Loading

འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས།
མདོ་སྡེ།
checked, but not manually proofread
རྒྱ་གར་སྐད་དུ། ཨཱཪྻ་སངྒྷ་ཊཱི་སཱུ་ཏྲ་ དྷརྨྨ་པཪྻཱ་ཡ། བོད་སྐད་དུ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་སུམ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ དང༑ ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང༌། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང༌། ཚེ་དང་ལྡན་པ་བཀྐུ་ལ་དང༌། ཚེ་དང་ ལྡན་པ་བཟང་སྐྱོང་དང༌། ཚེ་དང་ལྡན་པ་བཟང་དཔལ་དང༌། ཚེ་དང་ལྡན་པ་ཙནྡན་དཔལ་དང༌། ཚེ་དང་ལྡན་པ་དུག་སེལ་དང༌། ཚེ་དང་ལྡན་པ་རབ་འབྱོར་དང༌། ཚེ་དང་ལྡན་པ་ནམ་གྲུ་དང༌། ཚེ་ དང་ལྡན་པ་དགའ་སྡེ་དང༌། དེ་དག་ལ་སོགས་པ་དགེ་སློང་སུམ་ཁྲི་ཉིས་སྟོང་དང༌། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་ པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ ༄༅། །ཆེན་པོ་གཞོན་ནུར་གནས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ་བཟང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འབྲི་ དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བལྟ་ན་སྡུག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང༌། དེ་དག་ལ་སོགས་པ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲུག་ཁྲི་ཉིས་སྟོང་དང༌། ལྷའི་བུ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་སྲིད་གྲུབ་དང༌། ལྷའི་བུ་བཟང་པོ་དང༌། ལྷའི་བུ་ཤིན་ཏུ་བཟང་པོ་དང༌། ལྷའི་བུ་ཆོས་འདོད་དང༌། ལྷའི་བུ་ཙནྡན་སྙིང་པོ་དང༌། ལྷའི་བུ་ཙནྡན་གནས་དང༌། ལྷའི་བུ་ཙནྡན་དང༌། དེ་དག་ལ་སོགས་པ་ལྷའི་བུ་ཁྲི་ཉིས་སྟོང་དང༌། ལྷའི་བུ་མོ་བརྒྱད་སྟོང་ལ་འདི་ ལྟ་སྟེ༑ ལྷའི་བུ་མོ་རྔ་ལྡན་དང༌། ལྷའི་བུ་མོ་མཛེས་ལྡན་དང༌། ལྷའི་བུ་མོ་བདག་ཉིད་ཆེ་ལྡན་དང༌། ལྷའི་བུ་མོ་མིག་དཔལ་དང༌། ལྷའི་བུ་མོ་སྐྱེ་རྒུའི་བདག་མོ་གནས་པ་དང༌། ལྷའི་ བུ་མོ་སྟོབས་འཛིན་དང༌། ལྷའི་བུ་མོ་ནོར་དཔལ་དང༌། ལྷའི་བུ་མོ་ལག་པ་བཟང་ལྡན་དང༌། དེ་དག་ལ་སོགས་པ་ལྷའི་བུ་མོ་བརྒྱད་སྟོང་དང༌། ཀླུའི་རྒྱལ་པོ་བརྒྱད་སྟོང་ལ་འདི་ལྟ་ སྟེ༑ ཀླུའི་རྒྱལ་པོ་སོག་མ་མེད་དང༌། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང༌། ཀླུའི་རྒྱལ་པོ་ཉ་མིད་དང༌། ཀླུའི་རྒྱལ་པོ་བུམ་པའི་སྙིང་པོ་དང༌། ཀླུའི་རྒྱལ་པོ་བུམ་པ་མགོ་དང༌། ཀླུའི་རྒྱལ་པོ་ དགེ་བྱེད་དང༌། ཀླུའི་རྒྱལ་པོ་ཤིན་ཏུ་དགའ་བ་དང༌། ཀླུའི་རྒྱལ་པོ་འདབ་བཟང་དང༌། ཀླུའི་རྒྱལ་པོ་གླང་པོའི་མགོ་དང༌། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་སྟོང་དང་ཐབས་ཅིག་ཏུ་བཞུགས་ ཏེ༑ དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་ཁབ་ག་ལ་བ་དང༌། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང༌། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་དང༌། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་བས་གནང་ངོ༌། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷ་བྱེ་བ་དང༌། ལྷའི་བུ་མོ་བྱེ་བ་དང༌། བྱང་ཆུབ་སེམས་དཔའ་ བྱེ་བ་མང་པོ་དག་འདུས་ཏེ། བཅོམ་ལྡན་འདས། ཉན་ཐོས་བྱེ་བ་མང་པོ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉན་པའི་སླད་དུ་འདུས་ནས་འཁོད་ཅིང་མཆིས་ན། དེ་བཞིན་གཤེགས་པ་དགྲ་ ༄༅། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཚུལ་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྒན་པ་རྣམས་ནི། ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ ཐམས་ཅད་བྱང་བར་འགྱུར་བ་དང༌། སེམས་ཅན་གཞོན་ནུ་རྣམས་ནི། དགེ་བའི་ཆོས་རྣམས་ལ་མངོན་པར་བརྩོན་ཞིང་ཁྱད་པར་དུ་འཕགས་པ་འཐོབ་པར་འགྱུར་ཏེ། དགེ་བའི་ཆོས་ རྣམས་ལས་མི་ཉམས་ཡོངས་སུ་མི་ཉམས་ཤིང༌། ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་ པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་དཔའ་བ། ཁྱོད་དེ་བཞིན་གཤེགས་པ་ ལ་དོན་འདི་འདྲི་བར་སེམས་པ་ནི། ཀུན་ཏུ་དཔའ་བ། ལེགས་སོ། །ལེགས་སོ། །ཀུན་ཏུ་དཔའ་བ། ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་ བཤད་དོ། །བཅོམ་ལྡན་འདས། དེ་དེ་བཞིན་ནོ། །ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་དཔའ་བ། ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ད་ལྟར་ཡང་ཛམྦུའི་གླིང་དུ་སྤྱོད་པ་ཞིག་ཡོད་དེ། གང་ལ་ལ་ཞིག་ ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། དེའི་མཚམས་མེད་པ་ལྔའི་ལས་རྣམས་འབྱང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཀུན་ཏུ་ དཔའ་བ། འདི་ཇི་སྙམ་དུ་སེམས། གང་དག་གིས་ཟུང་གི་མདོ་འདི་ཐོས་པ་དེ་དག་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་བསྐྱེད་པར་འགྱུར་རོ། །སྙམ་ ནའང་ཀུན་ཏུ་དཔའ་བ། དེ་ལྟར་མི་བལྟའོ། །ཀུན་ཏུ་དཔའ་བས་གསོལ་བ། འོ་ན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་ཏུ་དཔའ་བ། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་བསོད་ ནམས་ཀྱི་ཕུང་པོའང་དེ་སྙེད་བསྐྱེད་པར་འགྱུར་རོ། །ཀུན་ཏུ་དཔའ་བ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི། ཕྱིར་མི་ལྡོག་པར་འགྱུར་རོ། །དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱིས་དགེ་བའི་ཆོས་གང་དག་འཐོབ་པར་འགྱུར་བ་དེ་དག་ལ་བདུད་སྡིག་ཅན་གྱིས་མི་རྫི་བར་འགྱུར་རོ། །ཀུན་ཏུ་ ༄༅། །དཔའ་བ། གང་དག་ཟུང་གི་མདོ་འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང་འགག་པ་ཤེས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེའི་ཚེ་སྟན་ ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་གཅིག་གི་ བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག །སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོའི་ཚད་ཉོན་ཅིག །འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་དང༌། ཛམྦུའི་གླིང་གི་རྡུལ་ཕྲ་རབ་ཇི་སྙེད་པ་དང༌། གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་དག་ཐམས་ཅད་ས་བཅུ་ལ་གནས་པའི་བྱང་ཆུབ་ སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི། སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ངོ༌། །གང་ཟུང་གི་ཆོས་ཀྱི་རྣམ་ གྲངས་འདི་ཐོས་པའི་སེམས་ཅན་རྣམས་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཀྱང་ཆེས་མང་དུ་བསྐྱེད་པར་འགྱུར་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ནི། བགྲང་བའི་ཚུལ་གྱིས་མཐའ་ རྟོགས་པར་མི་ནུས་སོ། །ཀུན་ཏུ་དཔའ་བ། དེའི་ཚེ་དེའི་དུས་ན་གང་ཚིག་འདི་ཐོས་ནས་སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །དེ་ནས་ བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་གང་ཆོས་ཀྱིས་ཡོངས་སུ་སྐོམ་པར་འགྱུར་ བ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་དཔའ་ བ༑ སེམས་ཅན་གཉིས་པོ་འདི་དག་ནི། ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ཏེ། གཉིས་གང་ཞེ་ན། ཀུན་ཏུ་དཔའ་བ། འདི་ལྟ་སྟེ། གཅིག་ནི། སེམས་ཅན་ཐམས་ཅད་ལ་སེམས་མཉམ་ བའོ༑ ༑ཀུན་ཏུ་དཔའ་བ། གཉིས་པ་ནི། གང་ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། གཅིག་ ནི༑ ཆོས་ཐོས་ནས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ནམ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ། །ཀུན་དཔའ་བ། གཉིས་པ་ ནི༑ གང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ། རྟག་ཏུའང་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ། །དེ་ནས་ལྷ་དང༌། ཀླུ་དང༌། མི་དང༌། ལྷའི་བུ་མོ་བྱེ་བ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ ༄༅། །སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་ཆོས་ཀྱིས་ཡོངས་སུ་སྐོམ་ཞིང་མཆིས་ན། བཅོམ་ ལྡན་འདས། བདག་ཅག་དང༌། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ། སེམས་ཅན་གང་དག་འདིར་ལྷགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བ་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངས་སུ་སྒྲུབ་པ་གྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་ འདས༑ རྒྱུ་གང་དང༌། རྐྱེན་གང་གིས་ན། སེམས་ཅན་འདིར་ལྷགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །ཀུན་ཏུ་དཔའ་བ། དེའི་ཕྱིར་འདི་ལ་ཡོངས་སུ་ བསྔོ་བའི་ཁྱད་པར་ཉོན་ཅིག །ཀུན་ཏུ་དཔའ་བ། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིན་ཆེན་དཔའ་ཞེས་བ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ༌། །ཀུན་ཏུ་དཔའ་བ། དེའི་ཚེ་དེའི་དུས་ན་ང་བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་ཏེ། ངས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ ཤེས་ལ་སོ་སོར་བཀོད་པ་དེ་དག་ཐམས་ཅད་དེའི་ཚེ་དེའི་དུས་ན་རི་དྭགས་སུ་གྱུར་ནས། ངས་དེའི་ཚེ་དེའི་དུས་ན་འདི་སྐད་དུ་ད་ལྟར་རི་དྭགས་གང་ལ་ལ་སྡུག་བསྔལ་གྱིས་ཡོངས་སུ་ གཟིར་པར་གྱུར་པ་དེ་དག་ཐམས་ཅད་ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་དགོད་པར་གྱུར་ཅིག །ཅེས་སྨོན་ ལམ་བཏབ་སྟེ། རི་དྭགས་དེ་དག་གིས་ཀྱང་ཚིག་དེ་ཐོས་ནས་དེ་བཞིན་དུ་གྱུར་ཅིག །ཅེས་དེ་སྐད་སྨྲས་ཏེ། ཀུན་ཏུ་དཔའ་བ། དགེ་བའི་རྩ་བ་དེས་ན། སེམས་ཅན་དེ་དག་འདིར་ལྷགས་ ༄༅། །ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ ཏུ་དཔའ་བས་བཅོམ་ལྡན་འདས་ལས་སྤྲོ་བ་ཆེན་པོ་ཐོས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་དེ་དག་གི་ཚེའི་ཚད་ཇི་སྲིད་ཅིག་ཐུབ་ པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་གི་ཚེའི་ཚད་ནི། བསྐལ་པ་བརྒྱད་ཅུ་ཐུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་ གསོལ་པ། བཅོམ་ལྡན་འདས། བསྐལ་པའི་ཚད་ཇི་ཙམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་ གིས་ར་བ་ཆུ་ཞེང་དཔག་ཚད་བཅུ་གཉིས་ལ་འཕང་དུ་དཔག་ཚད་གསུམ་པ་ཞིག་བརྩིགས་ཏེ། ར་བ་དེའི་ནང་ཏིལ་གྱིས་འབྲུ་ཤ་སྟག་གིས་ཡོངས་སུ་གང་བར་བྱས་ལ། དེ་ནས་མི་དེས་ ལོ་སྟོང་འདས་ཤིང་རབ་ཏིལ་གྱིས་འབྲུས་ཡོངས་སུ་གང་བ་དེ་ལས་ཏིལ་གྱི་འབྲུ་གཅིག་ཕྱི་རོལ་ཏུ་བོར་ཏེ། དེ་ལྟ་བུའི་ཚུལ་དུ་མི་དེས་ཏིལ་གྱི་འབྲུ་དེ་དག་ཐམས་ཅད་ཟད་པར་བྱས་ལ། ར་བ་དེའི་རྨང་ཡང་མེད། གཞིའང་མེད་པར་གྱུར་དུ་ཟིན་ཀྱང་བསྐལ་པ་ནི། ཟད་པར་མི་འགྱུར་རོ། །ཀུན་ཏུ་དཔའ་བ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རི་རྔམས་སུ་དཔག་ཚད་ལྔ་ བཅུ༑ འཕང་དུ་དཔག་ཚད་བཅུ་གཉིས་པ་ཞིག་ཡོད་ལ། དེ་ནས་མི་ལ་ལ་ཞིག་གིས་རི་དེའི་ངོས་ལ་ཁྱིམ་བརྩིགས་ཏེ་དུས་རིང་པོ་ལོ་བརྒྱ་འདས་ཤིང་ཀ་ཤི་ཀའི་རས་ཀྱིས་ལན་གཅིག་ཕྱིས་ ཏེ༑ དེ་ལྟར་བྱས་པས་རི་དེ་ཟད་པར་གྱུར་དུ་ཟིན་ཀྱང་བསྐལ་པ་ནི། ཟད་པར་མི་འགྱུར་ཏེ། ཀུན་ཏུ་དཔའ་བ། བསྐལ་པའི་ཚད་ནི། དེ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་དཔའ་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསྔོ་བ་གཅིག་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེ་བ་ནི། འདི་ལྟ་སྟེ། བདེ་བར་ཚེའི་ཚད་བསྐལ་པ་བརྒྱད་ཅུ་ཐུབ་པར་འགྱུར་ན། གང་དེ་བཞིན་གཤེགས་པའི་བསྟན་པ་ལ་བསྙེན་བཀུར་ཤིན་ཏུ་མང་པོར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ། ཉོན་ཅིག །གང་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེའི་ཚེའི་ཚད་ཀྱང་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུར་ན། ཀུན་ཏུ་དཔའ་བ། གང་ཟུང་གི་མདོ་ ཡི་གེར་འབྲིར་འཇུག་པ་དང༌། ཀློག་པ་ལྟ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ། དེ་ནི། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་པོ་བསྐྱེད་པར་འགྱུར་རོ། །ཀུན་ཏུ་དཔའ་བ། སེམས་དང་བ་གང་ཞིག་ཟུང་ གི་མདོ་ལ་སྙིང་ཐག་པ་ནས་ཕྱག་འཚལ་བ་དེ་ནི། བསྐལ་པ་དགུ་བཅུ་རྩ་དགུར་ཚེ་རབས་དྲན་པར་འགྱུར་རོ། །བསྐལ་པ་དྲུག་ཅུའི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། ། ༄༅། །ཚེ་འདི་ལའང་ཐམས་ཅད་དགའ་བར་འགྱུར་ཏེ། ཀུན་ཏུ་དཔའ་བ། དེ་ནི། མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་གིས་འཆི་བའི་དུས་བྱེད་པར་ མི་འགྱུར་རོ། །དེ་ལ་བྱད་ཀྱིས་ཚུགས་པར་མི་འགྱུར་རོ། །འཆི་ཁར་ཡང་སངས་རྒྱས་བྱེ་བ་ཁྲག་དགུ་བཅུ་རྩ་དགུ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ། སངས་རྒྱས་ བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་ལ་སྐྱེས་བུ་དམ་པ་ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལེགས་པར་བཤད་པ་ཐོས་པས་བསོད་ནམས་ཀྱི་ཕུང་པོ་འདི་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་པོ་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་སོ་སོར་ལུང་སྟོན་པར་འགྱུར་ན། ཀུན་ཏུ་དཔའ་བ། ཟུང་གི་མདོའི་ཆོས་ཀྱི་རྣམ་ གྲངས་ཆེན་པོ་འདི་མཐའ་དག་རྫོགས་པར་རྒྱ་ཚོར་ཐོས་པ་ལྟ་ཅི་སྨོས་ཀྱི། མ་འཇིགས་ཤིག །ཅེས་དབུགས་འབྱིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་མཉམ་པར་བགྱི་ན། བཅོམ་ ལྡན་འདས། བདག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ ཀླུང་གི་བྱེ་མ་དང་མཉམ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སེམས་ཅན་དེའང་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། ནམ་ བདག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པ་དེ་ན། བཅོམ་ལྡན་འདས། ངོམ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཁྱོད་ཆོས་རྣམས་ ཀྱིས་ངོམ་མི་ཤེས་པ། ལེགས་སོ། །ལེགས་སོ། །ཀུན་ཏུ་དཔའ་བ། ངའང་ཆོས་རྣམས་ཀྱིས་ངོམ་མི་ཤེས་ན། ཀུན་ཏུ་དཔའ་བ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངོམ་མི་མྱོང་ བར་བྱ་བ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པ་དེ་བསྐལ་པ་སྟོང་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། བསྐལ་ པ་ལྔ་སྟོང་དུ་དུད་འགྲོར་སྐྱེ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་འཁོབ་ཏུ་སྐྱེ་བོའི་ནང་དུ་སྐྱེ་བར་མི་འགྱུར། བསྐལ་པ་ཉི་ ཁྲིར་རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར། བསྐལ་པ་ཉི་ཁྲི་ལྔ་སྟོང་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་བསྐལ་པ་ བཞི་ཁྲིར་ཁྱིམ་གྱི་གནས་ནས་འབྱུང་བར་འགྱུར། བསྐལ་པ་ལྔ་ཁྲིར་ཆོས་འཛིན་པར་འགྱུར། བསྐལ་པ་དྲུག་ཁྲི་ལྔ་སྟོང་དུ་འཆི་བ་རྗེས་སུ་དྲན་པ་སྒོམ་པར་འགྱུར་རོ། །ཀུན་ཏུ་དཔའ་ ༄༅། །པ༑ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་སྡིག་པའི་ལས་ཅུང་ཟད་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་ རོ༑ ༑ནམ་དུའང་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ། །ཀུན་ཏུ་དཔའ་བ། གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ནི། གང་དང་གང་དུ་སྐྱེའང་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་ ལྔར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །བསྐལ་པ་བརྒྱད་ཁྲིར་ཐོས་པ་འཛིན་པར་འགྱུར། བསྐལ་པ་སྟོང་དུ་སྲོག་གཅོད་པ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་ སྟོང་དུ་བརྫུན་དུ་སྨྲ་བ་སྤོང་བར་འགྱུར། བསྐལ་པ་ཁྲི་སུམ་སྟོང་དུ་ཕྲ་མའི་ཚིག་སྤོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ། གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ ནི༑ རྙེད་པར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ ས་ལ་བཙུགས་ཏེ༑ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་དག་ཆོས་ཀྱི་ རྣམ་གྲངས་འདི་སྤོང་བ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། མང་ངོ༌། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་དེ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཁ་རོག །ཁ་རོག །ང་ ལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་དྲི་ཞིག །ཀུན་ཏུ་དཔའ་བ། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གཉིས་ ཀྱི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པ་བས་ནི། གང་ཟུང་གི་མདོ་ལ་སྨོད་པ་དེ་དེ་བས་མི་དགེ་བའི་ཕུང་པོ་ཆོས་མང་དུ་བསྐྱེད་དོ། །ཀུན་ཏུ་དཔའ་བ། གང་དག་ཐེག་པ་ཆེན་པོ་ལ་ གནོད་པའི་སེམས་བསྐྱེད་པ་དེ་དག་ཀྱང་དེ་བས་མི་དགེ་བའི་ཕུང་པོ་ཆེས་མང་དུ་སྐྱེད་པར་འགྱུར་ཏེ། ཀུན་ཏུ་དཔའ་བ། སེམས་ཅན་དེ་དག་ནི། ཚིག་པའོ། །ཚིག་པ་ཉིད་དོ། །ཀུན་ཏུ་ དཔའ་བས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་དེ་དག་ནི། ཐར་པར་བགྱི་མི་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། དེ་དེ་བཞིན་ཏེ། ཐར་པར་བྱ་མི་ནུས་སོ། །ཀུན་ཏུ་དཔའ་བ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གི་མགོ་བཅད་ལ་དེ་ལ་དེས་སྨན་སྦྲང་རྩིའམ། ཀ་རའམ། བུ་རམ་མམ། མར་རམ། འབྲུ་མར་རམ། བསྐུ་བའི་སྨན་གང་ཡང་རུང་བ་ཞིག་གིས་མགོ་ལ་བསྐུས་ན། ཀུན་ཏུ་དཔའ་བ། འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་སླར་ལྡང་ནུས་སམ། ཀུན་ཏུ་དཔའ་བས་གསོལ་བ། བཅོམ་ ༄༅། །ལྡན་འདས། རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། གཞན་ཡང་མི་གཞན་ཞིག་ཀྱང་ཡོད་པར་གྱུར་ལ། དེས་སེམས་ ཅན་གཞན་ལ་མཚོན་རྣོན་པོས་བཏབ་ན་མཚོན་ཐང་གཅིག་བཏབ་པས་སྲོག་གཅད་མི་ནུས་ཀྱང༌། ཀུན་ཏུ་དཔའ་བ། རྨ་འབྱུང་བར་འགྱུར་ཏེ། སྨན་གྱིས་སྦྱར་ན། དེའི་རྨ་འཚོ་བར་ འགྱུར་རོ། །ནམ་སོས་པར་གྱུར་པ་དེ་ན་སྡུག་བསྔལ་དྲན་ནས་ད་ནི། བདག་གིས་ཤེས་ཀྱི། ལན་འགའ་ཡང་སྡིག་པ་མི་དགེ་བའི་ལས་མངོན་པར་འདུ་བྱ་བ་མི་བྱའོ། །སྙམ་དུ་ སེམས་པ་དེ་བཞིན་དུ། ཀུན་ཏུ་དཔའ་བ། མི་དེ་ནམ་སྡུག་བསྔལ་དྲན་པ་དེ་ན་སྡིག་པ་ཐམས་ཅད་ཡོངས་སུ་སྤོང་ངོ༌། །དེའི་ཚེ་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུར་རོ། ། ཆོས་ཐམས་ཅད་མངོན་སུམ་དུ་བྱས་ནས་དེའི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཀུན་ཏུ་དཔའ་བ། འདི་ལྟ་སྟེ། དཔེར་ན། མི་ཞིག་ཤི་བའི་ ཕ་མ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ཀྱང་དེ་ལ་སྐྱབས་བྱེད་ནུས་པ་མེད་པ་དེ་བཞིན་དུ། ཀུན་ཏུ་དཔའ་བ། བྱིས་པ་སོ་སོའི་སྐྱེ་པོའི་སེམས་ཅན་རྣམས་ཀྱང་བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་བྱེད་མི་ནུས་ཏེ། ཕ་མ་རེ་ཐག་ཆད་པ་བཞིན་དུ་སེམས་ཅན་རྣམས་ཀྱང་འཆི་བའི་དུས་ཀྱི་ཚེ་རེ་ཐག་ཆད་པར་འགྱུར་རོ། །ཀུན་ཏུ་དཔའ་བ། གཉིས་པོ་འདི་དག་ ནི༑ སེམས་ཅན་རྣམས་ཀྱི་རེ་ཐག་ཆད་པ་ཡིན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཅིག་ནི། སེམས་ཅན་སྡིག་པ་བྱེད་པའམ། བྱེད་དུ་འཇུག་པའོ། །མི་གཅིག་ཤོས་ནི། དམ་པའི་ ཆོས་སྤོང་བ་སྟེ། གཉིས་པ་དེ་དག་ནི། སེམས་ཅན་རྣམས་འཆི་བའི་དུས་ཀྱི་ཚེ་རེ་ཐག་ཆད་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་བ། བཅོམ་ལྡན་འདས། སེམས་ ཅན་དེ་དག་གི་འགྲོ་བ་གང་ལགས། ཚེ་སླད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། སེམས་ཅན་དམ་པའི་ཆོས་ལ་སྨོད་པ་རྣམས་ཀྱི་འགྲོ་བ་ནི། མཐའ་ཡས་ཏེ། ཚེ་ཕྱི་མའང་མཐའ་ཡས་སོ། །ཀུན་ཏུ་དཔའ་བ། དམ་པའི་ཆོས་སྤོང་བའི་སེམས་ཅན་དེ་དག་ནི། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་ཚོར་བ་མྱོང་བར་ འགྱུར་རོ། །བསྐལ་པར་བསྡུས་གཞོམ་དང༌། བསྐལ་བར་ཚ་བ་དང༌། བསྐལ་པར་རབ་ཏུ་ཚ་བ་དང༌། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང༌། བསྐལ་པར་སེམས་ ཅན་དམྱལ་བ་ཆེན་པོ་མནར་མེད་པ་དང༌། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་སྤུ་ཟིང་ཞེས་བྱེད་པ་དང༌། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཀྱི་ཧུད་ཟེར་བ་དང༌། ཀུན་ཏུ་ དཔའ་བ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་བསྐལ་པ་བརྒྱད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་ ༄༅། །དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྡུག་བསྔལ་ལགས་སོ། །བདེ་བར་གཤེགས་པ། སྡུག་བསྔལ་ལགས་ སོ༑ ༑ཉན་པར་མི་སྤྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཅན་དམྱལ་བར་སེམས་ཅན་རྣམས། །ཇི་ལྟར་སྡུག་ བསྔལ་རབ་ཚོར་མྱོང༌། །འཇིགས་པ་ཆེན་པོའི་ཚིག་འདི་ལ། །ཁྱོད་ནི་ཉན་པར་སྤྲོ་མ་ཡིན། །གང་ཞིག་དགེ་བའི་ལས་བྱེད་པ། །དེ་ནི་དགེ་བར་འགྱུར་བ་ཡིན། །གང་ཞིག་མི་ དགེའི་ལས་བྱེད་པ། །དེ་ཡང་སྡུག་བསྔལ་ཉིད་དུ་འགྱུར། །གང་ཞིག་བདེ་རྒྱུ་མི་ཤེས་པ། །སྐྱེས་ནས་འཆི་བའི་སྡུག་བསྔལ་དང༌། །མྱ་ངན་བཅིངས་པའི་སྡུག་བསྔལ་གྱིས། །བྱིས་ པ་རྟག་ཏུ་སྡུག་བསྔལ་ལོ། །གང་དག་སངས་རྒྱས་མཆོག་དྲན་པ། །མཁས་པ་རྣམས་ནི་བདེ་བ་ཡིན། །ཐེག་པ་ཆེ་ལ་དད་པ་ཡང༌། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཀུན་ཏུ་ དཔའ་བ་དེ་བཞིན་དུ། །སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས། །ལས་ནི་ཆུང་དུ་བྱས་པ་ཡང༌། །འབྲས་བུ་མཐའ་ཡས་སྤྱོད་པར་འགྱུར། །སངས་རྒྱས་ཞིང་གི་ཞིང་མཆོག་ཏུ། །ས་བོན་བཏབ་ ན་འབྲས་བུ་ཆེ། །ཇི་ལྟར་ས་བོན་ཉུང་བཏབ་ལས། །འབྲས་བུ་མང་པོར་སྤྱོད་པ་བཞིན། །རྒྱལ་བའི་བསྟན་ལ་དགའ་བྱེད་པ། །མཁས་པ་རྣམས་ནི་བདེ་བར་འགྱུར། །སྡིག་པ་དག་ནི་རྣམ་ པར་སྤོང༌། །དགེ་བ་དག་ཀྱང་མང་དུ་བྱེད། །གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང༌། །གང་དང་གང་ དུ་སྐྱེས་པར་ཡང༌། །དེ་དག་རྟག་ཏུ་སྦྱིན་པ་ཅན། །དེ་ལྟར་སངས་རྒྱས་སྦྱིན་པའི་གནས། །ཟབ་མོ་དེ་ནི་འབྲས་བུ་ཆེ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱི་བསྟན་པའི་ཆོས་འཚལ་བར་བགྱི། བཅོམ་ལྡན་འདས། ཇི་ལྟར་ན་ཟུང་གི་མདོའི་ ཆོས་ཀྱི་རྣམ་གྲངས་ཐོས་ནས་དགེ་བའི་རྩ་བ་ཡོངས་སུ་འཛིན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལྟར་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་ གྲངས་འདི་ཉན་པ་དེའི་བསོད་ནམས་ཀྱི་ཕུང་པོའང་དེ་བཞིན་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་དགེ་བའི་རྩ་བ་ཡོངས་ སུ་རྫོགས་བར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་དགེ་ ༄༅། །བའི་རྩ་བ་དེ་ནི། དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ། །དགེ་བའི་རྩ་བ་དེ་དེ་བཞིན་གཤེགས་པ་དང་མཚུངས་པར་འཚལ་བར་བགྱི་བ་ གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཆོས་སྨྲ་བ་དེ་ནི། དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ། །ཀུན་ཏུ་དཔའ་བས་ གསོལ་པ། བཅོམ་ལྡན་འདས། ཆོས་སྨྲ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟུང་གི་མདོ་སྒྲོག་པ་དེ་ནི། ཆོས་སྨྲ་བའོ། །ཀུན་ཏུ་དཔའ་བས་ གསོལ་པ། བཅོམ་ལྡན་འདས། གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེ་དག་ཀྱང་འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་སྐྱེད་པར་འགྱུར་ན། གང་དག་ཡི་གེར་ འབྲི་བ་དང༌། ཀློག་པ་ལྟ་ཅི་སྨོས་ཏེ། དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཉོན་ཅིག། འདི་ ལྟ་སྟེ༑ དཔེར་ན། ཕྱོགས་བཞིའི་ཕྱོགས་རེ་རེར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་ བསྐལ་པ་བཅུ་གཉིས་ཀྱི་བར་དུ་བཞུགས་ཤིང་ཆོས་སྟོན་ཏེ། ཟུང་གི་མདོ་འདི་ཡི་གེར་འབྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་བརྗོད་ཀྱང་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་ རྟོགས་པར་རམ། ཚིག་གིས་བརྗོད་པར་མི་ནུས་སོ། །སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བཞི་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་ཀྱང་ཡི་གེར་འབྲི་བའི་བསོད་ནམས་ཀྱི་ཕུང་པོ་ དེ་བརྗོད་པར་མི་ནུས་ན། གང་ཡི་གེར་འབྲི་བ་དང༌། སེམས་པ་དང༌། ཀློག་པ་དེ་དག་ཆོས་ཀྱི་གཏེར་དུ་འགྱུར་བ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། ཀློག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཚིག་བཞི་ཚིགས་སུ་ བཅད་པ་ཙམ། །བཀླགས་པ་རྣམས་ཀྱི་དགེ་བ་གང༌། །གངྒཱ་བརྒྱད་ཅུ་རྩ་བཞི་ཡི། །བྱེ་མ་སྙེད་ཀྱི་རྒྱལ་བ་ཡིས། །འདི་ན་ཟུང་གི་མདོ་བཀླགས་པ། །དེ་དག་བསོད་ནམས་གང་ཡོད་པ། །རྒྱུན་ མི་འཆད་པར་བརྗོད་གྱུར་ཀྱང༌། །བསོད་ནམས་དེ་ནི་ཟད་མི་འགྱུར། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རྙེད་པར་དཀའ་ཞིང་མཐའ་ཡས་སོ། །ཡང་དེའི་ཚེ་དེའི་དུས་ན་ལྷ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། གང་གི་སླད་དུ་ཆོས་ཀྱི་གཏེར་འདི་ལྟ་བུ་བཅོམ་ལྡན་འདས་ཀྱིས་ཛམྦུའི་གླིང་འདིར་བཞག་པ་ལེགས་སོ། །ལེགས་སོ། །གཞན་གཅེར་བུ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ ༄༅། །སྟོང་ཕྲག་བཅོ་བརྒྱད་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དགེ་སྦྱོང་གཽ་ཏ་མ་ནི། རྒྱལ་ལོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི། རྟག་ཏུ་རྒྱལ་ལོ། །ཀྱེ་མུ་སྟེགས་ཅན་གཅེར་བུ་ཅན་དག །མུ་སྟེགས་ཅན་ཁྱེད་རྣམས་ཇི་ལྟར་རྒྱལ་བར་འགྱུར། དེ་ དག་གིས་སྨྲས་པ། རྒྱལ་བར་མཛོད། དགེ་སྦྱོང་གཽ་ཏ་མ་ནི། རྒྱལ་བར་མཛོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱེད་རྣམས་ལ་རྒྱལ་བ་མ་མཐོང་ངོ༌། །ཁྱེད་ནི་ ཕྱིན་ཅི་ལོག་གནས་ན། །ཇི་ལྟ་བུར་ནི་རྒྱལ་བར་འགྱུར། །གཅེར་བུ་ཁྱེད་རྣམས་ཉོན་ཅིག་དང༌། །ཁྱེད་ལ་ཕན་པ་བརྗོད་པར་བྱ། །བྱིས་པའི་བློ་ལ་བདེ་བ་མེད། །ཁྱེད་ཅག་རྒྱལ་ བར་ག་ལ་འགྱུར། །ངས་ནི་སངས་རྒྱས་སྤྱན་གྱིས་སུ། །ཟབ་མོའི་ལམ་ཡང་བསྟན་པར་བྱ། །དེ་ནས་གཅེར་བུ་པ་དེ་དག་བཅོམ་ལྡན་འདས་ལ་ཁྲོས་པས་མ་དད་པའི་སེམས་ བསྐྱེད་དོ། །དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང༌། དེ་ནས་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་དངངས་སྐྲག་ནས་སྡུག་བསྔལ་ཆེན་པོས་ ཉམ་ཐག་སྟེ་དུ་ཞིང་མཆི་མ་ཟག་པ་དང༌། དེ་བཞིན་གཤེགས་པས་ཀྱང་སྐུ་མི་སྣང་བར་མཛད་དོ། །དེ་ནས་གཅེར་བུ་པ་དེ་དག་རུ་ཞིང་གདོང་མཆི་མས་གང་བས་བཅོམ་ལྡན་ འདས་མ་མཐོང་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ན་དཔུང་གཉེན་སུ་ཡང་མེད། །དེ་བཞིན་ཕ་མེད་མ་ཡང་མེད། །འབྲོག་དགོན་བཞིན་དུ་རབ་ཏུ་མཐོང༌། །ཁང་པ་སྟོང་ པ་གནས་མེད་དོ། །འདི་ན་ཆུ་ཡང་མ་ཡོད་དོ། །ཤིང་ཡང་མེད་ཅིང་བྱ་ཡང་མེད། །འདི་ན་སྐྱེ་བོ་མ་མཐོང་སྟེ། །མགོན་མེད་སྡུག་བསྔལ་ཚོར་བ་ནི། །དེ་བཞིན་གཤེགས་པ་མ་ མཐོང་བས། །མི་བཟད་ཆེན་པོ་མྱོང་བར་གྱུར། །ཡང་དེའི་ཚེ་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་སྟན་ལས་ལངས་ཏེ་པུས་མོ་གཉིས་ས་ལ་བཙུགས་ནས་སྒྲ་འབྱིན་ཅིང་ དབྱངས་ཀྱིས་གོ་བར་བྱེད་དོ། །དེ་བཞིན་གཤེགས་པ་ཐུགས་རྗེ་ཅན། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །བདག་ཅག་རྣམས་ལ་ཕན་པ་མཛོད། །འགྲོ་བ་ཉམ་ཐག་བསྐྱབ་ ཏུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ། སོང་ལ་གཞན་མུ་སྟེགས་ཅན་ གཅེར་བུ་བ་རྣམས་ལ་ཆོས་ཤོད་ཅིག །དེ་སྐད་ཅེས་བཀའ་སྩལ་བ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་ གསོལ་ཏེ། །བཅོམ་ལྡན་འདས། རི་ནག་པོ་ནི། རི་རབ་རིའི་རྒྱལ་པོ་ལ་གོར་མ་བཀུམ་པར་རྩེ་མོ་འདུད་ན། དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་གིས་ཇི་ལྟར་ཆོས་ ༄༅། །བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་རོག །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་གང་གིས་ ཀུན་ཏུ་དཔའ་བ་སོང་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ལྟོས་ཏེ་དེ་བཞིན་གཤེགས་པ་ག་ལ་སྣང་བ་དང༌། དེ་བཞིན་གཤེགས་པའི་གདན་གང་དུ་བཏིང་བ་ལྟོས་ ཤིག་དང༌། ཀུན་ཏུ་དཔའ་བ། ང་ཉིད་ཀྱིས་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ ལྡན་འདས། རང་གི་རྫུ་འཕྲུལ་གྱིས་སམ། འོན་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་སམ། སུའི་རྫུ་འཕྲུལ་གྱི་མཐུས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་ཏུ་དཔའ་བ། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་སོང་ཞིག །ཀུན་ཏུ་དཔའ་བ། དེ་བཞིན་གཤེགས་པའི་མཐུས་ནི། ཕྱིར་ཤོག་ཅིག། དེ་ ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ གཞན་མུ་སྟེགས་ཅན་དེ་དག་ལ་ཆོས་བསྟན་པ། གྲོགས་པོ་དག །སྐྱེ་བ་ནི། སྡུག་བསྔལ་བ་ཡིན་ཏེ། སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བའོ། །སྐྱེས་ནས་སྡུག་བསྔལ་གྱི་འཇིགས་ པ་མང་དུ་འབྱུང་ངོ༌། །སྐྱེས་ནས་ནད་ཀྱི་འཇིགས་པ་རྣམས་འབྱུང་ངོ༌། །ནད་ལས་རྒ་བའི་འཇིགས་པ་རྣམས་འབྱུང་ངོ༌། །རྒས་བ་ལས་འཆི་བའི་འཇིགས་པ་འབྱུང་ངོ༌། །བཅོམ་ལྡན་འདས། སྐྱེས་པ་ལས་སྐྱེ་བའི་འཇིགས་པ་སྐྱེ་བར་འགྱུར་ཞེས་བགྱི་པ་གང་ལགས། མིར་སྐྱེས་ནས་འཇིགས་པ་མང་དུ་འབྱུང་སྟེ། རྒྱལ་པོའི་འཇིགས་པ་འབྱུང་ངོ༌། །རྐུན་པོའི་འཇིགས་པ་འབྱུང་ ངོ༑ ༑མེའི་འཇིགས་པ་འབྱུང་ངོ༌། །དུག་གི་འཇིགས་པ་འབྱུང་ངོ༌། །ཆུའི་འཇིགས་པ་འབྱུང་ངོ༌། །རླུང་གི་འཇིགས་པ་འབྱུང་ངོ༌། །ཀློང་འཁྱིལ་བའི་འཇིགས་པ་འབྱུང་ངོ༌། །རང་གིས་ བྱས་པའི་ལས་རྣམས་ཀྱི་འཇིགས་པ་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱིས་སྐྱེ་བའི་གླེང་གཞི་དེ་ལྟ་བུ་རྣམ་པ་མང་པོས་ཆོས་བསྟན་པ་དང༌། དེའི་ཚེ་དེའི་དུས་ན་གཞན་མུ་སྟེགས་ ཅན་གཅེར་བུ་པ་དེ་དག་རབ་ཏུ་སྐྲག་པར་གྱུར་ནས་བདག་ཅག་ནི། ཕྱིན་ཆད་སྐྱེ་བ་ལ་ནམ་ཡང་མི་མོས་སོ། །ཞེས་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཟུང་གི་མདོའི་ཆོས་ཀྱི་ རྣམ་གྲངས་འདི་བཤད་པ་ན། གཞན་མུ་སྟེགས་ཅན་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་གྱུར་ཏོ། ། རང་གི་འཁོར་ལས་ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅོ་བརྒྱད་ས་བཅུ་ལ་རབ་ཏུ་གནས་པར་གྱུར་ནས་ཐམས་ཅད་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་འདི་ལྟ་སྟེ། རྟའི་ ༄༅། །གཟུགས་དང༌། གླང་པོ་ཆེའི་གཟུགས་དང༌། སྟག་གི་གཟུགས་དང༌། ནམ་མཁའ་ལྡིང་གི་གཟུགས་དང༌། རི་རབ་ཀྱི་གཟུགས་དང༌། གཡུང་དྲུང་རིས་ ལྟ་བུའི་གཟུགས་དང༌། ལ་ལ་དག་ནི། ཤིང་ལྗོན་པའི་གཟུགས་སུ་སྟོན་ཅིང༌། ཐམས་ཅད་ཀྱང་པདྨའི་ཁྲི་ལ་སྐྱིལ་མོ་ཀྲུང་དུ་འཁོད་དོ། །བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་ དགུ་ནི༑ བཅོམ་ལྡན་འདས་ཀྱི་གཡས་རོལ་ན་འཁོད། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི། བཅོམ་ལྡན་འདས་ཀྱི་གཡོན་རོལ་ན་འཁོད་ཅིང༌། དེ་བཞིན་གཤེགས་པ་ནི། རྟག་ཏུ་མཉམ་པར་བཞག་སྟེ། ཐབས་མཁས་པས་ཆོས་སྟོན་པར་སྣང་ངོ༌། །ཞག་བདུན་པའི་ཉིན་མོ་དེ་བཞིན་གཤེགས་པ་ཕྱག་གི་མཐིལ་བརྐྱང་སྟེ། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་པདྨ་བླ་མའི་འཇིག་རྟེན་གྱི་ཁམས་ནས་འདིར་འོང་བར་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ ཏུ་དཔའ་བ་ནམ་འགྲོ་བ་དེ་ན་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་པདྨ་བླ་མའི་འཇིག་རྟེན་གྱི་ཁམས་དེར་ཉིན་ཞག་བདུན་གྱིས་ཕྱིན་ཏོ། །ནམ་བཅོམ་ལྡན་འདས་ ཀྱིས་ཕྱག་བརྐྱང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་ འདས་ལ་སེམས་དང་ཞིང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཆིས་ན། བཅོམ་ལྡན་འདས། བདག་གིས་རྫུ་འཕྲུལ་གཅིག་གིས་ནི། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་ དང༑ རྫུ་འཕྲུལ་གཉིས་ཀྱིས་ནི། བཅོམ་ལྡན་འདས་བྱེ་བ་སྟོང་མཐོང་སྟེ། གདུགས་བདུན་པ་ལ་པདྨ་བླ་མའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་ནས་དེའི་བར་ན་སངས་རྒྱས་ཀྱི་ཞིང་མི་ འཁྲུགས་པ་བྱེ་བ་བརྒྱ་སྟོང་དག་ཀྱང་མཐོང་སྟེ། བཅོམ་ལྡན་འདས། དེ་ནས་གདོད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྫུ་འཕྲུལ་དང༌། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་ བཅུ་རྩ་གཉིས་དག་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དང༌། དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱད་ཅུ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་འཇིག་རྟེན་དུ་བྱུང་བ་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཕྱག་བགྱིས་ནས་སླར་མཆིས་སོ། །བཅོམ་ལྡན་འདས་ དེ་ཉིད་ཀྱི་གདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་དང༌། སུམ་ཅུ་རྩ་དགུ་འདས་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ནའང་བྱང་ཆུབ་སེམས་དཔའ་ ༄༅། །བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དགུ་བྱུང་སྟེ། དེ་ཉིད་ཀྱི་གདུགས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ལན་གསུམ་བསྐོར་བ་བགྱིས་པ་དང་རྫུ་འཕྲུལ་གྱིས་མི་གདའ་བར་ གྱུར་ཏོ༑ ༑བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དྲུག་ཅུ་རྣམས་སུའང་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་སྟེ། བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་དེ་དག་ དང༑ སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཕྱག་བགྱིས་ནས་བདག་ཐལ་བྱུང་མཆིས་སོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་གཞན་བྱེ་བ་ཕྲག་བརྒྱད་ནའང་དེ་ བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་རྣམས་མཐོང་སྟེ། བདག་གིས་དེ་བཞིན་གཤེགས་པ་དེ་དག་ལའང་ཕྱག་བགྱིས་ནས་ཐལ་བྱུང་མཆིས་སོ། །བཅོམ་ ལྡན་འདས། གཞན་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་དག་ན་དམ་པའི་ཆོས་ནུབ་པ་མཐོང་ནས་བཅོམ་ལྡན་འདས། བདག་དེ་ལ་བསམ་པ་སྐྱེས་པ་དང་མཆི་ མ་ཤོར་ཏོ། །གཞན་ཡང་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། འདོད་པའི་གཟུགས་ཅན་མང་པོ་དག་དུ་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུག་པའང་མཐོང་སྟེ། དེ་བཞིན་ དུ་བཅོམ་ལྡན་འདས། གཞན་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དང་བཅས་པ། རི་རབ་དང་བཅས་པ། ས་ཕྱོགས་དང་བཅས་པ་མ་ལུས་པ་ཐམས་ཅད་ཚིག་པ་དེ་ལའང་ཕྱག་བགྱིས་ནས་རེ་ ཐག་ཆད་པར་གྱུར་ཏེ་མཆིས་སོ། །བཅོམ་ལྡན་འདས། བདག་པདྨ་བླ་མའི་འཇིག་རྟེན་གྱི་ཁམས་སུ་མ་ཕྱིན་གྱི་བར་དེར་བཅོམ་ལྡན་འདས་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ཕྲག་ལྔའང་མཐོང་སྟེ། ལྷོ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང༌། བྱང་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང༌། ཤར་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང༌། ནུབ་ཕྱོགས་ན་ཁྲི་བཤམས་པ་ བྱེ་བ་བརྒྱ་སྟོང་དང༌། སྟེང་གི་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་མཐོང་སྟེ། བཅོམ་ལྡན་འདས། ཁྲི་བཤམས་པ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་བགྱིས་པ་ཤ་སྟག་སྟེ། ཁྲི་དེ་དག་ ཐམས་ཅད་ལའང་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་ཏེ། བཅོམ་ལྡན་འདས། དེ་ལ་བདག་ངོ་མཚར་དུ་གྱུར་ནས་དེ་བཞིན་གཤེགས་པ་དེ་དག་ལ་བཅོམ་ལྡན་འདས། འཇིག་ རྟེན་གྱི་ཁམས་འདི་མིང་ཅི་ཞེས་ཞུས་པ་དང༌། དེ་བཞིན་གཤེགས་པ་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་འདི་ནི། པདྨ་བླ་མ་ཞེས་བྱའོ། །བཅོམ་ལྡན་ འདས༑ དེ་ནས་བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་བསྐོར་བ་བགྱིས་ནས་སངས་རྒྱས་ཀྱི་ཞིང་འདིའི་དེ་བཞིན་གཤེགས་པའི་མཚན་ཅི་ཞེས་ཞུས་པ་དང༌། དེ་དག་གིས་བཀའ་ ༄༅། །སྩལ་པ༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྙིང་པོ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཞིང་འདི་ན་སངས་རྒྱས་ཀྱི་ བྱ་བ་བྱེད་དོ། །དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ཞིག་ཀྱང་གདའ་ན། པདྨའི་སྙིང་པོ་ཞེས་བགྱི་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མ་འཚལ་ན། དེ་གང་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་པདྨའི་སྙིང་པོ་ཞེས་བྱ་བ་དེ་ངས་ཁྱོད་ལ་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ནི། མི་གདའ་བར་གྱུར་གྱི། བྱང་ཆུབ་སེམས་དཔའི་ གཟུགས་ཤ་དག་ཏུ་གདའ་སྟེ། དེ་བཞིན་གཤེགས་པ་གཅིག་པུ་ཞིག་གདའ་ནས་བདག་གིས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་དེར་མཆིས་པ་དང༌། ཁྲིའང་བྱུང་བར་གྱུར་ནས་ཁྲི་དེ་ལ་མཆིས་པ་དང༌། བཅོམ་ལྡན་འདས། དེའི་ཚེ་ཁྲི་དུ་མ་ཞིག་བྱུང་ནས་ཁྲི་དེ་དག་ལ་སུའང་མཆིས་པར་མ་མཐོང་ནས་བདག་གིས་དེ་བཞིན་གཤེགས་བ་ དེ་ལ་བཅོམ་ལྡན་འདས། ཁྲི་འདི་དག་ལ་སེམས་ཅན་འགའ་ཡང་མ་མཆིས་མ་མཐོང་ངོ༌། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་དེས་བཀའ་སྩལ་པ། སེམས་ཅན་དགེ་བའི་རྩ་བ་ མ་བསྐྱེད་པ་རྣམས་ནི། ཁྲི་འདི་དག་ལ་འདུག་པའི་མཐུ་མེད་དོ། །གསོལ་པ། བཅོམ་ལྡན་འདས། དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན། ཁྲི་དེ་དག་ལ་མཆིས་པར་འགྱུར། བཅོམ་ལྡན་ འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། ཉོན་ཅིག །སེམས་ཅན་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེ་དག་དགེ་བའི་རྩ་བ་དེས་ཁྲི་དེ་དག་ལ་འདུག་པར་འགྱུར་ཏེ། གང་ དག་ཡི་གེར་འབྲི་བ་དང༌། ཀློག་པ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ། ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པས་ཁྱོད་ཁྲི་འདི་ལ་འདུག་པར་གྱུར་གྱི། དེ་ལྟ་མ་ཡིན་ན། ཁྱོད་སངས་ རྒྱས་ཀྱི་ཞིང་འདིའི་ནང་དུ་ཆུད་པར་ག་ལ་འགྱུར། བཅོམ་ལྡན་འདས་དེས་དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས༑ ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་དེ་བཞིན་གཤེགས་པ་འཛུམ་པ་ མཛད་པ་དང༌། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འཛུམ་པ་མཛད་པ་བདག་གིས་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ལྡན་འདས། རྒྱུ་གང་དང་ཅི་ཞིག་གི་སླད་དུ་དེ་བཞིན་གཤེགས་པ་ འཛུམ་པ་མཛད། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་མཐུ་ཆེན་པོ་ཐོབ་བ་ཉོན་ཅིག །འདི་ལྟ་སྟེ། དཔེར་ན། ༄༅། །ལ་ལ་ཞིག་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ། ངེས་གླིང་བཞིའི་ཞིང་རྣམས་ལ་ཏིལ་བཏབ་ན། ཀུན་ཏུ་དཔའ་བ། འདི་ཇི་སྙམ་དུ་ སེམས༑ དེའི་ས་བོན་མང་དུ་སྐྱེ་བ་ཡིན་ནམ། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། མང་ལགས་སོ། །བདེ་བར་གཤེགས་པ། མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་ཏུ་དཔའ་བ། དེ་ལས་སེམས་ཅན་ལ་ལ་ཞིག་གིས་ཏིལ་གྱི་འབྲུ་དེ་དག་ཕུང་པོ་གཅིག་ཏུ་བྱས་ལ་མི་གཞན་ཞིག་གིས་ཏིལ་གྱི་འབྲུའི་ཕུང་པོ་དེ་ལས་ཏིལ་གྱི་འབྲུ་ རེ་རེ་ནས་བླངས་ཏེ་ཕྱོགས་གཞན་དུ་འཇོག་ན། ཀུན་ཏུ་དཔའ་བ། འདི་ཇི་སྙམ་དུ་སེམས། སེམས་ཅན་དེས་ཏིལ་གྱི་འབྲུ་དེ་དག་བགྲང་བའམ། དཔེར་བྱ་ནུས་སམ། བྱང་ཆུབ་སེམས་དཔའ་ ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། དེ་མ་ལགས་སོ། །བདེ་བར་གཤེགས་པ། དེ་མ་ལགས་སོ། །ཏིལ་གྱི་འབྲུ་དེ་དག་བགྲང་བའམ། དཔེར་བགྱི་བར་རྡོ་མི་ཐོགས་སོ། ། ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི། དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་གྱིས་དཔེར་བྱ་བར་མི་ནུས་སོ། །ཀུན་ཏུ་ དཔའ་བ། འདི་ལྟ་སྟེ། དཔེར་ན། ཏིལ་གྱི་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་དུ་དེ་བཞིན་གཤེགས་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པའི་ དགེ་བའི་རྩ་བའི་བསོད་ནམས་ཡོངས་སུ་བརྗོད་ཀྱང་དཔེས་ཀྱང་བསོད་ནམས་ཟད་པར་མི་འགྱུར་ན། གང་གི་གེར་འབྲི་བ་དང༌། ཀློག་པ་དང༌། འབྲིར་འཇུག་པ་ལྟ་ཅི་སྨོས། བྱང་ཆུབ་ སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། ཡི་གེར་འབྲི་བས་བསོད་ནམས་ཅི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ བུ༑ ཉོན་ཅིག །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྩྭའམ། ཤིང་དེ་དག་ཐམས་ཅད་སོར་གཅིག་ཙམ་དུ་གཏུབས་པ་དང༌། ཀུན་ཏུ་དཔའ་བ་དཔེར་བྱ་བ་ གཉིས་ཀྱང་ཉོན་ཅིག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོའམ། གཡང་སའམ། སའམ། རྡུལ་ཕྲ་རབ་ཇི་སྙེད་པ་ད་དག་ཐམས་ཅད་གླིང་བཞི་ལ་དབང་བའི་འཁོར་ ལོས་བསྒྱུར་བའི་རྒྱལ་པོར་གྱུར་ན། དེ་དག་གི་བསོད་ནམས་དེ་དཔེར་བྱ་བར་ནུས་སམ། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། དེ་མ་ལགས་སོ། །གཞན་དུ་ན་དེ་བཞིན་ གཤེགས་པ་ནི། མ་གཏོགས་སོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཡི་གེར་འབྲི་བའི་བསོད་ནམས་ཀྱི་ཕུང་པོའང་དཔེར་བྱར་མི་ནུས་ཏེ། འཁོར་ལོས་བསྒྱུར་ བའི་རྒྱལ་པོ་ཇི་སྙེད་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་ཡི་གེ་འབྲུ་གཅིག་ཙམ་བྲིས་ཏེ་འཇོག་པ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་ ༄༅། །སྐྱེད་པར་འགྱུར་ཏེ། བསོད་ནམས་རབ་ཏུ་མང་གི །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་ནི། དེ་ལྟ་མ་ཡིན་ནོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་དམ་པའི་ཆོས་འཛིན་ཅིང་སྒྲུབ་པ་ལ་གནས་པའི་བསོད་ནམས་དེ་ལ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཟིལ་གྱིས་གནོན་ མི་ནུས་སོ། །དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཡི་གེར་འབྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལའང་དཔེར་བྱ་བར་མི་ནུས་སོ། །ཀུན་ཏུ་དཔའ་བ། ཟུང་གི་མདོ་འདི་ནི། བསོད་ནམས་ཀྱི་གཏེར་སྟོན་པའོ། །དེ་ནི། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ། །ཆོས་ཐམས་ཅད་ཀྱི་སྒྲོན་མ་འབར་བར་བྱེད་པའོ། །བདུད་སྡིག་ཅན་ཐམས་ཅད་ཕམ་པར་ བྱེད་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་རྣམ་པར་འབར་བར་བྱེད་པའོ། །ཆོས་ཐམས་ཅད་མངོན་པར་སྒྲུབ་པ་མངོན་པར་སྒྲུབ་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལ་ཚངས་པར་སྤྱོད་པ་ནི། རབ་ཏུ་ དཀའ་བ་སྤྱོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྤྱོད་པ་ནི། དཀོན་བ་ལགས་ཏེ། དེ་བཞིན་དུ་ཚངས་པར་སྤྱོད་པའང་དཀོན་ པ་ལགས་སོ། །གང་གི་ཚེ་ཚངས་པར་སྤྱད་པ་སྤྱོད་པ་དེའི་ཚེ་དེ་བཞིན་གཤེགས་པ་མངོན་དུ་མཐོང་བར་འགྱུར་ཏེ། ཉིན་མཚན་དུ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །གང་གི་ཚེ་དེ་ བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་ཉིན་མཚན་དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེ་ན་སངས་རྒྱས་ཀྱི་ཞིང་མཐོང་ངོ༌། །ནམ་སངས་རྒྱས་ཀྱི་ཞིང་མཐོང་བ་དེ་ན་གཏེར་ཐམས་ ཅད་མཐོང་ངོ༌། །དེ་འགུམ་པའི་དུས་ཀྱི་ཚེ་སྐྲག་པ་སྐྱེ་བར་མི་འགྱུར། ནམ་དུའང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམ་དུའང་མྱ་ངན་ཅན་དུ་མི་འགྱུར། སྲེད་པའི་ཞགས་པས་བཅིངས་པར་མི་ འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་དཔའ་བ། དེ་བཞིན་ གཤེགས་པ་རྣམས་འབྱུང་བ་ནི། རྙེད་པར་དཀའོ། །གསོལ་པ། བཅོམ་ལྡན་འདས། རྙེད་པར་དཀའ་ལགས་སོ། །བདེ་བར་གཤེགས་པ། རྙེད་པར་དཀའ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདིའང་རྙེད་པར་དཀའོ། །ཀུན་ཏུ་དཔའ་བ། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་གང་གི་རྣ་ལམ་དུ་གྲངས་ པར་གྱུར་པ་དེ་བསྐལ་པ་བརྒྱད་ཅུའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །བསྐལ་པ་དྲུག་ཁྲིའི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་རོ། །བསྐལ་པ་བརྒྱད་སྟོང་གི་བར་དུ་བརྒྱ་ ༄༅། །བྱིན་ཐོབ་པར་འགྱུར་རོ། །བསྐལ་པ་ཉི་ཁྲིའི་བར་དུ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་བར་སྐྱེ་བར་འགྱུར་རོ། །བསྐལ་པ་སུམ་ཁྲི་བརྒྱད་སྟོང་གི་ བར་དུ་ཚངས་པ་ཆེན་པོར་འགྱུར་རོ། །བསྐལ་པ་དགུ་ཁྲི་དགུ་སྟོང་གི་བར་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །བསྐལ་པ་འབུམ་གྱི་བར་དུ་ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེ་བར་མི་ འགྱུར་རོ། །བསྐལ་པ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་ཁྲི་སུམ་སྟོང་གི་བར་དུ་ལྷ་མ་ཡིན་གྱི་རིས་སུ་སྐྱེ་བར་མི་འགྱུར་རོ། །མཚོན་གྱིས་ འཆི་བའི་དུས་བྱེད་པར་མི་འགྱུར་རོ། །བསྐལ་པ་ཉི་ཁྲི་ལྔ་སྟོང་གི་བར་དུ་ཤེས་རབ་འཆལ་པར་མི་འགྱུར་རོ། །བསྐལ་པ་བདུན་སྟོང་གི་བར་དུ་ཤེས་རབ་སྤྱོད་པར་འགྱུར་རོ། །བསྐལ་པ་ དགུ་སྟོང་གི་བར་དུ་མཛེས་ཤིང་བལྟ་ན་སྡུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ། །བསྐལ་པ་ཁྲི་ལྔ་སྟོང་གི་བར་ དུ་བུད་མེད་དུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་ཁྲི་དྲུག་སྟོང་གི་བར་དུ་ལུས་ལ་ནད་ཀྱིས་བཏབ་པར་མི་འགྱུར་རོ། །བསྐལ་པ་སུམ་ཁྲི་ལྔ་སྟོང་གི་བར་དུ་ལྷའི་མིག་ཅན་དུ་འགྱུར་རོ། །བསྐལ་ པ་ཁྲི་དགུ་སྟོང་གི་བར་དུ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་དྲུག་ཁྲིའི་བར་དུ་ཁྲོ་བས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །བསྐལ་པ་བདུན་སྟོང་གི་བར་དུ་དབུལ་བོའི་ ཁྱིམ་དུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་བརྒྱད་ཁྲིའི་བར་དུ་གླིང་གཉིས་ལ་སྤྱོད་པར་འགྱུར་རོ། །ནམ་དབུལ་པོར་འགྱུར་བ་དེ་ནའང་འདི་འདྲ་བའི་བདེ་བ་རབ་ཏུ་འཐོབ་སྟེ། བསྐལ་པ་ཁྲི་ ཉིས་སྟོང་གི་བར་དུ་དམུས་ལོང་གི་སྐྱེ་གནས་སུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་ཁྲི་སུམ་སྟོང་གི་བར་དུ་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །བསྐལ་པ་ཁྲི་ཆིག་སྟོང་གི་བར་དུ་བཟོད་ པ་སྨྲ་བར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེའང་རྣམ་པར་ཤེས་པ་ཐ་མ་འགག་པར་འགྱུར་པ་ན། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཁྲོ་བས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །དེས་ཤར་ ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་སུ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཉི་ཤུ་མངོན་སུམ་དུ་ མཐོང་བར་འགྱུར་རོ། །ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་མཐོང་བར་འགྱུར་རོ། །བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ ཀླུང་བརྒྱད་ཅུའི་བྱེ་བ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ། །སྟེང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་སྟོང་ཕྲག་དགུ་བཅུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །འོག་གི་ ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་དེ་ལ། རིགས་ཀྱི་བུ། ཁྱོད་ ༄༅། །ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པས་ཚེ་གཞན་དུ་ཡོན་ཏན་དང༌། ཕན་ཡོན་དང༌། བདེ་བ་འདི་སྙེད་དུ་འགྱུར་གྱི། མ་འཇིགས་ཤིག །ཅེས་དབུགས་ འབྱིན་ཏོ། །ཀྱེ་རིགས་ཀྱི་བུ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བདེ་བར་གཤེགས་པ། མཐོང་ལགས་སོ། །བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པ་དེ་དག་ཁྱོད་ལ་གཟིགས་སུ་བྱོན་ཏོ། །གསོལ་པ། བདག་ གིས་དགེ་བའི་ལས་ཅི་ཞིག་བགྱིས་ན། དེ་བཞིན་གཤེགས་པ་མང་པོ་ཞིག་བདག་ག་ལ་མཆིས་པར་བྱོན། བཀའ་སྩལ་པ། རིགས་ཀྱི་བུ། ཉོན་ཅིག །ཁྱོད་ཀྱིས་མིའི་ལུས་ཐོབ་སྟེ་ ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྣ་ལམ་དུ་ཐོས་པས་དེའི་ཕྱིར་ཁྱོད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེས་སོ། །གསོལ་པ། བཅོམ་ལྡན་འདས། བདག་གི་བསོད་ནམས་ཀྱི་ཕུང་ པོའང་དེ་སྙེད་དུ་གྱུར་ན། གང་མཐའ་དག་ཆུབ་པར་ཐོས་པ་ལྟ་སྨོས་ཀྱང་ཅི་འཚལ། བཀའ་སྩལ་པ། ཁ་རོག་ཁ་རོག །ཀྱེ་རིགས་ཀྱི་བུ། ཚིག་བཞི་པའི་ཚིགས་སུ་བཅད་པའི་བསོད་ ནམས་བརྗོད་ཀྱི། ཉོན་ཅིག །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་བཅུ་གསུམ་གྱི་བྱེ་མ་ སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ། །གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་ བཅུ་གསུམ་གྱི་བྱེ་མ་སྙེད་ལ་མཆོད་པ་བས་ནི། གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེའང་བསོད་ནམས་ཀྱི་ཕུང་པོ་དེ་བས་ ཆེས་མང་དུ་སྐྱེད་པར་འགྱུར་ན། གང་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས། རིགས་ཀྱི་བུ། གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པར་འགྱུར་བ་ཉོན་ ཅིག །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཏིལ་བཏབ་པའི་ཏིལ་གྱི་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ལ། དེ་ནས་ སྐྱེས་བུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་འགའ་ཞིག་ཡོད་དེ། དེ་ནས་སྐྱེས་བུ་དེས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་ལ་སྦྱིན་པ་བྱིན་པས་ནི། གང་གིས་རྒྱུན་དུ་ ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ རྒྱུན་དུ་ཞུགས་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ལན་གཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། བསོད་ ༄༅། །ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལན་གཅིག་ཕྱིར་འོང་ བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་ཕྱིར་མི་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི། བསོད་ནམས་ཀྱི་ ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་འོང་བར་གྱུར་ལ། གང་གིས་དེ་དག་ ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་གིས་དགྲ་བཅོམ་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ ཕུང་པོ་བས་ནི། གང་གིས་རང་སངས་རྒྱས་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་བའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ནི། གང་གིས་བྱང་ཆུབ་ སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི། གང་དེ་བཞིན་གཤེགས་པ་གཅིག་ལ་སེམས་དང་ བར་བྱེད་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་གང་སེམས་དང་བར་བྱེད་པ་དང༌། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་ གྲངས་འདི་ཐོས་པར་འགྱུར་བ་དེ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་ན། ཀུན་ཏུ་དཔའ་བ། གང་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དང༌། འཛིན་པ་དང༌། ཀློག་ པ་དང༌། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ། ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དང་བས་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས། ཀུན་ཏུ་དཔའ་བ། འདི་ཇི་སྙམ་དུ་སེམས། བྱིས་ པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འདི་ཐོས་པར་ནུས་སམ་ཞེ་ན། གང་དག་ཐོས་པར་གྱུར་ཀྱང་དད་པ་སྐྱེ་བར་མི་འགྱུར་རོ། །ཀུན་ཏུ་དཔའ་བ། ཉོན་ཅིག །བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ ལས་གང་དག་རྒྱ་མཚོ་ཆེན་པོའི་གཏིང་རྙེད་པར་ནུས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་མ་མཆིས་སོ། །བཀའ་སྩལ་པ། ཀུན་ཏུ་དཔའ་བ། གང་ལག་མཐིལ་གཅིག་གིས་ ༄༅། །རྒྱ་མཚོ་ཟད་པར་བྱེད་པའི་སེམས་ཅན་འགའ་ཡོད་དམ། གསོལ་བ། བཅོམ་ལྡན་འདས། དེ་མ་མཆིས་སོ། །བདེ་བར་གཤེགས་པ། དེ་མ་མཆིས་སོ། །བཀའ་ སྩལ་བ༑ ཀུན་ཏུ་དཔའ་བ། ཇི་ལྟར་རྒྱ་མཚོ་ཆེན་པོ་སྐེམ་ནུས་པའི་སེམས་ཅན་འགའ་ཡང་མེད་པ་དེ་བཞིན་དུ། ཀུན་ཏུ་དཔའ་བ། དམན་པ་ལ་མོས་པའི་སེམས་ཅན་གང་གིས་ ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུས་སོ། །ཀུན་ཏུ་དཔའ་བ། གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གངྒཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་མི་ནུས་སོ། །གང་དག་དེ་བཞིན་གཤེགས་པ་གངྒཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི། ཆོས་ཀྱི་རྣམ་ གྲངས་འདི་ཉན་མི་ནུས་ཏེ། གང་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་མཐོང་བ་དེ་དག་གིས་ནི། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྤོང་བར་འགྱུར་རོ། །ཀུན་ཏུ་དཔའ་ བ༑ གང་དག་དེ་བཞིན་གཤེགས་པ་བྱེ་བ་བརྒྱ་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་ནི། ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། སེམས་དང་བ་བསྐྱེད་པར་འགྱུར་རོ། །དགའ་བར་ འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་ཅིང་མི་སྤོང་བར་འགྱུར་རོ། །ཀུན་ཏུ་དཔའ་བོ། །ཉོན་ཅིག །གང་གིས་ཟུང་ གི་མདོ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡི་གེར་འབྲི་བ་དེ་དག་ནི། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་ལྔ་ལས་འདས་ནས་དེ་དག་གི་སངས་རྒྱས་ཀྱི་ ཞིང་ནི༑ བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ། །ཀུན་ཏུ་དཔའ་བ། སེམས་ཅན་དེ་དག་གི་ཚེའི་ཚད་ནི། བསྐལ་བ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ། །ཀུན་ཏུ་ དཔའ་བ། ཉོན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པ་དེ་དག་ནི། ཀུན་ཏུ་ དཔའ་བ། འདི་ལྟ་སྟེ། དཔེར་ན། སེམས་ཅན་གང་ལ་ལས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེད་དུ་བཅུག་གམ། བྱེད་པ་ལ་རྗེས་སུ་ཡི་རང་བ་དེའང་བཟུང་གི་མདོའི་ཆོས་ཀྱི་རྣམ་ གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཉན་ན། དེའི་མཚམས་མེད་པ་ལྔའི་སྡིག་པའི་ལས་དེ་དག་བྱང་བར་འགྱུར་བ་བཞིན་ནོ། །བམ་པོ་གཉིས་པ། ཀུན་ཏུ་དཔའ་བ། ཉོན་ཅིག་དང་ཡོན་ཏན་གཞན་ཡང་བཤད་པར་བྱའོ། །འདི་ལྟ་སྟེ། དཔེར་ན། སེམས་ཅན་ལ་ལ་ཞིག་མཆོད་རྟེན་བཤིག་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། བྱང་ཆུབ་སེམས་དཔའ་ ཏིང་ངེ་འཛིན་ལས་གཡོ་བར་བྱེད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་དང༌། མའི་སྲོག་གཅོད་པའི་སེམས་ཅན་དེ་ཕྱིས་འགྱོད་ཅིང་མྱ་ངན་བྱེད་དེ་ལུས་འདིས་བདག་ཕུང་ངོ༌།། ༄༅། །འཇིག་རྟེན་ཕ་རོལ་ཡང་ཕུང་སྟེ། བདག་མ་རུང་ངོ༌། །སྙམ་དུ་སེམས་པ་ཆེན་པོ་བྱུང་བ་དང༌། སྡུག་བསྔལ་གྱི་ཚོར་བ་མྱོང་ངོ༌། །མི་བཟོད་པའི་ཚོར་བ་མྱོང་ངོ༌། །ཀུན་ ཏུ་དཔའ་བ། སེམས་ཅན་དེ་ནི། སེམས་ཅན་ཐམས་ཅད་ཀྱིས་སྤང་བར་འགྱུར་རོ། །སྨད་པར་འགྱུར་རོ། །སེམས་ཅན་དེ་ནི། ཚིག་བ། མ་རུང་བར་གྱུར་བ། འཇིག་རྟེན་པ་དང༌། འཇིག་ རྟེན་ལས་འདས་པའི་ཆོས་ཀྱང་མ་རུང་བར་བྱས་པ་ཡིན་ཏེ། ཇི་ལྟར་སྡོང་དུ་མ་ཚིག་པ་བཞིན་དུ་མི་དེའང་བསྐལ་བ་དུ་མའི་བར་དུ་དེ་བཞིན་དུ་འགྱུར་རོ། །ཇི་ལྟར་ཁྱིམ་ལེགས་པར་ བྲིས་པའི་ཀ་གདུང་ཚིག་ན་མི་མཛེས་པ་ལྟར་མི་དེའང་དེ་ལྟར་འགྱུར་རོ། །འཇིག་རྟེན་འདི་ནའང་མི་མཛེས་སོ། །གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུའང་སེམས་ཅན་རྣམས་ཀྱིས་ སྤྱོད་ཞིང་བརྡེག་པ་དང༌། བཀྲེས་པ་དང་སྐོམ་པ་སྙེན་ཅིང་ཅུང་ཟད་ཀྱང་མི་རྙེད་པར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་གྱི་ཚོར་བ་མྱོང་སྟེ། བཀྲེས་ཤིང་སྐོམ་བའི་རྒྱུ་དང༌། སྤྱོས་པའི་རྒྱུས་ མཆོད་རྟེན་གཤིག་པ་དང༌། མཚམས་མེད་པ་ལྔའི་ལས་རྗེས་སུ་དྲན་ནས་དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར། བདག་གི་སྐྱོབ་པ་ནི། སུ་ཡིན་སྙམ་དུ་སྡུག་བསྔལ་ལ་སྐྱོ་བའི་ སེམས་བསྐྱེད་དེ། དེའང་འདི་སྙམ་དུ་སེམས་སོ། །འདི་ན་ནི། བདག་གི་སྐྱོབ་པ་སུའང་མེད་ཀྱི། བདག་རི་དང་རིའི་སུ་ལ་དག་ཏུ་སོང་ལ་དེར་འཆི་བའི་དུས་བྱའོ། །སྙམ་མོ། །སྨྲས་པ། བདག་གིས་སྡིག་པའི་ལས་བྱས་པས། །རྟག་ཏུ་སྡོང་དུ་མ་ཚིག་པ་བཞིན། །འཇིག་རྟེན་འདི་ནའང་མི་མཛེས་ལ། །ཚེ་གཞན་དུ་ཡང་མཛེས་མ་ཡིན། །ཁྱིམ་གྱི་ནང་ནའང་མི་མཛེས་ལ། ། ཕྱི་རོལ་ན་ཡང་མཛེས་མ་ཡིན། །ཉེས་པའི་རྒྱུས་ནི་སྡིག་བྱས་ཏེ། །དེས་ནི་ངན་འགྲོར་འགྲོ་བར་འགྱུར། །ཚེ་གཞན་ན་ཡང་སྡུག་བསྔལ་ན། །ངན་འགྲོ་འདིར་ནི་གང་དུ་གནས། །མཆི་མས་ བརྣངས་པར་རབ་དུ་ནས། །ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས་སོ། །ཀྱི་ཧུད་འཇིག་རྟེན་ཕ་རོལ་ཏུ། །ངན་འགྲོར་འགྲོ་བས་རེ་ཆད་དོ། །ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། །སྐྱེས་བུ་བླུན་པོ་དེ་སྙམ་དུ། ། སྡུག་བསྔལ་སེམས་པ་ཐོང་ལ་སོང༌། །ཕ་བསད་ཅིང་ནི་མ་བསད་དེ། །བདག་གིས་མཚམས་མེད་ལྔ་བྱས་པ། །བདག་ལ་སྐྱབས་དང་དཔུང་གཉེན་མེད། །སྡུག་བསྔལ་ཚོར་བ་མྱོང་བར་ འགྱུར༑ ༑རི་ཡི་རྩེ་མོར་སོང་ནས་སུ། །དེ་ནས་བདག་ལུས་དོར་བར་བྱ། །སྐྱེས་བུ་བླུན་པོ་མ་འགྲོ་ཞིག །གནོད་པ་བྱེད་པའི་སེམས་ཀྱིས་སུ། །ཁྱོད་ཀྱིས་སྡིག་པ་མང་བྱས་ཀྱི། །སྡིག་པའི་ ལས་ནི་མ་བྱེད་ཅིག །གང་དག་བདག་ལ་གནོད་བྱེད་རྣམས། །སྡུག་བསྔལ་སེམས་ཅན་དམྱལ་བར་འགྲོ་།མྱ་ངན་བྱེད་ཅིང་དུ་བས་ན། །དེ་ཕྱིར་ས་ལ་འགྱུར་བར་འགྱུར། །བརྩོན་འགྲུས་ དེས་ནི་སངས་རྒྱས་མི་འགྱུར་ཏེ། །བྱང་ཆུབ་སེམས་དཔར་འགྱུར་བའང་མ་ཡིན་ནོ། །ཉན་ཐོས་ཐར་བའི་ཐེག་པའང་མི་འཐོབ་ཀྱི། །བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་གྱིས། ། ༄༅། །དྲང་སྲོང་ལ་ཡོད་པའི་རི་དེར་སོང༌། །སོང་སྟེ་དྲང་སྲོང་ཆེ་བ་ཉིད་མཐོང་ནས། །དེ་ཡི་རྐང་ལ་མགོ་བོས་ཕྱག་བཙལ་ཏེ། །སེམས་ཅན་དམ་པ་བདག་ལ་སྐྱབས་ མཛོད་ཅིག །བདག་ནི་འཇིགས་སྐྱེད་སྡུག་བསྔལ་རབ་ཏུ་གཟིར། །སེམས་ཅན་སྙིང་པོ་དྲང་སྲོང་ཚིག་གསོན་ཅིག །བཞུགས་ལ་སེམས་ཀྱི་སྐབས་ནི་དབྱེ་མཛོད་དེ། །སྐད་ཅིག་ཙམ་ ཞིག་དགེ་བའི་ཆོས་ཀྱང་ཤོད། །འཇིགས་སྐྲག་སྡུག་བསྔལ་རབ་ཏུ་གཟིར་བས་ན། །དེ་ཕྱིར་སྐད་ཅིག་ཡུད་ཙམ་བཞུགས་སུ་གསོལ། །བདག་གིས་སྡིག་མང་གང་བགྱིས་བཤགས་ པར་འཚལ། །དྲང་སྲོང་གིས་ནི་བདག་ལ་བཀའ་སྩལ་ཅིག །དྲང་སྲོང་གིས་སྨྲས་པ། སྡུག་བསྔལ་དུ་ཞིང་མྱ་ངན་བྱེད་པས་གཟིར། །ཁྱོད་ནི་བཀྲེས་ཤིང་སྐོམ་པས་ཉེན་པ་སྟེ། །རེ་ ཆད་སྲིད་པ་གསུམ་དུ་འགྲོ་བས་ན། །ཁ་ཟས་གང་དག་བྱིན་པ་དེ་དག་ཟོ། །ལུས་ནི་ཚིམ་པར་བྱ་བའི་ཕྱིར། །དྲང་སྲོང་གིས་ནི་ཟས་བྱིན་ཏེ། །ཡིད་དུ་འོང་བ་ཞིམ་ཟོས་ནས། །སེམས་ ཅན་རབ་ཏུ་དགའ་བར་གྱུར། །སྡིག་པ་ཐམས་ཅད་བྱང་བྱེད་པའི། །ཆོས་ནི་ཁྱོད་ལ་ཕྱིས་བཤད་དོ། །དེ་ཡི་ཁ་ཟས་ཞིམ་པོ་དེ། །སྐད་ཅིག་གཅིག་ལ་ཟོས་པར་གྱུར། །ཟས་ཟོས་ནས་ ཀྱང་ལག་དཀྲུས་ཏེ། །དྲང་སྲོང་ལ་ནི་བསྐོར་བྱས་ནས། །སྐྱིལ་མོ་ཀྲུང་དུ་འདུག་ནས་སུ། །སྡིག་པ་གང་དང་གང་བྱས་སྨྲས། །ཕ་བསད་དང་ནི་མ་བསད་དང༌། །མཆོད་རྟེན་བཤིག་པ་བདག་ གིས་བགྱིས། །བདག་གིས་བྱང་ཆུབ་སེམས་དཔའ་ཡི། །སངས་རྒྱས་འགྲུབ་པ་བར་ཆད་བགྱིས། །དེ་ཡི་ཚིག་དེ་ཐོས་ནས་སུ། །དེ་ནས་དྲང་སྲོང་ཚིག་སྨྲས་པ། །ཁྱོད་ཀྱིས་སྡིག་པ་བྱས་པས་ན། ། ཀྱེ་མ་སྐྱེས་བུ་ཁྱོད་མི་དགེ །སྡིག་པའི་ལས་ནི་བྱས་པ་དང༌། །བྱེད་དུ་བཅུག་པ་བཤགས་པར་གྱིས། །དེ་ནས་དེའི་ཚེ་མི་དེ་མྱ་ངན་གྱི་ཟུག་རྡུས་ཟུག་སྟེ། འཇིགས་སྐྲག་སྐྱོ་ནས། བདག་ལ་སུ་ ཞིག་སྐྱོབ་པར་འགྱུར། །བདག་གིས་སྡིག་པའི་ལས་བྱས་པས། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །དེ་ནས་མི་དེས་བུས་མོ་གཉིས་ས་ལ་བཙུགས་ནས་དྲང་སྲོང་དེ་ལ་སྨྲས་པ། བདག་ གིས་བྱས་ཤིང་བྱེད་བཅུག་པ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྡིག་པའི་འབྲས་བུར་དེ་མ་གྱུར། །སྡུག་བསྔལ་བདག་གིས་མྱོང་བ་མ་གྱུར། །བདག་ནི་ཁྱོད་དང་ཉེ་གྱུར་གྱི། །དྲང་ སྲོང་བདག་གི་སྐྱབས་སུ་གྱུར། །འགྱོད་པ་མེད་ཅིང་ཞི་བས་ན། །བདག་གི་སྡིག་པའི་ལས་རྣམས་ཞི། །དེ་ནས་དེའི་ཚེ་དེའི་དུས་ན་དྲང་སྲོང་དེས་མི་དེ་ལ་སྨྲས་པ། ང་ནི། སྐྱེས་བུ་ཁྱོད་ཀྱི་ སྐྱབས་སུ་འགྱུར། ང་ནི། རྟེན་དུ་འགྱུར། ང་ནི། དཔུང་གཉེན་དུ་འགྱུར་གྱི། ཁྱོད་མ་འཇིགས་པར་མངོན་སུམ་དུ་ཆོས་ཉོན་ཅིག །ཁྱོད་ཀྱིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ ཐོས་སམ་ཞེས་དབུགས་ཕྱུང་བ་དང༌། དེས་སྨྲས་པ། བདག་གིས་ཡོང་མ་ཐོས་སོ། །དྲང་སྲོང་གིས་སྨྲས་པ། གང་སྙིང་རྗེ་ལ་གནས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་གཏོགས་ ༄༅། །པར་སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོན། སྨྲས་པ། རིགས་ཀྱི་བུ། ཡང་ཉོན་ཅིག །སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཤིན་ཏུ་ གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཡོད་དེ། རིགས་ཀྱི་བུ། རྒྱལ་པོ་ཟླ་བ་དྲི་མ་མེད་པ་དེའི་ཁྱིམ་དུ་བུ་ ཞིག་བཙས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཟླ་བ་དྲི་མ་མེད་པས་བྲམ་ཟེ་མཚན་མཁན་རྣམས་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ། གཞོན་ནུ་ལ་མཚན་ཇི་ལྟ་ཞིག་མཐོང༌། དེ་ ནས་བྲམ་ཟེ་མཚན་མ་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ། །མི་དགེའོ། །གཞོན་ནུ་བཙས་པ་འདི་ནི། མི་དགེའོ། །རྒྱལ་པོས་སྨྲས་པ། བྲམ་ཟེ། འདི་ཅིར་འགྱུར། མཚན་ མཁན་རྣམས་ཀྱིས་སྨྲས་པ། རྒྱལ་བུ་གཞོན་ནུ་འདི་གལ་ཏེ་ལོ་བདུན་ཐུབ་པར་གྱུར་ན། དེ་ཡབ་ཡུམ་གྱི་སྐུ་ལ་རྒལ་བར་འགྱུར་རོ། །དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །ངའི་སྲོག་ གི་བར་ཆད་དུ་གྱུར་ཀྱང་རུང་གི །ངའི་བུ་འདི་མི་གསད་དོ། །བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་མིར་སྐྱེ་བ་འཐོབ་པས་གང་མིའི་ལུས་ལ་གནོད་པར་འགྱུར་བ་དེ་ལྟ་བུ་མི་བྱའོ། །དེ་ནས་ གཞོན་ནུ་དེ་སྐྱེ་དྲག་ཁྱད་དུ་ནི། དེ་ཟླ་བ་གཅིག་ལོན་ན། གཞན་ལོ་གཉིས་ལོན་པ་ཙམ་གྱི་ཚད་དུ་སྐྱེས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པས་ཀྱང་གཞོན་ནུ་འདི་ནི། བདག་གི་ལས་བསགས་ པས་སྐྱེས་པར་ཤེས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་དེ་ལ་རྒྱལ་ཐབས་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྲིད་ཆེ་ཞིང་གྲགས་པའི་རྒྱལ་པོར་གྱུར་ལ་ཆོས་ཀྱིས་དབང་བར་བྱའི། ཆོས་མ་ ཡིན་པས་ནི། མ་ཡིན་ནོ། །དེ་ནས་རྒྱལ་ཐབས་བྱིན་ནས་རྒྱལ་པོ་ཞེས་མིང་བཏགས་སོ། །རྒྱལ་པོ་ཟླ་བ་དྲི་མ་མེད་པའང་རང་གི་ཡུལ་གྱི་རྒྱལ་པོ་མི་བྱེད་དོ། །དེ་ནས་བློན་པོ་བྱེ་བ་དེ་དག་རྒྱལ་པོ་ ཟླ་བ་དྲི་མ་མེད་པ་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། ཀྱེ་རྒྱལ་པོ་ཆེན་པོ། །ཁྱོད་ད་ཅིའི་སླད་དུ་རང་གི་ཡུལ་གྱི་རྒྱལ་པོ་མི་མཛད། རྒྱལ་པོས་སྨྲས་ པ༑ ངས་བསྐལ་པ་མང་པོ་གྲངས་མེད་པར་གང་རྒྱལ་སྲིད་དང༌། ལོངས་སྤྱོད་དང༌། དབང་ཕྱུག་ལ་དབང་བར་གྱུར་ཀྱང་ང་ནམ་ཡང་ངོ་མ་མྱོང་ངོ༌། །ཡང་དེའི་ཚེ་དེའི་དུས་ན་ཡུན་རིང་མོ་ཞིག་མ་ལོན་ པ་དང༌། བུ་དེས་ཕ་མའི་སྲོག་བཅད་དེ་དེ་ནས་དེས་མཚམས་མེད་པའི་ལས་བསགས་སོ། །ཀྱེ་སྐྱེས་བུ་གང་གི་ཚེ་རྒྱལ་པོ་དེ་སྡུག་བསྔལ་གྱི་ཚོར་བ་སྐྱེས་ནས་འགྱོད་དེ་མཆི་མས་བརྣངས་པར་དུ་བ་དང༌། ངས་དེ་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་དེར་སོང་ནས་ཆོས་བསྟན་པ་དང༌། དེས་ཀྱང་ཆོས་དེ་ཐོས་ནས་མཚམས་མེད་པ་དེ་དག་ལྷག་མ་མ་ལུས་པར་མྱུར་དུ་བྱང་བར་གྱུར་པའི་དུས་དེའང་དྲན་ ནོ༑ ༑སྨྲས་པ། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་མདོའི་རྒྱལ་པོ་དཀའ་ཐུབ་ཆེན་པོ་གང་དག་གིས་ཐོས་པ་རྣམས་ཆོས་ཀྱི་གནས་བླ་ན་མེད་པ་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ། ཉོན་མོངས་པ་ ༄༅། །ཐམས་ཅད་ཞི་བར་འགྱུར་བ་འདི་འཐོབ་པར་འགྱུར་རོ། །གང་གིས་མྱུར་དུ་ཐར་འགྱུར་བ། །ཆོས་རྣམས་བཤད་ཀྱི་རབ་ཏུ་ཉོན། །ཚིག་བཞི་པ་ཡི་ཚིགས་བཅད་ཙམ། །རྒྱུན་མི་ འཆད་པར་བཤད་པས་ན། །སྡིག་པ་ཐམས་ཅད་བྱང་གྱུར་ནས། །རྒྱུན་དུ་ཞུགས་པ་ཐོབ་པར་གྱུར། །སྡིག་པ་ཀུན་ལས་ཐར་ཏོ་ཞེས། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །སེམས་དམྱལ་འཇིགས་ པའི་བཅིངས་པ་ལས། །སེམས་ཅན་སྡུག་བསྔལ་རབ་ཏུ་དཀྲོལ། །དེ་ནས་མི་དེ་སྟན་དེ་ལས། །ལངས་ཏེ་ཐལ་མོ་སྦྱར་བྱས་ནས། །དེ་ལ་མགོ་བོས་ཕྱག་བཙལ་ཏེ། །ལེགས་སོ་ཞེས་བྱ་རབ་ཏུ་ བྱིན༑ ༑ལེགས་སོ་དགེ་བའི་བཤེས་གཉེན་རྣམས། །ལེགས་སོ་སྡིག་པ་འཇིག་བྱེད་བ། །གང་དག་ཟུང་མདོ་ཚུལ་ཆེན་བསྟན། །ཐོས་པར་འགྱུར་བ་རྣམས་ཀྱང་ལེགས། །དེ་ནས་དེའི་ཚེ་དེའི་ དུས་ན་སྟེང་གི་བར་སྣང་ལས་ལྷའི་བུ་ཁྲི་ཉིས་སྟོང་ཐལ་མོ་སྦྱར་ཏེ་དྲང་སྲོང་དེའི་གན་དུ་ལྷགས་ན་རྐང་པ་ལ་ཕྱག་བཙལ་ཏེ་འདི་སྐད་ཅེས། བཅོམ་ལྡན་འདས་དཀའ་ཐུབ་ཆེན་པོ་ཡུན་ཇི་ སྲིད་ཅིག་ཚུན་ཆད་དགོངས་ཞེས་སྨྲས་སོ། །དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་བཞི་ལྷགས། །གནོད་སྦྱིན་གྱི་རྒྱལ་པོ་ཁྲི་བརྒྱད་སྟོང་ལྷགས་ཏེ་དྲང་སྲོང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་ནས༑ འདི་སྐད་ཅེས་སྨྲས་སོ། །ཆེ་བ་ཉིད་དང་ལྡན་པ་ཡུན་ཇི་སྲིད་ཚུན་ཆད་དགོངས། དྲང་སྲོང་གིས་སྨྲས་པ། བསྐལ་བ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་སོ། ། སྨྲས་བ༑ དགེ་བའི་ལས་གང་གིས་ན་སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི་བར་འགྱུར། །སྨྲས་པ། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པས་སོ། །གང་དེར་སེམས་ཅན་ ཚོགས་པ་རྣམས་ལས་གང་དག་གིས་ཆོས་ཀྱི་རྣམས་གྲངས་འདི་ཐོས་ནས་དད་པ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །མི་གང་གིས་ མཚམས་མེད་པ་ལྔའི་ལས་བྱས་པ་དེ་དག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནའང་སྐད་ཅིག་གིས་མཚམས་མེད་པ་ལྔའི་ལས་དེ་དག་མ་ལུས་བར་ཡོངས་སུ་ཟད་ཅིང་ ཡོངས་སུ་བྱང་བར་འགྱུར་ཏེ། བསྐལ་བར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཞིག་གི་བར་དུ་ངན་འགྲོ་རྣམས་ཀྱི་སྒོ་བཅད་པར་འགྱུར་རོ། །ལྷའི་འཇིག་རྟེན་གྱི་སྒོ་སུམ་ཅུ་རྩ་གཉིས་ནི། ཕྱེ་བར་འགྱུར་རོ། །གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཐོས་པའང་དེའི་དགེ་བའི་རྩ་བ་འདི་འདྲ་བར་འགྱུར་ན། གང་མེ་ཏོག་དང༌། བདུག་ པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་གིས་བསྟི་སྟང་བྱེད་པ་དང༌། བཙུན་པར་བྱེད་པ་དང༌། རི་མོ་བྱེད་པ་ དང༌། མཆོད་པར་བྱེད་པ་དང༌། སིལ་སྙན་དང༌། རོལ་མོ་སྦྱོར་བའི་ལས་བྱེད་ཅིང་ལན་གཅིག་ཅིག་རྗེས་སུ་ཡི་རང་སྟེ་ལེགས་པར་བཤད་པ་ལེགས་སོ། །ལེགས་སོ། །ཞེས་སྨྲས་བ་ལྟ་ཅི་སྨོས། །དེ་ནས་ ༄༅། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཟུང་གི་མདོའི་ཆོས་ཀྱི་རྣམ་ གྲངས་འཆད་པ་ན་གང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བ་དེ་དག། ཅི་ཐལ་མོ་སྦྱར་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་སྐྱེད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ༑ ཉོན་ཅིག །གང་དག་གིས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེད་དུ་བཅུག་གམ། བྱེད་པ་ལ་ཡི་རང་བ་དེ་དག་ཀྱང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་བའི་ ཚིགས་སུ་བཅད་པ་ཙམ་ཐོས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན། དེའི་མཚམས་མེད་པ་ལྔའི་ལས་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར་ན། ཀུན་ཏུ་དཔའ་བ། གང་ཆོས་ཀྱི་རྣམ་གྲངས་ འདི་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་པར་འགྱུར་རོ། །རིགས་ཀྱི་བུ། ཟུང་གི་མདོའི་དོན་གོ་བར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་ པར་བྱའོ། །ཀུན་ཏུ་དཔའ་བ། འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་མ་དྲོས་པའི་ཁང་པ་ཉི་མ་ནམ་ཡང་མི་འཆར་བ་དེ་ནས་ཀླུང་ཆེན་པོ་ལྔ་འབབ་བོ། །དེ་ནས་མི་ལ་ལ་ཞིག་ཀླུང་ཆེན་པོ་ལྔ་པོ་དེ་དག་ གི་ཐིགས་པ་བགྲང་ན། ཀུན་ཏུ་དཔའ་བ། དེ་དག་གི་ཐིགས་པ་བགྲངས་པས་མཐའ་རྟོགས་པར་ནུས་སམ། གསོལ་བ། བཅོམ་ལྡན་འདས། དེ་ནི། རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཀྱི་དགེ་བའི་རྩ་བའང་བསྐལ་བ་བརྒྱར་རམ། བསྐལ་པ་སྟོང་དུའང་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ ནུས་སོ༑ ༑ཀུན་ཏུ་དཔའ་བ། འདི་ཇི་སྙམ་དུ་སེམས། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཡུད་ཙམ་ཞིག་འཆད་པ་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས། དཀའ་བ་ བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་འཆད་ནུས་པར་འགྱུར་བ་དེ་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ ཡིན་ནོ༑ ༑འདི་ལྟ་སྟེ། དཔེར་ན། མཚོ་མ་འདྲེས་པ་ལས་ཀླུང་ཆེན་པོ་ལྔའི་འབབ་པ་དེ་དག་གི་ཐིགས་པ་ནི། བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ། །གསོལ་བ། བཅོམ་ལྡན་འདས། ཀླུང་ ཆེན་པོ་ལྔ་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། གངྒཱ་དང༌། སི་ཏ་དང༌། པུཀྵུ་དང༌། ཡ་མུ་ན་དང༌། ཙནྡན་བ་ག་དང་ཀླུང་ཆེན་པོ་ལྔ་པོ་དེ་དག་ནི། རྒྱ་མཚོ་ ཆེན་པོར་འབབ་སྟེ། ཀླུང་ཆེན་པོ་རེ་རེ་ལའང་འཁོར་ཀླུང་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །ཀུན་ཏུ་དཔའ་བ། ཀླུང་ཆེན་པོ་ལྔ་པོ་འདི་དག་ཀྱང་འཁོར་ལོ་སྟོང་སྟོང་དང་ནམ་མཁའ་ལས་བབས་ཏེ། དེ་དག་གིས་ སྐྱེ་རྒུ་རྣམས་ངོམ་པར་བྱེད་དོ། །གསོལ་བ། འཁོར་སྟོང་སྟོང་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་ལྡན་ཞེས་བྱ་བ་འཁོར་སྟོང་དང༌། དུང་ཅན་ཞེས་བྱ་བ་ ༄༅། །འཁོར་སྟོང་དང༌། འབབ་པ་ཞེས་བྱ་བ་འཁོར་སྟོང་དང༌། སྣ་ཚོགས་སྡེ་ཞེས་བྱ་བ་འཁོར་སྟོང་དང༌། ཆོས་ཚུལ་ཞེས་བྱ་བ་འཁོར་སྟོང་སྟེ། ཀུན་ཏུ་དཔའ་བ། ཀླུང་ཆེན་ པོ་དེ་དག་ནི། འཁོར་སྟོང་སྟོང་དང་ལྡན་པ་ཡིན་ཏེ། དེ་དག་ནི། ཛམྦུའི་གླིང་དུ་ཆར་གྱི་རྒྱུན་འབེབས་སོ། །ཀུན་ཏུ་དཔའ་བ། དེ་དག་དུས་དུས་སུ་ཆར་པའི་ཐིགས་པའི་རྒྱུན་རབ་ཏུ་གཏོད་སྟེ། དེས་ མེ་ཏོག་དང༌། འབྲས་བུ་དང༌། ལོ་ཏོག་རྣམས་སྐྱེའོ། །ནམ་ཛམྦུའི་གླིང་དུ་ཆར་གྱི་རྒྱུན་རབ་ཏུ་འབབ་པ་དེ་ན་ཆུ་སྐྱེ་བར་འགྱུར་ཏེ། ཆུ་སྐྱེས་པས་ཞིང་དང༌། ཀུན་དགའ་རི་བ་ཐམས་ཅད་ ངོམ་པར་བྱེད། བདེ་བར་བྱེད་དོ། །ཀུན་ཏུ་དཔའ་བ། འདི་ལྟ་སྟེ། དཔེར་ན། སྐྱེ་རྒུའི་བདག་པོ་ནི། ཛམྦུའི་གླིང་ཐམས་ཅད་བདེ་བར་བྱེད་དོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ ཆོས་ཀྱི་རྣམ་གྲངས་འདིའང་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཛམྦུའི་གླིང་དུ་བཤད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ལྟ་བ་བཞིན་དུ་མི་རྣམས་ ཀྱི་ནི༑ དེ་ལྟ་མ་ཡིན་ནོ། །ཀུན་ཏུ་དཔའ་བ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གང་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་གང་ན་གནས་པ་དེ་དག་ནི། སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །ཀུན་ཏུ་དཔའ་ བ༑ སེམས་ཅན་གང་དག་ངག་གིས་ལེགས་པར་སྤྱོད་པ་སྨྲ་བའང་ཡོད་དེ། དེ་དག་གི་བསོད་ནམས་ཀྱི་ཕུང་པོའང་དཔེར་བྱ་མི་ནུས་སོ། །སེམས་ཅན་གང་དག་ངག་གིས་ཉེས་པར་སྤྱོད་ པ་སྨྲ་བའང་ཡོད་དེ། དེ་དག་གི་སེམས་ཅན་དམྱལ་བ་དང༌། དུད་འགྲོར་འགྱུར་བའང་དཔེར་བྱ་བར་མི་ནུས་སོ། །སེམས་ཅན་གང་དག་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་དག་ལ་སྐྱབས་གང་ཡང་མེད་དེ། དེ་ན་རེ་ཐག་ཆད་ནས་སྨྲེ་སྔགས་འདོན་ཅིང་སེམས་ཅན་དམྱལ་བར་ལྷུང་བ་དེ་དག་ནི། མི་དགེ་བའི་གྲོགས་ པོའི་དབང་དུ་བལྟའོ། །སེམས་ཅན་གང་དག་གིས་ལེགས་པར་སྤྱོད་པ་སྨྲ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དཔེར་བྱ་བར་མི་ནུས་པ་དེའང་དགེ་བའི་བཤེས་གཉེན་གྱི་དབང་དུ་བལྟ་སྟེ། ནམ་དགེ་བའི་བཤེས་གཉེན་མཐོང་བ་དེ་ན་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ། །ནམ་དེ་བཞིན་གཤེགས་པ་མཐོང་བ་དེ་ན་སྡིག་པ་ཐམས་ཅད་བྱང་བ་ཡིན་ནོ། །ནམ་སྐྱེ་རྒུའི་བདག་པོ་ ཛམྦུའི་གླིང་དུ་སྤྲོ་བར་བྱེད་པ་དེ་ན་ཛམྦུའི་གླིང་གི་སེམས་ཅན་རྣམས་ཀྱི་བདེ་བ་དཔེར་བྱར་མི་ནུས་སོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདིའང་ཛམྦུའི་གླིང་གི་སེམས་ ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་པར་མི་ནུས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་མི་ནུས། ཆོས་ཀྱི་གཎྜི་བརྡུང་མི་ནུས། ཆོས་ཀྱི་སེངྒེའི་ཁྲི་ལ་འདུག་མི་ནུས། མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་མི་ནུས། ༄༅། །འོད་ཟེར་དཔག་ཏུ་མེད་པས་སྣང་བར་བྱེད་མི་ནུས་སོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མི་ནུས་སོ། །ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས། ངོ་མཚར་ཅུང་ཟད་ཅིག་ཞུའོ། །བདེ་བར་གཤེགས་པ། ངོ་མཚར་ཅུང་ཟད་ཅིག་ཞུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་ཁྱོད་ཀྱིས་དོགས་པ་བསལ་བར་བྱའོ། །གསོལ་པ། གང་གིས་སེམས་ཅན་དེ་དག་ མཚམས་མེད་པ་ལྔ་ལས་ཡོངས་སུ་ཐར་པར་བགྱིས་ནས་ཕྱིར་མི་ལྡོག་པའི་ས་ལ་སོ་སོར་བཀོད་པའི་དྲང་སྲོང་དུ་གྱུར་པ་དེ་གང་ལགས། བཀའ་སྩལ་པ། སངས་རྒྱས་རྣམས་ཀྱི་ཚིག་ ཟབ་སྟེ༑ ༑ཀུན་ཏུ་དཔའ་བ་ང་ལ་ཉོན། །ཟུང་གི་མདོ་སྡེ་སྟོན་པ་ནི། །དྲང་སྲོང་གཟུགས་སུ་བསྟན་པའོ། །ཟུང་གིས་སངས་རྒྱས་སྐུ་དག་ཀྱང༌། །སྙིང་བརྩེའི་ཕྱིར་ནི་རབ་ཏུ་སྟོན། །གངྒཱའི་བྱེ་མ་ཇི་ སྙེད་པ༑ ༑དེ་སྙེད་ཀྱི་ནི་གཟུགས་ཀྱང་སྟོན། །སངས་རྒྱས་ཀྱི་ནི་གཟུགས་སྟོན་ཅིང༌། །བདག་ཉིད་ཆོས་ཀྱང་རབ་ཏུ་སྟོན། །སངས་རྒྱས་བལྟ་བར་གང་འདོད་པ། །ཟུང་ནི་སངས་རྒྱས་མཚུངས་པ་ ཡིན༑ ༑ཟུང་ནི་ག་ལ་ཡོད་པ་ན། །སངས་རྒྱས་རྟག་པར་དེ་ན་ཡོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཉོན་ཅིག །ཀུན་ཏུ་དཔའ་བ། སྔོན་བྱུང་བ་འདས་པའི་དུས་བསྐལ་ པ་གྲངས་མེད་པ་དགུ་བཅུ་རྩ་དགུ་ན་སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ་བྱུང་བ་དེ་ན་བ་སྦྱིན་པ་ལ་དཔའ་བར་གྱུར་ནས་ངས་སངས་ རྒྱས་ཟླ་བ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས་ལ་བསྙེན་བཀུར་བྱས་ཏེ། བཟའ་བ་དང༌། བཅའ་བ་དང༌། སྤོས་དང༌། ཕྲེང་བ་དང་བྱུག་པ་དང༌། ཇི་ལྟར་བདེ་བ་དང༌། ཁ་ཟས་བཟང་པོ་དང༌། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ། །རིམ་གྲོ་བྱས་ནས་ཀྱང་ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་པ་དྲན་ནོ། །ཀུན་ཏུ་དཔའ་བ། ངས་ དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་སྣང་བ་ཞེས་བྱ་བ་ཕྲག་བཅོ་བརྒྱད་བྱུང་སྟེ། དེ་ནའང་བ་སྦྱིན་པ་ལ་དཔའ་བར་གྱུར་ནས་དེ་བཞིན་གཤེགས་པ་སྙིང་པོའི་སྡེ་ཞེས་བྱ་བ་ཕྲག་བཅོ་ བརྒྱད་ལ་ངས་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། རྒྱན་དང༌། ལྷབ་ལྷུབ་ཀྱིས་སོ་སོར་ཅི་རིགས་པས་བསྙེན་བཀུར་བྱས་ནས་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ལུང་བསྟན་པ་ཐོས་པ་དྲན་ནོ། །ཀུན་ཏུ་དཔའ་བ། ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཕུད་འབྱུང་ བ་ཞེས་བྱ་བ་ཤ་སྟག་གོ །ཀུན་ཏུ་དཔའ་བ། ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་སྟག་ ༄༅། །གོ །དེ་ནའང་ང་སྦྱིན་པ་ལ་དཔའ་བར་གྱུར་ནས་ངས་དེ་བཞིན་གཤེགས་པ་རྣམས་ལ་སྤོས་དང༌། ཕྲེང་བ་དང༌། བྱུག་པས་བཀུར་སྟི་བྱས་ནས་ཇི་ལྟར་དེ་བཞིན་ གཤེགས་པ་རྣམས་ལ་བླ་མ་དང་རིམ་གྲོར་བྱ་བ་དེས་བླ་མ་དང༌། རིམ་གྲོར་བྱ་བས་རིམ་གྲོ་བྱས་ནས་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ། ། ཀུན་ཏུ་དཔའ་བ། སངས་རྒྱས་འོད་དྲི་མ་མེད་པ་ཞེས་བྱ་བ་བྱེ་བ་ཕྲག་ཏུ་བཅུ་དྲུག་བྱུང་སྟེ། དེའི་ཚེ་དེའི་དུས་ན་ང་ཁྱིམ་བདག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ་ཐམས་ཅད་ཡོངས་ སུ་གཏོང་བ་ཞིག་ཏུ་གྱུར་ནས། ངས་སངས་རྒྱས་བྱེ་བ་ཕྲག་བཅུ་དྲུག་པོ་དེ་དག་ལ་གདིང་བ་དང༌། བགོ་བ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། དགབ་པས་མཆོད་དེ་ཇི་ལྟ་བུས་དེ་ བཞིན་གཤེགས་པ་རྣམས་ལ་བླ་མ་དང༌། རིམ་གྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས་དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པའང་ངས་ དྲན་ཏེ། ལུང་བསྟན་པའི་དུས་དང་ཚོད་ལའང་མ་བབ་བོ། །ཀུན་ཏུ་དཔའ་བ། ཉོན་ཅིག །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་སྟེ། ང་ནི། དེའི་ཚེ་དེའི་དུས་ན༑ རྒྱལ་པོ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་ནས་ངས་དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱ་བ་ཕྲག་དགུ་བཅུ་རྩ་ལྔ་པོ་དེ་དག་ལ་སྤོས་དང༑ ཕྲེང་བ་དང༌། བྱུག་པ་དང༌། གདིང་བ་དང༌། བགོ་བ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་ད་ན་ གྱིས་བསྙེན་བཀུར་བྱས་ནས་དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲན་ནོ། །ཀུན་ཏུ་དཔའ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བ་བྱེ་བ་ཕྲང་དགུ་བཅུ་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་གཞོན་ནུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ་ ཐམས་ཅད་ཡོངས་སུ་གཏོང་བ་ཞིག་ཏུ་གྱུར་ནས༑ དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདིང་བ་དང༌། བགོ་བ་དག་གིས་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་སོ་སོ་ཅི་རིགས་པར་རིམ་གྲོ་བྱས་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པའང་ངས་དྲན་ཏེ། ང་ལུང་བསྟན་པའི་ དུས་དང་ཚོད་ལའང་མ་བབ་བོ། །ཀུན་ཏུ་དཔའ་བ། སངས་རྒྱས་བྱེ་བ་ཕྲག་བཅོ་བརྒྱད་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གསེར་ཐུབ་ཅེས་བྱ་བ་ཤ་སྟག་སྟེ། ང་དེའི་དེའི་དུས་ན་སྦྱིན་པ་ལ་དཔའ་བར་གྱུར་ཏེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ ༄༅། །སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདིང་བ་དང༌། བགོ་བ་དང༌། རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་ རིམ་གྲོ་བྱས་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པའང་ངས་དྲན་ཏེ། ང་ལུང་བསྟན་པའི་དུས་དང་ཚོད་ལའང་མ་བབ་བོ། །ཀུན་ཏུ་དཔའ་བ། སངས་རྒྱས་བྱེ་བ་ཕྲག་བཅུ་གསུམ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ཤ་སྟག་སྟེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་གདིང་བ་དང༌། བགོ་བ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། དགབ་པ་དང༌། རྒྱན་ རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་རིམ་གྲོ་བྱ་བ་དེ་ལྟ་བུའི་བླ་མ་དང༌། རིམ་གྲོ་བྱ་བས་རིམ་གྲོ་བྱས་པ་དང༌། དེ་བཞིན་གཤེགས་པ་དེ་ དག་གིས་ཀྱང་དོན་དང་འདུལ་བ་རྣམ་པར་ངེས་པའི་ཆོས་ཀྱི་སྒོ་སྣ་ཚོགས་བཤད་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པའང་ངས་དྲན་ཏེ། དེ་ནའང་ལུང་བསྟན་པའི་དུས་ལ་མ་བབ་བོ། །ཀུན་ཏུ་དཔའ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཏེ། ད་ལྟར་ང་ལ་ཀུན་དགའ་བོ་རིམ་གྲོ་བྱེད་པ་ཇི་ལྟ་བ་བཞིན་དུ་ངས་ཀྱང་དེ་བཞིན་གཤེགས་པ་རྣམས་ ལ་རིམ་གྲོ་བྱས་ནས་ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲན་ཏེ། དེ་ནའང་ལུང་བསྟན་པའི་དུས་ལ་མ་བབ་བོ། །ཀུན་ཏུ་དཔའ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས་འཇིག་རྟེན་དུ་བྱུང་སྟེ། ངས་དེ་བཞིན་གཤེགས་པ་དེ་དག་ལ་གདིང་བ་དང༌། བགོ་བ་དང༌། སྤོས་ དང༌། ཕྲེང་བ་དང༌། བྱུག་པས་བསྙེན་བཀུར་བྱས་ནས། ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་ངས་རིམ་གོ་བྱས་ཏེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་བར་གྱུར་ ནས་དེ་ཉིད་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་པའང་ངས་དྲན་ཏེ། རིང་པོ་མ་ལོན་པར་རྣམ་པར་གཟིགས་ཐ་མ་གང་བྱུང་བ་དེས་ཟུང་གི་མདོའི་ཆོས་ཀྱི་ རྣམ་གྲངས་འདི་བཤད་པ་དང༌། ངས་དེ་ཤེས་ནས་དེའི་ཚེ་ཛམྦུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་རབ་ཏུ་ཕབ་སྟེ། དེ་ན་ཛམྦུའི་གླིང་གི་སེམས་ཅན་དེ་དག་དབུལ་བ་མེད་པར་གྱུར་ནས། ངས་ དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏེ། དེ་ནས་ཡུན་རིང་མོ་ཞིག་ལོན་གྱི་བར་དུའང་ང་ལུང་མ་བསྟན་ཏོ། །གསོལ་པ། དུས་དེ་གང་ལགས། ༄༅། །ཚོད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཉོན་ཅིག །དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་གདོད་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་མར་མེ་མཇད་འཇིག་ རྟེན་དུ་བྱུང་བ་དེ་ན་ངའང་བྲམ་ཟེའི་ཁྱེའུའི་གཟུགས་ཀྱིས་ཚངས་པར་སྤྱོད་པ་སྤྱད་དེ། དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས་མེ་ཏོག་ཨུཏྤ་ལ་བདུན་གྱིས་གཏོར་ཏེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་དང༌། དེ་བཞིན་གཤེགས་པ་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། ཀུན་ཏུ་དཔའ་བ། དེ་ནས་ང་ཤིང་ཏ་ལ་བཅུ་གཉིས་སྲིད་ཀྱི་སྟེང་གི་ནམ་མཁའ་ བར་སྣང་ལ་འདུག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། གང་ངས་བསྐལ་པ་གྲངས་མེད་པ་རྣམས་སུ་ཚངས་པར་སྤྱོད་པ་སྤྱད་པ་དང༌། གང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་ དེ་ཐམས་ཅད་ཁ་སང་དང༌། དེ་རིང་ཅམ་དུ་མངོན་སུམ་དུ་དྲན་ནས་ཀུན་ཏུ་དབའ་བ། དེ་ནའང་ངས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དག་དགེ་བའི་ཆོས་རྣམས་ལ་སོ་སོར་ བཀོད་པར་གྱུར་ན། ཀུན་ཏུ་དཔའ་བ། ང་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ལྟ་ཅི་སྨོས་ཏེ། ཀུན་ ཏུ་དཔའ་བ། ངས་སེམས་ཅན་རྣམས་ལ་ཆོས་རྣམ་པ་མང་པོ་བསྟན་ཏོ། །ཇི་ལྟ་བུའི་གཟུགས་ཀྱིས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། ལྷའི་འཇིག་རྟེན་དུ་ནི། ལྷའི་གཟུགས་ ཀྱིས་ཆོས་བསྟན་ཏོ། །ཀླུའི་གནས་སུ་ནི། ཀླུའི་གཟུགས་ཀྱིས་ཆོས་བསྟན་ཏོ། །གནོད་སྦྱིན་གྱི་གནས་སུ་ནི། གནོད་སྦྱིན་གྱི་གཟུགས་ཀྱིས་ཆོས་བསྟན་ཏོ། །ཡི་དྭགས་ཀྱི་གནས་སུ་ནི། ཡི་དྭགས་ ཀྱི་གཟུགས་ཀྱིས་ཆོས་བསྟན་ཏོ། །མིའི་འཇིག་རྟེན་དུ་ནི། མིའི་གཟུགས་ཀྱིས་ཆོས་བསྟན་ཏོ། །སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི། སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་ བསྟན་ཏོ། །བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་ནི། བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་བསྟན་ཏོ། །གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་ བ་དེ་དང་དེའི་གཟུགས་ཀྱིས་ངས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། ཀུན་ཏུ་དཔའ་པ། དེ་ལྟར་སེམས་ཅན་རྣམས་ལ་རྣམ་པ་མང་བོས་ཆོས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ཏུ་ དཔའ་བ། སེམས་ཅན་རྣམས་ཇི་ལྟར་ཆོས་རྣམ་པ་མང་པོ་ཐོས་པ་དེ་ལྟར་སེམས་ཅན་སྙིང་པོ་དེ་དག་དགེ་བའི་རྩ་བ་རྣམ་པ་མང་པོ་དག་བྱེད་པར་འགྱུར་ཏེ། སྦྱིན་པ་རྣམས་སྦྱིན་པར་འགྱུར། ༄༅། །བསོད་ནམས་དག་བྱེད་པར་འགྱུར། བདག་གི་དོན་དུ་མི་ཉལ་བའང་བྱེད་པར་འགྱུར། འཆི་བ་རྗེས་སུ་དྲན་པའང་སྒོམ་པར་འགྱུར་ཏེ། དེ་དག་དེ་ལྟ་བུའི་དགེ་བའི་ལས་ མངོན་པར་འདུ་བྱ་བ་རྣམས་བྱེད་པར་འགྱུར་རོ། །དེ་དག་ཆོས་ཐོས་པའི་རྒྱུས་སྔོན་གྱི་དགེ་བའི་རྩ་བ་དེ་དྲན་པར་གྱུར་ཏེ། དེ་ལྷ་དང་མི་དེ་དག་གིས་ཡུན་རིང་བོའི་དོན་དང༌། ཕན་པ་དང་བདེ་ བར་འགྱུར་རོ། །ཀུན་ཏུ་དཔའ་བ། དེ་ལྟར་ན། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་མ་ཐག་ཏུ་ཡོན་ཏན་དང་ཕན་ཡོན་དེ་ལྟར་དཔག་ཏུ་མེད་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་ གཅིག་ལ་གཅིག་འདི་སྐད་འཛེར་ཏོ། །གང་བྱས་ཤིང་བསགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ཅད་ལ་ ཕན་བར་འདོད་པའི་དགེ་བའི་ཆོས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གཞན་འགའ་ཞིག་ཀྱང་ཡོད་པ་ལྟ། དེ་དག་གིས་སྨྲས་པ། གང་དག་ཆོས་ལ་ཡིད་ཆེས་ནས་འདི་སྐད་ཅེས་ཡང་དག་པ་ཇི་ལྟ་ བ་བཞིན་གྱི་ཆོས་ཡོད་དོ། །ཞེས་ཟེར་བ་དེ་དག་གི་བདེ་བའི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི། ཆོས་ཀྱི་བདེ་བ་བླ་ན་མེད་པར་འགྱུར་རོ། །སེམས་ཅན་གཏི་མུག་བླུན་པོ་གང་དག་འདི་ སྐད་ཅེས་ཆོས་རྣམས་ཀྱང་མེད་དོ། །ཆོས་རྣམས་ཀྱི་ཕ་རོལ་ཏུ་འགྲོ་བའང་མེད་དོ། །ཞེས་ཟེར་བ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་དེ་ནི། ངན་སོང་རྣམས་སུ་འགྲོ་བར་འགྱུར་ རོ༑ ༑དེ་དག་ནི། ཕྱི་ཕྱིར་ཞིང་ངན་སོང་གི་ས་ལ་གཞོལ་བར་འགྱུར་རོ། །བསྐལ་པ་བརྒྱད་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ། །བསྐལ་པ་བཅུ་གཉིས་ ཀྱི་བར་དུ་ཡི་དྭགས་ཀྱི་ཡུལ་རྣམས་སུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ། །བསྐལ་པ་བཅུ་དྲུག་གི་བར་དུ་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བསྐལ་པ་དགུ་སྟོང་གི་བར་ དུ་འབྱུང་པོ་དང༌། ཤ་ཟ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བསྐལ་པ་ཁྲི་བཞི་སྟོང་གི་བར་དུ་ལྕེ་མེད་པར་འགྱུར་རོ། །བསྐལ་བ་ཁྲི་དྲུག་སྟོང་གི་བར་དུ་མའི་མངལ་དུ་འཆི་བའི་དུས་བྱེད་པར་ འགྱུར་རོ། །བསྐལ་པ་ཁྲི་ཉིད་སྟོང་གི་བར་དུ་ཤ་རིལ་རིལ་པོར་འགྱུར་རོ། །བསྐལ་པ་ཁྲི་ཆིག་སྟོང་གི་བར་དུ་དམུས་ལོང་དུ་སྐྱེ་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། དེ་ན་ཕ་མ་ དག་འདི་སྙམ་དུ་སེམས་པར་འགྱུར་རོ། །བདག་ཅག་ནི། དོན་མེད་པར་སྡུག་བསྔལ་མྱོང་ངོ༌། །བདག་ཅག་གི་བུ་སྐྱེས་པ་ནི། དོན་མེད་དོ། །ཟླ་བ་དགུའི་བར་དུ་དོན་མེད་པར་མངལ་དུ་བཙས་ སོ༑ ༑གྲང་བ་དང་དྲོ་བའི་ཚོར་བ་མྱོང་ངོ༌། །བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཀྱང་རབ་ཏུ་མྱོང་ངོ༌། །ཚེ་འདི་ལའང་སྡུག་བསྔལ་མང་པོ་མྱོང་ངོ༌། །ཕ་མས་ཁྱིམ་དུ་བུ་སྐྱེས་པ་མཐོང་ནའང་བྲོད༑ མེད་ཅིང་པ་མ་རབ་ཏུ་རེ་ཐག་ཆད་པར་འགྱུར་རོ། །ཀུན་ཏུ་དཔའ་བ། དེ་བཞིན་དུ་དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས་ནི། སེམས་ཅན་དམྱལ་བ་དང༌། དུད་འགྲོར་གཞོལ་བ་ཡིན་ཏེ། དེ་ ༄༅། །དག་འཆི་བའི་དུས་ཀྱི་ཚེ་མྱ་ངན་གྱི་ཟུག་རྡུ་ཆེན་པོས་ཟུག་པར་འགྱུར་རོ། །ཀུན་ཏུ་དཔའ་བ། གང་དག་ཚིག་འདི་སྐད་ཅེས་ཆོས་རྣམས་ཡོད་དོ། །ཆོས་རྣམས་ཀྱི་ཕ་ རོལ་ཏུ་འགྲོ་བ་ཡོད་དོ། །ཞེས་ཟེར་བ་དེ་དག་ནི། དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུའི་བར་དུ་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་འགྱུར་རོ། །བསྐལ་པ་ཉི་ཤུ་རྩ་ལྔའི་བར་དུ་སུམ་ཅུ་རྩ་གསུམ་ གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་ནས་ཤི་འཕོས་ནས་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་འགྱུར་རོ། །མའི་མངལ་དུ་སྐྱེ་བར་མི་འགྱུར་རོ། །འཇིག་ རྟེན་གྱི་ཁམས་བརྒྱ་སྟོང་དག་ཀྱང་མཐོང་བར་འགྱུར་ཏེ། ཐམས་ཅད་ཀྱང་བདེ་བ་ཅན་ཞེས་བྱ་བ་ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་མཐོང་ངོ༌། །མཐོང་ནས་ཀྱང་དེ་ཉིད་དུ་ གནས་ཏེ། དེ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀུན་ཏུ་དཔའ་བ། དེ་ལྟར་ན་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ནི། མཐུ་ཆེ་བའོ། །གང་དག་འདི་ལ་ སེམས་དད་པ་དེ་དག་ནམ་དུའང་ཡང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ཡང་ལྡན་པར་འགྱུར་རོ། །ཀུན་ཏུ་དཔའ་བ། ལ་ལ་ དག་དེ་བཞིན་གཤེགས་པས་ཉིན་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་ཐར་པར་བྱས་ནས་ཀྱང་ད་དུང་དུ་སེམས་ཅན་གྱི་ཁམས་ཟད་པར་མ་གྱུར་ཏེ། མང་པོ་ཞིག་ནི། བྱང་ཆུབ་ཏུ་ སྨོན་ལམ་འདེབས། མང་པོ་ཞིག་ནི། མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས། མང་པོ་ཞིག་ནི། མྱ་ངན་ལས་འདས་པ་ཐོབ་པར་གྱུར་ན། རྒྱུ་གང་གིས་སེམས་ཅན་ཟད་པར་མ་གྱུར་ཅེས་འཛེར་བའི་ སེམས་ཅན་དག་ཀྱང་ཡོད་དོ། །གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་དགེ་སྦྱོང་གཽ་ཏ་མ་དང་འགྱེད་དུ་འདོད་ངོ་སྙམ་མོ། །དེ་ ནས་བྲམ་ཟེ་དང༌། གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་བརྒྱད་ཁྲི་བཞི་སྟོང་དང༌། གཅེར་བུ་པ་བརྒྱ་ཕྲག་དུ་མ་ཞིག་རྒྱལ་པོའི་ཁབ་ག་ལ་བ་དེར་དོད་ངོ༌། །ཡང་དེའི་ཚེ་དེའི་དུས་ན་བཅོམ་ ལྡན་འདས་འཛུམ་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ནས་།བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་༑བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ༑ ཉོན་ཅིག །དེང་རྒྱལ་པོའི་ཁབ་འདིར་འདུས་པ་ཆེན་པོ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས། འདིར་ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ། མི་མ་ལགས་པའམ། སུ་དག་འཆི་ ༄༅། །བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། དེང་འདིར་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། མི་དང༌། མི་མ་ཡིན་པ་དེ་དག་ཐམས་ཅད་འོང་ པར་འགྱུར་ཏེ། བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་ཡང་འདིར་འོང་བར་འགྱུར་རོ། །མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་བྱེ་བ་ཕྲག་དགུ་སྟོང་འོང་བར་འགྱུར་ཏེ། དེ་དག་དང་ ངར་འགྱེད་པར་འགྱུར་རོ། །དེ་དག་ཐམས་ཅད་ཀྱི་འགྱེད་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། བྲམ་ཟེ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པར་འགྱུར་རོ། །མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་བྱེ་བ་སྟོང་ཕྲག་དགུ་པོ་དེ་དག་ཐམས་ཅད་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཀླུའི་ རྒྱལ་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་འོང་བར་འགྱུར་ཏེ། དེ་དག་ང་ལས་ཆོས་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེད་པར་འགྱུར་རོ། །གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་སྟོང་ཕྲག་དྲུག་ཅུ་འོང་བར་འགྱུར་རོ། །བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་ཅུ་འོང་བར་འགྱུར་རོ། །ལྷ་མ་ ཡིན་གྱི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་འོངས་བར་འགྱུར་རོ། །རྒྱལ་པོ་ལྔ་བརྒྱ་ཙམ་ཡང་འཁོར་དང་བཅས་ནས་ཆོས་ཉན་དུ་འོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ང་ལས་ཆོས་ཐོས་ ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོ་ལྔ་བརྒྱ་ཙམ་པོ་དེ་དག་གིས་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ། ཉོན་ཅིག །རྒྱལ་ པོ་དགའ་བོ་ཞེས་བྱ་བ་དང༌། རྒྱལ་པོ་ཉེ་དགའ་ཞེས་བྱ་བ་དང༌། རྒྱལ་པོ་རྒྱལ་བའི་ཁྱུ་མཆོག་ཅེས་བྱ་བ་དང༌། རྒྱལ་པོ་ཚངས་པའི་སྡེ་ཞེས་བྱ་བ་དང༌། རྒྱལ་པོ་ཚངས་པའི་དབྱངས་ཞེས་བྱ་ བ་དང༑ རྒྱལ་པོ་བལྟ་ན་མཛེས་ཞེས་བྱ་བ་དང༌། རྒྱལ་པོ་མཛའ་བའི་སྡེ་ཞེས་བྱ་བ་དང༌། རྒྱལ་པོ་དགའ་བའི་སྡེ་ཞེས་བྱ་བ་དང༌། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་དང༌། རྒྱལ་པོ་ གསལ་རྒྱལ་ཞེས་བྱ་བ་དང༌། རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་དང༌། དེ་དག་ལ་སོགས་པ་རྒྱལ་པོ་ལྔ་བརྒྱ་ཙམ་དང༌། རྒྱལ་པོ་རེ་རེ་ཞིང་ཡང་གཡོག་བྱ་བ་བརྒྱ་སྟོང་ཡོད་དེ། རྒྱལ་པོ་ ༄༅། །འཕགས་སྐྱེས་པོ་མ་གཏོགས་པར་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ །ཤར་ཕྱོགས་ ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་ཅུ་འོང་ངོ༌། །ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་ལྔ་བཅུ་འོང་ངོ༌། །ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ སྟོང་ཕྲག་དྲུག་ཅུ་འོང་ངོ༌། །བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འོང་ངོ༌། །འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་བཅུ་འོང་ དོ། །སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱ་འོང་སྟེ། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པ་ཤ་སྟག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱལ་པོའི་ཁབ་ག་ལ་བ་དང༌། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ༌། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ ཏུ་དཔའ་བ། ཁྱོད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ ཆོས་སྟོན་གྱི། ཕྱོགས་བཅུའི་འཇིག་རྟེན་ན་གནས་པ་ཁྱེད་ཐམས་ཅད་ཐལ་མོ་སྦྱར་ཏེ་ཐུད་ཅིག །ཅེས་དེ་སྐད་སྨྲོས་ལ་གོ་བར་བྱས་མ་ཐག་ཏུ་ཡུད་ཙམ་གྱིས་ཆོས་ཉན་དུ་སླར་ཤོག་ཅིག །དེ་ ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས༑ བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ བ་བྱས་ཏེ༑ རྫུ་འཕྲུལ་གྱི་སྟོབས་ཀྱིས་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས་བྱང་ཆུབ་ སེམས་དཔའ་རྣམས་ལ་དེང་དེ་བཞིན་གཤེགས་ལ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱི། དེ་ལ་ཁྱེད་ཅག་གིས་ལེགས་སོ། །ཞེས་བྱ་བ་གསོལ་ཅིག་དང༌། དེའི་ཕྱིར་ཁྱེད་དེང་ཉིད་ དུ་ཕན་པ་དང་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་བསྒེའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང་ནས་ སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ལ་སྤྱོན་པ་ནི། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོག་པ་ཙམ་གྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང༌། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ ༄༅། །ནས་བྲམ་ཟེ་རྣམས་དང༌། གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་རྣམས་ཀྱང་འདུས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། མི་མང་པོ་ ཞིག་དང༌། རྒྱལ་པོ་གཡོག་དང་བཅས་པ་ལྔ་བརྒྱ་ཙམ་ཡང་འདུས། བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་གསུམ་ཡང་འདུས་སོ། །ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་ གྲོང་ཁྱེར་ཆེན་པོ་རབ་ཏུ་གཡོས་སོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ལྷའི་ཙནྡན་གྱི་ཕྱེ་མའི་ཆར་རབ་ཏུ་བབ། ལྷའི་མེ་ཏོག་གི་ཆར་ཡང་རབ་ཏུ་བབ་ནས་དེ་བཅོམ་ ལྡན་འདས་ཀྱི་དབུའི་སྤྱི་གཙུག་གི་མཚམས་སུ་ཁང་པ་བརྩེགས་པར་ཀུན་ཏུ་གནས་སོ། །ཡང་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་ དེ་ནས་དེའི་ཚེ་ཕྱོགས་བཞི་ནས་རླུང་གི་རྒྱལ་པོ་བཞི་འཁྲུགས་ཏེ། ལངས་ནས་གང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཉལ་ཉིལ་དང༌། ཕྱག་དར་དང༌། བྱེ་མ་དེ་རྣམས་གྲོང་ཁྱེར་གྱི་ ཕྱི་རོལ་ཏུ་བོར་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྤོས་ཆུའི་ཆར་རབ་ཏུ་བབ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ཀུ་མུ་ ཏ་དང༌། པདྨ་དཀར་པོའི་ཆར་ཡང་རབ་ཏུ་བབ་ནས་མེ་ཏོག་དེ་དག་ཐམས་ཅད་ཀྱང་སེམས་ཅན་དེ་དག་གི་སྤྱི་གཙུག་གི་སྟེང་དུ་མེ་ཏོག་གི་གདུགས་སུ་གནས་སོ། །དེ་བཞིན་གཤེགས་པའི་ དབུའི་གཙུག་གི་སྟེང་གི་བར་སྣང་ལ་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་གནས་ཏེ། ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་པོ་རྣམས་ཀྱི་ནད་ནས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བརྒྱད་ཁྲི་ བཞི་སྟོང་བྱུང་སྟེ། ཁྲི་དེ་དག་ཐམས་ཅད་ལའང་དེ་བཞིན་གཤེགས་པ་བཞུགས་ནས་ཆོས་སྟོན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ སོ༑ ༑དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དབའ་བ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར་ཆོ་འཕྲུལ་འདི་ལྟ་བུ་གདའ་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན། མི་ཙ་ཡ་ ཅན་རྒོད་དེབ་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ལ་གནས་པ་དབུལ་པོར་གྱུར་པ་ལ་ལ་ཞིག་ཡོད་ལ་དེའི་མགོ་ལ་རྒྱལ་པོས་བྱུགས་པ་དང༌། དེ་རྒྱལ་པོའི་སྒོའི་བར་དུ་སོང་སྟེ། ཕྱིན་ནས་ ནན་གྱིས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འགྲོ་བར་འདོད་པ་དང༌། དེ་ནས་རྒྱལ་པོའི་བློན་པོ་དང༌། འཁོར་གྱིས་དེ་བཟུང་ནས་རྣམ་པ་མང་པོས་བརྡེགས་པ་དང༌། དེ་ནས་དེའི་ཚེ་དེའི་དུས་ན་མི་དབུལ་པོ་ དེ་ནན་གྱིས་ནང་དུ་འགྲོ་འདོད་དོ། །ཞེས་རྒྱལ་པོས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། གདོན་མི་ཟ་བ་རང་ལ་གསོད་འདོད་པ་ཞིག་ཡིན་ནོ། །སྙམ་ནས་རྒྱལ་པོ་ཁྲོས་ཏེ་འཁོར་རྣམས་ལ་འདི་སྐད་ ༄༅། །ཅེས་ཁྱེད་དེང་ལ་མི་དེ་རི་ཁྲོད་དུ་ཁྲིད་དེ་སོད་ཅིག །གཡོག་དང༌། ཕ་མ་དང༌། བུ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་ཐམས་ཅད་ཀྱང་སོད་ཅིག །ཅེས་བསྒོ་བ་དང༌། དེ་ནས་དེ་དག་ཐམས་ཅད་བསད་ནས་དེའི་གཉེན་བཤེས་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཆོས་བཤད་པ་དང༌། དེ་ན་མི་ང་རྒྱལ་ཅན་ཇི་ལྟ་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་བཞིན་གཤེགས་པ་ལ་གཟུགས་དང༌། ཁ་དོག་དང༌། མཚན་དང༌། དབྱིབས་ དང༑ མཚན་མར་བཟུང་སྟེ། དེ་བཞིན་གཤེགས་པའི་ལུས་ཡིན་པ་སྙམ་དུ་སེམས་ཤིང༌། དེ་ན་དེ་དག་ཆོས་མང་པོ་ཐོས་ནས་ལྷག་པའི་ང་རྒྱལ་དུ་ལྷུང་སྟེ། ཀྱལ་པ་སྣ་ཚོགས་སྨྲ་བ་དང༌། བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པའི་ཟིལ་གྱིས་ནོན་ནས་བདག་ཉིད་འདི་ལྟ་བུའི་ཆོས་མི་ཉན་མི་འཆད་དེ། གང་ལ་ལ་ཞིག་མདོའམ། ཚིགས་སུ་བཅད་པའམ། ཐ་ན་དཔེ་ཙམ་ ཞིག་དེ་དག་ལ་བཤད་ནའང་དེ་བདག་གིས་ཤེས་སོ། །ཞེས་དེ་དག་ལ་མི་འཛིན་ཅིང་རྣ་བས་ཀྱང་མི་ཉན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཏེ། དེ་དག་ནི། མང་དུ་ ཐོས་པས་བག་མེད་པའོ། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་པ་དེ་དག་གི། འདི་ལྟ་བུའི་ཆོས་དང་ལྡན་པ་བྱེད་པར་མི་འགྱུར། དེ་དག་ནི།། འདི་ལྟ་བུའི་ཆོས་དང་ལྡན་པའི་ཚིག་ ཐོས་པར་མི་འགྱུར་གྱི། དེ་དག་ནི། མང་དུ་ཐོས་པ་དེས་རྒྱགས་པར་འགྱུར་ཏེ། མི་དེ་ལྟ་བུ་དེ་དག་ནི། རང་གི་རང་བཟོར་བྱས་པ་འཇོག་པར་བྱེད། རང་གི་གཞུང་གི་གླེང་བཞིའང་འཇོག་པར་བྱེད་ དོ༑ ༑དེ་དག་ནི། བདག་དང་འཇིག་རྟེན་ཐམས་ཅད་ལ་སླུ་ཞིང་དོན་མེད་པར་ཡུལ་འཁོར་གྱི་བསོད་སྙོམས་མང་པོ་ཟ་སྟེ། ཟོས་ནས་ཀྱང་ལེགས་པར་འཇུ་བར་མི་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ ཚེ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་དེ་ལ་སྨྲས་པ། ཁྱོད་ཀྱིས་ནི། ང་ལ་བཟོའི་གནས་མང་དུ་བསླབ་ན། ཇི་ལྟར་ཁྱོད་བདག་འཇོག་པར་མི་ནུས། དེས་དེ་དག་ལ་ འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག །ང་ནི། ད་ལྟར་བདག་འཇོག་པར་མི་ནུས་སོ། །དེ་ན་སེམས་ཅན་དེ་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་འདོན་པར་འགྱུར་ཏེ། ཇི་ལྟར་གཞན་གྱིས་མ་ ལན་གྱི༑ རང་གི་ལས་ཀྱི་རྐྱེན་གྱིས་གང་ཟག་དེ་གཅིག་པུའི་ཕྱིར་གཉེན་གྱི་ཚོགས་མང་པོ་བསད་པར་གྱུར་པ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་འཆི་བའི་དུས་ཀྱི་ཚེ་སྨྲེ་སྔགས་འདོན་ ཅིང་མི་དགེ་བའི་གྲོགས་པའི་ཕྱིར་བདག་ཅག་སེམས་ཅན་དམྱལ་བའམ་དུད་འགྲོའི་སྐྱེ་གནས་སུ་གཞོལ་བར་མཐོང་ངོ༌། །དེ་བཞིན་དུ་ཁྱེད་རྣམས་ལ་བྲམ་ཟེ་དང༌། གཞན་མུ་སྟེགས་ཅན་ རྣམས་ཀྱིས་སྨྲས་པ། ཁྱེད་ཅག་རྒྱགས་པར་མ་གྱུར་ཅིག །འདི་ལྟ་སྟེ། དཔེར་ན། བྱ་འདབ་གཤོག་མ་རྫོགས་པར་ལྷའི་འཇིག་རྟེན་དུ་འགྲོ་བའི་ཕྱིར་ནམ་མཁའ་ལ་འཕུར་མི་ནུས་པ་ ༄༅། །དེ་བཞིན་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་མི་ནུས་ཏེ། ཁྱེད་ཅག་ལ་དེ་ལྟ་བུའི་རྫུ་འཕྲུལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་རྣམ་པས་བྱ་གག་ གི་སྐྱེ་གནས་སུ་སྐྱེས་ནས་ལུས་འདི་རིང་པོ་མི་ཐོགས་པར་ལུས་འཇིག་ཅིང་མཐར་འཆི་བར་འགྱུར་ཏེ། འཆི་བའི་དུས་ཀྱི་ཚེ་དེ་དག་རོ་བྲོ་བ་མེད་ནས་བདག་ཅག་གིས་ལུས་འདི་ཅི་ཞིག་གི་ཕྱིར་ བཟུང༌། བདག་ཅག་གིས་གང་ལྷའི་འཇིག་རྟེན་གྱི་བདེ་བ་དང༌། མིའི་འཇིག་རྟེན་གྱི་བདེ་བའང་མ་མྱོང་ལ། མྱ་ངན་ལས་འདས་པའི་གནས་ལའང་གནས་པར་མ་གྱུར་ཏེ། བདག་ཅག་གིས་ལུས་ འདི་ནི༑ དོན་མེད་པར་བཟུང་ན། བདག་ཅག་གི་འགྲོ་བ་ནི། གང་ཡིན། བདག་ཅག་གི་རྟེན་དུ་ནི། སུ་ཞིག་འགྱུར། གང་དུ་སྐྱེ་ཞིང་གང་དུ་འཇིག་པར་འགྱུར་ཞིག་གུ་སྙམ་ནས་ཡོངས་སུ་སྐྲག་ པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་དེ་དག་ལ་བཀའ་སྩལ་པ། ཁྱེད་ཅག་རིན་པོ་ཆེའི་ཛམྦུའི་གླིང་འདིར་ཡི་ ཆད་པར་མ་བྱེད་ཅིག །ཁྱེད་ཆོས་དཀོན་མཆོག་ལས་ཕྱི་རོལ་ཏུ་མ་གྱུར་ཅིག །ཀྱེ་གྲོགས་པོ་དག །ཁྱེད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། ངས་ཁྱེད་ཀྱི་བསམ་པ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་བྲམ་ཟེ་དང༌། གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་དེ་དག་ཐམས་ཅད་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ ཏུ་བགོས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་གདུགས་མཚན་དུ་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་བཀྲོལ་ཡང་སེམས་ ཅན་གྱི་ཁམས་ལ་བྲི་བའམ། གང་བར་ཡང་མི་གདའ་ན། བཅོམ་ལྡན་འདས། རྒྱུ་གང་དང༌། རྐྱེན་གང་གིས་སེམས་ཅན་དེ་དག་སྐྱེ་བ་དང༌། འགག་པ་མཉམ་པར་སྟོན། དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། མུ་སྟེགས་ཅན་དག་འགྱོད་པ་ཆེན་པོ་བསལ་བ་དང༌། ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བྱ་བའི་ཕྱིར་གོ་ཆ་ ཆེན་པོ་བགོས་ནས་འདྲི་བའི་གླེང་གཞི་ཆེན་པོ་འདྲི་སྟེ། ཕྱི་མའི་དུས་ན་སེམས་ཅན་གཞོན་ནུ་དང༌། རྒན་པོ་རྣམས་སྐྱེ་བ་དང་འཇིག་པ་ཤེས་པར་འགྱུར་རོ། །སྨན་གྱི་སྡེ། སེམས་ཅན་རྒན་པོ་དག་ཀྱང་ གཞོན་ནུ་བཞིན་དུ་ཅིའང་མི་ཤེས་པའང་ཡོད་དོ། །སྨན་གྱི་སྡེ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་སྐྲ་བཀྲུས་ནས་གོས་གསར་པ་བགོས་ཏེ། དེ་ཁྱིམ་གྱི་ཕྱི་རོལ་ཏུ་བྱུང་བ་དེ་ལ་སེམས་ཅན་རྣམས་ ཀྱིས་ཁྱོད་གོས་གསར་པ་ལེགས་བར་བགོས་སོ། །ཞེས་སྨྲས་པ་དང༌། སེམས་ཅན་གཞན་ཞིག་ཀྱང་མགོ་བཀྲུས་ནས་གོས་རྙིང་པའང་བཀྲུས་ཏེ་བགོས་པ་དང༌། དེ་ཟེགས་པས་མི་དེ་སྐྲ་བཀྲུས་ཀྱང་མཛེས་ པར་མ་གྱུར་ལ། དེའི་གོས་ཀྱང་མཛེས་པར་མ་གྱུར་པ་དེ་བཞིན་དུ། སྨན་གྱི་སྡེ། ཛམྦུའི་གླིང་ན་སེམས་ཅན་རྒན་པོ་ཡོད་པ་དག་ནི། མཛེས་པ་མ་ཡིན་ཏེ། སེམས་ཅན་གཞོན་ནུ་དག་ནི། སྐྱེ་བ་དང༌། ༄༅། །འགག་པ་སྟོན་ཏོ། །དེ་ནས་བྲམ་ཟེ་དང༌། གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དེ་དག་ཐམས་ཅད་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གི་ནང་ན་གཞོན་ནུ་ནི། གང་ལགས། རྒན་པོ་ནི། གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་ནི། ཡང་དང་ཡང་ སེམས་ཅན་དམྱལ་བ་དང༌། དུད་འགྲོ་བ་དང༌། ཡི་དྭགས་རྣམས་སུ་ཚོར་བ་མྱོང་ཡང་ཁྱེད་ད་དུང་དུ་ངོམ་མི་མྱོང་བས་ཁྱེད་ཅག་ནི། རྒན་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེ་དག་ ཐམས་ཅད་དང༌། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སླན་ཆད་འཁོར་བར་སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་མི་སྤྲོའོ། །གང་གཞན་མུ་སྟེགས་ཅན་ དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གཞོན་ནུ་རྣམས་ལས་ཀྱང་གང་ཆོས་ཉིད་མངོན་སུམ་དུ་བྱེད་ནུས་པ་མེད་དོ། །དེ་སྐད་ཅེས་ སྨྲས་པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་སེམས་ཅན་རྣམས་མོས་པ་ དཀའ་བ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག་དང་དེ་བཞིན་གཤེགས་པས་ནི། འཇིག་རྟེན་ཐམས་ཅད་མངོན་སུམ་དུ་མཛད་དོ། །དེ་ ནས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་ཀྱང་མི་འཚལ། ཚིག་ཀྱང་མི་སྨྲའོ། །དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་འདི་དག་བཅོམ་ལྡན་འདས་ལ་མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཕྱག་ ཀྱང་མི་འཚལ། བཅོམ་ལྡན་འདས་ལ་ཞུ་བའང་མི་བགྱིད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག །སེམས་ཅན་གཞོན་ནུ་རྣམས་ ཀྱིས་ཆོས་ཉིད་མངོན་སུམ་དུ་བྱེད་མི་ནུས་སོ། །ཞེས་སེམས་ཅན་གང་དེ་སྐད་ཟེར་བ་ལ། སྨན་གྱི་སྡེ། འདི་དག་ནི། ཁྱེད་ཀྱིས་སེམས་ཅན་གཞོན་ནུ་ཡིན་པར་བལྟའོ། །སེམས་ཅན་དེ་དག་གིས་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་ཅག་ནི། སེམས་ཅན་གཞོན་ནུ་ལགས་སོ། །བཙུན་པ་བདེ་བར་གཤེགས་པ། བདག་ཅག་ནི། སེམས་ཅན་གཞོན་ནུ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་སེམས་ཅན་འདི་དག་ནི། འཇིག་རྟེན་མངོན་སུམ་དུ་བྱེད་པ་ཡིན་གྱི། ད་རང་གི་ལུས་ལས་འཇིག་རྟེན་གྱི་ཚད་སྟོན་ཅིག །དེའི་ཚེ་དེའི་དུས་ན་ སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས་དང་མ་བྲལ་བར་སྟེང་གི་ནམ་མཁའ་ལ་གནས་ཏེ། ས་བཅུ་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ ༄༅། །དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །གང་དག་འཁོར་བ་ཡོངས་སུ་ཟད་པར་བགྱི་བ་དང༌། ཡོངས་སུ་བྱང་བར་བགྱི་བའི་སླད་དུ་བརྩོན་ འགྲུས་རྩོམ་པའི་སེམས་ཅན་དེ་ལྟ་བུ་ནི། རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས། སེམས་ཅན་འདི་དག་ནི། དེང་ཉིད་སྐྱེས་ལ། བཅོམ་ལྡན་འདས། སེམས་ཅན་འདི་དག་ནི། དེང་ ཉིད་ཡོངས་སུ་གྲོལ་ཏེ་ཐམས་ཅད་ཀྱང་ས་བཅུ་རབ་ཏུ་ཐོབ་པར་མཐོང་ངོ༌། །བམ་པོ་གསུམ་པ། དེ་ནས་བྲམ་ཟེ་དང༌། གཞན་མུ་སྟེགས་ཅན་དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་ དང༑ ཀླུའི་རྒྱལ་པོ་དང༌། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད་ལྷགས་ནས་གཡོ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ འདིར་དེ་བཞིན་གཤེགས་པའི་གན་དུ་མཆིས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བདག་ཅག་གིས་སངས་རྒྱས་ཀྱི་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཅིག །འཇིག་རྟེན་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང་དག །དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་དེ་བཞིན་གཤེགས་ པའི་གན་དུ་ལྷགས་ནས་ཁྱེད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེས་ན་ཁྱེད་ཐམས་ཅད་རིང་པོ་ མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ་དེ་ནས་གཞན་མུ་ སྟེགས་ཅན་དེ་དག་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་ནས་བྱང་ཆུབ་སེམས་དཔའ་དེ་དག་ ཐམས་ཅད་སྟེང་གི་ནམ་མཁའ་བར་སྣང་ལ་ཤིང་ཏ་ལ་བདུན་སྲིད་དུ་མངོན་པར་འཕགས་ནས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་དག་དེ་བཞིན་གཤེགས་པ་ལ་དབུལ་ཞིང་ཐམས་ ཅད་ཀྱང་རྣམ་པར་འཕྲུལ་པ་སྣ་ཚོགས་བྱིན་གྱིས་རློབ་སྟེ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་དབུའི་སྤྱི་གཙུག་གི་སྟེང་ལོགས་སུ་གནས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་སྣ་ཚོགས་འཐོར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད་དེ། རང་གི་ལུས་ལའང་སངས་རྒྱས་སུ་འདུ་ཤེས་བསྐྱེད་དོ། །ལྷའི་བུ་བྱེ་བ་ བརྒྱ་སྟོང་ཕྲག་དུ་མའང་དེ་བཞིན་གཤེགས་པ་ལ་མངོན་པར་འཐོར་ཞིང་ཚིག་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི། རྙེད་པ་ཆེན་པོའོ། །ཞིང་ཆེན་པོའོ། །འཇིག་རྟེན་གྱི་མགོན་ནོ། །ཏིང་ངེ་འཛིན་ གྱི་སྟོབས་བསྐྱེད་པ་བརྙེས་པའོ། །མཁས་པ་མཁས་པ་ཚོལ་བ་ལགས་ཏེ། གང་སེམས་ཅན་འདི་ལྟ་བུ་དག་ཐབས་མཁས་པས་མཐར་གྱིས་འཁོར་བ་ལས་ཡོངས་སུ་ཐར་པར་མཛད་དེ་ལེགས་ ༄༅། །པར་གསུངས་པ་གཅིག་ཙམ་གྱིས་ཀྱང་སེམས་ཅན་དེ་སྙེད་ཅིག་འཁོར་བ་ལས་ཡོངས་སུ་གྲོལ་ལོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས༑ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ༑ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུ་གང་དང༌། རྐྱེན་གང་གིས་རིགས་ཀྱི་བུ་དེ་དག་ཚིག་འདི་སྐད་འབྱིན་ཅིང་རྫུ་འཕྲུལ་མངོན་པར་འདུ་བགྱི་ བ་མང་པོ་བགྱིད་དེ། དེ་བཞིན་གཤེགས་པའི་བསྔགས་པ་མང་པོ་མངོན་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཉོན་ཅིག །དེ་དག་ནི། ང་ལ་བསྟོད་པ་ མ་ཡིན་གྱི། རང་གི་ལུས་ལ་བསྟོད་ཅིང་རང་གི་ལུས་ཆོས་ཀྱི་སྟན་དམ་པ་ལ་འཇོག་པར་འགྱུར། རང་གི་ལུས་ལས་ཆོས་ཀྱི་འོད་ཟེར་འབྱིན་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་ སྟོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདེ་བར་གཤེགས་པ་ གདུགས་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་གྲོལ་ཡང་ད་དུང་དུ་སེམས་ཅན་རྣམས་ཟད་པར་མ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁྱོད་གང་དེ་བཞིན་ གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །སྨན་གྱི་སྡེ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ། ནོར་དང༌། འབྲུ་དང༌། མཛོད་དང༌། བང་བ་མང་པོ་དང་ལྡན་ལ། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བའི་མི་མང་པོ་དང་ལྡན་ཏེ། དེ་ནོར་གྱི་ཕུང་པོ་མང་ལ་ཞིང་དང་ཀུན་དགའི་ར་བ་མང་དུ་བདོག་ ཅིང༌། འདི་ལྟ་སྟེ། ནས་དང༌། གྲོ་དང༌། འབྲས་དང༌། བལ་སྲན་དང༌། སྲན་ཆུང་ལ་སོགས་པ་འབྲུ་མང་དུ་བདོག་པ་ཞིག་ཡོད་ལ། མི་དེས་དཔྱིད་ཀྱི་དུས་ལ་འབྲུ་ཐམས་ཅད་ཀྱི་ས་བོན་བཏབ་ནས་དུས་ གཞན་ཞིག་གི་ཚེ་ས་བོན་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་གྱུར་པ་དང༌། མི་དེས་འབྲུ་དེ་དང་དེ་དག་སོ་སོར་འཇོག་སྟེ། བཞག་ནས་ཀྱང་དཔྱིད་ཀྱི་དུས་ཀྱི་བར་དུ་ཟོས་ནས་ཡང་འདེབས་པ་ བཞིན་དུ་སྨན་གྱི་སྡེ། སེམས་ཅན་རྣམས་ཀྱང་སྔོན་ལས་བྱས་པའི་ལས་དེ་དག་ཐམས་ཅད་ཡོངས་སུ་ཟད་པར་གྱུར་པ་དང༌། དེ་ལ་བསོད་ནམས་ཀྱི་ཞིང་ཚོལ་ཏེ་དགེ་བའི་རྩ་བ་རྣམས་བསྐྱེད་དོ། ། བསྐྱེད་ནས་ཀྱང་དགེ་བའི་ཆོས་དེ་ལ་ནན་ཏན་གྱིས་སྒྲུབ་སྟེ་ཆོས་ཐམས་ཅད་འཕེལ་བར་བྱས་ནས་དགའ་བ་དང༌། མགུ་བ་བསྐྱེད་དེ། སྨན་གྱི་སྡེ། དགའ་ཞིང་མགུ་བའི་སེམས་དེས་བསྐལ་པ་ ༄༅། །བྱེ་བའི་བར་དུ་ཆུད་མི་ཟའོ། །སྨན་གྱི་སྡེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ཆུད་ཟ་བའི་ཆོས་ཅན་དུ་ནམ་ཡང་མི་འགྱུར་ཏེ། མདོར་ན་ཆོས་ཐམས་ཅད་རབ་ཏུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་རྨི་ལམ་ཇི་ལྟ་བུ་མཐོང་བར་འགྱུར། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་འཇིགས་པ་མང་པོ་མཐོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ཡོངས་ སུ་སྦྱོང་བའི་ཕྱིར་རོ། །སེམས་ཅན་སྡིག་པའི་ལས་ཅན་གྱིས་ནི། སྡུག་བསྔལ་མི་བཟད་པ་སེལ་བར་མི་ནུས་སོ། །དེ་ནི། སྡིག་པའི་རྨི་ལམ་མཐོང་ཡང་འཇིགས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་ཇི་ལྟར་འཇིགས་པ་མཐོང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། མེ་རབ་ཏུ་འབར་བ་མཐོང་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་དེས་བདག་གིས་ཉོན་མོངས་པ་ཐམས་ཅད་ཚིག་པར་རིག་པར་བྱའོ། །སྨན་གྱི་སྡེ། གཉིས་སུ་ན་བྱང་ཆུབ་སེམས་དཔའ་སེམས་ དང་པོ་བསྐྱེད་པ་དེས་ཆུ་བྲུག་ཅིང་རབ་ཏུ་བྲུག་པ་མཐོང་ཡང་འཇིགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ། དེ་བཞིན་དུ་གཏི་མུག་གིས་བཅིངས་པ་ཐམས་ཅད་ལས་ལྡོག་ནས་སྡིག་པ་ བྱང་བར་བྱས་པ་ཡིན་ནོ། །སྨན་གྱི་སྡེ། གསུམ་དུ་ན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་ན་འཇིགས་པ་ཆེན་པོ་མཐོང་ངོ༌། །གསོལ་པ། བཅོམ་ལྡན་འདས། གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ལུས་ཀྱི་མགོ་བྲེགས་པ་མཐོང་ཡང་སྨན་གྱི་སྡེ། དེ་ལ་དེས་འཇིགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང༌། ཞེ་སྡང་ དང༑ གཏི་མུག་བྲེགས་པ་ཡིན་ཏེ། བདག་ནི། འགྲོ་བ་དྲུག་ཏུ་འཁོར་བ་ལས་རྒྱལ་བ་ཡིན་ནོ། །སྙམ་མོ། །དེ་སེམས་ཅན་དམྱལ་བར་གནས་པའང་མ་ཡིན། དུད་འགྲོ་དང༌། ཡི་དྭགས་རྣམས་ ཀྱི་ནང་དུ་མ་ཡིན། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན། ཀླུ་རྣམས་ཀྱི་ནང་དུ་མ་ཡིན། ལྷ་རྣམས་ཀྱི་ནང་དུ་མ་ཡིན་ཏེ། སྨན་གྱི་སྡེ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི། སངས་ རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་རབ་ཏུ་འཛིན་ཏོ། །སྨན་གྱི་སྡེ། ཕྱི་མའི་ཚེ་ཕྱི་མའི་དུས་ན་གལ་ཏེ་སེམས་ཅན་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོ་བར་འགྱུར་ན། དེས་ ཡི་དམ་ཆེན་པོ་བཅས་པར་བལྟ་སྟེ། བརྙས་པར་གནས་པར་གྱུར་ཀྱང་སྨན་གྱི་སྡེ། དེ་ལ་ངས་སྐྱོ་བའི་སེམས་བསྐྱེད་པར་མི་བྱ། ཞུམ་པར་མི་བྱའོ། །སྨན་གྱི་སྡེ། ངས་ཆོས་མང་དུ་བསྟན་ཏེ། སྨན་གྱི་སྡེ། ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞིག་གི་བར་དུ་དཀའ་བ་སྤྱོད་པ་སྤྱད་ཀྱང་སྨན་གྱི་སྡེ། ངས་ལོངས་སྤྱོད་ཀྱི་ཕྱིར་རམ། འཚོ་བའི་ལོངས་སྤྱོད་ཀྱི་ཕྱིར་རམ། དབང་ ༄༅། །ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། སྨན་གྱི་སྡེ། ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ངས་དཀའ་བ་སྤྱོད་པ་སྤྱད་ཀྱང་ངས་ དེ་སྲིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི། སྨན་གྱི་སྡེ། གང་གི་ཚེ་གང་གི་དུས་ན་གནས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ཉིད་ཀྱི་ཉིན་ མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨན་གྱི་སྡེ། ཆོས་ཀྱི་རྣམ་གྲངས་འདི་ཟབ་བོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་རྙེད་པར་དཀའོ།། སྨན་གྱི་སྡེ། དེ་བཞིན་གཤེགས་པ་རྣམས་འབྱུང་བའང་མཆོག་ཏུ་རྙེད་པར་དཀའོ། །སྨན་གྱི་སྡེ། ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དག་ཀྱང་མཆོག་ཏུ་རྙེད་པར་དཀའོ། །གང་དག་ཆོས་ཀྱི་ རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྨན་གྱི་སྡེ། བསྐལ་པ་སྟོང་དུ་འཁོར་ བ་བསྙིལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རབ་ཏུ་རྙེད་པར་འགྱུར་རོ། །འགོག་པ་དང་ལམ་ཡང་རབ་ཏུ་ཤེས་པར་འགྱུར་རོ། །གནས་རབ་ཏུ་ཤེས་པའི་སྐལ་བ་ཡོད་ པར་འགྱུར་རོ། །དགེ་བའི་གནས་རབ་ཏུ་ཤེས་པའི་སྐལ་བ་ཡོད་པར་འགྱུར་རོ། །མངོན་པར་ཤེས་པ་དང་དགེ་བའི་གནས་རབ་ཏུ་ཤེས་པའི་སྐལ་བ་ཡོད་པར་འགྱུར་རོ། །དགེ་བའི་གནས་ དང་འགོག་པ་རབ་ཏུ་ཤེས་པའི་སྐལ་བ་ཡོད་པར་འགྱུར་རོ། །སྨན་གྱི་སྡེ། ཅིའི་ཕྱིར་འགོག་པ་ཞེས་བྱ། གསོལ་པ། བཅོམ་ལྡན་འདས། ཆོས་ཀྱི་གནས་ནི། དོན་ཞེས་བགྱིའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཆོས་ཀྱི་གནས་གང་ཡིན། གསོལ་པ། བཅོམ་ལྡན་འདས། ཆོས་ཞེས་བགྱི་བ་ནི། བརྩོན་འགྲུས་བརྩམས་པ་ཉིད་དང༌། ཚུལ་ཁྲིམས་བསྲུངས་པ་ཉིད་དང༌། ཚུལ་ཁྲིམས་དང་ལྡན་པ་ལགས་ཏེ། ཆོས་ཀྱི་གཏེར་ཞེས་བགྱིའོ། །བཅོམ་ལྡན་འདས། འདི་ནི། ཆོས་ཀྱི་གཏེར་འབྱུང་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེ་བཞིན་ གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། གང་དག་མང་དུ་ཐོས་པ་དང་ལྡན་པ། རབ་ཏུ་ཤེས་པ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་རབ་ཏུ་ཤེས་སོ། །དེ་བཞིན་ གཤེགས་པ་རྣམས་ཀྱི་འབྱུང་བ་ཤེས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་བདེ་བའི་གནས་འདི་རབ་ཏུ་ཤེས་སོ། །ནམ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་དེ་ན་ སེམས་ཅན་རྣམས་ཀྱིས་ཆོས་རབ་ཏུ་ཤེས་སོ། །ཐབས་མཁས་པས་ཆོས་རྣམས་རབ་ཏུ་ཤེས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེས་སོ། །འཇིག་རྟེན་དང་ ༄༅། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་རབ་ཏུ་ཤེས་སོ། །གསོལ་པ། ཡེ་ཤེས་ཉིད་རྟོགས་ནས་མྱ་ངན་ལས་འདས་པ་གང་རབ་ཏུ་འཚལ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཆོས་རབ་ཏུ་ཤེས་ནས་ཆོས་རྣམས་རབ་ཏུ་ཤེས་སོ། །སྨན་གྱི་སྡེ། དེ་བཞིན་དུ་དམ་པའི་ཆོས་བསྡུ་བ་རབ་ཏུ་ཤེས་ནས་རྙེད་པ་དང་པོ་སྐྱེའོ། །ཆོས་ཇི་ ལྟར་ཐོས་པ་བཞིན་དུ་བཟུང་ནས་ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུར་རོ། །སྨན་གྱི་སྡེ། འདི་ལྟ་སྟེ། དཔེར་ན། མི་ཚོང་བར་གྱུར་པ་ལ་ལ་ཞིག་མི་ཁུར་སྟོང་གི་གསེར་ཁྱེར་ཏེ་དེ་ཁེ་སྤོགས་ ཀྱི་ཕྱིར་སོང་བ་དང༌། དེའི་ཕ་མ་འདི་སྐད་སྨྲ་སྟེ། བུ། ཉོན་ཅིག །གསེར་སྲང་སྟོང་ཁྱེར་ལ་གཞན་དང་རང་གི་གསེར་ལེགས་པར་ཁྱེར་ཅིག །ཚོང་པ་དེས་གསེར་ཁྱེར་ཏེ་སོང་ནས་ཟླ་བ་གཅིག་ ཙམ་ལོན་པ་དང་གསེར་དེ་དག་ཐམས་ཅད་ཆུད་གསན་ཏེ་མེད་པར་བྱས་ཀྱི་འོག་ཏུ་དེ་ནས་མི་དེས་བསམ་པ་དང༌། ཤིན་ཏུ་མི་དགའ་ནས་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ། དེ་གནོད་ཞིང་ ངོ་ཚ་ནས་རང་གི་ཁྱིམ་དུ་མ་སོང་བ་དང༌། དེའི་ཕ་མས་ཐོས་ནས་ཡི་ཆད་དེ། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས་གོས་དག་ཀྱང་དྲལ་ཏེ་བུ་ངན་པ་དེ་བདག་ཅག་གི་ཁྱིམ་དུ་བུའི་གཟུགས་སུ་ སྐྱེས་ནས་ཁྱིམ་ས་ཀུན་ཀྱང་བཤིག་སྟེ། བདག་ཅག་ལ་མཁོ་བ་མེད་ཅིང་སྡུག་བསྔལ་བར་བྱས་སོ། །བྲན་གྱི་ལས་བྱེད་དུ་བཅུག་གོ །ཞེས་དེ་སྐད་སྨྲེ་སྔགས་འདོན་ཏེ། དེའི་ཕ་མ་ཡི་ཆད་ ནས་འཆི་བའི་དུས་བྱས་པ་དང༌། དེ་ནས་བུ་དེས་ཕ་མ་བདག་ལ་ཡི་ཆད་དེ་འཆི་བའི་དུས་བྱས་སོ། །ཞེས་ཐོས་ནས་བུ་དེའང་ཡི་ཆད་དེ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ། དེ་བཞིན་ གཤེགས་པས་དོན་འདི་བཤད་པ་ལའང་གང་དག་ངའི་བསྟན་པ་ལ་མི་དད་པ་དེ་དག་ནི། རེ་ཐག་ཆད་ནས་འཆི་བའི་དུས་ཀྱི་ཚེ་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་སྟེ་འཆི་བའི་དུས་བྱེད་པར་འགྱུར་རོ། །ཇི་ ལྟར་ཕ་མ་དེ་དག་ཡི་ཆད་དེ་གསེར་གྱི་ཕྱིར་མྱ་ངན་བྱེད་ཅིང༌། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས་གཞན་དང་རང་གི་གསེར་གྱི་ཕྱིར་མྱ་ངན་གྱི་ཟུག་རྔུ་དང་ལྡན་པ་དེ་བཞིན་དུ། སྨན་གྱི་སྡེ། གང་དག་ ངའི་བསྟན་པ་ལ་མ་དད་པ་དེ་དག་ནི། ཕྱིས་འཆི་བའི་དུས་ཀྱི་ཚེ་གདུང་ཞིང་སྨྲེ་སྔགས་འདོན་ལ་སྡུག་བསྔལ་གྱི་ཚོར་བ་མྱོང་ཞིང༌། སྔོན་ལས་བྱས་པའི་བསོད་ནམས་དག་ཆུད་ཟོས་ནས་ཕྱིན་ཆད་ ཞིང་བཟང་པོ་དང་ལྡན་པའི་བསོད་ནམས་དག་མི་བྱེད་དེ། དེ་དག་གི་སྙིང་མྱ་ངན་གྱི་ཟུག་རྔུ་དང་ལྡན་པས་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་ངས་དང༌། གཤིན་རྗེའི་ འཇིག་རྟེན་དུད་སྐྱེ་ཞིང༌། མི་བཟད་པ་དྲག་པོ་མཐོང་ནས་འཆི་བའི་དུས་ཀྱི་ཚེ་འདི་སྙམ་དུ་སེམས་ཏེ། གང་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། གཤིན་རྗེའི་འཇིག་རྟེན་མཐོང་ བར་མི་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་དེ་མྱོང་བར་མི་འགྱུར་བར་བདག་ལ་སུ་ཞིག་སྐྱབས་སུ་འགྱུར་སྙམ་པ་དང༌། དེའི་ཕ་མས་འདི་སྐད་ཅེས་སྨྲས་སོ། །བུ་གཅིག་ནད་ཀྱི་འཇིགས་ཆེན་ནི། ། ༄༅། །འབྱུང་བར་མི་ནུས་ཇི་ལྟར་བྱ། །ན་བ་འཆི་བས་འཇིགས་མོད་ཀྱི། །བུ་ཁྱོད་འཆི་བ་ཡོད་མ་ཡིན། །ནད་ཀྱིས་འཇིགས་དང་སྐྲག་པ་ལས། །ཁྱོད་ནི་ཐར་པར་འགྱུར་ བ་ཡིན༑ ༑བདག་ནི་རྣམ་པར་ཤེས་པ་འགག །བདག་གི་ལུས་ལ་རབ་ཏུ་གནོད། །ཡན་ལག་ཐམས་ཅད་སྡུག་བསྔལ་ཏེ། །བདག་གིས་འཆི་བ་མཐོང་བར་གྱུར། །བདག་གིས་མིག་ནི་མི་མཐོང་ ཞིང༑ ༑བདག་གི་རྣ་བའང་མི་ཐོས་སོ། །སྣ་ཡང་ཐོབ་པར་མི་འགྱུར་ཏེ། །ལུས་ཀྱང་ཟོ་མདོག་བདེ་མ་ཡིན། །ཡན་ལག་ཉིང་ལག་སྡུག་བསྔལ་ཏེ། །ཤིང་དང་འདྲ་བས་སེམས་པ་མེད། །བདག་ གི་འཆི་བ་འོད་མེད་ཅེས། །ཡུམ་གྱིས་བདག་གི་སྤྲོ་བསྲིང་ཟད། །མས་སྨྲས་པ། བུ་ཁྱོད་དེ་སྐད་སྨྲ་མི་རིགས། །ང་ལ་མཆོག་ཏུ་འཇིགས་མ་བྱེད། །ཁྱོད་ཀྱི་ལུས་ལ་རིམས་བཏབ་པས།། རྣམ་པ་སྣ་ཚོགས་མཐོང་བར་འགྱུར། །བུས་སྨྲས་པ། ལུས་ལ་རིམས་ཀྱང་མ་མཐོང་སྟེ། །ན་བ་མེད་ཅིང་སྡུག་བསྔལ་མེད། །འཆི་བ་ཤིན་ཏུ་མི་བཟད་མཐོང༌། །བདག་གི་ལུས་སྡུག་ བཅོམ་པར་གྱུར། །བདག་གི་ལུས་ཀུན་སྡུག་བསྔལ་གྱིས། །རབ་ཏུ་གཟིར་བར་མཐོང་གྱུར་ན། །སུ་ལ་སྐྱབས་སུ་འགྲོ་བར་བྱ། །བདག་གི་སྐྱོབ་པར་སུ་ཞིག་འགྱུར། །ཕ་མས་སྨྲས་པ་བུ་ ཁྱོད་ལ༑ ༑ལྷ་ཡང་རབ་ཏུ་བཀྱོན་གྱུར་གྱི། །ལྷ་རྣམས་ལ་ནི་མཆོད་བྱས་ན། །དེ་ཡི་འོག་ཏུ་འཚོ་བར་གྱུར། །བུས་སྨྲས་པ། གང་གིས་བདག་ནི་འཚོ་འགྱུར་བ། །ཁྱོད་ཀྱིས་དེ་ལྟར་མཛད་ དུ་གསོལ། །རིངས་ཤིང་རབ་ཏུ་མྱུར་བཞུད་ལ། །ལྷ་བོན་པོ་ལ་དྲི་བར་གསོལ། །དེ་ནས་དེའི་ཕ་མ་ལྷའི་རྟེན་གྱི་དྲུང་དུ་སོང་ནས་ལྷ་ལ་བདུག་པ་ཕུལ་བ་དང༌། དེ་ནས་ལྷ་བོན་པོས་ལྷ་ལ་ བདུག་པ་ཕུལ་ནས་།ཚིག་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་ལྷ་བཀྱོན་གྱི། ལྷ་རྗེད་ཅིག །མཆོད་སྦྱིན་གྱིས་ཤིག །དེ་ལ་ཕྱུགས་སོད་ཅིག །མི་ཡང་སོད་ཅིག་དང༌། དེ་ནས་ཁྱེད་ཀྱི་བུ་ནད་ལས་ ཡོངས་སུ་ཐར་པར་འགྱུར་རོ། །དེ་ནས་ཕ་མ་དེ་དག་གིས་བསམ་པ། བདག་ཅག་ནི། དབུལ་ན་ཇི་ལྟར་བྱ། གལ་ཏེ་ལྷ་མ་མཉེས་ན་ནི། བུ་དེའང་འཆི་བའི་དུས་བྱེད་པར་འགྱུར་།ཅི་སྟེ་མཉེས་ བར་བྱ་ན། བདག་ཅག་ནི༑ དབུལ་བས་མི་དང་ཕྱུགས་གང་ནས་བླང་སྙམ་ནས་དེ་དག་རིངས་ཤིང་མྱུར་བར་ཁྱིམ་དུ་དོང་སྟེ། ཁྱིམ་གྱི་རྫས་ཅུང་ཟད་ཅི་བདོག་པ་དེ་ཐམས་ཅད་ཕྱུགས་ཉོ་ བའི་ཕྱིར་འཚོང་དུ་དོང་ངོ༌། །དེ་ནས་མི་གཞན་ཞིག་གི་གན་དུ་ཕྱིན་ནས། ཀྱེ་སྐྱེས་བུ། གསེར་ཞིག་བསྐྱིར་བྱིན། སྐྱིན་པ་ནི། ཞག་བཅུ་ནས་སླར་འབུལ་ནུས་ན་ནི། ལེགས། ཅི་སྟེ་འབུལ་མ་ ནུས་ནའང་ངེད་ཁྱེད་ཀྱི་བྲན་དུ་ཁས་བླངས་ཏེ་ལས་བྱའོ། །ཞེས་དེ་སྐད་སྨྲས་ནས་དེ་གཉིས་ཀྱིས་གསེར་དེ་ཁྱེར་ཏེ་མི་ཉོར་དོང་ངོ༌། །དེ་གཉིས་ཀྱིས་མི་ཉོས་ནས་མི་དེས་ཀྱང་བདག་གསད་པར་ ནི༑ མ་ཤེས་སོ། །དེ་ནས་ཕ་མ་རྨོངས་པར་གྱུར་པ་དེ་གཉིས་སླར་རང་གི་ཁྱིམ་དུ་མ་དོང་གི །ལྷ་རྟེན་གྱི་དྲུང་དུ་སོང་སྟེ། ལྷ་བོན་པོ་ལ་ད་མྱུར་དུ་མཆོད་སྦྱིན་མཛོད་ཅིག་ཅེས་སྨྲས་སོ། །དེ་ནས་ ༄༅། །ཕ་མ་དེ་གཉིས་བདག་ཉིད་ཀྱིས་ཕྱུགས་ཀྱང་བསད། མི་དེའང་བསད་དོ། །དེ་ནས་ལྷ་བོན་པོ་དེས་མཆོད་སྦྱིན་བྱ་བར་བསམ་སྟེ་མེ་བུས་པ་དང༌། དེ་ནས་ལྷ་དེ་བབས་ ཏེ་ཁྱོད་ཀྱི་བུ་ནི། ངས་ཁྱེར་རོ། །ཞེས་སྨྲས་སོ། །དེ་ནས་ཕ་མ་དེ་གཉིས་དགའ་ཞིང་མགུ་བས་ཁྱབ་ནས་བུ་འདི་སོས་ན་བདག་ཅག་བྲན་དུ་གྱུར་ཀྱང་བླ་ཞེས་སྨྲས་ཏེ། ཕ་མས་ལྷ་ལ་ མཆོད་སྦྱིན་བྱས་ནས་སླར་ལོག་སྟེ་རང་གི་ཁྱིམ་དུ་ཕྱིན་ནས་བུ་འཆི་བའི་དུས་བྱས་པ་མཐོང་ངོ༌། །དེ་ནས་ཕ་མ་དེ་གཉིས་སྡུག་བསྔལ་ཞིང་ཡི་མུག་པ་ཆེན་པོས་སྙིང་ལ་མྱ་ངན་གྱི་ཟུག་ རྡུ་ཟུག་སྟེ་ཡི་ཆད་པར་གྱུར་ནས་དེ་ཉིད་དུ་འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ། མི་དགེ་བའི་གྲོགས་པོ་དང་བསྟེན་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས། སེམས་ ཅན་དེ་དག་གང་དུ་སྐྱེ་བ་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁ་རོག །ང་ལ་མ་འདྲི་ཞིག །གསོལ་པ། བཅོམ་ལྡན་འདས། ཞུའོ། །བདེ་བར་གཤེགས་ པ༑ ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེ་ལ་མ་ནི། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་དུ་སྐྱེས་སོ། །ཕ་ནི། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་ གཞོམ་དུ་སྐྱེས་སོ། །བུ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེས་སོ། །ལྷ་བོན་ཕོ་ནི། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །གསོལ་པ། བཅོམ་ལྡན་འདས། མི་མ་ནོངས་པ་དེ་གང་དུ་སྐྱེས། དེའི་ཚེ་སླད་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། འདི་ལ་མི་མ་ཉེས་པ་དེ་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ དུ་སྐྱེས་སོ། །གསོལ་པ། བཅོམ་ལྡན་འདས། རྒྱུ་གང་དང༌། རྐྱེན་གང་གིས་མི་དེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག །མི་དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་སེམས་དད་པས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ལན་གཅིག་སྨྲས་ཏེ། སྨན་གྱི་སྡེ། དགེ་བའི་རྩ་བ་ དེས་བསྐལ་པ་དྲུག་ཅུའི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བདེ་བ་མྱོང་བར་འགྱུར། བསྐལ་པ་བརྒྱད་ཅུའི་བར་དུ་སྐྱེ་བར་ཚེ་རབས་དྲན་པར་འགྱུར། སྐྱེ་བ་དང་སྐྱེ་བར་མྱ་ངན་ གྱི་ཟུག་རྡུ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ། །སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་ནི། མི་ ནུས་སོ༑ ༑གསོལ་པ། བཅོམ་ལྡན་འདས། ཇི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་རྡོ་ཐོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་ སྡེ༑ བརྩོན་འགྲུས་བརྩམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། བརྩོན་འགྲུས་བརྩམ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག ། ༄༅། །བརྩོན་འགྲུས་ཞེས་བྱ་བ་ནི། འབྲས་བུ་རྣམས་སྟོན་པའོ། །འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གནས་སོ། །ལན་གཅིག་ཕྱིར་ འོང་བའི་འབྲས་བུ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གནས་སོ། །ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གནས་སོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང༌། དགྲ་ བཅོམ་པའི་འབྲས་བུ་འགག་པ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གནས་སོ། །རང་སངས་རྒྱས་ཀྱི་འབྲས་བུ་དང༌། རང་སངས་རྒྱས་ཀྱི་འབྲས་བུའི་ཤེས་པ་ཞེས་བྱ་བ་ནི། བརྩོན་འགྲུས་ ཀྱི་གནས་སོ། །བྱང་ཆུབ་སེམས་དཔའི་འབྲས་བུ་དང༌། བྱང་ཆུབ་ཀྱི་གནས་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གནས་ཏེ། སྨན་གྱི་སྡེ། འདི་དག་ནི། བརྩོན་འགྲུས་ཀྱི་གནས་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས། རྒྱུན་དུ་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟར་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་ཤིང་ཞིག་བསྐྱེད་ན། དེ་ཉིད་ཀྱི་ཉིན་མོ་ཤིང་དེའི་རྩ་བ་ཟུག་ནས་དེ་ཉིད་ཀྱི་ཉིན་མོ་རྩ་བ་དེའི་དཔག་ཚད་ཙམ་གྱི་འོག་ཏུ་སོང་ངོ༌། །མི་གཞན་ཞིག་གིས་ཀྱང་དེ་བཞིན་ དུ་ཤིང་བསྐྱེད་པ་དང༌། དེ་ཉིད་ཀྱི་ཉིན་མོ་རླུང་གིས་བསྐྱོད་དེ་ཤིང་དེ་རྩ་བ་མ་ཟུག་ནས། དེ་ནས་མི་དེས་ཤིང་དེ་ཕྱུང་བ་དང༌། མི་གཅིག་ཤོས་ཀྱིས་ཀྱང་ཅིའི་ཕྱིར་ངའི་ས་བརྐོས་ཞེས་ འཐབ་འབྲེག་རྩོད་པར་གྱུར་ནས། དེའི་ཚེ་རྒྱལ་པོས་མི་གཉིས་འཐབ་འབྲེག་རྩོད་པར་གྱུར་ཏོ། །ཞེས་ཐོས་ནས་རྒྱལ་པོ་དེས་ཕོ་ཉ་བཏང་སྟེ། སོང་ལ་མི་དེ་གཉིས་ཁྲིད་དེ་ཤོག་ཅིག །ལྷ། དེ་ལྟར་ འཚལ་ལོ། །ཞེས་མི་དེ་རིངས་པའི་གཟུགས་སུ་བརྒྱུགས་ནས་མི་དེ་གཉིས་ལ་འདི་སྐད་ཅེས་ཁྱེད་ལ་རྒྱལ་པོ་འབོད་དོ། །ཞེས་སྨྲས་པ་དང༌། དེ་ནས་མི་གཅིག་ནི། འཇིགས་ཤིང་སྐྲག་གོ །མི་ གཅིག་ནི། འཇིགས་ཤིང་སྐྲག་པ་མེད་པར་རྒྱལ་པོ་ག་ལ་བ་དེར་ཁྲིད་དོ། །ཁྲིད་ནས་རྒྱལ་པོའི་མདུན་དུ་འཁོད་དོ། །དེ་ནས་རྒྱལ་པོས་མི་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ། ཁྱེད་ཅི་ཞིག་ གི་ཕྱིར་འཐབ་ཅིང་རྩོད་པར་གྱུར། དེ་ནས་མི་དེ་གཉིས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། །གསན་དུ་གསོལ། བདག་ཅག་ལ་ནི། ས་ཕྱོགས་ཅུང་ཟད་ཀྱང་མ་མཆིས་ ཀྱི༑ གཡར་པོ་ཞིག་ལ་ཤིང་བསྐྱེད་པ་ལས་རླུང་གིས་བསྐྱོད་ནས་རྩ་བའང་མ་ཟུག །ལོ་མ་དང༌། མེ་ཏོག་དང༌། འབྲས་བུའང་མ་བྱུང་སྟེ། རྒྱལ་པོ་ཆེན་པོ། །དེའི་རྩ་བ་དཔག་ཚད་ཙམ་གྱི་འོག་ཏུའང་ མ་མཆིས་པ་དང༌། ཁྱོད་ཀྱིས་ཉེས་སོ། །ཞེས་མི་འདིས་བདག་ལ་ཐབ་མོ་བརྒལ་དུ་བས་ཀྱི། བདག་གིས་མ་ནོངས་ན། ལྷ། དེ་ལ་བདག་གིས་ཅུང་ཟད་ཀྱང་མ་ནོངས་པར་མཁྱེན་པར་མཛད་དུ་ གསོལ༑ དེ་ནས་རྒྱལ་པོ་དེས་བློན་པོ་བྱེ་བ་ཕྲག་སུམ་ཅུ་བཀུག་སྟེ་བསགས་ནས་འདི་སྐད་ཅེས་བསྒོའོ། །ཁྱེད་ཅག་སྨྲོས་ཤིག །བློན་པོ་རྣམས་ཀྱིས་གསོལ་བ། ཇི་སྐད་སྨྲ་བར་བགྱི། གང་གི་ ༄༅། །ཉིན་མོ་ཤིང་བསྐྱེད་པ་དེ་ཉིད་ཀྱི་ཉིན་མོ་རྩ་བ་ཟུག་ནས་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་འབྱུང་བ་དེ་ཁྱེད་ཀྱིས་གང་ནའང་མཐོང་ངམ། ཐོས་སམ། ཁྱེད་ཀྱིས་ ཞག་བདུན་ནམ། ཟླ་ཕྱེད་ཀྱིས་འདི་བྱེ་བྲག་ཕྱེད་པར་གྱིས་ཤིག །དེ་ནས་བློན་པོ་དེ་དག་སྟན་ལས་ལངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། བདག་ཅག་གིས་ འདི་བྱེ་བྲག་ཕྱེད་པར་བགྱིར་མི་རུང་ངོ༌། །འདི་བྱེ་བྲག་ཕྱེད་པར་རྔོ་མི་ཐོགས་སོ། །རྒྱལ་པོ་ཆེན་པོ། འདི་ནི། ངོ་མཚར་ཏེ། རེ་ཞིག་མི་འདི་ཉིད་ལ་སྨྲས་བར་བགྱིའོ། །ཀྱེ་སྐྱེས་བུ། གང་སྨྲས་ པའི་དོན་བདེན་ནམ་སྨྲོས་ཤིག །སྨྲས་པ། རྒྱལ་པོ་ཆེན་པོ། དོན་དེ་མད་དོ། །རྒྱལ་པོས་སྨྲས་པ། གང་གི་ཉིན་མོ་ཤིང་བསྐྱེད་པ། །དེ་ཡི་ཉིན་མོ་རྩ་ཟུག་ཅིང༌། །འདབ་མ་མེ་ཏོག་འབྲས་ བྱུང་ཞེས། །དེ་ཉིད་ཉིན་མོ་སྨྲས་བ་ནི། །ཁྱོད་ཀྱིས་ཚིག་འདི་འཐད་པར་དཀའ། །འདི་འདྲ་མཐོང་བའམ་ཐོས་པ་མེད། །དེ་ནས་མི་དེས་ཐལ་སྦྱར་ཏེ། །རྒྱལ་པོ་དེ་ལ་འདི་སྐད་སྨྲས། །གཤེགས་ ལ་ཉིད་ཀྱིས་ཤིང་བསྐྱེད་དེ། །རྩ་བ་ཟུག་ལ་གཟིགས་སུ་གསོལ། །དེ་ནས་རྒྱལ་པོ་དེ་བློན་པོ་བྱེ་བ་ཕྲག་སུམ་ཅུ་དང་ལྷན་ཅིག་ཕྱི་རོལ་ཏུ་བྱུང་ནས་མི་དེ་གཉིས་ཀྱང་བཙོན་རར་བཅུག་ གོ །དེ་ནས་རྒྱལ་པོ་དེ་ཉིད་ཀྱིས་ཤིང་བསྐྱེད་པ་དང༌། ཤིང་དེ་རྩ་བའང་མ་ཟུག །ལོ་མ་དང༌། མེ་ཏོག་དང༌། འབྲས་བུའང་མ་བྱུང་ནས་དེ་ནས་རྒྱལ་པོ་དེ་ཁྲོས་ཏེ་འདི་སྐད་ཅེས་ཁྱེད་མྱུར་ དུ་དེང་ལ་ཤིང་གཤེག་བའི་སྟ་རེ་རྣམས་ལོངས་ཤིག །ཅེས་སྨྲས་ནས་བླངས་པ་དང༌། དེ་ནས་གང་མི་དེས་བསྐྱེད་པའི་ཤིང་དེ་ལ་ཁྲོས་ནས་ཤིང་དེའི་ལོ་མ་དང༌། མེ་ཏོག་དང༌། འབྲས་ བུ་བྱུང་བ་རྣམས་བཅད་དེ་ཤིང་གཅིག་པོ་དེ་བཅད་པ་དང་ཤིང་བཅུ་གཉིས་བྱུང་ངོ༌། །ཤིང་བཅུ་གཉིས་པོ་བཅད་པ་དང༌། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྩ་བ་དང་བཅས། ལོ་མ་དང་བཅས། མྱུ་གུ་དང་བཅས་པ་ཉི་ཤུ་རྩ་བཞི་བྱུང་ངོ༌། །དེ་ནས་ཤིང་ཉི་ཤུ་རྩ་བཞི་པོ་དེ་དག་ལས་བྱ་གསེར་གྱི་ཟེ་བ་ཅན། གསེར་གྱི་མཆུ་ཅན། རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཅན་ཉི་ཤུ་རྩ་བཞི་ བྱུང་ངོ༌། །དེ་ནས་རྒྱལ་པོ་དེ་ཁྲོ་བས་ཟིལ་གྱིས་ནོན་ནས་རང་གི་ལག་གིས་སྟ་རེ་བླངས་ཏེ་ཤིང་དེ་ལ་གཙབས་པ་དང༌། ཤིང་གཙབས་པ་དེ་ལས་བདུད་རྩིའི་ཆུ་བྱུང་ངོ༌། །དེ་ནས་རྒྱལ་པོ་ དེ་ཡིད་མི་བདེ་ནས་སོང་ལ་མི་དེ་གཉིས་བརྩོན་ར་ནས་ཕྱུང་ཞིག་ཅེས་བསྒོ་བ་དང༌། ལྷ། དེ་ལྟར་འཚལ་ལོ། །ཞེས་དེའི་མོད་ལ་རབ་ཏུ་བརྒྱུགས་ཏེ། མི་དེ་གཉིས་བརྩོན་ར་ནས་ཕྱུང་ནས་ ཤིང་ག་ལ་བ་དེར་ཁྲིད་པ་དང༌། རྒྱལ་པོས་སྨྲས་པ། ཤིང་གཅིག་བཅང་བ་ཉིས་འགྱུར་ཏུ་འཕེལ་ཏེ་ཉི་ཤུ་རྩ་བཞིར་གྱུར་པ་དེ་ཁྱེད་ཀྱིས་བསྐྱེད་དམ། ངས་བསྐྱེད་པའི་ཤིང་ནི། རྩ་བ་ དང༑ ལོ་མ་དང༌། མེ་ཏོག་དང༌། འབྲས་བུའང་མ་སྐྱེས་སོ། །དེ་ནས་མི་དེས་གསོལ་པ། རྒྱལ་པོ་ཆེན་པོ་བདག་གི་བསོད་ནམས་ཅི་འདྲ་བ་དེ་འདྲ་བའི་བསོད་ནམས་ཁྱོད་ལ་མི་ ༄༅། །མངའོ༑ ༑དེ་ནས་བློན་པོ་བྱེ་བ་ཕྲག་སུམ་ཅུས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ནས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་སྔ་མ་འདི་ནི། མི་རུང་གི །ཁྱོད་ཀྱིས་ རྒྱལ་པོ་བྱ་དགོས་སོ། །དེ་ནས་མི་དེས་བློན་པོ་དེ་དག་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་པོ་ལོངས་སྤྱོད་བདག་མི་དགོས། །ནོར་དང་འབྲུ་ཡང་དགོས་པ་མེད། །སངས་རྒྱས་ རྣམས་ལ་བདག་དད་པས། །རྐང་གཉིས་དག་གི་མཆོག་ཏུ་ཤོག །ཞི་བ་མྱ་ངན་འདས་པའི་དབྱིངས། །གང་ན་དེ་བཞིན་གཤེགས་པར་འགྲོ་།མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ། ། ཆོས་འདི་ཁྱེད་ལ་བཤད་པར་བྱ། །སྐྱིལ་མོ་ཀྲུང་ནི་བཅས་ནས་སུ། །དེ་ནས་ཡི་དམ་རབ་བཅས་སོ། །བདག་གིས་སྔོན་བྱས་ལས་རྣམས་ཀྱིས། །རྒྱལ་པོའི་བཙོན་རར་ཕྱིན་པར་ གྱུར༑ ༑སྨོན་ལམ་འདི་ནི་བཏབ་པས་ན། །བདག་གི་ལས་ནི་ཟད་པར་གྱུར། །དེ་ནས་བྱ་བྱེ་བ་ཕྲག་ཉི་ཤུ་རྩ་བཞིས་རྡོ་རྗེའི་མཆུས་སིལ་སྙན་རྣམས་དཀྲོལ་ཏོ། །དེ་ནས་དེའི་ཚེ་དེའི་དུས་ ན་ཁང་པ་བརྩེགས་པ་སུམ་ཁྲི་ཉིས་སྟོང་བྱུང་སྟེ། ཁང་ཕ་བརྩེགས་པ་རེ་རེའི་ཚད་ཀྱང་དཔག་ཚད་ཉི་ཤུ་རྩ་ལྔ་ལྔ་བར་གྱུར་ཏོ། །ཁང་པ་བརྩེགས་པ་རེ་རེ་ལས་ཀྱང་བྱ་གསེར་གྱི་ཟེ་ བཅན༑ གསེར་གྱི་མཆུ་ཅན། གསེར་གྱི་གདོང་ཅན་བྱེ་བ་ཕྲག་ཉི་ཤུ་ལྔ་ལྔ་བྱུང་སྟེ་དེ་དག་གིས་མིའི་སྐད་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེགས་མ་བྱས། །ཁྱོད་ཀྱིས་ཤིང་དེ་ བཅད་པས་ན། །བྱེ་བ་བརྒྱ་ཡི་ཤིང་རྣམས་ལས། །ཉི་ཤུ་རྩ་བཞིར་གནས་པར་གྱུར། །སེམས་ཅན་གང་གིས་ཤིང་བསྐྱེད་འདི། །ཅི་འདྲ་ཤེས་པ་མ་ཡིན་པ། །སྡིག་པའི་ལས་ཀྱིས་ཕྱིན་ཆད་ཀྱང༌།། མི་སྡུག་འབྲས་བུ་མྱོང་བར་འགྱུར། །རྒྱལ་པོས་སྨྲས་པ། བདག་གིས་དོན་འདི་མི་ཤེས་ཀྱི། །དཀའ་ཐུབ་ཆེན་པོ་ལུང་སྟོན་ཅིག །བྱ་རྣམས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྣང་བྱེད་དེ། །རྣམ་ པར་འདྲེན་པར་འགྱུར་བ་ཡིན། །འཁོར་བའི་སྲིད་བའི་བརྩོན་ར་ལས། །སེམས་ཅན་ཐམས་ཅད་ཐར་བྱེད་པའོ། །རྒྱལ་པོས་སྨྲས་པ། གང་གིས་ཤིང་ནི་མ་སྐྱེས་པ། །སྐྱེས་བུ་གཉིས་པ་དེ་གང་ ཡིན༑ ༑དེས་ནི་སྡིག་པའི་ལས་གང་བྱས། །གཉིས་སྐྱེས་རྣམས་ནི་སྨྲ་བར་བྱོས། །བྱ་རྣམས་ཀྱིས་སྨྲས་པ། གང་གི་ཤིང་ནི་མ་སྐྱེས་པ། །དེ་ནི་ལྷ་སྦྱིན་གླེན་པ་སྟེ། །དགེ་བ་ཅུང་ཟད་མ་བྱས་ན། །དེ་ཡི་ ཤིང་ནི་ཇི་ལྟར་སྐྱེས། །དེ་ནས་དེའི་ཚེ་དེའི་དུས་ན་བློན་པོ་བྱེ་བ་ཕྲག་སུམ་ཅུ་བོ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐམས་ཅད་ས་བཅུ་ལ་རབ་ཏུ་གནས་ཏེ་མངོན་པར་ཤེས་པ་སོ་སོར་ ཐོབ་བར་གྱུར་ཏོ། །རྒྱལ་པོ་དེའང་ས་བཅུ་ལ་གནས་ནས་དགེ་བའི་ཆོས་མངོན་པར་རྟོགས་པ་རྗེས་སུ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་ སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུ་གང་དང་རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་ཏུ་རྩ་གསུམ་བོ་རྣམས་ས་བུ་ལ་གནས་ཏེ་མངོན་བར་ཤེས་པ་སོ་སོར་ཐོབ་པར་གྱུར། ༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྨན་གྱི་སྡེ། ཉོན་ཅིག་དང་ལུང་བསྟན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །དེ་ནས་དེའི་ཚེ་ བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ། ཁ་དོག་སྣ་ཚོགས། ཁ་དོག་བརྒྱ་སྟོང་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་ བརྒན་དང༌། ཤེལ་དང༌། དངུལ་གྱི་ཁ་དོག་ལྟ་བུ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་པ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཇུམ་པ་ མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྐྱེ་བོའི་ཚོགས་ངའི་གན་དུ་ འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། དེ་མ་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེའི་ཕྱིར་སྐྱེ་བོའི་ཚོགས་ལ་རྣམ་པར་རྟོགས་ཏེ་ལྟོས་ཤིག ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར་བལྟས་པ་དང༌། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཞིག་བྱུང་ནས། དེའི་ཕྱོགས་གཅིག་ན་སྐྱེ་བོའི་ཚོགས་ བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། མི་དག་མི་སྨྲ། མི་ཟེར། མི་བརྗོད། མི་ཟ། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང༌། ལྷོ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ ཞིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་ དང༑ ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཞིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང༌། བྱང་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཞིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ༑ ཡོངས་སུ་མི་བརྗོད། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང༌། འོག་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཞིག་བྱུང་ནས་དེ་ ༄༅། །ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་ བར་འཁོད་པ་དང༌། སྟེང་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཞིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་ མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང༌། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་མཐོང་ངོ༌། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་ འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་ སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ། ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཕྱོགས་བཞིའི་འཇིག་རྟེན་ནས་ སྐྱེ་བོའི་ཚོགས་མང་པོ་ལྷགས་ཤིང་གནས་པ་ནས་འོག་དང་སྟེང་ཕྱོགས་ཀྱི་བར་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ལྔ་བཅུ་ལྷགས་ཤིང་གནས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁྱོད་སོང་ལ་འདི་དག་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཁྱོད་ཉིད་ཀྱིས་ཞུས་ ཤིག་༑གསོལ་པ། སུའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སོང་ཞིག །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ འདས་ཏེ། འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ བྱེ་བ་སྟོང་ཕྲག་བརྒྱད་ཅུས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་ སྡེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་སྤྱན་སྔར་འདུག་གནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ ༄༅། །ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུ་གང་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་སྤྱན་སྔར་སྐྱེ་བོའི་ཚོགས་ ཕྱོགས་བཅུ་ནས་འདུས་ཤིང་ལྷགས་པ་དག་དེ་ན་མཆིས་པའི་ཚེ་ནི། མཐོང་ལ། འདི་ན་མཆིས་པའི་ཚེ་མི་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེ་ ཉིད་ན་རྒྱུ་ཞིང་གནས་སོ། །གསོལ་པ། བཅོམ་ལྡན་འདས། ཡང་ཇི་ལྟ་བུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ ཞིང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་འཇིག་རྟེན་གྱི་ཁམས་བྱེ་བ་ སྟོང་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ་མཆིས་པ་ན། བཅོམ་ལྡན་འདས། བདག་གིས་དེ་དག་ཏུ་སེམས་ཅན་ཇི་སྙེད་མཐོང་བ་དེ་སྙེད་ནི། གང་ནའང་མ་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ སེམས་ཅན་དེ་དག་ནི། སེམས་པ་མེད་པའི་ཤིང་ལས་བྱུང་ངོ༌། །གསོལ་པ། བཅོམ་ལྡན་འདས། གང་སེམས་པ་མ་མཆིས་པའི་ཤིང་ལས་མི་བྱུང་བ་སུས་མཐོང༌། སུས་ཐོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། གང་སེམས་པ་མེད་པའི་ཤིང་ལས་མི་འབྱུང་བ་ཁྱོད་ཀྱིས་མ་མཐོང༌། མ་ཐོས་སམ། གསོལ་པ། བཅོམ་ལྡན་འདས། བདག་གིས་ མ་མཐོང༌། མ་ཐོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁྱོད་མཐོང་བར་འདོད་ན། དེ་ད་ངས་བསྟན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། འཚལ་ལོ། །བདེ་བར་ གཤེགས་པ། འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ནས་ཕྱག་བརྐྱངས་པ་དང༌། ཕྱག་དེ་ལས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བྱུང་སྟེ། སྐྱེ་བོའི་ཚོགས་རེ་རེས་ ཀྱང་ལག་པ་བརྒྱ་བརྒྱ་བརྐྱངས་ནས་སྤོས་དང༌། ཕྲེང་བ་དང༌། བྱུག་པ་སྣ་ཚོགས་དེ་བཞིན་གཤེགས་པ་ལ་གཏོར་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁྱོད་ཀྱིས་སྐྱེ་ བོའི་ཚོགས་འདིས་དེ་བཞིན་གཤེགས་པ་ལ་སྤོས་དང༌། ཕྲེང་བ་དང༌། བྱུག་པ་གཏོར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བདེ་བར་གཤེགས་པ། མཐོང་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་བྱུང་བ་འདི་དག་སེམས་པ་མེད་པའོ། །མི་འདི་དག་ནི། སེམས་པ་མེད་པའོ། །དེ་ནས་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག་རེ་ རེ་ཞིང་ཡང་གང་ལག་པ་བརྒྱ་བརྒྱ་ཡོད་པ་དེ་དག་ཐམས་ཅད་ལྷུང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་དེ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། འདི་ཅི་ཞིག་ལགས། བདེ་བར་གཤེགས་པ། འདི་ཅི་ཞིག་ལགས། གང་མི་རྣམས་ཀྱི་ལག་པ་བརྒྱ་པོའང་ཡུད་ཙམ་གྱིས་ལྷུང་སྟེ། བཅོམ་ལྡན་འདས། ༄༅། །གལ་ཏེ་ལག་པ་བརྒྱ་བའང་གྲོལ་བར་མི་འགྱུར་ན། ལག་པ་གཉིས་པའི་མི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེ་ བཞིན་དུ་སེམས་ཅན་རྣམས་ནི། སེམས་པ་མེད་པར་སྐྱེའོ། །སེམས་པ་མེད་པར་འགག་གོ །སྨན་གྱི་སྡེ། དེའི་ལུས་ཀྱང་སེམས་པ་མེད་པར་གྱུར་པར་ཤེས་པར་བྱའོ། །གསོལ་པ། བཅོམ་ ལྡན་འདས། གང་སེམས་ཅན་དེ་དག་ལ་གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། སེམས་ཅན་གཞོན་པའང་ཡོད། རྒན་ པའང་ཡོད་དོ། །གསོལ་པ། བཅོམ་ལྡན་འདས། གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ད་ལྟར་ལྷུང་བ་དེ་དག་ནི། རྒན་ པའོ༑ ༑གང་དག་ཤིང་རྣམས་ལས་སྐྱེས་པ་དེ་དག་ནི། གཞོན་པའོ། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་གཞོན་ནུ་རྣམས་མཐོང་བར་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་ བ་ཅན་གྱི་ཞིང་གིས་ཕྱག་གཡས་པའི་མཐིལ་བརྐྱངས་པ་དང༌། དེ་ནས་ཕྱོགས་བཅུ་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བརྒྱ་འོང་ངོ༌། །འོག་དང་སྟེང་གི་ཕྱོགས་ནས་སྐྱེ་བོའི་ ཚོགས་བྱེ་བ་ཕྲག་ལྔ་བཅུ་འོང་སྟེ། སྐྱེ་བོའི་ཚོགས་དེ་དག་ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། དེ་བཞིན་གཤེགས་པ་ལ་མི་སྨྲ། ཀུན་ཏུ་མི་སྨྲ། ཞིང་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་སེམས་ ཅན་དེ་དག་དེ་བཞིན་གཤེགས་པ་ལ་མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཅང་མི་མཆི་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཁྱོད་མི་ཤེས་སམ། ས་ཕྱོགས་ནི། སེམས། པ་མེད་དེ། མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཆོས་ཀྱི་ཕུང་པོའང་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ། འདི་ལ་སེམས་ཅན་གཞོན་ནུ་ཁ་ཅིག་ནི། མཐོང་ཡང་སྐྱེ་བ་མི་ཤེས། འགག་པ་དང༌། རྒ་བ་དང༌། ནད་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། མཛའ་བ་དང་བྱེ་བ་དང༌། འཆི་བ་དང༌། དུས་མ་ཡིན་པར་འཆི་བ་ དང༌། སྡུག་བསྔལ་མི་བཟད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་ན། ཤེས་པར་ལྟ་ག་ལ་འགྱུར་ཏེ། སྨན་གྱི་སྡེ། དེ་དག་ཡང་དང་ཡང་བསླབ་པར་ བྱའོ༑ ༑དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ཆོས་མ་འཚལ་བའི་སེམས་ཅན་ གཞོན་ནུ་དེ་དག་གང་ནས་མཆིས། གང་ནས་འཆི་འཕོ་ཞིང་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག །མིའི་ལུས་ཡོངས་སུ་འཛིན་པ་དེ་ ༄༅། །དག་ནི༑ དངུལ་མཁན་གྱིས་ཀྱང་མ་བྱས། ཟངས་མཁན་གྱིས་ཀྱང་མ་བྱས། ཤིང་མཁན་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ་བྱས་ཏེ། རྒྱལ་པོའི་ འཇིགས་པས་ཀྱང་མ་བྱས་ཀྱི། གཞན་དུ་ན་སྐྱེས་པ་དང་བུད་མེད་འདུས་པ་དང༌། སྡིག་པའི་ལས་དང་ལྡན་པ་ལས་བྱུང་ངོ༌། །སེམས་ཅན་དེ་དག་ཀྱང་ཡང་དང་ཡང་བཟོའི་ལས་རྣམས་ སློབ་པས་དེ་དག་གི་སྡུག་བསྔལ་མི་བཟད་པ་མཐའ་ཡས་པ་དང༌། ཚོར་བ་མི་བཟད་པ་འབྱུང་སྟེ། དེར་དེ་དག་སྔོན་སྡིག་པ་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པ་མྱོང་ངོ༌། །སྨན་གྱི་ སྡེ༑ འདི་ཉིད་དུ་གང་སེམས་ཅན་གཞོན་ནུ་ལྷགས་པ་མི་ལྡང་བ་འདི་དག་ནི། འདི་འདྲ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། སྨན་གྱི་སྡེ། དེའི་ཕྱིར་མི་སྨྲ། ཀུན་ཏུ་མི་སྨྲའོ། ། སྨན་གྱི་སྡེ། དེ་ལྟར་ན། སེམས་ཅན་གཞོན་ནུ་དེ་དག་ནི། དགེ་བའང་མི་ཤེས། སྐྱེ་བའང་མི་ཤེས། འགག་པའང་མི་ཤེས་ཏེ། དེ་དག་མི་ལུས་ཀྱང་འཐོབ་པར་མི་འགྱུར་བ་འདི་དག་ཀྱང་ སྨན་གྱི་སྡེ། སེམས་ཅན་གཞོན་ནུ་རྣམས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་གཞོན་ནུ་རྣམས་ཇི་ལྟར་སྐྱེ། ཇི་ལྟར་འགག། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ སྨན་གྱི་སྡེ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་མེ་ལ་ཤིང་གིས་རེག་པར་བྱས་པ་དང༌། ཤིང་དེ་ལ་མཐར་གྱིས་མེ་འབར་བ་དེ་བཞིན་དུ། སྨན་གྱི་སྡེ། ཐོག་མ་མིའི་ ལུས་སུ་སྐྱེའོ། །སྐྱེས་ནས་གདོང་ཚོར་བ་མྱོང་ངོ༌། །གསོལ་པ། བཅོམ་ལྡན་འདས༑ སུ་ཞིག་འདིར་མངོན་པར་སྐྱེ༑ སྐྱེས་ནས་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ སྨན་གྱི་སྡེ། སངས་རྒྱས་ཉིད་སྐྱེས་སོ། །དེ་བཞིན་གཤེགས་པ་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ། །འདི་ལྟ་སྟེ། དཔེར་ན། རྒྱལ་པོས་མི་ལ་ལ་ཞིག་བཅིངས་ཏེ་ཁང་པ་མུན་པ་མུན་ནག་ གི་ནང་དུ་བཙོན་རར་བཅུག་པ་དང༌། མི་དེ་ཁང་པ་མུན་ནག་དེར་ཞུགས་ནས་ཁང་པ་མུན་ནག་ལ་ཁང་པ་མུན་ནག་ཏུ་མཐོང་ངོ༌། །དེ་ནས་མི་གཞན་སྡུག་བསྔལ་གྱི་ཚོར་བས་རེག་པ་ཞིག་གིས་མཐོང་ ནས་མི་དེ་ནི། མ་རུངས་པར་གྱུར་ཏོ། །སྔོན་སྡུག་བསྔལ་མ་མྱོང་བས་འཚོ་བ་སྲོག་ཆད་པར་འགྱུར་རོ། །སྙམ་བསམ་ནས་དེས་དེར་མ་ཁྱེར་ཏེ་འོངས་ནས་ཁྱིམ་དེའི་ནང་དུ་མེ་ཅུང་ཟད་ཅིག་བོར་བ་ དང༑ མི་བཙོན་རར་བཅུག་པ་དེས་མེ་དེ་མཐོང་ངོ༌། །མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏེ་སྤྲོ་བ་སྐྱེས་སོ། །མེ་དེའང་རྒྱུ་གང་གིས་འབར་བའི་མེད་འབར་བ་དེས་ཁྱིམ་དེ་ཀུན་ཏུ་འབར་བར་གྱུར་ ནས་མི་དེའང་དེ་ཉིད་དུ་ཚིག་པ་དང༌། དེ་ཚིག་གོ །ཞེས་རྒྱལ་བོས་ཐོས་ནས་མི་དགའ་སྟེ། དེ་འདི་སྙམ་དུ་ཕྱིན་ཆད་ནི། བདག་གི་ཡུལ་དུ་སེམས་ཅན་གང་ཡང་བརྩོན་རར་མི་གཞུག་གོ །སྙམ་དུ་ སེམས་སོ། །དེ་ནས་རྒྱལ་པོ་དེས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ། ཀྱེ་སེམས་ཅན་ཁྱེད་ཅག་མ་འཇིགས་ཤིག། མ་སྐྲག་ཅིག །ཁྱེད་ཅག་འཇིགས་པར་མ་གྱུར་ཅིག །ཕྱིན་ཆད་ ༄༅། །ངའི་ཡུལ་དུ་ཆད་པས་གཅོད་པའམ། བརྩོན་རར་གཞུག་པར་མི་བྱའོ། །སེམས་ཅན་གང་ཡང་སྲོག་དང་དབྲལ་བར་མི་བྱ། ཀྱེ་སེམས་ཅན་ཁྱེད་རྣམས་མ་འཇིགས་ཤིག་ ཅེས་དེ་ལྟར་དབུགས་ཕྱུང་བ་དེ་བཞིན་དུ། སྨན་གྱི་སྡེ། དེ་བཞིན་གཤེགས་པ་ནི། ཉོན་མོངས་པ་ཐམས་ཅད་བསྲེགས་པ། ནད་ཐམས་ཅད་རབ་ཏུ་ཞི་བའོ། །ཇི་ལྟར་ཁྱིམ་ཚིག་ནས་མི་ཉིད་ ཀྱི་ལུས་ཀྱང་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་ཕྱིར་ཞུགས་ནས་སེམས་ཅན་བཅིངས་པའང་བཅིངས་པ་ལས་ཡོངས་སུ་ཐར་པར་བྱེད་པ་དེ་བཞིན་དུ། དེ་ བཞིན་གཤེགས་པའང་འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་གི་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས་སེམས་ཅན་རྣམས་སེམས་ ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། ལྷ་མ་ཡིན་གྱི་ལུས་རྣམས་ལས་ཡོངས་སུ་ཐར་པར་མཛད་ཅིང་སེམས་ཅན་གཞོན་ནུ་དང༌། རྒན་པོ་རྣམས་ཀྱང་ཡོངས་སུ་ཐར་ པར་མཛད་དོ། །དེ་ནས་སྟེང་གི་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ༌། །རྒྱལ་བའི་ཞིང་ནི་ངོ་མཚར་ཞིང༌། །ཞིང་བཟང་མངོན་པར་འདུས་བྱས་པ། །དེ་ལ་ས་བོན་བཏབ་པ་ནི། ། རྣམ་པར་ཆུད་ཟད་མི་འགྱུར་རོ། །རྒྱལ་བའི་ཞིང་ནི་དག་པའི་ཞིང༌། །སངས་རྒྱས་བསྟན་པ་བསྔགས་པ་སྟེ། །སེམས་ཅན་ཐམས་ཅད་གཟུང་བའི་ཕྱིར། །སྟོན་པས་ཀྱང་ནི་ཐབས་མཛད་དོ། ། མྱ་ངན་འདས་པའི་དབྱིངས་གནས་ཀྱང༌། །ས་ཡི་སྟེང་ན་ཀུན་ཏུ་སྣང༌། །རྟག་ཏུ་འཇིག་རྟེན་ཞི་བྱས་ནས། །སངས་རྒྱས་སྦྱིན་པའི་གནས་རྣམས་སྤྱོད། །སེམས་ཅན་གཞོན་ནུ་ཐར་པར་བྱེད། ། རྒན་པོ་རྣམས་ཀྱང་ཐར་པར་བྱེད། །སེམས་ཅན་ཐམས་ཅད་ཁམས་གསུམ་ལས། །མཐར་གྱིས་ཡོངས་སུ་ཐར་པར་བྱས། །སེམས་ཅན་དམྱལ་བའི་སྒོ་བཅད་དེ། །དུད་འགྲོ་ཡི་དྭགས་ཐར་པར་ བྱས༑ ༑འཇིག་རྟེན་འདི་ཡང་ཞི་བྱས་ནས། །འཇིག་རྟེན་ཕ་རོལ་བདེ་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས། བཀའ་སྩལ་པ། ལེགས་པ་རྣམས་ནི་མཐོང་ན་ལེགས། །སངས་རྒྱས་རྣམས་ཀྱང་མཐོང་ ན་ལེགས། །དམ་ཆོས་ཡོན་ཏན་ཞིང་ཡང་ལེགས། །དགེ་འདུན་འདུས་པ་མཐོང་ན་ལེགས། །ཟུང་བསྟན་པ་ཡང་ལེགས་པ་སྟེ། །སྡིག་པ་རྣམ་པར་འཇིག་པ་ལེགས། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ག་ལ་བ་དེ་ལེགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་ མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་ཀྱིས་སེམས་ཅན་གཞོན་ནུ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་ འདས༑ མཐོང་ལགས་སོ། །བདེ་བར་གཤེགས་པ། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། འདི་དག་ཐམས་ཅད་ནི། དེང་ཉིད་དུ་ས་བཅུ་ལ་རབ་ཏུ་གནས་ ༄༅། །པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དཔག་ཚད་བརྒྱད་ཁྲི་སྲིད་ཀྱི་སྟེང་གི་ནམ་མཁའ་ལ་གནས་པ་དང༌། ལྷ་བྱེ་བ་སྟོང་ ཕྲག་བརྒྱད་ཅུ་བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ། །སེམས་ཅན་གཞོན་ནུ་དེ་དག་ཀྱང་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྨན་གྱི་སྡེས་པར་སྣང་ལ་གནས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་པ་དང༌། སེམས་ཅན་ དམྱལ་བ་ཆེན་པོ་སུམ་ཅུ་རྩ་གཉིས་སུ་སྐྱེས་པའི་སེམས་ཅན་རྣམས་སྒྲ་དེ་ཉན་ཏོ། །ལྷའི་རིས་སུམ་ཅུ་རྩ་གཉིས་ཀྱང་སྒྲ་དེ་ལ་ཉན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །རྒྱ་མཚོ་ཆེན་པོའི་ནང་གི་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང་འཁྲུགས་སོ། །སྲིན་པོ་བྱེ་བ་སྟོང་ཕྲག་སུམ་ཅུའང་ཛམྦུའི་གླིང་འདིར་ལྷགས་སོ། །ཡི་དྭགས་དང༌། གནོད་སྦྱིན་དང༌། སྲིན་པོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔའང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པ་ཆེན་པོ་ཀུན་ཏུ་གནས་སོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་སེམས་ཅན་གཞོན་ནུ་དེ་དག་ལ་ཆོས་བསྟན་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་སྟོང་ཕྲག་བརྒྱ་རང་ རང་གི་རྫུ་འཕྲུལ་གྱིས་ལྷགས་སོ། །བམ་པོ་བཞི་པ་སྟེ། ཐ་མ༑ དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་འདུས་ཤིང་མཆིས་པ་མང་ངོ༌། །བདེ་བར་གཤེགས་པ། མང་ངོ༌། །བཅོམ་ལྡན་འདས། ལྷ་ དང་ཀླུ་འདུས་ཤིང་མཆིས་པའང་མང་ངོ༌། །སྲིན་པོ་བྱེ་བ་ཕྲག་དུ་མ་ཞིག་ཀྱང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ་འདུས་ནས་མཆིས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། རིགས་ཀྱི་བུ། མར་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་ ནས་བབས་ནས། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་ བགྱི་བ༑ བཅོམ་ལྡན་འདས། ཇི་ཙམ་གྱིས་ན། ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི། གང་ཚངས་པར་སྤྱོད་པ་ ཡོངས་སུ་ཚོལ་ཞིང་གང་ཚངས་པར་སྤྱོད་པ་ཡོངས་སུ་བཙལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོང་བའོ། །རིགས་ཀྱི་བུ། སེམས་ཅན་གཞོན་ནུ་མི་ཚངས་པར་སྤྱོད་པ་སྤངས་ནས་གདོན་མི་ཟ་ ༄༅། །བར་གཟུངས་རབ་ཏུ་འཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་དང་ཡང་ལྡན་པར་འགྱུར་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། ཐབས་གང་གིས་ སེམས་ཅན་མང་པོ་ཞིག་འདུས་ཤིང་ཆོས་ཀྱི་ཕུང་པོ་ཉན། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ། གང་ དག་སྐྱེ་བ་ཉིད་སྡུག་བསྔལ་དུ་མི་ཉན། རྒ་ཤི་ཉིད་སྡུག་བསྔལ་དུ་མི་ཉན། ནད་ཉིད་སྡུག་བསྔལ་དང༌། མྱ་ངན་སྡུག་བསྔལ་དང༌། སྨྲེ་སྔགས་འདོན་པ་སྡུག་བསྔལ་དང༌། སྡུག་པ་དང་ བྲལ་བ་སྡུག་བསྔལ་དང༌། མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་དུ་མི་ཉན་པའི་སེམས་ཅན་ཡང་ཕལ་ཆེར་ཡོད་དེ། འཆི་བ་ནི། སྡུག་བསྔལ་ཐམས་ཅད་ཀྱི་ཕྱིར་ལུས་དང་སྲོག་འཕྲོག་པ་ཡིན་ཏེ། སྨན་གྱི་སྡེ། འདི་ནི། སྡུག་བསྔལ་ཐམས་ཅད་ཅེས་བྱའོ། །དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་བསྟན་པ་འདི་ཐོས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་འགུམ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་དང་སེམས་ཅན་ ཐམས་ཅད་ཀྱང་འཆིའོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འཆི་བའི་དུས་ཀྱིས་ནོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག །འཆི་ བའི་དུས་ན་རྣམ་པར་ཤེས་པ་ཐ་མ་ལ་རྣམ་པར་ཤེས་པ་འགག་པར་བྱེད་པ་ཞེས་བྱ་བའི་རླུང་དང༌། རྣམ་པར་ཤེས་པ་འཁྲུལ་བར་བྱེད་པ་ཞེས་བྱ་བའི་རླུང་དང༌། རྣམ་པར་ཤེས་པ་འཁྲུག་པར་ བྱེད་པ་ཞེས་བྱ་བའི་རླུང་དང༌། རིགས་ཀྱི་བུ། རླུང་གསུམ་པོ་འདི་དག་གིས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་གློང་བར་འགྱུར། འཁྲུལ་བར་འགྱུར། འཁྲུག་པ་སྐྱེད་པར་འགྱུར་ རོ༑ ༑དེ་དག་གིས་གསོལ་པ། བཅོམ་ལྡན་འདས། འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་འགག་པ་ན་ལུས་འཇོམས་པར་བགྱིད་པའི་རླུང་གསུམ་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། གྲོགས་པོ་དག །མཚོན་ཞེས་བྱ་བ་དང༌། སྐུལ་བ་ཞེས་བྱ་བ་དང༌། ཟེད་པ་ཞེས་བྱ་བས་ལུས་འཇོམས་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས། ལུས་ཞེས་བགྱི་ པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག །ཀུན་ཏུ་འབར་བ་ཞེས་ཀྱང་བྱ། ཚིག་པ་ཞེས་ཀྱང་བྱ། ངར་སྣབས་ཞེས་ཀྱང་བྱ། སྒྲེགས་པ་ཞེས་ཀྱང་བྱ། དུར་ ཁྲོད་པ་ཞེས་ཀྱང་བྱ། ངན་པའི་བློ་ཞེས་ཀྱང་བྱ། ཁུར་ལྕི་བ་ཞེས་ཀྱང་བྱ། སྐྱེ་བས་ཡོངས་སུ་གཟིར་བ་ཞེས་ཀྱང་བྱ། སྐྱེ་བས་ཀུན་ཏུ་དཀྲུགས་པ་ཞེས་ཀྱང་བྱ། སྲོག་ཡོངས་སུ་གདུང་བ་ཞེས་ ཀྱང་བྱ༑ འཆི་བ་དང༌། སྡུག་པ་དང་བྲལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། གྲོགས་པོ་དག །འདི་རྣམས་ནི། ལུས་ཞེས་བྱའོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འགུམ། ཇི་ ༄༅། །ལྟར་འཚོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག །རྣམ་པར་ཤེས་པ་ཞེས་བྱ་བ་ནི། འཆི་བའོ། །ཚེ་དང་ལྡན་པ། བསོད་ནམས་ཞེས་བྱ་བ་ ནི༑ འཚོ་བའོ། །གྲོགས་པོ་དག །ལུས་ཞེས་བྱ་བ་ནི། འཆི་བ་སྟེ། རྒྱུས་པ་བྱེ་བས་ནི། དཀྲིས། སྤུའི་ཁུང་བརྒྱད་ཁྲི་བཞི་སྟོང་དང་ནི། ལྡན། ཡན་ལག་ཁྲི་ཉིས་སྟོང་གིས་ནི། སྦྲེལ། རུས་ པ་སུམ་བརྒྱ་དྲུག་ཅུས་ནི། བརྟན། ལུས་ཀྱི་ནང་ན་སྲིན་བུའི་རིགས་བརྒྱད་ཅུ་རྩ་བཞི་ནི། གནས་ཏེ། སྲོག་ཆགས་དེ་དག་ཐམས་ཅད་ལའང་འཆི་བའང་ཡོད། འཆི་བ་འགག་པའང་ཡོད་ དོ༑ ༑ནམ་མི་དེ་འཆི་བ་དེ་ན་སྲོག་ཆགས་དེ་དག་ཐམས་ཅད་རེ་ཐག་ཆད་པར་འགྱུར་ཏེ། དེ་ན་སྲོག་ཆགས་ཐམས་ཅད་གཅིག་ལ་གཅིག་ཟ་བས་རླུང་འཁྲུག་ཅིང་གཡོ་བར་འགྱུར་ཏེ། དེ་ན་ དེ་དག་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ༌། །ལ་ལ་ནི། བུའི་ཕྱིར་མྱ་ངན་བྱེད། ལ་ལ་ནི། བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལ་ནི། གཉེན་གྱི་ཕྱིར་མྱ་ངན་བྱེད་དེ། དེ་དག་ཐམས་ཅད་མྱ་ངན་གྱི་ ཟུག་རྡུས་ཟུག་གོ །གཅིག་ལ་གཅིག་ཟ་བར་བརྩམས་ནས་དེ་དག་གཅིག་གིས་གཅིག་ཟོས་ཏེ་སྲོག་ཆགས་གཉིས་ཤིག་ལུས་པ་ན་དེ་གཉིས་ཀྱང་ཞག་བདུན་གྱི་བར་དུ་འཐབས་ཏེ་ ཞག་བདུན་འདས་པ་དང༌། སྲོག་ཆགས་གཅིག་ནི། བཅོམ་མོ། །གཅིག་ནི། ཐར་ཏོ། །ཚེ་དང་ལྡན་པ། ཆོས་ཞེས་བྱ་བ་གང་ཞེ་ན། འདི་སྙམ་དུ་སེམས་ཏེ། ཇི་ལྟར་སྲོག་ཆགས་རྣམས་ གཅིག་ལ་གཅིག་མི་མཐུན་པར་བྱས་ནས་འཆི་བར་འགྱུར་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་གཅིག་ལ་གཅིག་མི་མཐུན་པ་བྱེད་དེ། སྐྱེ་བས་མི་འཇིགས། རྒ་ བས་མི་འཇིགས། ནད་ཀྱིས་མི་འཇིགས། འཆི་བས་མི་འཇིགས་སོ། །ཇི་ལྟར་སྲོག་ཆགས་གཉིས་འཐབ་པ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཕན་ཚུན་འཐབ་བོ། །དེ་ནས་འཆི་བའི་ དུས་ན་སྐྱེས་བུ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས་བུ། ཁྱོད་ཅི་ཞིག་ལ་ཡིད་རྟོན། ཅི་ཁྱོད་ཀྱིས་ཉེས་པ་ཅུང་ཟད་ཀྱང་མ་མཐོང་ངམ། སྐྱེ་བའི་ཉེས་པ་མ་མཐོང་ངམ། རྒ་བ་དང་ན་བའི་ཉེས་པ་ མ་མཐོང་ངམ། འཆི་བའི་ཉེས་པ་མ་མཐོང་ངམ། སྨྲས་པ། ཚེ་དང་ལྡན་པ། བདག་གིས་སྐྱེ་བའི་ཉེས་པའང་མཐོང་ངོ༌། །རྒ་བ་དང་ན་བའི་ཉེས་པའང་མཐོང་ངོ༌། །ཐམས་ཅད་ཀྱི་ཐ་མ་ར་འཆི་ བའི་ཉེས་པའང་མཐོང་ངོ༌། །སྨྲས་པ། ཅིའི་ཕྱིར་གང་དགེ་བའི་རྩ་བ་རྣམས་ཀྱིས་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉིས་ཀར་བདེ་བ་འཕེལ་བའི་ཆོས་ཀྱི་ཕུང་པོའི་དགེ་བའི་རྩ་བ་རྣམས་ མ་བྱས༑ གྲོགས་པོ་དག །གཉིས་སུའང་དྲིའོ། །ཁྱོད་ཅིའི་ཕྱིར་སྐྱེ་བ་དང༌། འཆི་བ་ལས་ཡོངས་སུ་ཐར་པའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱིས་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་སོ་ སོར་བརྟག་པ་མ་བྱས། ཇི་ལྟར་ཁྱེད་ཀྱིས་ས་ལ་གཎྜཱི་བརྡུང་བའི་སྒྲ་མ་ཐོས། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་བསྐྲུན་ཅིང་སྤོས་སམ། ཕྲེང་བའམ། མར་མེ་སྦྱིན་པ་བྱིན་ ༄༅། །པ་མ་མཐོང༌། དེ་བཞིན་གཤེགས་པ་ལ་བཟའ་བ་དང༌། བཅའ་བ་འབུལ་བ་དང༌། འཁོར་བཞི་ཚིམ་པར་བྱས་པའང་མ་མཐོང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་ བསྙེན་དང༌། དགེ་བསྙེན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ནི། འཁོར་བཞིའོ། །དེ་ལྟར་དེ་ལ་ཕན་པའི་ཕྱིར་སྨྲས་ཏེ་བསྙད་པ་དང༌། ལྷ། ཅུང་ཟད་ཀྱང་མ་བགྱིས་སོ། །མི་ཁྱོད་ཀྱིས་ ནི༑ ཛམྦུའི་གླིང་དུ་འོངས་ནས་མི་དགེ་བ་བྱས་སོ། །དེའི་ཚེ་མི་ཤི་བ་དེ་ལ་ཆོས་ཀྱི་རྒྱལ་པོས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང༌། ། གཎྜཱི་བརྡུང་བ་ཐོས་གྱུར་ལ། །མྱ་ངན་འདས་པ་ཞིར་འགྲོ་བའི། །ཆོས་བསྟན་ཐོས་ཀྱང་མ་བྱས་སོ། །དེ་ནས་མི་དེས་སླར་སྨྲས་པ། །བདག་ནི་བྱིས་པའི་བློར་གྱུར་ཏེ། །སྡིག་པའི་གྲོགས་ཀྱི་དབང་ སོང་ནས། །འདོད་པས་འཁྲུལ་བའི་སེམས་ཀྱིས་སུ། །བདག་གིས་སྡིག་པའི་ལས་བྱས་སོ། །འདོད་པ་དག་ཀྱང་བསྟེན་པ་དང༌། །བདག་གིས་སྲོག་ཆགས་རྣམས་ཀྱང་བསད། །དགེ་འདུན་རྣམས་ ཀྱང་ཆུད་གསན་པས། །མི་བཟད་དེ་ཡི་འབྲས་བུ་འོང༌། །གནོད་པར་སེམས་པའི་ཡིད་ཀྱིས་སུ། །བདག་གིས་མཆོད་རྟེན་བཤིག་པ་བྱས། །ཚིག་ངན་རྣམས་ཀྱང་རབ་ཏུ་སྨྲས། །བདག་གི་མ་ཡང་ གདུང་བར་བྱས། །བདག་གིས་ལུས་ཀྱིས་གང་བྱས་པ། །ཉེས་པ་དག་ཀྱང་རབ་ཏུ་ཤེས། །སེམས་དམྱལ་ཆེན་པོ་དུ་འབོད་དུ། །ཤིན་ཏུ་མི་བཟད་སྐྱེ་བ་མཐོང༌། །བསྡུས་གཞོམ་དུའང་ཚོར་བ་ མྱོང༌། །དེ་བཞིན་རབ་ཏུ་ཚ་བ་དང༌། །མནར་མེད་ཆེན་པོ་མི་བཟད་པར། །ཚོར་བ་རྗེས་སུ་མྱོང་བར་འགྱུར། །པདྨ་ལྟ་བུར་ཆེར་གས་པའི། །སེམས་ཅན་དམྱལ་བར་སྡུག་བསྔལ་དུ། །ཐིག་ནག་ བཏབ་པ་འཇིགས་ཆེན་དུ། །ལན་བརྒྱ་བར་དུ་སྐྱེ་བར་འགྱུར། །སེམས་དམྱལ་སེམས་ཅན་བསད་ནས་སུ། །ཕྱིས་ཀྱང་འཇིགས་པ་དེ་མཐོང་སྟེ། །དཔག་ཚད་བརྒྱར་ནི་ཡང་དང་ཡང༌། །འཇིགས་ པ་ཆེན་པོར་ལྟུང་བར་འགྱུར། །དེ་དག་སྒོ་རྙེད་མི་འགྱུར་ཏེ། །ཕྱིས་ཀྱང་མུན་པར་རབ་ཏུ་ལྟུང༌། །སྤུ་གྲི་ཞེས་བྱ་སེམས་དམྱལ་དུ། །སྤུ་གྲི་སྟོང་ཡང་འབྱུང་བར་འགྱུར། །བྱེ་བ་སྟོང་ཕྲག་བརྒྱ་རྣམས་ ཀྱིས༑ ༑སྤུ་གྲི་མདུན་དུ་འབྱུང་འགྱུར་ཏེ། །བདག་གིས་ཉེས་པའི་ལས་བྱས་པས། །དེ་དག་གིས་ནི་དེ་ལུས་གཏུབས། །རླུང་འཁྲུགས་ཆེན་པོ་མི་བཟད་པས། །ལུས་དེ་ཐམས་ཅད་འཇིག་པར་བྱེད།། རྟག་ཏུ་འདི་འདྲའི་སེམས་དམྱལ་དུ། །བདག་གིས་སྡུག་བསྔལ་མྱོང་བར་འགྱུར། །ལུས་ནི་རབ་ཏུ་སྡུག་བསྔལ་བར། །སེམས་ཅན་ཀུན་གྱིས་བདག་མཐོང་ངོ༌། །ཁྱིམ་སོ་བྱ་ཕྱིར་གཞན་དག་གི ། ནོར་ཡང་རབ་ཏུ་བདག་གིས་བླངས། །བདག་གིས་བུ་ཕོ་བུ་མོ་དང༌། །དེ་བཞིན་ཕུ་ནུ་སྲིང་མོ་དང༌། །བདག་གི་ཕ་མའང་དེ་བཞིན་ཏེ། །མཛའ་བོ་གཉེན་བཤེས་མང་པོ་དང༌། །བྲན་དང་ལས་བྱེད་ རྣམས་དང་ནི། །དེ་བཞིན་པ་དང་ཕྱུགས་དང་གཡོག །དགོས་པ་ངན་ལ་བདག་འཁྲུལ་ཏེ། །གསེར་དང་དངུལ་གྱི་སྣོད་རྣམས་དང༌། །དེ་བཞིན་རབ་ཕྲ་གོས་རྣམས་དང༌། །ཁྱིམ་བྱེད་བཅུག་པས་ ༄༅། །འཁྲུལ་པ་སྟེ། །ཁྱིམ་ཡང་ཤིན་ཏུ་བཀྲ་བྱས་ནས། །སྐྱེས་པ་བུད་མེད་ལང་ལོང་དང༌། །པི་ཝང་སིལ་སྙན་འཁྲོལ་བ་ལ། །བདག་ཡིད་མ་དུལ་དགའ་བར་འགྱུར། ། སྤོས་ཆུ་དག་གིས་ལུས་བཀྲུས་ཀྱང༌། །ང་དུང་བྱས་པ་གཟོ་བ་མེད། །ལུས་ཁྱོད་སེམས་པ་མེད་པ་སྟེ། །ང་ནི་ཁྱོད་ཀྱི་ཆེད་ལ་འཁྲུལ། །ཕྱིན་ཆད་སེམས་ཅན་འགའ་ཙམ་ཡང༌། །བདག་ལ་སྐྱོབ་ པར་འགྱུར་བ་མེད། །རླུང་འཁྲུག་ཆེན་པོ་མི་བཟད་པར། །ལུས་ནི་ཡོངས་སུ་གདུང་བ་ན། །རོ་དང་ལྡན་པ་ཞིམ་ཟོས་ཏེ། །ལྕེས་ཀྱང་སྣ་ཚོགས་དེ་བཞིན་ནོ། །ཕྲེང་བ་སྣ་ཚོགས་བཟང་མཛེས་ པ༑ ༑རབ་ཏུ་མང་པོ་མགོ་ལ་བཅིངས། །མིག་ནི་གཟུགས་ཀྱིས་འཁྲུལ་བྱས་ཏེ། །མིག་གི་སྐྱབས་ནི་ཡོད་མ་ཡིན། །བདག་གིས་མཐོང་ནས་གང་བྱས་པ། །སྡིག་པ་རྣམས་ནི་མིག་གི་རྒྱུ། ། ལག་པ་རྡོ་རྗེས་བཅད་པ་ནི། །བདག་གི་རྣ་བའི་རྒྱུ་ཡིན་ནོ། །ལག་པ་གཉིས་ལ་གདུ་བུ་བཏགས། །སོར་མོ་རྣམས་ལ་སོར་གདུབ་བཅུག །མགུལ་དུ་མུ་ཏིག་སེ་མོ་དོ། །རྐང་པ་གཉིས་ཀྱང་ རབ་ཏུ་བརྒྱན། །དེ་ལ་དྲ་བ་བྱས་པ་དང༌། །དེ་ལ་གསེར་ཡང་གནས་པར་བྱས། །ལུས་ལ་རིན་ཆེན་སྣ་ཚོགས་དང༌། །གསེར་གྱི་གདུ་བུའང་དེ་བཞིན་ནོ། །ལོངས་སྤྱོད་ཆེན་པོས་རབ་རྩེས་ ནས༑ ༑ཡིད་ཀྱང་ཤིན་ཏུ་བརྟས་པར་གྱུར། །རབ་ཏུ་འཇམ་ལ་བདག་རེག་ནས། །ཤིན་ཏུ་སྲེད་པས་དེ་བསྟན་ཏོ། །གདིང་བ་སྣ་ཚོགས་མལ་ཆ་ཡིས། །བདག་གིས་ལུས་ནི་རྩེར་བཅུག་གོ ། སྤོས་ཆུ་བཟང་པོས་ཁྲུས་བྱས་ཏེ། །སྤོས་རྣམས་ཀྱིས་ཀྱང་རབ་ཏུ་བསྐུས། །ལྷ་རྫས་ག་བུར་ཙནྡན་གྱི། །བདུག་པ་རྣམས་ཀྱིས་རབ་ཏུ་བདུགས། །ཁ་དོག་བཟང་པོ་བྱས་ནས་ཀྱང༌། །གླ་རྩི་ལྡན་པས་ རབ་ཏུ་བསྒོས། །ལོ་ལོན་འབྲུ་མར་དྲི་དག་དང༌། །སྣ་མ་ཙམྤ་ཀ་ལ་སོགས། །བསྐུས་ནས་ཕྲ་མོ་ཀ་ཤི་ཀ །དཀར་པོའི་གོས་ཀྱང་རབ་ཏུ་བགོས། །གླང་པོའི་རྒྱབ་ནས་བབས་ནས་སུ། །རྟ་ཡི་རྒྱབ་ ཏུ་མངོན་པར་ཞོན། །བདག་ནི་རྒྱལ་པོ་ཡིན་སྙམ་སེམས། །སྐྱེ་བོ་བདག་གི་མདུན་ན་རྒྱུག །གླུ་གར་ཤིན་ཏུ་བསླབ་པ་ཡི། །སླས་རྣམས་ཀྱང་ནི་རབ་ཏུ་ཤེས། །རི་དྭགས་རྣམས་ནི་མ་ཉེས་པར། ། བདག་གིས་མདས་ཀྱང་རི་དྭགས་བསད། །འཇིག་རྟེན་ཕྱི་མ་མ་ཤེས་པས། །བདག་གིས་འདི་འདྲའི་སྡིག་བྱས་ཤིང༌། །བདག་གིས་གཞན་གྱི་ཤ་ཟོས་པས། །དེ་ཕྱིར་བདག་གི་སྡུག་ བསྔལ་འདི། །མི་ཟད་འོངས་པ་འགྱུར་བ་ཡི། །འཆི་བ་བདག་གིས་མ་ཤེས་ཏེ། །བདག་ནི་བྱིས་པའི་བློར་གྱུར་པས། །བདག་གི་ལུས་ཀྱང་གསོ་བ་བྱས། །དེང་ནི་བདག་ལ་འཆི་འོང་ན། །སྐྱབས་ བྱེད་པ་ནི་སུ་ཡང་མེད། །གཉེན་རྣམས་ཁྱེད་ཅག་ཐམས་ཅད་ཀྱང༌། །ང་ཡི་གདོང་དུ་བལྟར་ཅི་ཡོད། །ཅི་ཞིག་ཕྱིར་ནི་གོས་འདྲལ་ཞིང༌། །ཅི་ཕྱིར་ངུ་ཞིང་སྨྲེ་སྔགས་འདོན། །ཅི་ཕྱིར་སྐྲ་རྣམས་ རབ་འཇིག་ཅིང༌། །ཅི་ཕྱིར་ཁྲག་ཀྱང་འབྱིན་པར་བྱེད། །ཅི་ཕྱིར་མགོ་ལ་རྡུལ་འཐོར་ཞིང༌། །བྲང་ཡང་རབ་ཏུ་རྡུང་བར་བྱེད། །བདག་གསོན་ཚེ་ན་སྡིག་པ་རྣམས། །སྤང་བར་བྱ་རིགས་ཁྱེད་ ༄༅། །ཅི་མདུད། །བདག་གི་ལུས་ནི་སྤྱང་ཀི་དང༌། །ཁྱི་དང་བྱ་རོག་རྣམས་དང་ནི། །བྱ་རྣམས་ཀྱིས་ཀྱང་བཟའ་བར་འགྱུར། །ལུས་འདི་དགོས་པ་མེད་པར་གསོས། འཆི་བའི་ སྦྲུལ་དང་ལྡན་གྱུར་ནས། །མི་ནི་རྟག་ཏུ་སྐྱེ་བར་འགྱུར། །འཇིགས་པ་འདི་ལས་གྲོལ་འགྱུར་བ། །དེ་ལྟ་བུ་ཡི་སྨན་རྣམས་བསྙེན། །བདག་ལ་སྨན་པས་གང་བྱིན་པའི། །སྨན་དེ་དགོས་པ་མ་ ཡིན་ན༑ ༑ཉོན་མོངས་སྤྲུལ་ལས་ཐར་བྱེད་པ། །ད་ལྟར་ཆོས་ཀྱི་སྨན་རྣམས་ནི། །འཆི་ཁར་བདག་ལ་སྦྱིན་པར་བྱོས། །ཤ་ནི་ང་ལ་མ་སྦྱིན་ཅིག །ལུས་འདི་གསོ་བ་བྱས་ཀྱང་ནི། །གདོན་མི་ཟ་ བར་འཇིག་པར་འགྱུར། །གང་ཕྱིར་སྡུག་བསྔལ་སྤྱིན་གྱུར་པ། །སྡིག་གི་ཕུང་པོ་ཅི་ཕྱིར་བླངས། །ལུས་འདི་ཤིན་ཏུ་གསོས་བྱས་ཀྱང༌། །བྱས་པ་མ་རུང་བྱེད་པར་འགྱུར། །བུ་དང་བུ་མོ་ཅི་ཞིག་ ཕྱིར༑ ༑ང་ལ་མིག་གིས་བལྟ་བར་བྱེད། །ན་བ་འདི་ལས་ད་སྐྱོབས་ཤིག །དོན་མེད་པར་ནི་ཅི་ཕྱིར་ངུ༌། །བུ་དང་བུ་མོ་ཁྱེད་ཅག་དག །ད་ནི་མ་རུང་མ་བྱེད་ཅིག །ཁྱེད་ཅག་གསོ་བར་བྱ་བའི་ཕྱིར། ། ངས་ནི་གཞན་གྱི་ནོར་ཡང་འཕྲོག །ད་ནི་འཆི་དུས་བབ་པ་ན། །རེ་ཐག་ཆད་ཀྱི་ཅི་ཞིག་བྱེད། །སྐྱེ་དང་ངན་འགྲོས་རབ་ཏུ་འཇིགས། །འཆི་བས་ཀྱང་ནི་ཡོངས་སུ་གཟིར། །ཚོར་བ་འདུ་ཤེས་འདུ་ བྱེད་དང༌། །རེག་པ་ཤིན་ཏུ་ཚོར་བའོ། །སྲེད་པས་བྱིས་པ་རྣམས་ཀྱང་འཁྱམས། །མི་བཟད་འབྲས་བུ་རྣམས་ཀྱང་ཐོབ། །ངན་པའི་རིགས་སུ་སྐྱེ་བ་ནི། །དེར་ཡང་མྱ་ངན་བཅིངས་པར་འགྱུར། ། བདག་ལ་བསོད་ནམས་ཆུང་ཤེས་ནས། །སྐྱེ་བོ་གཞན་དག་མྱ་ངན་བྱེད། །སྦྱིན་དང་ཚུལ་ཁྲིམས་ཡོངས་སུ་ཉམས། །ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས། །ཡང་སྐྱེ་བ་ནི་མི་ཤེས་པས། །ཉོན་མོངས་སྤྲུལ་ གྱིས་ཉོན་མོངས་པ། །མ་རིག་པས་ནི་བྱིས་པ་རྣམས། །གང་ན་ཐར་པ་མེད་པར་འཁྱམས། །ཐར་པའི་དོན་ནི་མི་ཤེས་ནས། །འཁྲུལ་པས་སྡིག་པ་རྣམས་ཀྱང་བྱེད། །ཉོན་མོངས་རྣམས་ཀྱིས་བྱིས་པ་ འཁྱམས། །ཡིད་ནི་རྟག་ཏུ་རྣམ་པར་འཁྲུགས། །བཅིང་བ་སྣ་ཚོགས་ལྡན་ལུས་ལ། །མེས་ནི་ཀུན་ཏུ་འབར་ཞིང་ཚིག །གང་ན་བདེ་བ་མེད་པ་དེར། །ལུས་ནི་རྣམ་པར་འཁྲུལ་པས་འཁྱམས། །གང་ ལས་ཤིན་ཏུ་བདེ་འབྱུང་བ། །བདེ་བ་དེ་ནི་མི་ཤེས་ཏེ། །སངས་རྒྱས་ཞིང་ནི་བདེ་བ་སྦྱིན། །ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག །ཚུལ་ཁྲིམས་བདེན་པའི་ཚུལ་ཁྲིམས་སོ། །དེ་བཞིན་གཤེགས་པའི་ ཚངས་དབྱངས་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ། སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ་དེ་ལྟར་ སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པར་དེ་དག་གི་སྐྱོབ་པར་འགྱུར་བ་སུའང་མེད་དོ། །ཞེས་བཀའ་དེ་སྐད་སྩལ་ནས་ཚིགས་སུ་བཅད་པ་ འདི་དག་ཀྱང་གསུངས་སོ། །སྡིག་པའི་ལས་ནི་བྱས་པས་ན། །སེམས་ཅན་དམྱལ་བ་རྣམས་སུ་ལྟུང༌། །སྲེག་པའི་གོས་ནི་གྱོན་པར་འགྱུར། །སྐོམ་དུ་ལྕགས་ཁུ་འཐུང་བར་འགྱུར། །ལུས་རྣམས་ ༄༅། །ལ་ནི་མེ་མདག་འབབ། །ཚིག་ནས་རབ་ཏུ་མི་བཟད་དུ། །སེམས་ཅན་དམྱལ་བ་འཇིགས་ཆེན་དུ། །དེ་ཡི་ལུས་ནི་རབ་ཏུ་འཚིག །བདེ་བ་དག་ནི་མི་ཤེས་ཤིང༌། །ཆོས་ ཀྱང་རྣམ་པར་མི་ཤེས་ཏེ། །ཆོས་མ་ཡིན་པས་བྱིས་པ་འཁྱམས། །བདེ་བ་ཅུང་ཟད་རྙེད་མི་འགྱུར། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཤེས་རབ་ལྡན་ཞིང་དཀའ་ཐུབ་ཆེ། །དགེ་བའི་ བཤེས་གཉེན་བསྟེན་པ་ནི། །དེ་བཞིན་གཤེགས་པར་མྱུར་དུ་འགྱུར། །འཇིག་རྟེན་སངས་རྒྱས་འབྱུང་བའི་ཕྱིར། །བརྩོན་འགྲུས་ཀྱི་ནི་མཆོག་རྩོམས་ལ། །སེམས་ཅན་ཐམས་ཅད་ཡོངས་ བཟུང་བ། །དགེ་བའི་ལས་ཀྱི་ཆོས་སྟོན་ཅིག །བྱམས་པའི་སེམས་དང་དེ་བཞིན་དུ། །ཚངས་སྤྱོད་མཆོག་ལ་སྙོམས་པར་ཞུགས། །སྨན་སྡེ་དེ་སྐད་ཐོས་ནས་ཀྱང༌། །མཆོག་ཏུ་སྒྲུབ་པར་འགྱུར་ བར་བྱ༑ ༑རྣམ་གྲོལ་མཐོང་དང་སངས་རྒྱས་དང༌། །སྒྲ་བསྒྲགས་རྣམ་པར་འདྲེན་པ་དང༌། །འཇིག་རྟེན་གྱི་ནི་ཕ་དང་མ། །དེ་ནི་བྱང་ཆུབ་སེམས་ཞེས་བྱ། །འཇིག་རྟེན་དུ་ནི་ཆོས་འདི་གང་སྟོན་པ།། དགེ་བའི་བཤེས་གཉེན་མཆོག་ཏུ་རབ་རྙེད་དཀའ། །སངས་རྒྱས་བསྟན་ལ་གང་དག་གུས་ཉན་པ། །དེ་དག་བླ་མེད་སངས་རྒྱས་བདེ་གཤེགས་འགྱུར། །ཞི་བ་སངས་རྒྱས་སྲས་རྣམས་ལ། ། གང་དག་གུས་དང་བཅས་གྱུར་པ། །དེ་དག་ཀྱང་ནི་སེམས་ཅན་ཀུན། །ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་དོགས་འདི་གཡོ་རབ་ཏུ་གཡོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ། ཅི་མཐོང་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བལྟས་པ་དང༌། ཕྱོགས་བཞིན་ས་གས་པ་ མཐོང་ངོ༌། །ས་གས་པས་ས་གས་པའི་ཕྲག་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང༌། འོག་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང༌། སྟེང་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་བྱུང་བ་ མཐོང་ངོ༌། །དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་རྣམ་པར་བལྟས་ནས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདིར་སུ་དག་སྐྱེས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཁྱེད་ཅག་སྐྱེ་བོའི་ཚོགས་འདི་དག་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་འདི་ དག་ནི༑ ཁྱེད་ལ་བདེ་བའི་ཕྱིར་སྐྱེས་སོ། །གསོལ་པ། སེམས་ཅན་འདི་དག་ཀྱང་འགུམ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག །དེ་བཞིན་ཏེ། སེམས་ཅན་ ཐམས་ཅད་ཀྱང་འཆི་བར་འགྱུར་རོ། །དེ་ནས་སེམས་ཅན་གཞོན་ནུ་སྔ་མ་གང་དག་ཐོག་མ་ཉིད་དུ་སྐྱེས་པ་དེ་དག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ ༄༅། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི། ཡང་སྐྱེ་བ་དང༌། འགུམ་པ་ལ་བལྟ་བར་མི་སྤྲོའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འོ་ན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོའམ། དེ་དག་གིས་གསོལ་པ། དེ་བཞིན་གཤེགས་པ་མངོན་སུམ་དུ་བལྟ་བར་བགྱིའོ། །དེ་ནས་ཆོས་གང་མཉན་པ་ཞུས་ཏེ་ ཡིད་དུ་འོང་བ་མཉན་པར་བགྱིའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ལ་བལྟ་བར་བགྱིའོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་བལྟ་བར་ བགྱི་སྟེ༑ བཅོམ་ལྡན་འདས། འདི་ལྟ་བུ་ལ་སྤྲོའི། སྐྱེ་བ་དང༌། འགུམ་པ་ལ་ནི། བལྟ་བར་མི་སྤྲོའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་ སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་སྟན་ལས་ལངས་ནས་དེ་དག་ཐམས་ཅད་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལ་འགྲོ་ཞིང་སྐྱིལ་མོ་ཀྲུང་བཅས་ནས་ བསམ་གཏན་བྱེད་དེ། དེ་དག་ཐམས་ཅད་ཀྱི་ལུས་ལས་སེངྒེ་རྣམས་བྱུང་ངོ༌། །སྟག་རྣམས་བྱུང་ངོ༌། །སྤྲུལ་རྣམས་བྱུང་ངོ༌། །གླང་པོ་རྣམས་བྱུང་ངོ༌། །རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་ པ་སྟོན་ཏེ། །རི་ལའང་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །སྟེང་དུ་དཔག་ཚད་ཉི་ཁྲི་སྲིད་དུ་ཡང་འགྲོའོ། །ཟླ་བ་དང་ཉི་མ་བྱེ་བ་སྟོང་ཕྲག་བཅུའང་འབབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་ འདས་ལ་སེམས་ཅན་གཞོན་ནུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འོད་ཟེར་ཆེན་པོ་གདའ་བ་དང༌། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་འཇིག་རྟེན་དུ་བྱུང་བའི་རྒྱུ་ གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱེད་ཟླ་བ་དང༌། ཉི་མ་བྱུང་བ་འདི་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། མཐོང་ ལགས་སོ། །བདེ་བར་གཤེགས་པ། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི། བྱང་ཆུབ་སེམས་དཔའི་རང་གི་ལུས་ལས་འོད་ཟེར་སྣང་བ་དང༌། རྫུ་འཕྲུལ་དང༌། ཆོ་འཕྲུལ་བསྟན་པ་སྟེ། བསྟན་ནས་ཀྱང་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། སྐྱེ་བོའི་ཚོགས་ཆེན་པོ་དང༌། ལྷ་རྣམས་དང༌། མི་རྣམས་ཀྱི་ དོན་དང༌། ཕན་པ་དང༌། བདེ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་འདིར་མིའི་ལུས་དང༌། སྟོབས་དང༌། བརྩོན་འགྲུས་བསྟན་ནས་འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ། །གསོལ་ པ༑ བཅོམ་ལྡན་འདས། འོད་ཟེར་སྣང་བ་འབྱུང་བར་བགྱི་བའི་སླད་དུ་ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ། ཁྱོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། ༄༅། །མཐོང་ལགས་སོ། །བདེ་བར་གཤེགས་པ། མཐོང་ལགས་སོ། །དེས་འདི་སྙམ་བསམ་སྟེ། གང་བདག་གིས་དེ་བཞིན་གཤེགས་པ་ལ་དོན་དེ་ཞུའོ། །སྙམ་བསམས་པ་ དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་བར་བྱའོ། །བསྟན་པར་ བྱའོ༑ ༑རྣམ་པར་དབྱེ་བར་བྱའོ། །སྨན་གྱི་སྡེ། གང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་ཐམས་ཅད་བསྟན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། ཐེ་ཚོམ་བསལ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས། བདག་གིས་དེ་བཞིན་གཤེགས་པ་ལྷའི་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང༌། བྱང་ཆུབ་སེམས་དཔའ་བྱེ་ བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང༌། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱིས་བསྐོར་བ་དང༌། འབྱུང་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་ཀྱིས་བསྐོར་བ་དང༌། ཡི་དྭགས་ དང་ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་བསྐོར་བ་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། སེམས་ཅན་འདི་དག་ནི། ཆོས་མཉན་པའི་ཕྱིར་འཁོར་འདིར་ངའི་ གན་དུ་འདུས་ཤིང་འཁོད་གོར་མ་ཆག་སྟེ། སྨན་གྱི་སྡེ། འདི་དག་ནི། དེང་ཁོ་ནར་འཁོར་བ་བསྙིལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་དེང་ཉིད་ས་བཅུ་ རབ་ཏུ་འཐོབ་པར་འགྱུར་རོ། །ས་བཅུ་ལ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེས་སུ་འཐོབ་པར་འགྱུར་རོ། །རྒ་དང་འཆི་ལས་ཐར་བྱའི་ཕྱིར། །ལས་བྱས་བདེ་བ་ཐོབ་བྱེད་ཅིང༌། ། ཉོན་མོངས་ཞགས་པ་ཕམ་བྱས་ནས། །སངས་རྒྱས་བསྟན་པ་འཐོབ་པར་འགྱུར། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་གྱི་གནས་མང་པོ་ལས་སྣ་ཚོགས་ཀྱིས་བྱུང་བ་འདི་ཅིའི་ སླད་དུ། བཅོམ་ལྡན་འདས་ལ་བསྐོར་ཅིང་གནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། ཉོན་ཅིག །སེམས་ཅན་རྨོངས་པ་མི་ཤེས་པ། །ཐར་པར་འགྱུར་བ་ག་ལ་ཡོད། ། སེམས་ཅན་གཞོན་ནུ་མང་པོ་དག །དེ་རིང་གཟུགས་རྣམས་འཐོབ་པར་འགྱུར། །ས་བཅུ་དག་ནི་འཐོབ་པའི་ཕྱིར། །ཆོས་ཀུན་རབ་ཏུ་ཤེས་པར་འགྱུར། །ས་བཅུ་དག་ཀྱང་འཐོབ་པར་འགྱུར། ། སངས་རྒྱས་བྱ་བ་བྱེད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཆོས་ཆར་རབ་ཏུ་འབེབས་པར་འགྱུར། །དེ་ལྟར་སེམས་ཅན་འདུས་བས་ན། །ང་ཡི་བསྟན་ལ་དགའ་བའོ། །ལྷ་ དང་ཀླུ་དང་ཡི་དྭགས་དང༌། །ལྷ་མིན་ཤིན་ཏུ་མི་བཟད་པས། །ས་བཅུ་ལ་ནི་རབ་གནས་ཏེ། །ཆོས་ཀྱི་སྒྲ་ཡང་སྒྲོག་པར་འགྱུར། །ཆོས་ཀྱི་རྔ་ཡང་བརྡུང་བར་འགྱུར། །ཆོས་ཀྱི་དུང་ཡང་རབ་ཏུ་ འབུད༑ ༑སེམས་ཅན་གཞོན་ནུ་འདི་དག་ཀྱང༌། །བརྩོན་འགྲུས་མཐུ་དང་ལྡན་པར་འགྱུར། །དེ་བཞིན་གཤེགས་པས་ཐོབ་པ་བཞིན། །དེ་དག་དེང་ནི་ཆོས་འཐོབ་འགྱུར། །དེ་ནས་སེམས་ ༄༅། །ཅན་གཞོན་ནུ་ལྔ་སྟོང་ཙམ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ༑ ༑གང་ཕྱིར་མཐའ་ནི་མ་འཚལ་བ། །འཁོར་བ་ན་ནི་འཆི་བ་སྟེ། །ལུས་ནི་ཁུར་ལྟི་བཅོམ་ལྡན་འདས། །འཇིགས་པ་ཆེན་པོ་མི་བཟད་པ། །ལམ་ནི་རྣམ་པར་མ་འཚལ་ཏེ། །ལམ་ཉིད་ ཀྱང་ནི་མི་གདའ་བས། །མགོན་པོ་བདག་ཅག་ལྡོངས་གྱུར་ན། །བདག་ཅག་རྣམས་ནི་བསྡུ་བར་གསོལ། །དཔའ་ལ་བདག་ཅག་གསོལ་བ་འཚལ། །འདྲེན་པས་ཆོས་ནི་བཤད་དུ་གསོལ། ། བདག་ཅག་ཤེས་རབ་ཆུང་ངུར་སྐྱེས། །བདེ་བ་མངོན་པར་མ་འཚལ་ཏོ། །བདག་ཅག་ལ་ནི་ཆོས་བཤད་གསོལ། །སྡུག་བསྔལ་མི་བཟད་གྲོལ་བར་མཛོད། །གང་དང་གང་དུ་སྐྱེས་པར་ ཡང༌། །བདག་ཅག་སངས་རྒྱས་མཐོང་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་ སྐད་ཅེས་སྨྲས་སོ། །ཁྱེད་ཅག་རྣམས་ནི་ཟས་ཟོ་ཞིག །མང་དུ་བྱུང་བའི་རོ་ཡང་འཐུང༌། །འཇིགས་པ་མེད་པར་གྱུར་ནས་སུ། །ཕྱིས་འདོད་འཇིགས་མེད་ཆོས་ཉོན་ཅིག །སྨྲས་པ། བཙུན་ པ་གནས་བརྟན་ཁྱོད་སུ་ཞིག །བདག་ཅག་རྣམས་ཀྱིས་ཁྱོད་མི་ཤེས། །ཁྱོད་ནི་རབ་ཏུ་མཛེས་པར་མཐོང༌། །གཟུགས་ནི་ཞི་ཞིང་གྲགས་པ་ཆེ། །ཡི་དྭགས་འཇིག་རྟེན་འཇིགས་ཆེན་དང༌། ། སེམས་དམྱལ་དུད་འགྲོ་རྣམས་ལས་ཐར། །ཇི་ལྟར་འགྲོ་བ་མཛེས་པ་བཞིན། །ཁྱོད་ཀྱི་སྡིག་པ་ཐམས་ཅད་ཞི། །ཁྱོད་ཀྱི་ལག་ན་སྣོད་ཡོད་པ། །རིན་ཆེན་སྣ་བདུན་ལྡན་པ་དང༌། །ལུས་ལ་ རིན་ཆེན་སྲད་བུ་དང༌། །གཟི་བརྗིད་ཕུང་པོས་བརྒྱན་པ་མཐོང༌། །ཞི་བ་ཁྱོད་ཀྱིས་ཚིག་སྨྲས་པ། །བདག་ཅག་ལན་འདེབས་མི་ནུས་སོ། །བདག་ཅག་ལ་ནི་ཟས་རྣམས་དང༌། །ཞིམ་པོའི་སྐོམ་ ཡང་མི་དགོས་ཏེ། །ཟས་ལས་བཤད་པ་འབྱུང་བར་འགྱུར། །དེ་བཞིན་སྐོམ་ཡང་གཅིན་དུ་འགྱུར། །ཁུ་བ་རྣམས་ལས་ཁྲག་ཏུ་འགྱུར། །དེ་བཞིན་ཁྲག་ལས་ཤར་འགྱུར་བས། །ཟས་ དང་སྐོམ་རབ་སྦྱར་བ་ཡང༌། །བདག་ཅག་རྣམས་ལ་དགོས་མ་ཡིན། །དར་དང་སྣམ་བུ་སྦྱར་བ་དང༌། །ཕྲ་མོའི་གོས་ཀྱང་དགོས་པ་མེད། །གསེར་གྱི་གདུ་བུ་མི་དགོས་ཏེ། །མུ་ཏིག་ཕྲེང་ བ་དགོས་མ་ཡིན། །སོར་གདུབ་དག་ཀྱང་མི་དགོས་ཏེ། །དེ་ཀུན་མི་རྟག་ཆོས་ཅན་ནོ། །བདག་ཅག་ངན་པར་འགྲོ་རྣམས་སུ། །འགྲོ་བར་མི་འགྱུར་སྲོག་ཚོལ་ལོ། །ལྷ་རྣམས་ཀྱི་ནི་བདེ་བ་ དང༌། །ཆོས་ཀྱི་སྦྱིན་པ་དོན་དུ་གཉེར། །དགེ་བའི་བཤེས་གཉེན་རྣམས་དགོས་ཏེ། །འཁོར་ལོས་བསྒྱུར་རྒྱལ་མ་ཡིན་ནོ། །རབ་ཏུ་བཟང་བའི་གླིང་པོར་ནས། །འཁོར་ལོས་བསྒྱུར་བ་ འཆི་བར་འགྱུར། །བུ་ཡང་ཕྱ་བཞིན་མི་འབྲང་སྟེ། །ཆུང་མ་བུ་མོ་རྣམས་ཀྱང་མིན། །རིན་ཆེན་སྣ་བདུན་ཕྱིན་ལུས། །ཕྱི་བཞིན་འབྲང་བ་མ་ཡིན་ནོ། །སྐྱེ་བོ་མང་པོ་བསྡུས་པ་ཡང༌། །ཕྱི་ ༄༅། །བཞིན་འགྲོ་བ་མ་ཡིན་ཏེ། །མདུན་དུ་རྒྱུག་པའང་མ་ཡིན་ནོ། །དེ་ལྟར་ཕྱིན་ཆད་མི་འགྱུར་རོ། །ཚེ་གཅིག་གིས་ནི་རྒྱལ་པོ་ལས། །མི་རྟག་པས་ནི་འཁྱམས་ འགྱུར་ཏེ། །སྡིག་པའི་ལས་རྣམས་མང་བྱས་པས། །དེ་དག་སེམས་དམྱལ་དུ་འབོད་ལྟུང༌། །རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས། །ཕྱོགས་བཞི་ཀུན་ཏུ་བསྐོར་བ་ལས། །གང་ཚེ་དུ་ འབོད་སྨིན་པའི་ཚེ། །རྫུ་འབྲུལ་དེ་ནི་གང་དུ་སོང༌། །ས་གང་དག་ན་ཡོད་མིན་པ། །ཤི་ནས་རྫུ་འཕྲུལ་བྱེད་མི་ནུས། །གནས་བརྟན་བདག་ཅག་རྣམས་ལ་གསོན། །གང་ན་དེ་བཞིན་ གཤེགས་པར་བཞུད། །ཕ་དང་མ་ནི་ཇི་ལྟ་བར། །དེ་ནི་མཐོང་བར་རབ་ཏུ་འདོད། །བདག་ཅག་ལ་ནི་མ་ཡང་མེད། །ཕ་མེད་ཕུ་ནུ་རྣམས་ཀྱང་མེད། །འཇིག་རྟེན་གཙོ་བོ་དེ་བཞིན་ གཤེགས། །དེ་ཉིད་ཕ་དང་མ་ཡིན་ནོ། །དེ་ཉིད་ཉི་མ་ཟླ་བ་སྟེ། །བདེ་བའི་ལམ་ནི་རབ་སྟོན་པའོ། །གང་ཕྱིར་ཕྱིན་ཆད་མི་སྐྱེ་བར། །དེ་ནི་འཁོར་བ་ཐར་མཛད་པའོ། །ཉོན་མོངས་བཅུ་པོ་ འཇིགས་ཆེན་དང༌། །ཆུ་བོ་སྒྲོལ་བའི་གྲུ་དེ་འོ། །དེ་ཡིས་སེམས་ཅན་རབ་བསྒྲལ་ཏེ། །ཕྱིན་ཆད་སླར་ནི་མི་ལྡོག་གོ། །བྱང་ཆུབ་མཆོག་ནི་རབ་སྟོན་པ། །དམ་པའི་ཆོས་ཀྱང་དེས་བཤད་དོ། ། བདག་ཅག་རྣམས་ལ་ཟས་མི་དགོས། །རྒྱལ་སྲིད་འབྲས་བུ་མི་འདོད་དེ། །སེམས་ཅན་དམྱལ་བས་འཇིགས་པ་ནི། །ལྷ་ཡི་འཇིག་རྟེན་འགྲོ་མི་བྱ། །མི་ཡི་ཚེ་ནི་བདེ་བ་སྟེ། །དེ་ན་ཐམས་ ཅད་མཁྱེན་པར་སྣང༌། །རང་གི་ལས་ནི་ཉེས་བྱས་པས། །ཚེ་ཐུང་རྣམས་ནི་འཁྱམས་པ་ཡིན། །དེ་དག་འཆི་བ་མི་ཤེས་ཀྱི། །འདོད་པའི་ལོངས་སྤྱོད་རྒྱལ་སྲིད་ཤེས། །སྐྱེ་དང་འགག་པས་བསླུས་ པ་རྣམས། །ཤེས་པ་མེད་ཅིང་འཇིགས་པ་མེད། །མི་རྟག་བས་ནི་སེམས་འཁྲུལ་རྣམས། །ཕྲ་བའི་ཆོས་རྣམས་མ་ཤེས་ཏེ། །ཕྲ་བའི་དགོས་པ་མི་བྱེད་ལ། །ཞི་བའི་དབྱིངས་ཀྱང་མི་ཤེས་སོ། །འཆི་ འཕོ་ལ་ནི་སྐྱོ་མེད་པ། །ཡང་དང་ཡང་དུ་སྐྱེ་བར་འགྱུར། །ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང༌། །རྟག་ཏུ་དབྱུག་པས་བརྡེགས་བྱས་ནས། །གཞན་དག་གི་ཡང་འཕྲོག་བྱེད་དེ། །དེ་བཞིན་བཅིང་ ཞིང་བསད་པས་བྱས། །སྔོན་གྱི་སྡིག་པས་བསྐུལ་བས་ན། །དེ་དག་བཅིང་བ་ལྔས་བཅིངས་སོ། །རེ་ཐག་ཀྱང་ནི་ཆད་པར་འགྱུར། །མྱ་ངན་ཟུག་རྡུས་ཟུག་པར་འགྱུར། །རྣམ་པར་ཤེས་པ་འགག་ བ་ན༑ ༑སྙིང་རྗེ་བར་ནི་སྨེ་སྔགས་འདོན། །བདག་གི་སྐྱོབ་པར་སུ་འགྱུར་ལ། །གསེར་དང་དངུལ་དང་ཤེལ་དག་དང༌། །ལོངས་སྤྱོད་ཐམས་ཅད་བདག་གིས་དབུལ། །བདག་ནི་བྲན་དུའང་འགྱུར་བར་ བྱ༑ ༑བྲན་གྱི་ཆུལ་དུ་གང་གྱུར་བ། །ལས་རྣམས་ཐམས་ཅད་རབ་ཏུ་བྱ། །རྒྱལ་སྲིད་ལོངས་སྤྱོད་བདག་མི་དགོས། །ནོར་དང་འབྲུ་ཡང་མ་ཡིན་ནོ། །རང་གི་ལུས་ནི་བདག་མི་དགོས། །སྡིག་པ་བྱེད་ པ་མི་འགྲོལ་ཏེ། །དེ་ལྟར་གནས་བརྟན་བདག་ཅག་ལ། །བཟའ་བ་དགོས་བ་མ་ཡིན་ནོ། །གང་དག་ཁ་ཟས་ཞིམ་ཟོས་པ། །རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར། །བཏུང་བ་མཆོག་ནི་འཐུངས་པ་ཡི། ། ༄༅། །ལྷའི་བུ་རྣམས་ཀྱང་འཆི་བར་འགྱུར། །ཆོ་མ་ཆོ་དགུ་རོ་ལྡན་པ། །ཟས་དང་སྐོམ་ནི་རབ་བཤམས་ཏེ། །རྒྱལ་པོའི་མདུན་དུ་བླངས་ནས་སུ། །ཁ་ཟས་ལ་ནི་ལྕེས་རེག་ ནས༑ ༑རྒྱལ་པོ་རྣམས་ནི་རོ་ལ་ཆགས། །སྡིག་པ་མི་ཆུང་རྣམས་ཀྱང་བྱེད། །གང་ལ་སྙིང་པོ་མེད་པ་ཡི། །མི་རྟག་རོ་ལ་ཆགས་པར་བྱེད། །བདག་ཅག་རྣམས་ལ་སྐོམ་མི་དགོས། ། བཟའ་བ་དག་ཀྱང་དགོས་མ་ཡིན། །བདག་ཅག་སྡུག་བསྔལ་གང་གྲོལ་བ། །ཆོས་ཉིད་དེ་འདྲ་དགོས་མ་ཡིན། །སྲེད་པའི་བཅིངས་ལས་རབ་གྲོལ་ཞིང༌། །སྲེད་པའི་ཉོན་མོངས་རྣམ་ཐར་ ཏེ༑ ༑བཅིངས་པ་ཀུན་ལས་རབ་གྲོལ་བའི། །སངས་རྒྱས་དེ་ལ་སྐྱབས་སུ་དོང༌། །དྲང་སྲོང་ཆེན་པོ་འཇིག་མགོན་ལ། །བདག་ཅག་རྣམས་ནི་སྐྱབས་སུ་འདོད། །སེམས་ཅན་རྣམས་ཀྱིས་ མཐོང་དཀའ་ལ། །ཕྱག་འཚལ་ཕྱིར་ནི་བདག་ཅག་འདོང༌། །ཁྱོད་ཀྱི་མཚན་ནི་མ་འཚལ་གྱི། །སྙན་པའི་མཚན་ནི་བསྟན་དུ་གསོལ། །སྨན་གྱི་སྡེས་སྨྲས་པ། ཁྱེད་དང་སྐྱེ་བོ་ཐམས་ཅད་ དང༌། །དེ་བཞིན་མིང་ནི་ཐོས་པར་འདོད། །སེམས་ཅན་གཞོན་ནུ་བྱེ་བ་ཕྲག །སྟོང་གིས་དེ་བཞིན་གཤེགས་པ་བསྐོར། །དེ་དག་གིས་སྨྲས་པ། ཁྱོད་ནི་སངས་རྒྱས་ཉན་ཐོས་ཏེ། །མིང་ ནི་ཟབ་པར་གྲགས་པ་ཡིན། །སྐྱེ་བོ་ཀུན་ཀྱང་དེ་བཞིན་དུ། །ཁྱོད་ཀྱི་མིང་ནི་ཐོས་པར་འདོད། །སྨྲས་པ། ང་ཡི་མིང་ནི་སྨན་གྱི་སྡེ། །ང་ནི་སེམས་ཅན་རྣམས་ཀྱི་སྨན། །སྨན་རྣམས་ཀུན་གྱི་ དམ་པ་ནི། །ཁྱེད་ཅག་རྣམས་ལ་བཤད་པར་བྱ། །ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི། །ནད་རྣམས་ཐམས་ཅད་ཞི་བར་བྱེད། །འདོད་ཆགས་ནད་ནི་ནད་པོ་ཆེ། །འཇིག་རྟེན་འཇིག་བྱེད་མི་བཟད་པ། ། གང་གིས་བློ་མེད་འཁྱམས་པ་ཡི། །གཏི་མུག་ནད་ནི་ཆེ་ཞིང་དྲག །སེམས་དམྱལ་དེ་བཞིན་དུད་འགྲོ་དང༌། །ཡི་དྭགས་རྣམས་སུ་སེམས་ཅན་འགྲོ་།བྱིས་པ་འདི་དག་ཞེ་སྡང་ཟིན། །དེ་དག་ཇི་ ལྟར་ཞི་བར་འགྱུར། །དེ་དག་གིས་སྨྲས་པ། དགེ་བའི་ཆོས་ནི་འདི་ཐོས་པས། །བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ། །བྱིས་པ་བློ་ནི་མི་ཤེས་པ། །སྡུག་བསྔལ་ཀུན་ལས་གྲོལ་ནས་ཀྱང༌། ། སྡིག་པའི་ལས་ནི་རྣམ་སྤངས་ཏེ། །བདག་ཅག་ཆོས་ཀྱི་སྦྱིན་པ་ཉན། །སྡིག་པ་ཐམས་ཅད་རྣམ་སྤངས་ནས། །འཇིགས་པ་མི་བཟད་རྣམས་ཀྱང་སྤངས། །ནད་རྣམས་ཐམས་ཅད་ཞི་བྱེད་པ། ། སྨན་པའི་རྒྱལ་པོ་སྨན་པ་སྟེ། །སྡུག་བསྔལ་བ་རྣམས་གསོ་བྱེད་པ། །ཡང་དག་སངས་རྒྱས་མྱུར་དུ་བལྟ། །དེ་བཞིན་གཤེགས་ལ་ཕྱག་བྱ་ཕྱིར། །གནས་བརྟན་ཁྱོད་ནི་མྱུར་དུ་བཞུད། ། ཕྱག་བྱས་བདག་ཅག་རྣམས་ཀྱི་ཆོག །འཇིག་རྟེན་རྣམ་པར་འདྲེན་ལ་གསུངས། །ནད་འདི་རབ་ཏུ་ཞི་བར་མཛོད། །ལུས་ནི་ཐམས་ཅད་རབ་འབར་ཏེ། །ཚིག་ཅིང་ཞི་བ་མེད་པ་ཡི། །མི་བཟད་ མེ་ནི་ཞི་བར་མཛོད། །ལུས་ཀྱི་ཁུར་ནི་ཁུར་པོ་ཆེ། །ཤིན་ཏུ་མི་བཟད་རྣོ་བའི་ཁུར། །སྡུག་བསྔལ་གཟིར་བ་བདག་ཅག་ལ། །བརྟུལ་ཞུགས་དམ་པ་ཐུགས་རྗེ་མཛོད། །སྐྱེ་བོ་རྟག་ཏུ་ཞེས་ ༄༅། །སྡང་དང༌། །གཏི་མུག་ནོན་པའི་ཁུར་ཁྱེར་ཏེ། །ཁུར་ལས་ཐར་བ་མི་ཤེས་པ། །དེ་དག་ཡང་དང་ཡང་ཁུར་ཁྱར། །ཐར་པའི་ལམ་ནི་མི་ཤེས་ཤིང༌། །ཐར་པའི་ལམ་ནི་ མ་མཐོང་རྣམས། །འཆི་བ་རྣམ་པར་ཤེས་མོད་ཀྱི། །འོན་ཀྱང་འཇིགས་པ་མི་སྐྱེད་དོ། །བདག་ཅག་ལ་ནི་ནམ་དུ་ཡང༌། །འཆི་བ་མེད་སྙམ་བདེ་བར་གནས། །ཀུན་ཏུ་འཁྲུལ་པས་མ་ཤི་ བ༑ ༑མཐོང་ཡང་རྣམ་པར་མི་ཤེས་སོ། །དེ་དག་ཕ་ཡང་མི་དྲན་ཏེ། །ནད་ཀྱིས་ཀྱང་ནི་རྟག་གཟིར་ཅིང༌། །ཉོན་མོངས་ལས་ཀྱིས་རབ་དཀྲུགས་ན། །ཇི་ལྟར་ཁ་ཟས་ཟ་བར་འགྱུར། །སྡུག་ བསྔལ་ཉམ་ཐག་མི་ཤེས་ཏེ། །བདག་ཅག་ངལ་བ་དོན་མེད་དོ། །ཁྱོད་ཀྱི་སྡུག་བསྔལ་འདི་འདྲ་བ། །མ་རིག་གཞི་ལས་སྐྱེས་པ་འོ། །འདུ་ཤེས་འདུ་བྱེད་ཚོར་བ་རྣམས། །འཇིགས་ཆེན་ལྕི་ བའི་ཁུར་ཡིན་ནོ། །གང་ཆོས་རྣམ་པར་མི་ཤེས་པ། །བྱིས་པ་སྲེད་པས་རབ་ཏུ་འཁྱམས། །ལུས་ཀྱི་ཁུར་གྱིས་བསྐོར་བ་ནི། །འཇིག་རྟེན་དུ་ནི་དོན་མེད་སྐྱེས། །གོས་གཙང་ཞིན་ཏུ་བཟང་ བ་དང༌། །ཁྲུས་དང་བྱུག་པ་དགོས་པ་འོ། །ལུས་ལ་གང་ཡིན་འོང་བ་ཡིན། །ཁ་ཟས་ཞིམ་པོ་དགོས་པ་སྟེ། །ཡིད་འོང་བ་ཡི་སིལ་སྙན་ལྔ། །དེ་བཞིན་རྣ་བས་ཚོར་བར་བྱེད། །རིན་ཆེན་བདུན་ ལས་བྱུང་བ་ཡི། །གཟུགས་ལ་མིག་གིས་ཆགས་པར་བྱེད། །ཞིམ་པའི་རོ་རྣམས་ཐམས་ཅད་ནི། །ལྕེས་ཀྱང་ཚོར་བར་བྱེད་པ་སྟེ། །འཇམ་ཞིང་ཕྲ་བའི་རེག་པ་ཡང༌། །ལུས་ཀྱིས་རྟག་ཏུ་ ཚོར་བར་བྱེད། །ལུས་ཀྱིས་སུ་ནི་ཤ་གཉིས་པོ། །དགའ་བར་ཡང་ནི་བསྒྲུབས་པ་ལས། །སེམས་པ་མེད་པའི་ལུས་འདི་སྐྱེས། །དེ་ལ་དགའ་བ་སུ་ཞིག་རྙེད། །དེ་ན་བདག་རྐང་དགའ་བྱེད་ པ༑ ༑ལྷམ་ནི་རབ་ཏུ་བཟང་གྱོན་ཡང༌། །འཆི་བར་འགྱུར་ཚེ་གོས་རྣམས་དང༌། །བྱུག་པ་སྐྱབས་སུ་མི་འགྱུར་ཏེ། །ལུས་ཀྱང་སྐྱབས་སུ་འགྱུར་མིན་ན། །གོས་དང་བྱུག་པ་སྨོས་ཅི་དགོས། །མི་ ཞེས་བྱ་བ་ལུས་ཡིན་ཏེ། །དབུགས་དང་སྟོབས་ཆེན་རྙེད་པར་འགྱུར། །སོ་སོར་རྟོག་པའི་རྣ་བའི་སྟོབས། །དེ་ནི་ལུས་ལ་ཡོན་ཏན་ཆེ། །སྔོན་ཆང་རྟ་དང་གླང་པོ་ཡིས། །ཀུན་ཏུ་བསྐོར་ནས་རྩེ་ ཞིང་འཁྱམས། །ཐར་པའི་ཆོས་ནི་མ་སྟེར་བས། །བདག་ཅི་སྡིག་པའི་ལས་ལ་ཆགས། །འཇིག་རྟེན་ཕ་རོལ་མ་ཤེས་ནས། །རྩེ་བས་སྡིག་པ་བྱེད་དུ་བཅུག །བདག་ནི་ཡང་དང་ཡང་སྐྱེས་ཏེ། །ཤི་ བ་བདག་ལ་ཡང་འོངས་སོ། །ཡང་དང་ཡང་དུ་མྱ་ངན་མཐོང༌། །སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས། །མ་རྣམས་ཀྱང་ནི་ཤི་བ་མཐོང༌། །ཕ་རྣམས་ཤི་དང་གཉེན་དག་དང༌། །སྲིང་མོ་དང་ནི་ བུ་དག་དང༌། །ཆུང་མ་རྣམས་ཀྱང་ཤི་བ་མཐོང༌། །མངོན་པར་འདུ་བྱེད་ཀུན་སྟོང་ན། །སེམས་དང་བཅས་པ་སུ་ཞིག་ཆགས། །འདོད་པས་ཟིན་པའི་སེམས་ཀྱིས་སུ། །བདག་གིས་ཡིད་བརྟན་རུང་ བར་ཤེས། །ཞི་བའི་ཆོས་ནི་མི་དམིགས་ཏེ། །འཆི་བ་ལ་ནི་མངོན་དགའ་མེད། །དེ་ཕྱིར་འདོད་པས་བསྒྲིབས་སེམས་ཀྱིས། །བདག་གིས་སྦྱིན་པ་མ་བྱིན་ནོ། །དེ་བས་འདོད་དང་མཉམ་སྡིག་མེད།། ༄༅། །དེ་ནི་ད་དུང་མི་ལྡོག་གོ །ཀུན་ཏུ་ནོར་བས་བདག་ཅག་སྐྱེས། །འགྲོ་བ་མཐའ་དག་ཀུན་ཏུ་ནོར། །ཀུན་ཏུ་ནོར་བའི་སྒྲ་ཡང་ཉན། །དམ་ཆོས་མ་ཡིན་ཡོངས་སུ་ འཛིན༑ ༑ཐར་པ་དང་ནི་བསམ་གཏན་བཙལ། །ལུས་ནི་ཀུན་ཏུ་བཀུར་མི་བྱ། །འཇིག་རྟེན་དོན་དུ་འགྲོ་བའི་གཙོ། །སངས་རྒྱས་སྟོན་པ་རྣམས་སུ་ཤོག །སངས་རྒྱས་འཇིག་རྟེན་ཕ་ དང་མ༑ ༑སངས་རྒྱས་ལམ་ནི་རབ་སྟོན་པ། །ཛམྦུའི་གླིང་ནི་ཀུན་ཏུ་ཡང༌། །རིན་ཆེན་ཆར་པ་རབ་ཏུ་འབེབས། །ཆོས་ཀྱི་བསྡུ་བ་ཅི་འདྲ་བ། །སེམས་ཅན་བླུན་པོས་མི་ཤེས་ཏེ། །བྱང་ ཆུབ་ཏུ་ནི་སེམས་བསྔོས་ན། །ཆོས་ཀྱི་བསྡུ་བ་ཐོབ་པར་འགྱུར། །འདུ་བྱེད་ཐམས་ཅད་སྟོང་པ་སྟེ། །དེ་བཞིན་ལོངས་སྤྱོད་ནོར་ཡང་སྟོང༌། །བདག་ཀྱང་སྟོང་པར་མཐོང་བས་ན། །མཐོང་ ནས་རེ་བ་མེད་པར་གྱུར། །གནས་བརྟན་སྨན་གྱི་སྡེ་ཁྱོད་ཀྱིས། །བདག་ཅག་རྣམས་ཀྱི་ཚིག་གསོན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། །ཁྱོད་ནི་ཕོ་ཉར་བཞུད་འཚལ་ལོ། འཁོར་བའི་ཉེས་པ་རྣམས་དྲན་ནས། །བྱང་ཆུབ་སེམས་དཔའ་སྐྱོ་བ་མེད། །བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ་ཆེ། །ཡོན་ཏན་ཀུན་ཏུ་སྡུད་པར་བྱེད། །སྟོན་དེ་དག་ལ་བཞུགས་པར་བཞུད།། སྟོན་པ་བདེ་བར་རབ་སད་ནས། །རྒྱལ་བ་ཅུང་ཟད་མི་སྐྱོ་བར། །བདག་ཅག་སླད་དུ་ཞུ་བ་མཛོད། །ཁྱོད་ཀྱིས་བདུད་ནི་གཞོམ་པ་དང༌། །སྟོབས་དང་བཅས་པ་ཕམ་པར་བྱས། །སེམས་ཅན་ ཐམས་ཅད་ཡོངས་འཛིན་པའི། །ཆོས་ཀྱང་མྱུར་དུ་འབར་བར་བྱས། །གང་གིས་སངས་རྒྱས་འགྱུར་བ་ཡི། །ཆོས་ནི་བདག་ཅག་མ་ཐོས་ཀྱི། །བདག་ཅག་རྣམས་ལ་ཕན་པའི་ཕྱིར། །གནས་བརྟན་ མྱུར་དུ་བཞུད་དུ་གསོལ། །སུམ་ཅུ་རྩ་གཉིས་མཚན་མངའ་བའི། །དེ་བཞིན་གཤེགས་པ་མ་མཐོང་བ། །དེ་སྲིད་བདག་ཅག་མི་རྒལ་ཞེས། །ཐམས་ཅད་གུས་དང་བཅས་པར་གནས། །སྨན་གྱི་ སྡེས་སྨྲས་པ། ཁྱེད་ཅག་དེ་ལྟར་ཅི་ཞིག་མཐོང༌། །རེ་ཞིག་གྱེན་དུ་བལྟ་བར་བྱོས། །དེ་དག་གྱེན་དུ་བལྟས་པ་དང༌། །ཁང་པ་བརྩེགས་པ་སུམ་སྟོང་དང༌། །ལྔ་བརྒྱ་ཐམ་པར་ཚང་བ་ཞིག ། ཀུན་ཏུ་ཡང་ནི་གནས་པར་གྱུར། །རིན་ཆེན་བདུན་གྱིས་ཤིན་ཏུ་སྤྲས། །རིན་ཆེན་དྲ་བས་ལེགས་པར་བརྒྱན། །དབུས་ན་མེ་ཏོག་རབ་ཏུ་རྒྱས། །ལྷ་རྫས་སྤོས་ཀྱང་རབ་ཏུ་བབ། །དེ་ན་གནས་ བརྟན་དྲིས་པ་ནི། །ཁང་བརྩེགས་རིན་ཆེན་དྲ་བ་དང༌། །པདྨ་ཟེ་བར་ཀུན་གནས་པར། །འདི་ན་སྣང་བ་འདི་ཅི་ཞིག །སྨན་གྱི་སྡེས་སྨྲས་པ། གནས་འདི་དག་ནི་ཁྱེད་ཀྱི་སྟེ། །སངས་རྒྱས་བལྟ་ བའི་ཕྱིར་དེངས་ཤིང༌། འཇིག་རྟེན་འདས་གཙོ་གང་ཡིན་པ། །འཇིག་རྟེན་སྣང་བྱེད་དེ་ལ་ཐུད། །དེ་དག་གིས་སྨྲས་པ། དེ་ཡི་ལམ་ཡང་མ་འཚལ་ཏེ། །དེ་བཞིན་གཤེགས་པའང་མ་མཐོང་ ན༑ ༑གང་ན་ལམ་ཡང་མ་འཚལ་བས། །ཕྱག་འཚལ་དུ་ནི་གང་དུ་མཆི། །སྨན་གྱི་སྡེས་སྨྲས་པ། ནམ་མཁའ་མཐའ་ཡས་ཇི་བཞིན་དུ། །རེག་པར་རུང་བ་མ་ཡིན་པས། །བདུད་རྩི་རབ་སྦྱིན་ ༄༅། །སྟོན་པ་ལ། །ཕྱག་འཚལ་ཕྱིར་ནི་འགྲོ་མི་ནུས། །ཇི་ལྟར་རི་རབ་གནས་པ་ལྟར། །སྟོན་པ་དེ་ཡང་གནས་ན་བཞུགས། །རི་རབ་གཞལ་དུ་རུང་བ་ཡིན། །རྒྱ་མཚོ་ ཆེན་པོ་གཏིང་ཚོད་ཟིན། །སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང༌། །སངས་རྒྱས་འབྱུང་བ་ཤེས་མ་ཡིན། །བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས། །འཇིག་རྟེན་སྣང་བར་མཛད་ལ་ འདུད༑ ༑སྨྲས་པ། འཇིག་རྟེན་མགོན་པོ་བདག་ཅག་གཟིགས། །བདག་ཅག་བསམ་པ་རྫོགས་པར་མཛོད། །བདག་ཅག་སེམས་ཀྱིས་སྟོན་པ་ལ། །ཕྱག་བགྱིས་དེ་ནས་འབྲས་བུ་ཐོབ།། སྨན་གྱི་སྡེས་སྨྲས་པ། སྟོན་པ་དྲིལ་མི་ཆགས་ཏེ། །ཕྲེང་བ་མ་ཡིན་བྱུག་པ་མིན། །གང་གིས་འདུས་བྱས་གྲོལ་འགྱུར་བ། །སེམས་ཅན་རྣམས་ཀྱི་རྒྱུ་འཛིན་ཏོ། །གང་གིས་ཡིད་ནི་ བཏུལ་བྱས་ཤིང༌། །སངས་རྒྱས་ལ་ཡང་སྐྱབས་སོང་བ། །དེ་ལ་བདུད་ནི་མི་བཟད་མཆོག །འཐབ་མོ་རྒོལ་བར་མི་བྱེད་དོ། །འཆི་བའི་དབང་དུ་མི་འགྲོ་ཡི། །གཟུངས་ནི་མྱུར་དུ་རྙེད་ པར་འགྱུར། །དེ་སེམས་རབ་ཏུ་དང་བྱས་ནས། །དེ་ནས་སྟོན་པ་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་པིངྐའི་སྒྲ་སྐད་ཡིད་དུ་འོང་བ་འཛུམ་ པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། འོད་ཟེར་དེ་དག་གིས་ཐམས་ཅད་དང་ ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར། སེམས་ཅན་དམྱལ་བ་ཆེན་པོ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཁྱབ་པར་གྱུར། ལྷའི་གནས་ སུམ་ཅུ་རྩ་གཉིས་ཀྱང་སྣང་བར་གྱུར། འོད་ཟེར་དེ་དག་ཀྱང་ཁ་དོག་སྣ་ཚོགས་ཤ་སྟག་ལ་འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་དང༌། ཤེལ་ དང༌། དངུལ་གྱི་ཁ་དོག་ལྟ་བུ་སྟེ། འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བདེ་ བར་སྦྱར་བ་ཐམས་ཅད་བགྱིས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བགྱིས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་པའི་འཛུམ་པ་མཛད་ པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། ༄༅། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་ སྡེ༑ ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་གཞོན་ནུ་ བྱེ་བ་སྟོང་ཕྲག་སུམ་ཅུ་བྱུང་བ་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས་སེམས་ཅན་རྒན་པོ་རྣམས་ལ་སེམས་ཅན་རྒན་པོ་ཁྱེད་རྣམས་ནི། ཆོས་མི་ ཤེས་པའོ། །རྟག་ཏུ་ཆོས་མ་ཡིན་པ་དང༌། མི་དགེ་བ་ལ་ཆགས་པའོ། །ཞེས་ཕྲ་མོ་རྣམས་མི་སྙན་པ་མཆི་ཞིང་ཡོངས་སུ་བརྗོད་ལ་གནོད་པ་བགྱིད་ན། བཅོམ་ལྡན་འདས། དེ་ ཅིའི་སླད་དུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེ་དག་ཅིའི་ཕྱིར་ཚིག་འདི་སྐད་སྨྲ་བ་མི་ཤེས་སམ། དེ་དག་ ནི༑ དེ་བཞིན་གཤེགས་པ་ལ་འཇམ་ཞིང་ཤིན་ཏུ་སྙན་པ་སྨྲས་སྟེ། ཆོས་ཀྱང་ཐོས་པས་སྨན་གྱི་སྡེ། དེའི་ཕྱིར་དེ་དག་ཆོས་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུར། ཡོན་ ཏན་ཐམས་ཅད་དང་ལྡན་པར་འགྱུར། དེ་དག་ཐམས་ཅད་གཟུངས་རྟོགས་པར་འགྱུར། དེང་ཕྱིན་ཆད་ས་བཅུ་ལ་གནས་པར་འགྱུར། དེང་ཆོས་ཀྱི་རྔ་ཆེན་པོའི་སྒྲ་འབྱིན་པར་ འགྱུར༑ དེང་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ། ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་བ། བཅོམ་ལྡན་འདས། མཐོང་ལགས་སོ། །བདེ་ བར་གཤེགས་པ། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་འདི་དག་གི་ནང་དུ་ ཞུགས་ནས་ཆོས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ། །དེང་ཉིད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེང་ཆོས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ་། ལྷའི་རིས་དུ་མ་ཞིག་དེང་ཆོས་མངོན་པར་རྟོགས་པ་ཐོབ་པར་བྱེད་པར་འགྱུར་རོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་པོ་དག་ཀྱང་དེ་བཞིན་གཤེགས་ པའི་ཡེ་ཤེས་བསྟན་པ་ཐོས་ནས་འཁོར་བ་བསྙིལ་ཏེ་རྒྱལ་བར་འགྱུར་རོ། །དེའི་ཚེ་སེམས་ཅན་རྒན་པོ་བྱེ་བ་སྟོང་ཕྲག་དགུ་བཅུ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་ དག་ཐམས་ཅད་ཀྱང་ཆོས་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ། དེ་དག་ཐམས་ཅད་ནི། སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། །སྨན་གྱི་སྡེ། དེ་དག་ཐམས་ཅད་ནི། དེ་ བཞིན་གཤེགས་པ་མཐོང་བ་སྒྲུབ་པར་འགྱུར་རོ། །སྨན་གྱི་སྡེ། དེ་དག་ཐམས་ཅད་ནི། ཆོས་ཆེན་པོའི་སྒྲ་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ། ཕྱོགས་བཞིར་ལྟོས་ཤིག །བྱང་ཆུབ་སེམས་ ༄༅། །དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་ཕྱོགས་བཞི་ཀུན་ཏུ་བལྟས་པ་དང༌། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་ལྔ་བཅུའི་བྱེ་མ་སྙེད་འོང༌། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་དྲུག་ཅུའི་བྱེ་མ་སྙེད་འོང༌། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་བདུན་ཅུའི་བྱེ་མ་སྙེད་འོང༌། བྱང་ཕྱོགས་ ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང༌། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང༌། སྟེང་གི་ཕྱོགས་ ནས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྷགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་ དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ནམ་མཁའ་བར་སྣང་ལ་གཟུགས་ནག་པོ་དང༌། གཟུགས་ དམར་པོ་གདའ་བ་ཅི་ཞིག་ལགས། བཀའ་སྩལ་པ། སྨན་གྱི་སྡེ། གང་བར་སྣང་ལ་གཟུགས་ནག་པོ་དང༌། གཟུགས་དམར་པོ་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས་པས་ ནི༑ མཁྱེན་ཏེ། སྨན་གྱི་སྡེ། འདི་ནི། བདུད་ཡིན་ནོ། །སྨན་གྱི་སྡེ། མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས། འཚལ་ལོ། །བདེ་བར་གཤེགས་པ། འཚལ་ལོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་པ་འདི་ལྟ་བུ་ལྷགས་སོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་ དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཀའ་སྩལ་པ། སྨན་གྱི་སྡེ། སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་ཏེ། དེ་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ ཆོས་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ། ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་འདིར་ལྷགས་པ་དང༌། རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱིན་གྱི་རླབས་སྣ་ཚོགས་འདི་ལྷགས་པ་དག་མཐོང་ ངམ༑ གསོལ་པ། བདག་གིས་ནི། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང༌། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས། ཁ་དོག་སྣ་ཚོགས། དབྱིབས་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ་ གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས་ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང༌། བྱང་ཆུབ་སེམས་དཔའ་གསར་རྙིང་དེ་དག་ཀུན་དང༌། ཐམས་ཅད་དང་ ༄༅། །ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་ པར་བསྟོད་དོ། །འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུས་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་ སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། Copyright © 2012 by the Asian Classics Input Project. All rights reserved.