་མཐོང་ངོ༌། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། འདི་སྙམ་དུ་སེམས་ཅན་འདི་ནི། བསམ་ པ་དང༌། མོས་པ་དམན་པ་ཡིན་གྱི། སེམས་ཅན་འདི་ལ་ནི། གཟུགས་ཀྱི་སྐུའི་ཁ་དོག་ཡོངས་སུ་འགྲུབ་པ་དམན་པ་བསྟན་པར་བྱའོ། །སེམས་ཅན་འདི་ནི། བསམ་པ་ ༄༅། །དང༌། མོས་པ་འབྲིང་ཡིན་གྱི། སེམས་ཅན་འདི་ལ་ནི། གཟུགས་ཀྱི་སྐུའི་ཁ་དོག་ཡོངས་སུ་འགྲུབ་པ་འབྲིང་བསྟན་པར་བྱའོ། །སེམས་ ཅན་འདི་ནི། བསམ་པ་དང་མོས་པ་རྒྱ་ཆེ་བ་ཡིན་གྱི། སེམས་ཅན་འདི་ལ་ནི། གཟུགས་ཀྱི་སྐུའི་ཁ་དོག་ཡོངས་སུ་འགྲུབ་པ་རྒྱ་ཆེན་པོ་བསྟན་པར་བྱའོ། །སྙམ་དུ་མི་ སེམས་སོ། །འཇམ་དཔལ། ཆོས་སྟོན་པའང་དེ་བཞིན་དུ་རྟོགས་པར་བྱ་སྟེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། འདི་སྙམ་དུ་སེམས་ཅན་འདི་ནི། དམན་ པ་ལ་མོས་པ་ཡིན་གྱི། སེམས་ཅན་འདི་ལ་ནི། ཉན་ཐོས་ཀྱི་ཐེག་པའི་གཏམ་དམན་པ་བརྗོད་པར་བྱའོ། །སེམས་ཅན་འདི་ནི། བར་མ་ལ་མོས་པ་ཡིན་གྱི། སེམས་ ཅན་འདི་ལ་ནི། རང་སངས་རྒྱས་ཀྱི་ཐེག་པའི་གཏམ་བར་མ་བརྗོད་པར་བྱའོ། །སེམས་ཅན་འདི་ནི། རྒྱ་ཆེན་པོ་ལ་མོས་པ་ཡིན་གྱི། སེམས་ཅན་འདི་ལ་ནི། ཐེག་པ་ཆེན་ པོའི་གཏམ་རྒྱ་ཆེན་པོ་བརྗོད་པར་བྱའོ། །སྙམ་དུ་མི་སེམས་སོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། འདི་སྙམ་དུ་སེམས་ཅན་འདི་ནི། སྦྱིན་པ་ལ་མོས་པ་ཡིན་ གྱི༑ སེམས་ཅན་འདི་ལ་ནི། སྦྱིན་པའི་གཏམ་བརྗོད་པར་བྱའོ། །སེམས་ཅན་འདི་ནི། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་ལ་མོས་ པ་ཡིན་གྱི། སེམས་ཅན་འདི་ལ་ནི། བསམ་གཏན་གྱི་གཏམ་བརྗོད་པར་བྱའོ། །སྙམ་དུའང་མི་སེམས་སོ། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནི། འདི་ སྙམ་དུ་སེམས་ཅན་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ཡིན་གྱི། སེམས་ཅན་འདི་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་བརྗོད་པར་བྱའོ། །སྙམ་དུའང་ མི་སེམས་ཏེ། འཇམ་དཔལ། དེ་བཞིན་གཤེགས་པ་ལ་ནི། རྣམ་པར་རྟོག་པ་དེ་ལྟ་བུ་དག་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། དེ་བཞིན་གཤེགས་པ་ནི། ཆོས་ཀྱི་ སྐུ་ཡིན་པའི་ཕྱིར་ཏེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། ཤིན་ཏུ་མ་སྐྱེས་པ་དང༌། མ་འགགས་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པའི་རྣམ་པར་ ཤེས་པ་ནི། མིང་དང༌། གཟུགས་དང༌། ངེས་པའི་ཚིག་གི་རྗེས་སུ་འབྲང་ཞིང་འབྱུང་བ་མ་ཡིན་ཏེ། འཇམ་དཔལ། དེ་བཞིན་གཤེགས་པ་ནི། རྟོག་པར་མི་བྱེད། རྣམ་ པར་རྟོག་པར་མི་བྱེད་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི། སྐད་ཅིག་པ་ཡིན་ཏེ། མི་ཟད་པའི་མཚན་ཉིད་དང༌། མི་ཟད་པའི་མཐའ་དང༌། ཡང་དག་ པའི་མཐར་ངེས་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ ༄༅། །མཐའ་དང༌། གཉིས་སུ་མེད་པའི་མཐའ་དང༌། ཤིན་ཏུ་འབྱུང་བ་མེད་པའི་མཐའ་ཡིན་ཏེ། ཐམས་ཅད་དུ་མཉམ་ཞིང་རྣམ་པར་མི་རྟོག་ལ་བྱེ་ བྲག་མི་འབྱེད་དེ། དམན་པ་མ་ཡིན། བར་མ་མ་ཡིན། མཆོག་མ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཉམ་ཞིང་རྣམ་པར་མི་རྟོག་ལ་བྱེ་ བྲག་མི་འབྱེད་དེ། དམན་པ་མ་ཡིན། བར་མ་མ་ཡིན། མཆོག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ཅད་ནི། དམིགས་སུ་མེད་པའི་ཕྱིར་ཏེ། འཇམ་དཔལ། ཆོས་ཐམས་ཅད་ནི། དམིགས་སུ་མེད་པ་གང་ཡིན་པ་དེ་ནི། མཉམ་པ་ཉིད་ཡིན་ནོ། །མཉམ་པ་ཉིད་གང་ཡིན་པ་དེ་ནི། གནས་པ་ཉིད་ཡིན་ནོ། ། གནས་པ་ཉིད་གང་ཡིན་པ་དེ་ནི། མི་གཡོ་བ་ཉིད་ཡིན་ནོ། །མི་གཡོ་བ་ཉིད་གང་ཡིན་པ་དེ་ནི། མི་རྟེན་པ་ཉིད་ཡིན་ནོ། །ཆོས་ཐམས་ཅད་ལ། མི་རྟེན་པའི་སེམས་ཀྱི་ གནས་མེད་དོ། །སེམས་མི་གནས་པ་ནི། སྐྱེ་བ་མེད་པར་གྱུར་ཏེ། དེ་ལྟར་མཐོང་བའི་སེམས་དང༌། སེམས་ལས་བྱུང་བ་རྣམས་ནི། ཕྱིན་ཅི་མ་ལོག་པར་འཇུག་པར་ འགྱུར་རོ། །གང་གིས་སེམས་ཕྱིན་ཅི་མ་ལོག་པ་དེས་ནི། ཇི་ལྟ་བ་བཞིན་ཐོབ་པར་འགྱུར་རོ། །ཇི་ལྟ་བ་བཞིན་ཐོབ་པ་ནི། འཕྲོ་བར་མི་བྱེད་དོ། །སྤྲོས་པ་མེད་པ་ལ་ནི། སྤྱོད་པའང་ མེད་དོ༑ ༑གང་གི་ཚེ་སྤྱོད་པར་མི་བྱེད་པ་དེའི་ཚེ་མི་འཁོར་རོ། །གང་གི་ཚེ་མི་འཁོར་བ་དེའི་ཚེ་རྣམ་པར་མི་འཕྲོ་སྟེ། རྣམ་པར་འཕྲོ་བ་མེད་པ་ནི། ཆོས་ཉིད་དང་འགལ་བར་མི་བྱེད་དོ། །ཆོས་ཉིད་དང་མི་འགལ་བ་ནི། ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །ཐམས་ཅད་དང་རྗེས་སུ་མཐུན་པ་ནི། ཆོས་ཀྱི་རང་བཞིན་ལས་མི་གཡོའོ། །ཆོས་ཀྱི་རང་བཞིན་བས་ནི། ཆོས་ཀྱི་རང་བཞིན་ཐོབ་པར་ འགྱུར་རོ། །ཆོས་ཀྱི་རང་བཞིན་ཐོབ་པ་ནི། ཅུང་ཟད་ཀྱང་འཕྲོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་ པ་གང་ཡིན་པ་དེ་ནི། ཤིན་ཏུ་མ་སྐྱེས་པ་ཡིན་ནོ། །ཤིན་ཏུ་མ་སྐྱེས་པ་གང་ཡིན་པ་དེས་ནི། ངེས་པ་འཐོབ་བོ། །ངེས་པ་ཐོབ་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཡིད་ལ་ བྱེད་པ་དང་ལྷན་ཅིག་མི་གནས་ཏེ། གང་གི་ཚེ་ཆོས་ཐམས་ཅད་ཡིད་ལ་བྱེད་པ་དང་ལྷན་ཅིག་མི་གནས་པ་དེའི་ཚེ་གནས་པར་བྱ་བ་མེད་པ་ཡིན་ནོ། །གང་གི་ཚེ་གནས་པར་བྱ་བ་ མེད་པ་དེའི་ཚེ་མི་འབྱུང་མི་འཇིག་གོ །གང་གི་ཚེ་མི་འབྱུང་མི་འཇིག་པ་དེའི་ཚེ་གནས་ཤིང་ཆོས་ཐོབ་པར་འགྱུར་རོ། །གང་གི་ཚེ་གནས་ཤིང་ཆོས་ཐོབ་པ་དེའི་ཚེ་ཚུལ་བཞིན་གྱི་ ཆོས་ལ་ཞུགས་པར་འགྱུར་རོ། །ཚུལ་བཞིན་གྱི་ཆོས་ལ་ཞུགས་པ་ལ་ནི། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་དེ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ༄༅། །སྟོང་པ་ཉིད་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི། བྱང་ཆུབ་བོ། །དེས་དེ་ལྟར་སྟོང་བ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། གནས་མེད་པ་དང༌། འབྱུང་བ་མེད་པ་དང༌། གཟུང་བ་མེད་པ་དང༌། གཞི་མེད་པ་རྗེས་སུ་རྟོགས་པའི་ཕྱིར་བྱང་ཆུབ་སྟེ། བྱང་ཆུབ་ནི། ཚུལ་བཞིན་ལ་སྦྱོར་བའོ། །ཚུལ་བཞིན་དུ་སྦྱོར་བ་ནི། འདེག་པ་མེད་པ་དང༌། གཞག་པ་མེད་པ་དང༌། བྱ་བ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་ལ་སྦྱོར་བ་དང༌། ཆགས་པ་མེད་པ་དང༌། གྲོལ་བ་མེད་པ་ལ་སྦྱོར་བ་དང༌། གཅིག་པ་ཉིད་མ་ཡིན་པ་དང༌། ཐ་དད་པ་ཉིད་མ་ཡིན་པ་ལ་སྦྱོར་བ་དང༌། འོངས་པ་མ་ཡིན་པ་ལ་སྦྱོར་བ་ དང༌། ཚུལ་བཞིན་ལ་སྦྱོར་བ་ཡིན་ནོ། །ཚུལ་བཞིན་གང་ཡིན་པ་དེ་ལ་ནི། སྦྱོར་བའང་མེད། སྤངས་པའང་མེད། འབྲས་བུ་མངོན་སུམ་དུ་བྱ་བའང་མེད་དོ། དེ་ཅིའི་ཕྱིར་ ཞེ་ན༑ འཇམ་དཔལ། སེམས་ནི། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཏེ། དེ་ནི། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པར་ཟད་ཀྱི། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཉིད་མ་ཡིན་ནོ། །རང་བཞིན་གྱིས་འོད་གསལ་བ་ཉིད་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་མེད་པ་ཉིད་མ་ཡིན་ནོ། །ཀུན་ནས་ ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ལ་ནི། གཉེན་པོ་གང་གིས་ཉོན་མོངས་པ་སྤོང་བར་འགྱུར་བའི་གཉེན་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། དེ་ནི། དག་པ་ཉིད་ཡིན་པས་ དག་པ་ནི། དག་པར་མི་འགྱུར་བའི་ཕྱིར་ཏེ། དག་པ་གང་ཡིན་པ་དེ་ནི། སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། མ་སྨད་པའོ། །མ་སྨད་པ་གང་ཡིན་པ་དེ་ནི། འདོད་པ་ སྤངས་པའོ། །འདོད་པ་སྤངས་པ་གང་ཡིན་པ་དེ་ལ་ནི། སྲེད་པ་ཐམས་ཅད་འགག་གོ །གང་ལ་སྲེད་པ་ཐམས་ཅད་འགགས་པ་དེ་ནི། མི་སྐྱེའོ། །མི་སྐྱེ་བ་གང་ཡིན་པ་དེ་ནི། བྱང་ཆུབ་བོ། །བྱང་ཆུབ་གང་ཡིན་པ་དེ་ནི། མཉམ་པ་ཉིད་དོ། །མཉམ་པ་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ལ་ནི། འདུས་བྱས་དང༌། འདུས་མ་བྱས་ ཀྱི་ཆོས་ཐམས་ཅད་གནས་སོ། །དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི། འདུས་བྱས་ཀྱང་མེད། འདུས་མ་བྱས་ཀྱང་མེད། གཉིས་སུ་གདགས་པའང་མེད་དོ། །གང་ལ་འདུས་ བྱས་ཀྱང་མེད། འདུས་མ་བྱས་ཀྱང་མེད། གཉིས་སུ་གདགས་པའང་མེད་པ་དེ་ནི། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གཞན་ མ་ཡིན་པ་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འགྱུར་བ་མེད་པ་དེ་བཞིན་ཉིད་དོ། །འགྱུར་བ་མེད་པ་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འོང་བ་མེད་པ་དེ་བཞིན་ཉིད་དོ། །འོང་བ་མེད་པ་ ༄༅། །དེ་བཞིན་ཉིད་གང་ཡིན་པ་དེ་ནི། འགྲོ་བ་མེད་པ་དེ་བཞིན་ཉིད་དོ། །འགྲོ་བ་མེད་པ་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཇི་ལྟ་བ་བཞིན་དེ་བཞིན་ཉིད་དོ། །ཇི་ལྟ་བ་དེ་བཞིན་ཉིད་གང་ ཡིན་པ་དེ་ནི། ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ནོ། །ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་པ་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ། །གང་ཀུན་ ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་བ་དེ་ནི། སྐྱེ་བར་མི་འགྱུར། འགག་པར་མི་འགྱུར་རོ། །གང་སྐྱེ་བར་མི་འགྱུར། འགག་པར་མི་འགྱུར་བ་དེ་ནི། མྱ་ངན་ལས་འདས་པ་དང་མཉམ་མོ། །གང་མྱ་ངན་ལས་འདས་པ་དང་མཉམ་པ་དེ་ནི། འཁོར་བར་མི་འགྱུར། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གང་ འཁོར་བར་མི་འགྱུར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་དེ་ནི། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་དེ་ནི། དམན་པ་མ་ཡིན། བར་མ་མ་ཡིན། མཆོག་མ་ཡིན་ནོ། །གང་དམན་པ་མ་ཡིན། བར་མ་མ་ཡིན། མཆོག་ མ་ཡིན་པ་དེ་ནི། དེ་བཞིན་ཉིད་དེ། དེ་བཞིན་ཉིད་ཅེས་བྱ་བ་དེ་ནི། དེ་ཁོ་ནའི་དོན་གྱི་ཚིག་བླ་དྭགས་ཡིན་ནོ། །དེ་ཁོ་ན་ཞེས་བྱ་བ་ནི། དེ་བཞིན་ཉིད་ཁོ་ནའོ། །དེ་བཞིན་ ཉིད་དེ་ཁོ་ན་ནི། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དང༌། བདག་དེ་ནི། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཉིས་སུ་བྱར་མེད་པའི་དོན་གང་ཡིན་པ་དེ་ནི། བྱང་ཆུབ་ སྟེ༑ བྱང་ཆུབ་ནི། དོན་རྟོགས་པའོ། །དོན་ཅེས་བྱ་བ་ནི། ཆོས་བསྟན་པ་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་གསུམ་དུ་འཇུག་པ་ཤེས་པའོ། །ཤེས་པ་ཞེས་བྱ་བ་ནི། ཆོས་ ཐམས་ཅད་ལ་དུས་གསུམ་མཉམ་པ་ཉིད་དུ་འཇུག་པའོ། །ཆོས་ཐམས་ཅད་ཀྱི་དབྱེར་མེད་པའི་དོན་དེ་ནི། དོན་ཅེས་བྱ་སྟེ། དོན་ནི། སྒྲ་མེད་པ། བརྗོད་དུ་མེད་པ། ཐ་སྙད་ མེད་པ༑ ཐ་སྙད་ཡང་དག་པར་ཆད་པ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི། དོན་རྗེས་སུ་རྟོགས་པའི་ཤེས་པ་དང༌། རྣམ་པར་ཤེས་པ་རྗེས་སུ་རྟོགས་པའི་ཤེས་པ་གང་ཡིན་པ་སྟེ། དེ་ནི༑ ཤེས་པ་ཞེས་བྱའོ། །དོན་ཅེས་བྱ་བ་ནི། དེ་ཁོ་ནའི་དོན་ཤེས་པ་དང༌། རྣམ་པར་ཤེས་པ་རྗེས་སུ་རྟོགས་པའི་ཤེས་པས་ངེས་པར་རྟོགས་པ་གང་ཡིན་པ་སྟེ། དེ་ཉིད་ ཆོས་ཉིད་ཡིན་ནོ། །ཆོས་ཉིད་གང་ཡིན་པ་དེ་ནི། དོན་ཡིན་ནོ། །དོན་རྗེས་སུ་རྟོགས་པའི་ཤེས་པ་དང༌། རྣམ་པར་ཤེས་པ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ངེས་པའི་ དོན་རྗེས་སུ་རྟོགས་པའི་ཤེས་པས་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི། ཆོས་ཉིད་དོ། །ཆོས་ཉིད་གང་ཡིན་པ་དེ་ནི། དོན་ཡིན་ནོ། །དོན་གང་ཡིན་པ་དེ་ནི། ཆོས་ཉིད་དང༌། ཆོས་ ༄༅། །གནས་པ་ཉིད་དང༌། ཆོས་ངེས་པ་ཉིད་དེ། དེ་ནི། ཆོས་ལ་འཇུག་པར་མི་འགྱུར་རོ། །ཆོས་ལ་མ་ཞུགས་པ་གང་ཡིན་པ་དང༌། དོན་དང་ཚིག་ འབྲུ་མཉམ་པ་ཉིད་གང་ཡིན་པ་དེ་ནི། གཉིས་སུ་མེད་པའི་དོན་གྱིས་མཉམ་པ་ཉིད་ཡིན་ཏེ། མཉམ་པ་ཉིད་གང་ཡིན་པ་དེ་ནི། དོན་ཡིན་ནོ། །དོན་ཤེས་པ་དང༌། རྣམ་ པར་ཤེས་པ་ལ་མཉམ་པ་ཉིད་གང་ཡིན་པ་དེ་ནི། གཉིས་སུ་མེད་པའི་སྒོར་འཇུག་པས་ན། ཤེས་པ་ཡིན་ནོ། །ངེས་པའི་དོན་དང༌། དྲང་བའི་དོན་མཉམ་པ་ཉིད་ཀྱིས་ དོན་མཉམ་པ་དེ་ནི། སྟོང་པ་ཉིད་དོ། །སྟོང་པ་ཉིད་དུ་དོན་མཉམ་པས་གང་ཟག་མཉམ་པ་ཉིད་མཉམ་མོ། །གང་ཟག་མཉམ་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་མཉམ་ མོ༑ ༑ཆོས་མཉམ་པ་ཉིད་ཀྱིས་རྣམ་པར་གྲོལ་བ་མཉམ་པ་ཉིད་མཉམ་སྟེ། རྣམ་པར་གྲོལ་བ་མཉམ་པ་ཉིད་རྗེས་སུ་རྟོགས་པ་ནི། བྱང་ཆུབ་བོ། །འཇམ་དཔལ། གཟུགས་ ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་མིག་ནི། ཆགས་པ་ཡིན་ནོ། །གཟུགས་དང་མིག་གི་རང་བཞིན་ཤེས་པ་ནི། ཆགས་པ་མེད་པ་ཡིན་ནོ། །ལྟ་བ་ལ་ཆགས་ པར་གྱུར་པ་རྣམས་ཀྱི་རང་གི་ལུས་ནི། ཆགས་པ་ཡིན་ནོ། །ལྟ་བར་གྱུར་པ་ཐམས་ཅད་ཀྱི་རང་གི་ལུས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ནི། ཆགས་པ་མེད་པ་ཡིན་ ནོ༑ ༑ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་ཆོས་ཀྱི་སྣང་བ་ནི། ཆགས་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པའི་ཆོས་ལ་སོ་ སོར་རྟོག་ཅིང་ངོ་བོ་ཉིད་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ནི། ཆགས་པ་མེད་པ་ཡིན་ནོ། །ཐེ་ཚོམ་གྱི་དྲི་མ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་ཐར་པ་ནི། ཆགས་ པ་ཡིན་ནོ། །མོས་པ་དང་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི། ཆགས་པ་མེད་པ་ཡིན་ནོ། །ལེ་ལོའི་དྲི་མ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ ཀྱི་རྟོགས་པར་བྱ་བ་ལ་བརྩོན་འགྲུས་བརྟན་པ་ཉིད་ནི། ཆགས་པ་ཡིན་ནོ། །ཆོས་ཇི་ལྟ་བ་བཞིན་རྟོགས་པ་ནི། ཆགས་པ་མེད་པ་ཡིན་ནོ། །སྒྲིབ་པ་ལ་ཆགས་པས་ཆགས་ པར་གྱུར་པ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། ཆགས་པ་ཡིན་ནོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཤེས་པ་ནི། ཆགས་པ་མེད་པ་ཡིན་ནོ། །རང་བཞིན་གྱིས་ཡོངས་སུ་ དག་པའི་ཆོས་ཐམས་ཅད་ནི། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་སྟེ། དེ་ལ་བྱང་ཆུབ་སེམས་དཔས་ཀུན་ནས་ཉོན་མོངས་པའི་རྒྱུ་དང༌། རྣམ་པར་བྱང་བའི་རྒྱུའང་ཡོངས་སུ་ཤེས་ པར་བྱ་ཞིང༌། ཀུན་ནས་ཉོན་མོངས་པའི་རྒྱུ་རྣམ་པར་དག་པ་དང༌། རྣམ་པར་བྱང་བའི་རྒྱུ་རྣམ་པར་དག་པས་ཀྱང་གནས་པར་མི་བྱའོ། །བདག་ཀུན་ནས་སློང་བ་དང༌། ལྟ་བ་ཀུན་ ༄༅། །ནས་སློང་བ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །ཆོས་བདག་མེད་པ་ལ་འཇུག་པའི་བཟོད་པ་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །ངར་ འཛིན་པ་དང༌། ང་རྒྱལ་གྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །ནང་ཉེ་བར་ཞི་པ་དང༌། ཕྱི་རོལ་ཏུ་རྒྱུ་བ་མེད་པ་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། རྟོག་པ་དག་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །མི་སྡུག་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། བརྟེན་པའི་ཆོས་ལ་འཇུག་པའི་བཟོད་པ་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །ཕྱིན་ཅི་ལོག་བཞི་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །ཡང་ དག་པའི་དྲན་པ་ཉེ་བར་གཞག་པ་བཞི་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །སྒྲིབ་པ་ལྔ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །དབང་པོ་ལྔ་ནི། རྣམ་པར་བྱང་བའི་ རྒྱུ་ཡིན་ནོ། །སྐྱེ་མཆེད་དྲུག་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །རྗེས་སུ་དྲན་པ་དྲུག་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །དམ་པ་མ་ཡིན་པའི་ཆོས་བདུན་ནི། ཀུན་ ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །ལོག་པ་ཉིད་བརྒྱད་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །ཡང་དག་ པ་ཉིད་བརྒྱད་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །དགེ་བ་བཅུའི་ལས་ཀྱི་ལམ་ནི། རྣམ་པར་བྱང་བའི་ རྒྱུ་ཡིན་ཏེ། མདོར་ན་མི་དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་ནི། ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ནོ། །དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་ནི། རྣམ་པར་བྱང་བའི་རྒྱུ་ཡིན་ནོ། །དེ་ ལ་ཀུན་ནས་ཉོན་མོངས་པའི་རྒྱུ་གང་ཡིན་པ་དང༌། རྣམ་པར་བྱང་བའི་རྒྱུ་གང་ཡིན་པའི་ཆོས་དེ་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ་དང༌། སེམས་ཅན་མེད་པ་དང༌། སྲོག་ མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་དང༌། ཡོངས་སུ་འཛིན་པ་མེད་པ་དང༌། བྱེད་པ་མེད་པ་དང༌། སྒྱུ་མ་ལྟ་བུ་དང༌། མཚན་ཉིད་མེད་པ་དང༌། ནང་ ཉེ་བར་ཞི་བ་ཡིན་ནོ། །ནང་ཉེ་བར་ཞི་བ་གང་ཡིན་པ་དེ་ནི། རབ་ཏུ་ཞི་བའོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ནི། རང་བཞིན་ནོ། །རང་བཞིན་གང་ཡིན་པ་དེ་ནི། དམིགས་སུ་ མེད་པའོ། །དམིགས་སུ་མེད་པ་གང་ཡིན་པ་དེ་ནི། གནས་མེད་པའོ། །གནས་མེད་པ་གང་ཡིན་པ་དེ་ནི། དེ་ཁོ་ནའོ། །དེ་ཁོ་ན་ནི། ནམ་མཁའ་སྟེ། དེས་ཆོས་ཐམས་ཅད་ ༄༅། །ནམ་མཁའ་ལྟ་བུར་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་སྤྱོད་ཀྱང་ནམ་མཁའི་ཆོས་ཉིད་དག་མི་སྤོང་ངོ༌། །དེ་ཅིའི་ ཕྱིར་ཞེ་ན། འཇམ་དཔལ། གང་ལ་སྐྱེ་བའམ། འགག་པར་འགྱུར་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འོ་ ན༑ དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་བརྙེས་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པས་ནི། རྩ་བ་མེད་པ་ དང༌། གནས་མེད་པར་བྱང་ཆུབ་ཐོབ་བོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ལ་རྩ་བ་ནི། གང་ལགས། གནས་ནི། གང་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འཇིག་ཚོགས་ནི། རྩ་བ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི། གནས་ཡིན་ནོ། །འཇམ་དཔལ། དེ་ལ་དེ་ བཞིན་གཤེགས་པས་བྱང་ཆུབ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ཏེ། འཇམ་དཔལ། དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་དང༌། གནས་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །འཇམ་དཔལ། བྱང་ཆུབ་ནི། ཞི་བ་དང༌། ཉེ་བར་ཞི་བ་ཡིན་ཏེ། དེ་ལ་ཞི་བ་ནི། གང༌། ཉེ་བར་ ཞི་བ་ནི༑ གང་ཞེ་ན། ནང་ནི། ཞི་བ་ཡིན་ནོ། །ཕྱི་རོལ་ནི། ཉེ་བར་ཞི་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། མིག་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་ དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་མིག་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་གཟུགས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་རྣ་བ་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་སྒྲ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ ཉེ་བར་ཞི་བ་ཞེས་བྱའོ། །སྣ་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་སྣ་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་ དྲི་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ལྕེ་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་ལྕེ་སྟོང་པ་ ཞེས་བྱ་བར་ཡོངས་སུ་ཤེས་ནས་རོ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ལུས་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་ལུས་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་རེག་བྱ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །འཇམ་དཔལ། ཡིད་ནི། བདག་དང་ ༄༅། །བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི། ཞི་བ་ཞེས་བྱའོ། །དེས་ཡིད་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་ཆོས་རྣམས་ལ་མི་ རྒྱུག་སྟེ༑ དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །འཇམ་དཔལ། བྱང་ཆུབ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཀྱིས་རང་བཞིན་འོད་གསལ་བ་ཡིན་ཏེ། ཅིའི་ཕྱིར་ འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཉམ་པ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་ཡང་ དག་པར་འདུ་བ། ནམ་མཁའ་ལྟ་བུ་སྟེ། རང་བཞིན་གྱིས་ཤིན་ཏུ་འོད་གསལ་བ་ཡིན་པའི་ཕྱིར་རོ། །འཇམ་དཔལ། བྱང་ཆུབ་ནི། བླང་བ་མེད་པ་ཉིད་དང༌། དོར་བ་མེད་ པ་ཉིད་ཡིན་ཏེ། དེ་ལ་བླང་བ་མེད་པ་ཉིད་ནི། གང༌། དོར་བ་མེད་པ་ཉིད་ནི། གང་ཞེ་ན། བླང་བ་མེད་པ་ཉིད་ཅེས་བྱ་བ་ནི། ཆོས་ཐམས་ཅད་གཟུང་དུ་མེད་པ་ཉིད་ཡིན་ནོ། ། དོར་བ་མེད་པ་ཉིད་ཅེས་བྱ་བ་ནི། ཆོས་ཐམས་ཅད་སྤང་དུ་མེད་པ་ཉིད་ཡིན་ནོ། །འཇམ་དཔལ། དེ་ལ་དེ་བཞིན་གཤེགས་པ་ནི། བླང་བ་མེད་པ་ཉིད་དང༌། དོར་བ་མེད་པ་ ཉིད་ཀྱིས་ཆུ་བོ་ལས་རྒལ་བར་གྱུར་ཏེ། ཇི་ལྟར་དེ་བཞིན་ཉིད་ཀྱི་ཚུ་རོལ་ཡང་དག་པར་རྗེས་སུ་མི་མཐོང༌། ཕ་རོལ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་ཆུ་བོ་ལས་རྒལ་ ཏོ༑ ༑དེ་ལྟར་དེ་བཞིན་གཤེགས་པས་ཚུ་རོལ་དང་ཕ་རོལ་དང་བྲལ་བའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །འཇམ་ དཔལ༑ བྱང་ཆུབ་ནི། མཚན་མ་མེད་པ་ཉིད་དང༌། དམིགས་པ་མེད་པ་ཉིད་ཡིན་ཏེ། དེ་ལ་མཚན་མ་མེད་པ་ཉིད་ནི། གང༌། དམིགས་པ་མེད་པ་ཉིད་ནི། གང་ཞེ་ན། འཇམ་ དཔལ༑ མིག་གི་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། དམིགས་པ་མེད་པ་ཉིད་ཡིན་ནོ། །རྣ་བའི་ རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །སྒྲ་མཉན་དུ་མེད་པ་ནི། དམིགས་པ་མེད་པ་ཉིད་ཡིན་ནོ། །སྣའི་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །དྲི་བསྣམ་དུ་མེད་པ་ནི། དམིགས་སུ་མེད་པ་ཉིད་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །རོ་མྱང་དུ་ མེད་པ་ནི། དམིགས་པ་མེད་པ་ཉིད་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །རེག་བྱ་རེག་པར་བྱ་བ་མེད་པ་ནི། དམིགས་པ་ མེད་པ་ཉིད་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པ་ཉིད་ཡིན་ནོ། །ཆོས་རྣམས་རྣམ་པར་ཤེས་པར་བྱར་མེད་པ་ནི། དམིགས་པ་མེད་པ་ ༄༅། །ཉིད་ཡིན་ནོ། །འཇམ་དཔལ། དེ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། འཇམ་དཔལ། གང་ཁམས་གསུམ་པའི་སྤྱོད་ཡུལ་མ་ ཡིན་པ་དེ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །འཇམ་དཔལ། བྱང་ཆུབ་ནི། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དུས་གསུམ་ མཉམ་པ་འཁོར་གསུམ་ཡོངས་སུ་ཆད་པ་ཡིན་ནོ། །འཇམ་དཔལ། དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། འདས་པ་ལ་སེམས་མི་འཇུག་པ་དང༌། མ་འོངས་པ་ ལ་རྣམ་པར་ཤེས་པ་མི་རྒྱུག་པ་དང༌། དེ་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འབྱུང་བ་གང་ཡིན་པ་སྟེ། དེ་ནི། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ལ་མི་གནས་ ཤིང་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དོ། །རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་པ་ནི། འདས་པ་ཡིད་ལ་མི་བྱེད། མ་འོངས་པ་ལ་རློམ་སེམས་སུ་མི་ བྱེད༑ དེ་ལྟར་བྱུང་བ་ལ་འཕྲོ་བར་མི་བྱེད་དོ། །འཇམ་དཔལ། བྱང་ཆུབ་ནི། ལུས་མེད་པ་ཉིད་དང༌། འདུས་མ་བྱས་པ་ཉིད་ཡིན་ཏེ། འཇམ་དཔལ། དེ་ལ་ལུས་མེད་པ་ ཉིད་ནི༑ མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ ཡིན་པ་གང་ཡིན་པའོ། །འཇམ་དཔལ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ཉིད་འདུས་མ་བྱས་པ་ཉིད་ ཡིན་ཏེ༑ འདུས་མ་བྱས་པ་ཉིད་ཅེས་བྱ་བ་ནི། གང་ལ་སྐྱེ་བ་མེད་པ་དང༌། གནས་པ་མེད་པ་དང༌། འཇིག་པ་མེད་པའོ། །དེ་ནི། འཁོར་གསུམ་ཡོངས་སུ་དག་པ་འདུས་ མ་བྱས་པ་ཡིན་ཏེ། འདུས་མ་བྱས་པ་ཇི་ལྟ་བ་ཁོ་ན་བཞིན་དུ་འདུས་བྱས་ཀྱང་དེ་ལྟ་བུ་ཁོ་ན་ཡིན་པར་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་ནི། གཉིས་སུ་མེད་པའི་ཕྱིར་རོ། འཇམ་དཔལ། བྱང་ཆུབ་དེ་ནི། དབྱེར་མེད་ པའི་གཞི་ཡིན་ཏེ། དེ་ལ་དབྱེར་མེད་པ་ནི། གང༌། གཞི་ནི། གང་ཞེ་ན། མིང་མེད་པ་ནི། དབྱེར་མེད་པའོ། །དེ་བཞིན་ཉིད་ནི། གཞིའོ། །གནས་མེད་པ་ནི། དབྱེར་ མེད་པའོ། །ཆོས་ཀྱི་དབྱིངས་ནི། གཞིའོ། །ཐ་དད་པ་ཉིད་མེད་པ་ནི། དབྱེར་མེད་པའོ། །ཡང་དག་པའི་མཐའ་ནི། གཞིའོ། །དམིགས་པ་མེད་པ་ནི། དབྱེར་མེད་པའོ། ། གཡོ་བ་མེད་པ་ནི། གཞིའོ། །སྟོང་པ་ཉིད་ནི། དབྱེར་མེད་པའོ། །མཚན་མ་མེད་པ་ནི། གཞིའོ། །རྣམ་པར་རྟོག་པ་མེད་པ་ནི། དབྱེར་མེད་པའོ། །སྨོན་པ་མེད་པ་ནི། ༄༅། །གཞིའོ༑ ༑སྒྲུབ་པ་མེད་པ་ནི། དབྱེར་མེད་པའོ། །སེམས་ཅན་མེད་པ་ནི། གཞིའོ། །སེམས་ཅན་གྱི་ངོ་བོ་ཉིད་མེད་པ་ནི། དབྱེར་མེད་པའོ། །ནམ་ མཁའ་ནི། གཞིའོ། །དམིགས་སུ་མེད་པ་ནི། དབྱེར་མེད་པའོ། །སྐྱེ་བ་མེད་པ་ནི། གཞིའོ། །འགག་པ་མེད་པ་ནི། དབྱེར་མེད་པའོ། །འདུས་མ་བྱས་ནི། གཞིའོ། །སྤྱོད་ པ་མེད་པ་ནི། དབྱེར་མེད་པའོ། །བྱང་ཆུབ་ནི། གཞིའོ། །ཉེ་བར་ཞི་བ་ནི། དབྱེར་མེད་པའོ། །མྱ་ངན་འདས་པ་ནི། གཞིའོ། །མངོན་པར་འགྲུབ་པ་མེད་པ་ནི། དབྱེར་ མེད་པའོ། །སྐྱེ་བ་མེད་པ་ནི། གཞིའོ། །འཇམ་དཔལ། བྱང་ཆུབ་ནི། ལུས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་ཏེ། སེམས་ཀྱིས་ཀྱང་མ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། འཇམ་དཔལ། ལུས་ནི། བེམ་པོ། གཡོ་བ་མེད་པ། སེམས་པ་མེད་པ་སྟེ། རྩྭ་དང༌། རྩིག་པ་དང༌། ཤིང་དང༌། བོང་བ་དང༌། གཟུགས་བརྙན་ ལྟ་བུ་ཡིན་ལ། སེམས་ཀྱང་སྒྱུ་མ་ལྟ་བུ་སྟེ། གསོག་དང༌། གསོབ་དང༌། ཡང་དག་པ་མ་ཡིན་པ་དང༌། འདུས་མ་བྱས་པ་ཡིན་པའི་ཕྱིར་རོ། །འཇམ་དཔལ། གང་ གིས་ལུས་དང་སེམས་དེ་ལྟར་རྟོགས་པ་དེ་ནི། བྱང་ཆུབ་ཅེས་བྱ་སྟེ། འཇམ་དཔལ། དེའང་ཐ་སྙད་ལ་བརྟེན་པ་ཡིན་གྱི། དོན་དམ་པར་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ ཞེ་ན༑ འཇམ་དཔལ། བྱང་ཆུབ་ནི། ལུས་དང༌། སེམས་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། ཡང་དག་པ་དང༌། ཡང་དག་པ་མ་ཡིན་པ་དང༌། བདེན་པ་དང༌། རྫུན་ པས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འཇམ་དཔལ། བྱང་ཆུབ་ནི། ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། བྱང་ ཆུབ་ལ་ནི། གང་གིས་ཚིག་དང༌། ཐ་སྙད་འཇུག་པར་འགྱུར་བའི་གནས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི། གནས་ མེད་པ༑ འདུས་མ་བྱས་པ། མ་སྐྱེས་པ། མ་འགགས་པ། བརྗོད་པར་བྱ་བ་མ་ཡིན་པའོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་ཀྱང་གནས་མེད་པ། འདུས་མ་བྱས་པ། མ་སྐྱེས་པ། མ་འགགས་པ། བརྗོད་པར་བྱ་བ་མ་ཡིན་པའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཡང་དག་པར་ཡོངས་སུ་ཚོལ་བ་ན་ཆོས་ཐམས་ཅད་ཀྱིས་བརྗོད་ པར་བྱ་བ་མ་ཡིན་པ་དེ་བཞིན་དུ། འཇམ་དཔལ། ཡང་དག་པར་བྱང་ཆུབ་ཡོངས་སུ་ཚོལ་བ་ནའང་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཡང་དག་པར་ནི་ཚིག་ནི། མ་སྐྱེས་པ་དང༌། མ་འགགས་པ་ཡིན་པས་ཡོད་པ་མ་ཡིན་པའི་ཕྱིར་རོ། །འཇམ་དཔལ། བྱང་ཆུབ་ནི། གཟུང་བ་མེད་པ་ཉིད་ ༄༅། །དང༌། གནས་མེད་པ་ཉིད་ཡིན་ཏེ། འཇམ་དཔལ། དེ་ལ་གཟུང་བ་མེད་པ་ནི། གང༌། གནས་མེད་པ་ནི། གང་ཞེ་ན། འཇམ་དཔལ། མིག་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པ་ཉིད་ཡིན་ནོ། །གཟུགས་དམིགས་སུ་མེད་པ་ནི། གནས་མེད་པ་ཉིད་ཡིན་ནོ། །རྣ་བ་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་ པ་ཉིད་ཡིན་ནོ། །སྒྲ་དམིགས་སུ་མེད་པ་ནི། གནས་མེད་པ་ཉིད་ཡིན་ནོ། །སྣ་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པ་ཉིད་ཡིན་ནོ། །དྲི་དམིགས་སུ་མེད་པ་ནི། གནས་ མེད་པ་ཉིད་ཡིན་ནོ། །ལྕེ་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པ་ཉིད་ཡིན་ནོ། །རོ་དམིགས་སུ་མེད་པ་ནི། གནས་མེད་པ་ཉིད་ཡིན་ནོ། །ལུས་ཡོངས་སུ་ཤེས་པ་ནི། གཟུང་ བ་མེད་པ་ཉིད་ཡིན་ནོ། །རེག་བྱ་དམིགས་སུ་མེད་པ་ནི། གནས་མེད་པ་ཉིད་ཡིན་ནོ། །ཡིད་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པ་ཉིད་ཡིན་ནོ། །ཆོས་དམིགས་སུ་མེད་ པ་ནི༑ གནས་མེད་པ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པས་ནི། དེ་ལྟར་གཟུང་བ་མེད་པ་ཉིད་དང༌། གནས་མེད་པ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་ཏེ༑ མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིག་གཟུང་དུ་མེད་པ་དང༌། གཟུགས་དམིགས་སུ་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་མི་གནས་སོ། །རྣ་བ་གཟུང་ དུ་མེད་པ་དང༌། སྒྲ་དམིགས་སུ་མེད་པའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལ་མི་གནས་སོ། །སྣ་གཟུང་དུ་མེད་པ་དང༌། དྲི་དམིགས་སུ་མེད་པའི་ཕྱིར་སྣའི་རྣམ་པར་ཤེས་པ་ ལ་མི་གནས་སོ། །ལྕེ་གཟུང་དུ་མེད་པ་དང༌། རོ་དམིགས་སུ་མེད་པའི་ཕྱིར་ལྕེའི་རྣམ་པར་ཤེས་པ་ལ་མི་གནས་སོ། །ལུས་གཟུང་དུ་མེད་པ་དང༌། རེག་བྱ་དམིགས་སུ་མེད་པའི་ ཕྱིར་ལུས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་སོ། །ཡིད་གཟུང་དུ་མེད་པ་དང༌། ཆོས་དམིགས་སུ་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་གནས་ཏེ། དེའི་ཕྱིར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྣམ་པར་ཤེས་པ་ལ་མི་གནས་པ་དང་ལྡན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འཇམ་དཔལ། བཞི་ པོ་འདི་དག་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཟུགས་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཡིན་ནོ། །འཇམ་ དཔལ༑ དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཡིན་ཏེ། འཇམ་དཔལ། དེ་བཞིན་གཤེགས་པས་ ནི༑ སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་བཞི་པོ་དེ་དག་མ་སྐྱེས་པ་དང༌། མ་འགགས་པར་ཤེས་སོ། །འཇམ་དཔལ། བྱང་ཆུབ་ཅེས་བྱ་བ་དེ་ནི། སྟོང་པ་ཉིད་ཀྱི་ཚིག་ ༄༅། །བླ་དྭགས་ཡིན་ཏེ། འཇམ་དཔལ། སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་ཀྱང་སྟོང་སྟེ། འཇམ་དཔལ་ དེ་བཞིན་གཤེགས་པས་ནི། དེ་དག་ཇི་ལྟར་སྟོང་པ་དེ་ལྟ་བུ་ཁོ་ནར་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་ པར་སངས་རྒྱས་པའང་མ་ཡིན་ཏེ། འཇམ་དཔལ། འདི་ལྟ་སྟེ། སྟོང་པ་ཉིད་དམ། བྱང་ཆུབ་དེ་ནི། ཤེས་པའི་ཚུལ་གཅིག་པ་ཡིན་ནོ། །འཇམ་དཔལ། གང་ལ་ སྟོང་པ་ཉིད་ཀྱང་མེད། བྱང་ཆུབ་ཀྱང་མེད་པ་དེ་ལ་ནི། འཇམ་དཔལ། གང་གིས་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་གཉིས་སུ་དབྱེ་བའི་གཉིས་ནི། ཅུང་ཟད་ཀྱང་ མེད་དོ༑ ༑དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ཅད་ནི། གཉིས་སུ་མེད་པ། མཚན་ཉིད་མེད་པ། གཉིས་སུ་དབྱེར་མེད་པ། མིང་མེད་པ། མཚན་ མ་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་པ། མ་འགགས་པ། རྒྱུ་བ་མེད་པ། སྤྱོད་པ་མེད་པ། ཀུན་འབྱུང་བ་མེད་པ། ཡི་གེ་མེད་ པ༑ སྒྲ་མེད་པ་ཡིན་པའི་ཕྱིར་རོ། །བམ་བོ་གསུམ་པ་སྟེ། ཐ་མ། འཇམ་དཔལ། སྟོང་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ནི། མངོན་པར་ ཞེ་ན་པ་མེད་པ་དང༌། འཛིན་པ་མེད་པའི་ཚིག་བླ་དྭགས་ཡིན་ཏེ། འཇམ་དཔལ། དེ་ལ་ནི། དོན་དམ་པར་ན་གང་སྟོང་པ་ཞེས་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་དོ། ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནམ་མཁའ་ཞེས་བརྗོད་ཀྱང་ནམ་མཁའ་ནི། བརྗོད་པར་བྱ་བ་མ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་སྟོང་པ་སྟོང་པ་ ཞེས་བརྗོད་ཀྱང་སྟོང་པ་པ་ནི། བརྗོད་པར་བྱ་བ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱིས་འཇུག་པ་ནི། དེ་ལྟ་བུ་ཡིན་ནོ། །འཇམ་དཔལ། ཆོས་ཐམས་ཅད་ནི། མིང་མེད་པ་ཡིན་ ན༑ དེ་དག་ལ་མིང་གིས་བརྗོད་པར་བྱེད་དེ། འཇམ་དཔལ། མིང་ནི། ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་ནོ། །འཇམ་དཔལ། ཇི་ལྟར་མིང་ཡུལ་ ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ཡིན་པ་དེ་བཞིན་དུ་གང་གིས་ཆོས་གང་བརྗོད་པར་བྱེད་པའི་ཆོས་དེའང་ཡུལ་ན་གནས་པ་མ་ཡིན། ཕྱོགས་ན་གནས་པ་མ་ ཡིན་ནོ༑ ༑འཇམ་དཔལ། དེ་བཞིན་གཤེགས་པས་ནི། ཆོས་དེ་དག་ཐམས་ཅད་དེ་ལྟར་གཟོད་མ་ནས་མ་སྐྱེས་པ། མ་འགགས་པ། མཚན་ཉིད་མེད་པ། སེམས་དང་ ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། ཡི་གེ་མེད་པ། སྒྲ་མེད་པར་ཤེས་སོ། །འཇམ་དཔལ། ཇི་ལྟར་ཤེས་པ་དེ་ཁོ་ན་བཞིན་དུ་རྣམ་པར་གྲོལ་ཏེ། བཅིངས་པ་ལས་ ༄༅། །གྲོལ་བར་གྱུར་པ་མ་ཡིན་ནོ། །འཇམ་དཔལ། བྱང་ཆུབ་ནི། ནམ་མཁའ་དང་མཉམ་པ་སྟེ། ནམ་མཁའ་ནི། མཉམ་པ་མ་ཡིན། མི་མཉམ་ པ་མ་ཡིན་ལ་བྱང་ཆུབ་ཀྱང་མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་གང་ལ་ཡང་དག་པར་ཡོངས་སུ་འགྲུབ་པ་མེད་པ་ དེ་ནི༑ མཉམ་པ་དང༌། མི་མཉམ་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འཇམ་དཔལ། དེ་བཞིན་གཤེགས་པས་ནི། དེ་ལྟར་ཆོས་ཐམས་ཅད་མཉམ་པ་མེད་པ་ དང༌། མི་མཉམ་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཇི་ལྟར་ཆོས་ཕྲ་རབ་ཙམ་ཡང་མཉམ་པར་མ་བྱས། མི་མཉམ་པར་མ་བྱས་པ་དེ་ལྟར་མངོན་པར་རྫོགས་ པར་སངས་རྒྱས་ཤིང༌། ཡང་དག་པའི་ཤེས་པས་ཆོས་དེ་དག་ཇི་ལྟ་བུ་ཁོ་ནར་ཤེས་སོ། །འཇམ་དཔལ། ཡང་དག་པའི་ཤེས་པའང་གང་ཞེ་ན། འཇམ་དཔལ། ཆོས་ ཐམས་ཅད་རྩ་བ་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། མ་བྱུང་བ་ལས་འབྱུང་བ་དང༌། བྱུང་ནས་ཀྱང་འཇིག་པར་འགྱུར་ཏེ། འཇམ་དཔལ། དེ་དག་ཀྱང་ བདག་པོ་མེད་པ་དང༌། ཡོངས་སུ་འཛིན་པ་མེད་པར་འབྱུང་ཞིང་བདག་པོ་མེད་པ་དང༌། ཡོངས་སུ་འཛིན་པ་མེད་པར་འཇིག་པར་ཤེས་པའོ། །འཇམ་དཔལ། དེ་ལྟར་བྱུང་བ་ དང༌། འཇིག་པ་ལ་བརྟེན་ནས་ཆོས་རྣམས་འཇུག་པར་འགྱུར་ཡང་འདི་ལ་འཇུག་པར་འགྱུར་བ་གང་ཡང་མེད་དེ། དེ་ནི། ལམ་གྱི་རྒྱུན་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ ཆོས་སྟོན་པ་ཞེས་བྱའོ། །འཇམ་དཔལ། བྱང་ཆུབ་ཅེས་བྱ་བ་དེ་ནི། ཇི་ལྟ་བ་བཞིན་གྱི་གནས་ཡིན་ཏེ། འཇམ་དཔལ། དེ་ལ་ཇི་ལྟ་བ་བཞིན་གྱི་གནས་གང་ཞེ་ན། འཇམ་ དཔལ༑ ཇི་ལྟ་བ་བཞིན་གྱི་གནས་ཞེས་བྱ་བ་ནི། བྱང་ཆུབ་སྟེ། བྱང་ཆུབ་ཇི་ལྟ་བ་དེ་བཞིན་གཟུགས་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའང་དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་སའི་ཁམས་དང་དེ་བཞིན་ཉིད་ ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །འཇམ་དཔལ། བྱང་ཆུབ་ ཇི་ལྟ་བ་དེ་བཞིན་དུ་མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་ དུ་རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ ༄༅། །ཁམས་དང༑ རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །ཆོས་གདགས་པ་ང་ ནི༑ འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དུ་གདགས་པའོ། །དེ་བཞིན་གཤེགས་པས་ནི། དེ་དག་ཡང་དག་པ་ཇི་ལྟ་བ་ བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ནི། སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་ བར་དུའང་དེ་བཞིན་ཏེ། སྔོན་གྱི་མཐར་མ་སྐྱེས་པ་དང༌། ཕྱི་མའི་མཐར་མི་འཕོ་བ་དང༌། དབུས་སུ་བདེན་པ་ཡིན་ནོ། །དེ་ལྟར་དེ་དག་ཇི་ལྟ་བ་བཞིན་གྱི་གནས་ ཡིན་ཏེ༑ གཅིག་ཇི་ལྟ་བ་བཞིན་དུ་ཐམས་ཅད་དེ་བཞིན་ལ། ཐམས་ཅད་ཇི་ལྟ་བ་བཞིན་དུ་གཅིག་ཀྱང་དེ་བཞིན་ཏེ། འཇམ་དཔལ། འདི་ལ་ནི། གཅིག་པ་ཉིད་ དམ༑ མང་པོ་ཉིད་དུ་དམིགས་སུ་མེད་དོ། །འཇམ་དཔལ། བྱང་ཆུབ་ནི། རྣམ་པའི་འཇུག་པས་རྣམ་པ་མེད་པར་ཞུགས་པ་ཡིན་ཏེ། འཇམ་དཔལ། དེ་ལ་རྣམ་ པ་ནི༑ གང༌། རྣམ་པ་མེད་པ་ནི། གང་ཞེ་ན། འཇམ་དཔལ། རྣམ་པ་ཞེས་བྱ་བ་ནི། དགེ་བའི་ཆོས་ཐམས་ཅད་ལ་རྩོམ་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི། ཆོས་ཐམས་ ཅད་དམིགས་སུ་མེད་པའོ། །རྣམ་པ་ཞེས་བྱ་བ་ནི། སེམས་མི་གནས་པའི་གནས་སྐབས་སོ། །རྣམ་པ་མེད་པ་ཞེས་བྱ་བ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ ངེ་འཛིན་ཏོ། །རྣམ་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་སེམས་པ་དང༌། འཇལ་བ་དང༌། བགྲང་བ་དང༌། སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི། གཞལ་ བ་ལས་ཡང་དག་པར་འདས་པ་སྟེ། གཞལ་བ་ལས་ཡང་དག་པར་འདས་པའང་གང་ཞེ་ན། གང་ལ་རྣམ་པར་ཤེས་པའི་ལས་མེད་པའོ། །རྣམ་པ་ཞེས་བྱ་བ་ནི། འདུས་ བྱས་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི། འདུས་མ་བྱས་ལ་སོ་སོར་རྟོག་པའོ། །འཇམ་དཔལ། བྱང་ཆུབ་ནི། ཟག་པ་མེད་པ་ཉིད་དང༌། ལེན་པ་མེད་ པ་ཉིད་ཡིན་ཏེ། འཇམ་དཔལ། དེ་ལ་ཟག་པ་མེད་པ་ཉིད་གང༌། ལེན་པ་མེད་པ་ཉིད་གང་ཞེ་ན། འཇམ་དཔལ། ཟག་པ་མེད་པ་ཉིད་ཅེས་བྱ་བ་ནི། ཟག་པ་བཞི་དང་ བྲལ་བ་སྟེ། བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། ལྟ་བའི་ཟག་པ་སྟེ། ཟག་པ་བཞི་པོ་ ༄༅། །དེ་དང་བྲལ་བའོ། །ལེན་པ་མེད་པ་ཉིད་ཅེས་བྱ་བ་ནི། ལེན་པ་བཞི་དང་བྲལ་བ་སྟེ། བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་ པའི་ལེན་པ་དང༌། ལྟ་བའི་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལེན་པ་དང༌། བདག་ཏུ་སྨྲ་བའི་ལེན་པ་སྟེ། ལེན་པ་བཞི་པོ་དེ་དག་དང་ བྲལ་བའོ། །འཇམ་དཔལ། དེ་ལ་སེམས་ཅན་མ་རིག་པས་ལྗོངས་པར་བྱས་པ། སྲེད་པས་དཀྲུགས་པར་གྱུར་པ་དག་ནི། ཕན་ཚུན་མངོན་པར་ཞེན་པར་གྱུར་ནས་ལེན་ པར་བྱེད་ཀྱི། དེ་བཞིན་གཤེགས་པས་ནི། བདག་ཏུ་སྨྲ་བའི་ལེན་པ་རྩ་བ་ཡིན་པར་ཡོངས་སུ་ཤེས་ནས་བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་ པ་རྗེས་སུ་རྟོགས་པར་གྱུར་ཏེ། བདག་རྣམ་པར་དག་པ་དང་ཡིན་པ་དང༌། སེམས་ཅན་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ལ། གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་ནི། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཡིན་ནོ། །འཇམ་དཔལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་ནི། སེམས་ དང༌། ཡིད་དང༌། རྣམ་པར་ཤེས་པ་འཇུག་པར་མི་འགྱུར་ཏེ། འཇམ་དཔལ། གང་ལ་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི། ཡོངས་སུ་ རྟོགས་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པ་དེ་ནི། མ་རིག་པ་ ཀུན་ནས་སློང་བ་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི། སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་ཀུན་ནས་སློང་བ་མེད་པ་ཡིན་ནོ། །སྲིད་པའི་ཡན་ ལག་བཅུ་གཉིས་པོ་དག་གི་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི། སྐྱེ་བ་མེད་པ་ཡིན་ནོ། །སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། སྐྱོན་མེད་པ་ཡིན་ནོ། །སྐྱོན་མེད་པ་གང་ཡིན་ པ་དེ་ནི། ངེས་པའི་དོན་ཡིན་ནོ། །ངེས་པའི་དོན་གང་ཡིན་པ་དེ་ནི། དོན་དམ་པ་ཡིན་ནོ། །དོན་དམ་པ་གང་ཡིན་པ་དེ་ནི། གང་ཟག་མེད་པའི་དོན་ཡིན་ནོ། །གང་ཟག་མེད་པའི་ དོན་གང་ཡིན་པ་དེ་ནི། བརྗོད་དུ་མེད་པའི་དོན་ཡིན་ནོ། །བརྗོད་དུ་མེད་པའི་དོན་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་ བའི་དོན་གང་ཡིན་པ་དེ་ནི། ཆོས་ཀྱི་དོན་ན་ཡིན་ནོ། །ཆོས་ཀྱི་དོན་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དོན་ཡིན་ཏེ། དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་ བ་མཐོང་བ་དེས་ཆོས་མཐོང་ངོ༌། །གང་གིས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌། །ཞེས་གསུངས་ཏེ། ཇི་ལྟར་ཡོངས་སུ་ཚོལ་བ་ན་ཅིའང་མི་མཐོང་བ་དེ་ལྟར་ ༄༅། །མཐོང་ངོ༌། །འཇམ་དཔལ། དེ་ལ་ཅིའང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅང་དམིགས་པ་སྟེ། དེས་གང་གི་ཚེ་སེམས་དང་དམིགས་ པ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ་ན་ཡང་དག་པར་མཐོང་བ་ཡིན་པས། དེ་བཞིན་གཤེགས་པས་ནི། ཆོས་དེ་དག་དེ་ལྟར་མཉམ་པ་ཉིད་ཀྱིས་མཉམ་པར་ མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ། བྱང་ཆུབ་ནི། དག་པ་དང༌། དྲི་མ་མེད་པ་དག། ཉོན་མོངས་པ་མེད་པ་ཡིན་ཏེ། འཇམ་དཔལ། དེ་ལ་དག་ པ་ནི༑ གང༌། དྲི་མ་མེད་པ་ནི། གང༌། ཉོན་མོངས་པ་ནི། གང་ཞེ་ན། འཇམ་དཔལ། སྟོན་པ་ཉིད་ནི། དག་པའོ། །མཚན་མ་མེད་པ་ནི། དྲི་མ་མེད་པའོ། །སྨོན་ པ་མེད་པ་ནི། ཉོན་མོངས་པ་མེད་པའོ། །སྐྱེ་བ་མེད་པའོ། །དག་པའོ། །མངོན་པར་འདུ་བྱ་བ་མེད་པ་ནི། དྲི་མ་མེད་པའོ། །འབྱུང་བ་མེད་པ་ནི། ཉོན་མོངས་པ་མེད་ པའོ༑ ༑རང་བཞིན་ནོ། དག་པའོ། །ཡོངས་སུ་དག་པ་ནི། དྲི་མ་མེད་པའོ། །འོད་གསལ་བ་ནི། ཉོན་མོངས་པ་མེད་པའོ། །སྤྲོས་པ་མེད་པ་ནི། དག་པའོ། །སྤྲོས་ པ་དང་བྲལ་བ་ནི། དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི། ཉོན་མོངས་པ་མེད་པའོ། །དེ་བཞིན་ཉིད་ནི། དག་པའོ། །ཆོས་ཀྱི་དབྱིངས་ནི། དྲི་མ་མེད་པའོ། །ཡང་དག་ པའི་མཐའ་ནི། ཉོན་མོངས་པ་མེད་པའོ། །ནམ་མཁའ་ནི། དག་པའོ། །བར་སྣང་ནི། དྲི་མ་མེད་པའོ། །ནམ་མཁའ་ནི། ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་ པ་ནི༑ དག་པའོ། །ཕྱི་རོལ་ཏུ་རྒྱུ་བ་མེད་པ་ནི། དྲི་མ་མེད་པའོ། །ཕྱི་ནང་དམིགས་སུ་མེད་པ་ནི། ཉོན་མོངས་པ་མེད་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི། དག་པའོ། །ཁམས་ རང་བཞིན་མེད་པ་ནི། དྲི་མ་མེད་པའོ། །སྐྱེ་མཆོད་རྣམས་སྤོང་བ་ནི། ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་པར་ཤེས་པ་ནི། དག་པའོ། །མ་འོངས་པ་ལ་མི་སྐྱེ་བར་ ཤེས་པ་ནི། དྲི་མ་མེད་པའོ། །ད་ལྟར་བྱུང་བ་ལ་ཆོས་གནས་པར་ཤེས་པ་ནི། ཉོན་མོངས་པ་མེད་པའོ། །འཇམ་དཔལ། དེ་ལྟར་དག་པ་དང༌། དྲི་མ་མེད་པ་དང༌། ཉོན་མོངས་ པ་མེད་པ་ནི། གནས་གཅིག་ཏུ་ཡང་དག་པར་འདུ་སྟེ། འདི་ལྟ་སྟེ། ཞི་བའི་གནས་སུའོ། །ཞི་བ་གང་ཡིན་པ་དེ་ནི། རབ་ཏུ་ཞི་བ་ཡིན་ནོ། །རབ་ཏུ་ཞི་བ་གང་ཡིན་པ་དེ་ནི། ཉེ་བར་ཞི་བ་ཡིན་ནོ། ། ཉེ་བར་ཞི་བ་གང་ཡིན་པ་དེ་ནི། ཉེ་བར་ཞི་བར་གྱུར་བ་ཡིན་ནོ། །ཉེ་བར་ཞི་བར་གྱུར་པ་གང་ཡིན་པ་དེ་ནི། ཐུབ་པ་ཞེས་བྱའོ། །འཇམ་དཔལ། དེ་ལྟར་ན། ནམ་མཁའ་ ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་ཇི་ལྟ་བར་ཆོས་རྣམས་ཀྱང་དེ་བཞིན་ནོ། ཆོས་རྣམས་ཇི་ལྟ་བར་སེམས་ཅན་རྣམས་ཀྱང་དེ་བཞིན་ནོ། །སེམས་ཅན་རྣམས་ཇི་ལྟ་ ༄༅། །བར་ཞིང་རྣམས་ཀྱང་དེ་བཞིན་ནོ། །ཞིང་རྣམས་ཇི་ལྟ་བར་མྱ་ངན་ལས་འདས་པའང་དེ་བཞིན་ནོ། །འཇམ་དཔལ། དེའི་ཕྱིར་ཆོས་ཐམས་ཅད་ནི་ མྱ་ངན་ལས་འདས་པ་དང་མཉམ་པ་ཞེས་བྱ་སྟེ། མཐར་ཐུག་པར་གྱུར་བའི་ཕྱིར་གཉེན་པོ་མེད་པ་ཡིན་ལ། གཉེན་པོ་མེད་པའི་ཕྱིར་གཟོད་མ་ནས་དག་པ་དང༌། གཟོད་མ་ནས་ དྲི་མ་མེད་པ་དང༌། གཟོད་མ་ནས་ཉོན་མོངས་པ་མེད་པ་ཡིན་ནོ། །འཇམ་དཔལ་།དེ་ལ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་སེམས་ ཅན་རྣམས་ཀྱི་ཁམས་ལ་གཟིགས་པ་ནི། སེམས་ཅན་རྣམས་ལ་དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པས་རྣམ་པ་རོལ་པ་ཞེས་བྱ་བའི་ཐུགས་རྗེ་ཆེན་པོ་སྐྱེ་བར་ འགྱུར་རོ། །འཇམ་དཔལ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ཞེ་ན། འཇམ་དཔལ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཟད་པའི་ཕྱིར་ རློམ་སེམས་སུ་མི་བྱེད་ཅིང་མི་ཟད་པའི་ཕྱིར་ཡང་མ་ཡིན། སྐྱེ་བའི་ཕྱིར་ཡང་མ་ཡིན། མི་སྐྱེ་བའི་ཕྱིར་ཡང་མ་ཡིན། གཏན་ཟད་པ་ཟད་པར་བྱ་བའི་ཕྱིར་ཡང་མ་ཡིན། གཏན་མི་སྐྱེ་བ་རྣམ་པར་འཁྲུགས་པར་ཡང་མི་བྱེད་པ་དེ་ལྟར་སྤྱོད་ན། འཇམ་དཔལ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །འཇམ་ དཔལ༑ གཞན་ཡང་བྱང་ཆུབ་སེམས་དཔའ་འདས་པའི་སེམས་ལ་ཟད་པ་ཞེས་བྱ་བར་མི་སྤྱོད། མ་འོངས་པའི་སེམས་ལ་མ་ཐོབ་པ་ཞེས་བྱ་བར་མི་སྤྱོད། ད་ལྟར་བྱུང་བའི་ སེམས་ལ་ཡོད་ཅེས་བྱ་བར་མི་སྤྱོད་ཅིང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ལ་ཆགས་པར་མི་འགྱུར་བ་དེ་ལྟར་སྤྱོད་ན། འཇམ་དཔལ། བྱང་ཆུབ་ སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ཡིན་ནོ། །འཇམ་དཔལ། གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ་དང༌། བྱང་ཆུབ་དང༌། སེམས་ཅན་རྣམས་ དང༌། དེ་བཞིན་གཤེགས་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་དེ་ལྟར་སྤྱོད་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང༌། བྱང་ཆུབ་དང༌། སེམས་ཅན་རྣམས་དང༌། དེ་བཞིན་གཤེགས་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པ་དེ་ལྟར་སྤྱོད་ ན༑ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཟོད་པ་དང༌། བྱང་ཆུབ་དང༌། སེམས་ཅན་རྣམས་དང༌། དེ་ བཞིན་གཤེགས་པ་དང༌། བརྩོན་འགྲུས་དང༌། བྱང་ཆུབ་དང༌། སེམས་ཅན་རྣམས་དང༌། དེ་བཞིན་གཤེགས་པ་དང༌། བསམ་གཏན་དང༌། བྱང་ཆུབ་དང༌། ༄༅། །སེམས་ཅན་རྣམས་དང༌། དེ་བཞིན་གཤེགས་པ་དང༌། དེ་བཞིན་དུ་ཤེས་རབ་དང༌། བྱང་ཆུབ་དང༌། སེམས་ཅན་རྣམས་དང༌། དེ་ བཞིན་གཤེགས་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་པ་དེ་ལྟར་སྤྱོད་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པའི་ཡིན་ནོ། །འཇམ་དཔལ། གལ་ཏེ་བྱང་ ཆུབ་སེམས་དཔའ་གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། མི་སྟོང་ཞེས་བྱ་བར་མི་སྤྱོད་པ་དེ་ལྟར་སྤྱོད་ན། འཇམ་དཔལ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ སྤྱད་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། གཟུགས་ནི། གཟུགས་ཀྱི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་རོ། །འཇམ་དཔལ། དེ་བཞིན་དུ་གལ་ཏེ་ བྱང་ཆུབ་སེམས་དཔའ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མི་སྤྱོད། མི་སྟོང་ཞེས་བྱ་བར་མི་སྤྱོད་པ་དེ་ལྟར་སྤྱོད་ ན༑ བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ དམིགས་སུ་མེད་པའི་ཕྱིར་གང་ཡོངས་སུ་ཤེས་པའམ། སྦང་བའམ། བསྒོམ་པའམ། མངོན་སུམ་དུ་བྱ་བའི་ཆོས་དེ་དག་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འཇམ་ དཔལ༑ ཟད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། གཏན་ཟད་པ་ཁོ་ན་ཡིན་ནོ། །གཏན་ཟད་པ་གང་ཡིན་པ་དེ་ནི། ཟད་པར་བྱ་བ་མ་ཡིན་ནོ། །ཟད་པ་བྱ་བ་མ་ཡིན་པའི་ཕྱིར་མི་ཟད་ པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། དེ་ནི། ཇི་ལྟ་བ་བཞིན་དུ་ཟད་པ་ཡིན་ལ། ཇི་ལྟ་བ་བཞིན་དུ་ཟད་པ་གང་ཡིན་པ་དེ་ལ་ནི། ཟད་པ་ཅུང་ཟད་ཀྱང་མེད་ལ། གང་ལ་ ཟད་པ་ཅུང་ཟད་ཀྱང་མེད་པ་དེ་ནི། འདུས་མ་བྱས་པ་སྟེ། འདུས་མ་བྱས་པ་གང་ཡིན་པ་དེ་ལ་ནི། སྐྱེ་བའང་མེད། འགག་པའང་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་ གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་ཆོས་ཉིད་དང༌། ཆོས་གནས་པ་ཉིད་དང༌། ཆོས་ཀྱི་དབྱིངས་འདི་ནི། གནས་པ་ཁོ་ན་ཞེས་བྱ་སྟེ། ཇི་ལྟར་ཆོས་ཀྱི་ དབྱིངས་ལ་གནས་པ་དེ་བཞིན་དུ་ཤེས་པ་དེའང་འཇུག་པར་མི་བྱེད། ལྡོག་པར་མི་བྱེད་དོ། །ཇི་ལྟར་ཤེས་པ་དེ་འཇུག་པར་མི་བྱེད། ལྡོག་པར་མི་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ ཚུལ་ལ་འཇུག་པས་ཟག་པ་སྐྱེད་པར་མི་བྱེད། འགག་པར་མི་བྱེད་དོ། །འཇམ་དཔལ། ཟག་པ་ཟད་པ་ཞེས་བྱ་བ་དེ་ནི། ཐ་སྙད་དང༌། སྒྲ་དང༌། ཡི་གེ་དང༌། བརྡར་གདགས་ པ་ཡིན་ཏེ། འདི་ལ་ནི། སྐྱེ་བའམ། འགག་པར་འགྱུར་བའི་ཆོས་གང་ཡང་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ ༄༅། །ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁ་དོག་རྟགས་དང་དབྱིབས་མི་མངའ། །རྩ་བ་མི་མངའ་གནས་མི་མངའ། །མི་འགག་འབྱུང་བ་མི་ མངའ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མི་གནས་གནས་པ་མི་མངའ་བ། །བླང་བ་མི་མངའ་དོར་མི་མངའ། །སྐྱེ་མཆེད་དྲུག་ལས་རྣམ་གྲོལ་བ། །མི་རྟེན་ཁྱོད་ལ་ཕྱག་ འཚལ་ལོ། །ཆོས་རྣམས་ཀུན་ལ་མི་གནས་ཤིང༌། །དངོས་དང་དངོས་མེད་རྣམ་པར་སྤངས། །འདུ་བྱེད་མཉམ་པ་ཉིད་བརྙེས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་ གསུམ་དག་ལས་རྣམ་པར་གྲོལ། །མཁའ་ལྟར་མཉམ་ཉིད་ཐུགས་སུ་ཚུད། །འདོད་པ་རྣམས་ཀྱིས་མི་གོས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་ གཟིམས་པ་ཡི། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །རྟག་ཏུ་མཉམ་པར་བཞག་མཛད་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པར་བྱོན་ཅིང་མཉམ་པར་གཤེགས། ། མཉམ་པ་ཉིད་ལ་གནས་པ་པོ། །མཉམ་ཞིང་འཁྲུགས་པར་མི་མཛད་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པ་ཉིད་ལ་ཞུགས་གྱུར་ཅིང༌། །ཆོས་རྣམས་ཀུན་ལ་ མཉམ་པར་བཞག །མཚན་མ་མེད་ལ་ཞུགས་གྱུར་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མི་གནས་དམིགས་པ་མི་མངའ་བ། །ཤེས་རབ་བསགས་ཤིང་མཉམ་པར་བཞག །ཆོས་ལ་ མངའ་དབང་བརྙེས་གྱུར་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་སྒྲ་སྐད་དང༌། དེ་བཞིན་གཟུགས་དང་སྤྱོད་ལམ་དག །སྐད་ཅིག་གཅིག་གིས་གཟིགས་མཛད་པ། ། མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྒྱུད་དང་ཕུང་པོ་ཐམས་ཅད་བཅད། །རྣམ་པ་མེད་ལ་འཇུག་མཛད་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། ། མཚན་མ་དག་དང་རྣམ་བྲལ་ཞིང༌། །མཚན་མའི་རྣམ་པ་རྣམ་པར་སྤངས། །མཚན་མ་མེད་ལ་འཇུག་མཛད་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཡང་དག་རྟོག་པས་རྣམ་མ་བརྟགས་ ཐུགས་ཡིད་རབ་ཏུ་མི་གནས་ཤིང༌། །ཡིད་མཛད་མི་མངའ་མི་དགོངས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའ་འདྲ་བར་གནས་མི་མངའ། །ཐོགས་པ་མི་མངའ་སྤྲོས་མི་ མངའ༑ ༑ནམ་མཁའ་མཉམ་པའི་ཐུགས་མངའ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའ་དབུས་མཐའ་མ་མཆིས་པ། །སངས་རྒྱས་ཆོས་ཉིད་དེ་དང་འདྲ། །དུས་ གསུམ་ཡང་དག་འདུས་གྱུར་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའི་མཚན་ཉིད་སངས་རྒྱས་ཏེ། །ནམ་མཁའང་མཚན་ཉིད་མཆིས་མ་ལགས། །རྒྱུ་དང་འབྲས་ ༄༅། །བུ་རྣམ་གྲོལ་ལ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ངར་འཛིན་མི་མངའ་སྒྲ་མི་མངའ། །གཟུང་བ་མ་མཆིས་ཆུ་ཟླ་འདྲ། །ཆོས་རྣམས་ཀུན་ལ་ མི་གནས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་སྐྱེ་མཆེད་དང༌། ཁམས་རྣམས་དག་ལ་མིག་ནས་པ། །ཕྱིན་ཅི་ལོག་ལས་རྣམ་པར་གྲོལ། །མི་རྟེན་ ཁྱོད་ལ་ཕྱག་འཚལ་ལོ། །མཐའ་གཉིས་དག་ལས་རྣམ་གྲོལ་ཞིང༌། བདག་ཏུ་ལྟ་བ་ཡང་དག་བཅས། །ཆོས་དབྱིངས་མཉམ་པ་ཉིད་བརྙེས་པ། མི་རྟེན་ཁྱོད་ལ་ཕྱག་འཚལ་ ལོ༑ ༑གཟུགས་ཀྱི་གྲངས་ལས་རྣམ་གྲོལ་ཞིང༌། །དམ་ཆོས་མ་ལགས་རྣམ་པར་སྤངས། །ལེན་དང་གཏོང་བ་མི་མངའ་བ། མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །བདུད་ཀྱི་མིང་ ལས་རབ་འདས་ཤིང༌། །ཆོས་ཀུན་རྟོགས་པར་ཐུགས་སུ་ཆུད། །སྒྲིབ་པ་མི་མངའ་ཆོས་གྱུར་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །དོན་འཚལ་རྣམས་ཀྱིས་མཆིས་མི་ བརྗོད༑ ༑མ་མཆིས་ཞེས་ཀྱང་བརྗོད་མི་བགྱི། །ལེན་མེད་ཚིག་ལམ་མ་མཆིས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་ཀྱི་ཆོས་ལ་མི་རྟེན་པར། །ཐེག་པའི་རྒྱལ་མཚན་ ཀུན་ཏུ་བཙུགས། །གཉིས་དང་གཉིས་མེད་རྣམ་གྲོལ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཡིད་ཀྱི་ཉེས་པ་དང༌། །ལུས་ཀྱི་ནད་བཞི་ཕམ་པར་མཛད། །བསམ་ཡས་དཔེ་ དང་རྣམ་བྲལ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་པར་འཇུག་མཛད་ཅིང༌། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །སྤྱོད་པ་མཁྱེན་པས་ཐོག་དྲངས་པ། །མི་ རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་དགོངས་ཞི་ཞིང་ཟག་མི་མངའ། །འབྱུང་མིན་འབྱུང་བའི་བདག་ཅན། །གནས་དང་རྟོག་པ་མི་མངའ་བ། །མི་རྟེན་ཁྱོད་ལ་ ཕྱག་འཚལ་ལོ། །དམིགས་པ་མི་མངའ་ཐུགས་ཀྱིས་སུ། །ཀུན་གྱི་སེམས་ནི་རབ་ཏུ་མཁྱེན། །བདག་གཞན་འདུ་ཤེས་མི་མངའ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ ལོ༑ ༑དམིགས་དང་དམིགས་པ་རྣམས་ཀྱིས་ནི། །ཀུན་གྱི་སེམས་ནི་རྨོངས་པར་བགྱིད། །སྒྲིབ་པ་མེད་པའི་ཆོས་གྱུར་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །དམིགས་ པ་དག་དང་སེམས་རྣམས་ནི། །ངོ་བོ་ཉིད་མཆིས་མ་ལགས། །བསམ་ཡས་མཉམ་པ་ཉིད་བརྙེས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །གནས་པ་མི་ མངའ་མཁྱེན་པ་ཡིས། །ཞིང་རྣམས་ཀུན་དང་དེ་བཞིན་དུ། །སེམས་ཅན་ཀུན་གྱི་སྤྱོད་གཟིགས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱིས་ ལན་དགའ་ཡང༌། །སེམས་དང་ཆོས་ཀུན་གཏན་མ་དམིགས། །ཆོས་རྣམས་ཐམས་ཅད་ཀུན་མཁྱེན་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྒྱུ་མ་ལྟ་བུ་ ༄༅། །སྟེ༑ ༑སྒྱུ་མ་ཉིད་ཀྱང་མཆིས་མ་ལགས། །སྒྱུ་མའི་ཆོས་ལས་རྣམ་གྲོལ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་སངས་ འཇིག་རྟེན་སྤྱོད་མཛད་ཀྱང༌། །འཇིག་རྟེན་ཆོས་ལ་རྟེན་མི་མཛད། །འཇིག་རྟེན་རྣམ་རྟོག་མི་མངའ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཕྱིར་སྟོང་ལ་སྤྱོད་ མཛད་ཅིང༌། །ཁྱོད་ཉིད་སྟོང་ཞིང་སྤྱོད་ཡུལ་སྟོང༌། །སྟོང་པ་སྟོང་པར་སྟོན་མཛད་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །རྫུ་ འཕྲུལ་ཆེན་པོས་རྣམ་འཕྲུལ་ཞིང༌། །ཐ་དད་མ་མཆིས་སྙོམས་ཞུགས་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །དུ་མ་མ་ལགས་གཅིག་མ་ལགས། །རིང་དང་ ཉེ་ལ་མི་འཇུག་ཅིང༌། །གདེག་དང་གཞག་པ་མི་མངའ་བ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐད་ཅིག་གཅིག་ལ་མངོན་སངས་ རྒྱས༑ ༑དངོས་མ་མཆིས་པར་མཉམ་བཞག་པ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་དུས་རྣམས་ཐམས་ཅད་དུ། །མི་གཡོ་མྱ་ངན་འདས་པ་རྟོགས། ། སྣ་ཚོགས་ཐབས་དང་ལྡན་པ་པོ། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ཀྱི་བརྒྱུད་པའི་ཐབས། །མཁྱེན་པས་མཁས་པར་གྱུར་པ་ལགས། །དེ་ཕྱིར་ མི་གཡོ་མྱ་ངན་འདས། །མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མ་མི་མངའ་ལྷུན་གྱིས་གྲུབ། །སྤྲོས་པ་མི་མངའ་སྐྱོན་མི་མངའ། །སྣང་མེད་བདག་གི་མི་མངའ་བ། ། མི་རྟེན་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མི་མངའ་སྐྱོན་མི་མངའ། །བདག་གིས་བདག་ཉིད་ཇི་བཞིན་པར། །ཀུན་ཏུ་མཁྱེན་པ་ཐམས་ཅད་མཁྱེན། །མི་རྟེན་ ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུ་ཆུ་བོ་རྒལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་བྲལ་འཇིགས་མེད་སྩོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །མ་འདྲེས་ཆོས་ རྣམས་ངེས་པར་ཐུགས་སུ་ཆུད་གྱུར་པ། །འགྲོ་བ་ཀུན་གྱི་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་སྦྱོར་འཆིང་བ་བཅད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་ བྱོན་ཏེ་ཐང་ལ་ཞུགས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་བོ་ངལ་པའི་རྣམ་འདྲེན་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བར་གཤེགས་ཤིང་མི་གནས་པ་ལ་ཕྱག་འཚལ་ ལོ༑ ༑འགྲོ་བ་ཐམས་ཅད་དག་ན་སེམས་ཅན་རྣམས་དང་ནི། །ཐབས་ཅིག་བཞུགས་ཀྱང་ཐུགས་ཡིད་རབ་དབེན་པ། །ཇི་ལྟར་པདྨ་ཆབ་ཀྱིས་གོས་པར་མི་འགྱུར་ ཞིང༌། །སངས་རྒྱས་ཐུབ་པ་ཁྱོད་ཀྱིས་སྟོང་ཉིད་ཤིན་ཏུ་བསྟེན། །མཚན་མ་ཐམས་ཅད་རྣམས་པ་ཀུན་ཏུ་རྣམ་པར་བཤིག །ཁྱོད་ལ་གང་ཡང་སྨོན་པར་མཛད་པ་ ༄༅། །མཆིས་མ་ལགས། །སྟོན་པའི་གོ་འཕང་བླ་མེད་དབེན་པ་ཉིད་ལགས་ཏེ། །དམིགས་པ་མེད་ཆུ་བོ་རྒལ་བ་ཁྱོད་ལ་ཕྱག་འཚལ་ ལོ༑ ༑སངས་རྒྱས་མཐུ་ཆེན་བསམ་གྱིས་ཁྱབ་བ་མ་ལགས་ཏེ། །མི་གནས་ནམ་མཁའ་མཉམ་པ་ཉིད་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་གྱི་མཆོག་མངའ་ ཁྱོད་ལ་ཕྱག་འཚལ་ལོ། །དཔལ་འཕགས་ལྷུན་པོ་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འཇམ་དཔལ། ལེགས་སོ། །ལེགས་སོ༑།འཇམ་དཔལ། ཁྱོད་ཀྱིས་ལེགས་པར་སྨྲས་སོ། །འཇམ་དཔལ། དེ་ དེ་བཞིན་ཏེ། འཇམ་དཔལ། སངས་རྒྱས་རྣམས་ནི། གཟུགས་ལས་བལྟ་བར་མི་བྱ་སྟེ། ཆོས་ལས་མ་ཡིན། མཚན་མ་ལས་མ་ཡིན། ཆོས་ཀྱི་ དབྱིངས་ལས་ཀྱང་མ་ཡིན་ནོ། །སངས་རྒྱས་རྣམས་ནི། ཉག་གཅིག་བཞུགས་པ་མ་ཡིན། སྐྱེ་བོ་མང་པོའི་ནང་ན་བཞུགས་པ་མ་ཡིན་ནོ། །སངས་རྒྱས་རྣམས་ ནི༑ སུས་ཀྱང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། མཆོད་པ་མ་ཡིན་ཏེ། མཆོད་པར་བྱེད་པའང་མ་ཡིན་ནོ། །སངས་རྒྱས་རྣམས་ནི། ཆོས་འགའ་ཡང་ གཅིག་པ་ཉིད་དམ། མང་པོ་ཉིད་དུ་མི་མཛད་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་བརྙེས་པ་མེད་དོ། །སངས་རྒྱས་རྣམས་ནི། ཆོས་གང་གིས་ཀྱང་རབ་ཏུ་ འབྱེད་པར་མི་བྱེད་དོ། །སངས་རྒྱས་རྣམས་ཀྱིས་ནི། ཆོས་འགའ་ཡང་མ་གཟིགས། མ་གསན། མ་དགོངས། རྣམ་པར་མི་མཁྱེན། ཀུན་ཏུ་མི་མཁྱེན་ཏོ། །སངས་ རྒྱས་རྣམས་ཀྱིས་ནི། མ་གསུངས། མ་བརྗོད་དོ། །སངས་རྒྱས་རྣམས་ཀྱིས་ནི། མི་གསུང༌། མི་བརྗོད་དོ། །སངས་རྒྱས་རྣམས་ནི། གསུང་བར་མི་འགྱུར། བརྗོད་པར་མི་འགྱུར་རོ། །སངས་རྒྱས་རྣམས་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་མི་མཛད་དོ། །སངས་རྒྱས་རྣམས་ཀྱིས་ནི་།ཆོས་གང་ཡང་མངོན་པར་རྫོགས་པར་ འཚང་མ་རྒྱས་སོ། །སངས་རྒྱས་རྣམས་ནི། ཉོན་མོངས་པ་མ་སྤངས་སོ། །སངས་རྒྱས་རྣམས་ཀྱིས་ནི། རྣམ་པར་བྱང་བ་མངོན་སུམ་དུ་མ་མཛད་དོ། །སངས་རྒྱས་ རྣམས་ཀྱིས་ནི། ཆོས་གང་ཡང་མ་གཟིགས། །མ་གསན། མ་མྱངས། མ་མ་ནམས། མ་རེག །མི་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ཅད་ནི། གཟོད་མ་ནས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་གང་ལ་ལ་ ༄༅། །ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རང་རྒྱལ་བ་ཉིད་ལ་བཀོད་པ་བས་ ནི༑ འཇམ་དཔལ། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་ གྱུར་ན༑ གང་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི། དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ པར་འགྱུར་རོ། །འཇམ་དཔལ། ཡོངས་སུ་བརྟག་པ་ཉེ་བར་བཟུང་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སྒོ་ང་ལས་སྐྱེས་པ་ དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། གཟུགས་ཅན་དང༌། གཟུགས་མེད་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་མེད་པ་དང༌། རྐང་པ་མེད་པ་དང༌། རྐང་གཉིས་པ་དང༌། རྐང་བཞི་པ་དང༌། རྐང་མང་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ ཐོབ་པར་གྱུར་ལ། མིའི་ལུས་ཐོབ་ནས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་སངས་ རྒྱས་བྱང་ཆུབ་སེམས་དཔའ་དང་བཅས། ཉན་ཐོས་དང་བཅས་པ་སངས་རྒྱས་ཀྱི་ཞིང་གངྒཱའི་བྱེ་མ་ལྟར་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་བསྐལ་པ་གངྒཱའི་ བྱེ་མ་ལྟར་གྲངས་མེད་པ་སྙེད་དུ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌། གདན་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱང་རྣམས་ཀྱིས་བསྙེན་བཀུར་ བྱེད་ཅིང༌། བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཉེ་བར་སྒྲུབ་པར་བྱེད་ལ། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པའི་འཕང་དུ་ དཔག་ཚད་བརྒྱ་ཡོད་པ། རིན་པོ་ཆེའི་ལན་ཀན་གྱིས་ཡོངས་སུ་བསྐོར་བ། ནོར་བུ་དང༌། མུ་ཏིག་དང༌། རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང༌། རྒྱལ་མཚན་དང༌། བ་དན་སྒྲེང་བ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་ཀུན་ནས་གཡོགས་པ་ཤ་སྟག་ཀྱང་བྱེད་དུ་བཅུག་པ་བས་ནི། འཇམ་དཔལ། བྱང་ ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་གཞན་གང་ཞིག་གིས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བའི་ཆོས་ཀྱི་ རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད། འཇུག་པར་བྱེད། ཡིད་ཆེས་པར་བྱེད་ཅིང༌། ཡོངས་སུ་རྟོགས་པར་བྱས་ནས་ཀྱང་ཐ་ན་ཚིག་བཞི་པའི་ཚིགས་སུ་ ༄༅། །བཅད་པ་གཅིག་ཙམ་ཞིག་ལུང་འབོགས་པར་བྱེད་ན། དེ་ནི། དེ་བས་ཆེས་སངས་རྒྱས་ཀྱི་ཡེ་ཤེས་རྗེས་སུ་རྟོགས་པར་འགྱུར་བའི་ བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་ཏེ། བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ མངོན་པར་འདུ་བྱ་བ་སྔ་མ་དེས་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། གྲངས་ དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ལ་ལ་ཞིག་གིས་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་སྙེད་ཅིག་ལ་བསྐལ་པ་གངྒཱའི་བྱེ་མ་ལྟར་གྲངས་ མེད་པ་སྙེད་དུ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌། གདན་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་པ་བས་ནི། བྱང་ཆུབ་ སེམས་དཔའ་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ། བསམ་པ་ཕུན་སུམ་ཚོགས་པ་གཞན་གང་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ལ་ སྦྱིན་པ་ཁམས་གཅིག་ཙམ་ཞིག་ཕྱིན་པར་གྱུར་ན། བསོད་ནམས་མངོན་པར་འདུ་བྱ་བ་དེ་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་ འགྲོའོ༑ ༑སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་ འགྲོའོ༑ ༑འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལས་ བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བཅས། ཉན་ཐོས་དང་བཅས་པ་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་སྙེད་དག་ ལ་བསྐལ་པ་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་སྙེད་དུ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌། གདན་དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་ རྣམས་ཀྱིས་བསྙེན་བཀུར་བྱེད་པར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱ་བ་གང་ཡིན་པ་དེ་ལ་ནི། བྱང་ ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བསམ་པ་དག་པ། ཚུལ་ཁྲིམས་དང་ལྡན་པ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་ ༄༅། །པར་བྱེད། འཇུག་པར་བྱེད། ཡིད་ཆེས་པར་བྱེད། ཡི་གེར་འབྲི་བར་བྱེད། ཡི་གེར་འབྲིར་འཇུག་པར་བྱེད་ན། བསོད་ནམས་ མངོན་པར་འདུ་བྱ་བ་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་ནི། བརྒྱའི་ཆར་ཡང་ཉེ་བར་མི་ འགྲོའོ༑ ༑སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ།། འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་ སུ་བཀང་སྟེ་སངས་རྒྱས་རྣམས་ལ་དབུལ་བར་འབུལ་ཞིང༌། དེ་ལྟར་འབུལ་བས་བསྐལ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་ རྡུལ་སྙེད་དུ་འབུལ་བར་ཕུལ་བ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ གཅིག་ཙམ་ཞིག་བྱང་ཆུབ་སེམས་དཔའ་གཞན་ལ་བསྟན་པར་གྱུར་ན། བསོད་ནམས་མངོན་པར་འདུ་བ་དེ་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ ཉེ་བར་མི་འགྲོའོ། །འཇམ་དཔལ། བསྐལ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་སྦྱིན་པའི་བསོད་ནམས་མངོན་པར་འདུ་ བྱ་བ་ལྟ་ཞོག་གི །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་སྙེད་ཅིག་བྱུང་བར་གྱུར་ལ། དེ་དག་ལས་བྱང་ཆུབ་སེམས་དཔའ་ རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་ཛམྦུ་ཆུ་བོའི་གསེར་ལས་བྱས་པ། ཤིང་ལྗོན་པ་ཐམས་ཅད་ཀྱང་ལྷའི་གོས་རྣམས་ཀྱིས་ཡོངས་སུ་དཀྲིས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ ཅད་ཡང་དག་པར་འདུས་པའི་དྲ་བས་ཀུན་ནས་གཡོགས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་བྱས་པའི་ཁང་པ་བརྩེགས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མའི་ ལན་ཀན་གྱིས་ཡོངས་སུ་བསྐོར་བ་དག་གིས་ཡོངས་སུ་གང་བར་བྱས་པ། གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེང་བ། གངྒཱའི་བྱེ་མ་ལྟར་གྲངས་མེད་པ་ཇི་སྙེད་ཅིག་ སངས་རྒྱས་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་སྙེད་དག་ལ་ཉིན་གཅིག་བཞིན་དུ་དབུལ་བར་འབུལ་ཞིང༌། དེ་ལྟར་ཕུལ་བས་བསྐལ་པ་གངྒཱའི་བྱེ་མ་ལྟར་གྲངས་མེད་པ་ ༄༅། །སྙེད་དུ་འབུལ་བར་ཕུལ་བ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱས་ནས་ཆོས་ཀྱི་རྣམ་ གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཞིག་བྱང་ཆུབ་སེམས་དཔའ་གཞན་ལ་བསྟན་ཏམ། འཇུག་པར་བྱས་ན། བསོད་ནམས་མངོན་ པར་འདུ་བྱ་བ་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་ གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། གཤིན་རྗེའི་ འཇིག་རྟེན་དུ་སྐྱེས་པར་གྱུར་ལ། དེ་ནས་བྱང་ཆུབ་སེམས་དཔའི་ཁྱིམ་པ་ཞིག་གིས་སེམས་ཅན་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། གཤིན་རྗེའི་འཇིག་རྟེན་ནས་བཏོན་ཏེ་རང་སངས་རྒྱས་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་གཞན་གང་ཞིག་གིས་ཐ་ ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་ལ་སྦྱིན་པ་ཁམ་གཅིག་ཙམ་ཞིག་བྱིན་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་མང་བ་དང༌། ཆེས་བསོད་ནམས་ གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཅིག་བྱུང་བར་ གྱུར་ལ༑ དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཕྱོགས་བཅུའི་ཕྱོགས་ཆ་རེ་རེར་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བར་གྱུར་ཅིང༌། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས། ཉན་ཐོས་དང་བཅས་པ་རེ་རེ་ལའང་ བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་ན་བཟའ་དང༌། ཞལ་ཟས་དང༌། གཟིམས་ཆ་དང༌། གདན་ དང༌། སྙུན་གྱི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱིས་ཀྱང་བསྙེན་བཀུར་བྱེད་ལ། དེ་བཞིན་གཤེགས་པ་རེ་རེ་ལའང་ཉིན་གཅིག་བཞིན་དུ་འཇིག་རྟེན་གྱི་ཁམས་སངས་ རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་ཡོངས་སུ་བཀང་སྟེ་དབུལ་བར་ཕུལ་བ་བས་ ༄༅། །ན༑ བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་གྱུར་པ་གཞན་ཞིག་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ སེམས་ཅན་ལ་སྦྱིན་པ་ཁམ་གཅིག་ཙམ་ཞིག་བྱིན་པར་གྱུར་ན། བསོད་ནམས་མངོན་པར་འདུ་བྱ་བ་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་སྦྱིན་པ་ལས་བྱུང་ བའི་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། བྱེ་བ་ཕྲག་འབུམ་གྱི་ཆ་ དང༌། གྲངས་དང༌། ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། འདི་ལྟ་སྟེ། ཆོས་ཀྱི་རྣམ་ གྲངས་འདི་ཐོས་པ་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དད་པའི་རྗེས་སུ་འབྲང་བ་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་ གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་དོན་གྱི་རྗེས་སུ་འབྲང་བ་ཉིད་ལ་བཀོད་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་ འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དོན་གྱི་རྗེས་སུ་འབྲང་ བ་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་ཆོས་ཀྱི་རྗེས་སུ་འབྲང་བ་ཉིད་ལ་བཀོད་པར་གྱུར་ན། དེ་ནི། དེ་ བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཀྱི་སེམས་ཅན་ཐམས་ཅད་ཆོས་ཀྱི་རྗེས་སུ་འབྲང་བ་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་ པའི་འབྲས་བུ་ལ་བཀོད་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ ཞིག་གིས་སེམས་ཅན་གཅིག་ཅིག་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་པ་དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། ། ༄༅། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པར་ གྱུར་ན༑ དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ ཅན་གཅིག་ཅིག་དགྲ་བཅོམ་པ་ཉིད་ལ་བཀོད་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་ བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་ དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་རང་སངས་རྒྱས་ཉིད་ལ་བཀོད་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་ རོ༑ ༑འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་ཉིད་ལ་བཀོད་པ་ བས་ནི༑ བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་བྱང་ཆུབ་ཀྱི་སེམས་ལ་བཀོད་པར་གྱུར་ན། དེ་ནི། དེ་བས་ཆེས་བསོད་ནམས་གྲངས་ མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ ཆུབ་ཀྱི་སེམས་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་སེམས་ཅན་གཅིག་ཅིག་ཕྱིར་མི་ལྡོག་པ་ཉིད་ལ་བཀོད་པར་གྱུར་ན། དེ་ནི། དེ་ བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཀྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་བཀོད་པ་བས་ནི། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཡི་གེར་འབྲིར་ བཅུག་ནས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། ཐ་ན་སེམས་ཅན་གཅིག་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལ་འཇུག་པར་བྱས་ན། དེ་ནི། དེ་བས་ཆེས་ ༄༅། །བསོད་ནམས་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ ཏོ༑ ༑བྱང་ཆུབ་སེམས་དཔའ་གང་ཞིག་ཟད་པའི་དུས་མཐའི་ཚེ། །སངས་རྒྱས་བྱེ་བ་ཕྲག་བཅུའི་དམ་ཆོས་འཛིན་པ་བས། །གང་ཞིག་མདོ་སྡེ་འདི་ནི་ཉན་པར་བྱེད་གྱུར་ ན༑ ༑དེ་ནི་དེ་བས་བསོད་ནམས་ཆེན་པོ་ཁྱད་པར་འཕགས། །གང་ཞིག་རྫུ་འཕྲུལ་སྟོབས་ཀྱིས་ཕྱོགས་བཅུར་སོང་ནས་ནི། །སངས་རྒྱས་བྱེ་བ་ཕྲག་བཅུ་དག་ལ་མཆོད་ བྱེད་ཅིང༌། །སྙིང་རྗེ་བསྐྱེད་དེ་བདེ་བ་ཀུན་ལ་ཆགས་མེད་པར། །སྐྱེས་བུ་དམ་པ་ཐམས་ཅད་ཕྱག་འཚལ་བཙུད་པ་བས། །གང་ཞིག་བདེར་གཤེགས་བསྟན་ལ་སེམས་ རབ་དད་གྱུར་ཅིང༌། །རྒྱལ་བའི་ཆོས་རྣམས་སྨོན་པར་བྱེད་པའི་མདོ་སྡེ་འདི། །གཞན་ལ་ཡུད་ཙམ་གཅིག་ཅིག་སྟོན་པར་བྱེད་གྱུར་ན། །དེ་ནི་དེ་བས་བསོད་ནམས་ འབྲས་བུ་ཁྱད་པར་འཕགས། །བདེ་གཤེགས་བསྟན་པའི་མདོ་སྡེ་སྒྲོན་མར་གྱུར་པ་འདི། །གང་གིས་ལྷ་དང་མི་ལ་ཡང་དག་བསྟན། །བྱས་པ་དེ་ནི་ཤེས་རབ་རྣོ་ཞིང་ མཐུ་ཆེན་ལྡན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་ཡང་མྱུར་དུ་འཐོབ་པར་འགྱུར། །གང་གིས་བདེ་གཤེགས་སངས་རྒྱས་མི་མཆོག་དེ་དག་ནི། །ཕུང་པོ་ལྷག་མ་མེད་ པར་ཡོངས་སུ་མྱ་ངན་ལས། །འདས་པར་གྱུར་བ་དག་གི་དེ་འདྲའི་སྒྲ་ཐོས་ནས། །སེམས་ཅན་གཞན་ལའང་ཡང་དག་སྒྲོག་པར་བྱེད་གྱུར་ཅིང༌། །མཆོད་རྟེན་གནམ་འཕང་མཐོ་ བ་སྲིད་རྩེའི་མཐར་ཐུག་པ། །ཁྱོན་དང་ལྡན་པར་གྱུར་པའང་སྲིད་རྩེ་ཇི་བཞིན་པ། །རིན་ཆེན་མཛེས་པས་སྤྲས་ཤིང་གདུགས་དང་བ་དན་དང༌། །དེ་བཞིན་དྲིལ་སྒྲས་མཛེས་པར་བྱེད་ དུ་གཅིག་གྱུར་པས། །འདི་ན་བྱང་ཆུབ་སེམས་དཔའ་གང་ཞིག་འདི་འདྲ་བའི། །མདོ་སྡེ་འདི་ཐོས་ལུས་ལ་གནས་པར་འགྱུར་བའམ། །གླེགས་བམ་བྲི་བ་བྱས་ཏེ་གཞག་པར་ བྱེད་འདོད་ན། །དེ་ནི་དེ་ཡི་བསོད་ནམས་འབྲས་བུ་ཁྱད་པར་འཕགས། །སེར་སྣའི་དྲི་མ་བསལ་བར་གྱུར་ཅིང་འཇིགས་མེད་པའི། །བྱང་ཆུབ་སེམས་དཔའ་གང་ཞིག་ཆོས་འདི་ འཛིན་བྱེད་ན། །དེ་ཡི་བསོད་ནམས་དཔག་ཏུ་ཡོད་པར་མི་འགྱུར་ཏེ། །ཇི་ལྟར་འདོད་པ་བཞིན་དུ་བྱང་ཆུབ་ཐོབ་པར་འགྱུར། །མདོ་འདི་བདེ་བར་གཤེགས་པ་རྣམས་ཀྱིས་རབ་ བསྔགས་ཤིང༌། །བྱང་ཆུབ་སེམས་དཔའ་མང་པོས་ཡོངས་སུ་བཟུང་བ་ཡིན། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལུས་ནམ་མཁའ་ཡི། །ཁམས་དང་འདྲ་བ་ཐམས་ཅད་འདིར་ནི་ བསྟན་པ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། བྱང་ཆུབ་སེམས་ ༄༅། །དཔའ་དང༌། ཉན་ཐོས་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། ནམ་ མཁའ་ལྡིང་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་ བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞུས་དག། །། Copyright © 2012 by the Asian Classics Input Project. All rights reserved.