Loading

འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
མདོ་སྡེ།
not checked
རྒྱ་གར་ སྐད་དུ༑ ཨཱཪྻ་མ་ཧཱ་བྷེ་རཱི་ཧཱ་ར་ཀ་པ་རི་བརྟ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་བོ་དང་པོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་དག་དང་ཐབས་ཅིག་གོ། ལྷ་དང༌། ཀླུ་ དང༌། གནོད་སྦྱིན་དང༌། དྲི་ཟ་མང་པོ་དང་ཡང་ཐབས་ཅིག་གོ །དགེ་བསྙེན་དང༌། དགེ་བསྙེན་མ་བརྒྱ་སྟོང་མང་པོ་དང་ཡང་ཐབས་ཅིག་གོ །མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། ལྷ་ རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། འཇིག་རྟེན་སྐྱོང་བ་བཞི་དག་དང་ཐབས་ཅིག་གོ །འདི་ལྟ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་དགེ་སློང་དང༌། དགེ་སློང་མ་དང་ དགེ་བསྙེན་དང༌། དགེ་བསྙེན་མ་བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་ཅིག་གོ །དེ་ནས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ནི། འདི་ལྟ་སྟེ། འཁོར་བཞི་པོ་རྣམས་ཀྱི་ནང་དུ་ འདི་ལྟ་བུའི་ཆོས་ཀྱི་གཏམ། སྲིད་ཡོད་བདེ་དང་སྡུག་བསྔལ་ཏེ། །ཟད་དང་གཏན་ཡོད་མ་ཡིན་ནོ། །དེ་ལྟས་བདེ་སྡུག་སྤངས་པའི་ཕྱིར། །མྱ་ངན་འདས་པ་མཆོག་ཏུ་བདེ། །ཞེས་སྟོན་པར་ མཛད་དོ། །འདིར་སྨྲས་པ། ཅིའི་ཕྱིར་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་བཞུགས་སོ། །ཞེས་བྱ་བ་དེའི་གཏན་ཚིགས་བརྗོད་པར་བྱ་ སྟེ༑ ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་མང་པོ་དང༌། འཁོར་མང་པོའི་གཙོ་བོ་དང་ལྡན་པ། འཁོར་རྟག་ཏུ་མི་ཕྱེད་པ། རྨད་ དུ་བྱུང་བའི་ཆོས་དང་ཆོ་འཕྲུལ་མང་པོ་མངའ་བའོ། །ཞེས་སྒྲ་གྲགས། གལ་ཏེ་དེ་ལྟ་ན་ནི། འཁོར་ལྔ་བརྒྱར་ཟད་ན། བཅོམ་ལྡན་འདས་འཁོར་བྱེ་བ་ཅན་དུ་འགྱུར་རོ། །ཡང་འདིར་ སྨྲས་པ། འདུལ་བ་ཐམས་ཅད་ལ་མངའ་སྒྱུར་བའི་སྟོབས་མངའ་བས་མཉན་ཡོད་ན་དེ་བཞིན་གཤེགས་པ་དགེ་སློང་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་སོ། །ཞེས་ཚིག་ཏུ་གསུངས་ ༄༅། །པ༑ ཅི་དཔེར་ན། མས་བུ་ཁུར་དུ་ཐོགས་ཏེ་རང་གི་ཡུལ་ནས་ཡུལ་གཞན་དུ་འགྲོ་བ་ན་རང་གི་བུ་སྤྲོ་བསྲིང་བའི་ཕྱིར་བུ། གྲོང་འདི་ཉེའོ། །ཞེས་བྱ་བའི་ ཚིག་སྨྲ་བ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་འགྲོ་བ་རྗེས་སུ་སྲུང་བ་རྣམས་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་ཅིག་གོ །ཞེས་བྱ་བ་ཡིན་ནམ་ཞེ་ན། དེ་དག་ལ་སྨྲས་པ། དགེ་སློང་དག །ཆོས་ཀྱི་གཏམ་འདི་ནི། ལན་གསུམ་དུ་བཟླས་པ་ཡིན་ཏེ། དེ་བས་ན། དགེ་སློང་ལྔ་བརྒྱ་ཙམ་ཞེས་བྱ་བ་དེ་དག་ནི། སྐྱེས་བུའི་གཙོ་བོ་རྣམས་ཡིན་པར་རིག་པར་ བྱ་སྟེ༑ དོན་གཞན་ནི། མ་ཡིན་ནོ། །དཔེར་ན། ཁྱུ་མཆོག་རེ་རེ་ལའང་བ་ལང་གི་ཚོགས་ཡོད་པ་བཞིན་དུ་སྐྱེས་བུའི་གཙོ་བོ་ལའང་སློབ་མ་ལྔ་བརྒྱ་ཡོད་དེ། རེ་རེ་ལའང་སློབ་མ་ ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །དེ་ལྟ་བས་ན། ཉན་ཐོས་ཆེན་པོ་ལྔ་བརྒྱ་ཙམ་ཞེས་བྱ་སྟེ། འདི་ལྟ་སྟེ། འོད་སྲུང་ཆེན་པོ་དང༌། དེ་བཞིན་དུ་ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཆེན་པོ་ ལྔ་བརྒྱ་ཙམ་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། གླང་པོ་ཆེན་པོ། ཅང་ཤེས་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་ རབ་ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་ བས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པ། མི་སློབ་པ་རྣམས་དང༌། སློབ་བ་རྒྱུན་དུ་ཞུགས་པ་དང༌། ལན་ གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་དང༌། ཟག་པ་ཟད་པའི་ཆོས་ཅན་གྱི་དགེ་སློང་གི་ཚོགས་དུ་མ་དག་དང༌། ཡོན་ཏན་བརྒྱ་སྟོང་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཕྱོགས་བཅུ་ནས་ལྷགས་པ་གང་ཡིན་པ་དེ་དག་གི་ཚད་ཀྱང་འཇམ་ དཔལ་མ་གཏོགས་པ་རྩིས་མཁན་ནམ། རྩིས་མཁན་གྱི་སློབ་མས་ཀྱང་བགྲང་བར་མི་ནུས་ཤིང་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀྱང་མི་ནུས་པ་ལ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་གྲངས་མེད་པ་དཔེར་ན། ཤིང་ཆེན་པོ་སྣད་པའི་ཤིང་ཤུན་རྣམས་ འབྱུང་བ་དེ་བཞིན་དུ་ས་ཆེན་པོ་འདི་ཤུན་པ་བཞིན་དུ་བརྟུལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་ཅིང་གྲངས་མེད་པ་གང་ཡིན་པ་དེ་དག་གི་ཚད་ཀྱང་རྩིས་ ༄༅། །མཁན་ནམ། རྩིས་མཁན་གྱི་སྣ་ཆེན་པོ་ལ་གཏོགས་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་པ་ལྷགས་པ་རྣམས་དང༌། སྲིང་མོའི་ཚོགས་དགེ་སློང་ མ་དེས་མ་ལ་སོགས་པ་དང༌། རི་དྭགས་འཛིན་གྱི་མ་ས་ག་དང༌། བཙུན་མོ་ཕྲེང་ལྡན་མ་ལ་སོགས་ཏེ། དགེ་བསྙེན་མ་དུ་མ་དང༌། ཁྱིམ་བདག་བཟང་སྦྱིན་ལ་སོགས་པ་དགེ་བསྙེན་ དུ་མ་དག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་མང་པོ་དེ་དག་ཐམས་ཅད་ཀྱི་གུང་ལ་བཞུགས་ནས་བཅོམ་ལྡན་འདས་ཆོས་ཀྱི་སྒོ་སྟོན་ཏོ། །དེ་ནས་དེའི་ཚེ་ ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་མལ་ནས་ལངས་ཏེ་བསམ་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བར་བྱའོ་སྙམ་ནས་དེ་ནས་དེ་རང་གི་མལ་ནས་ལངས་པ་དང་ རྒྱལ་པོ་གཤེགས་སོ། །ཞེས་རྔ་པོ་ཆེ་ཆེན་པོ་དག་ནི། རྡུང༌། དུང་དག་ནི། འབུད། གདུགས་དང༌། རྒྱལ་མཚན་དང༌། བ་དན་མང་པོ་བསྒྲེང་བ་དག་ནི། ནམ་མཁའ་ལ་ཉི་མའི་ འོད་བཞིན་དུ་ཀུན་ཏུ་སྣང་ངོ༌། །བཅོམ་ལྡན་འདས་ནི། མཁྱེན་བཞིན་དུ་རྨེད་པ་ཡིན་པས་དེ་ནས་དེ་ན་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་ བོ༑ རྔ་བོ་ཆེ་ཆེན་པོ་དག་གི་སྒྲ་དང༌། དུང་དག་གི་སྒྲ་གྲག་པ་འདི་ཅི་ཞིག །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ས་སྐྱོང་བའི་རྒྱལ་པོ་གསལ་རྒྱལ་དམ་པ་འདིར་ མཆིས་ཏེ། དེའི་རྔ་བོ་ཆེ་དག་བརྡུངས་བའི་སྒྲ་ཆེན་པོ་འབྱིན་པ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། ཅིའི་ཕྱིར་རྔ་བོ་ཆེའི་སྒྲ་འབྱིན། གསོལ་པ། རྒྱལ་པོ་ཤཱཀྱའི་མགོན་པོ་བལྟ་ཞིང་ མཆི་བ་དེས་རང་གི་དཔུང་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདེང་གི །ཆོས་ཤིག་ཅེས་གོ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། །ཁྱོད་ ཀྱིས་ཀྱང་ཆོས་ཀྱི་རྔ་བོ་ཆེ་བརྡུངས་ལ་ཆོས་ཀྱི་དུང་བུས་ཤིག་དང༌། ངས་དེ་ནས་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་མདོ་བཤད་དོ། །གསོལ་པ། བཅོམ་ལྡན་འདས། བདག་གིས་རྔ་བོ་ཆེ་ ཆེན་པོ་ཞེས་བགྱི་བའི་མདོ་སྔོན་ནམ་ཡང་མ་ཐོས་ལགས་ན། རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་ཆོས་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཅི་ཁྱོད་ཀྱིས་ ཤེས་པར་འགྱུར་སྙམ་མམ། རེ་ཞིག་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་འདི་ལྟར་རྔ་བོ་ཆེ་ཆེན་པོའི་མདོ་ཡིག་ འབྲུ་བཞི་ཙམ་ཡང་མི་ཤེས་ན། ཁྱོད་ཀྱིས་ལྟ་སྔོན་མ་ཐོས་པ་ཇི་ལྟར་ཤེས། གསོལ་པ། བཅོམ་ལྡན་འདས། ཆོས་འདི་དེ་ལྟར་རྙེད་དཀའ་བ་ནི། ངོ་མཚར་ཆེ་ལགས་སོ། །དེ་བཞིན་ གཤེགས་པས་བཀའ་སྩལ་པ། ཀུན་དགའ་བོ། མདོ་འདི་ནི། ཤིན་ཏུ་རྙེད་པར་དཀའ་སྟེ། ཀུན་དགའ་བོ། རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོ་འདི་ནི། འདི་ལྟ་སྟེ། དཔེར་ན། འཇིག་རྟེན་ན་ ༄༅། །མེ་ཏོག་ཨུ་དུམྦ་ར་རྙེད་པ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། འདི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཉིད་མ་ལགས་ སམ༑ བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། འདི་ནི། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིའང་ཆོས་ཉིད་ཡིན་ནོ། །གསོལ་ པ༑ གལ་ཏེ་འདི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཉིད་ལགས་ན། ཅིའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དང་དེ་ དག་ཏུ་མ་བཤད་ཅིང་རབ་ཏུ་མ་བསྟན་ལ། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་མཆོག་འདི་དག་འདིར་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ ཀུན་དགའ་བོ། དཔེར་ན། འདི་ན་དགེ་སློང་དགོན་པ་པ་འགའ་ཞིག་རི་བོའམ། དེ་འབབ་ཆུའི་འགྲམ་མམ། ཕུག་ཅིག་ན་འདུག་འདུག་པ་ལས་ནམ་ལངས་ནས། གྲོང་ངམ། གྲོང་ཁྱེར་ཞིག་ཏུ་བསོད་སྙོམས་ཀྱི་ཕྱིར་སོང་ན་དེས་སྦྲུལ་ལམ། ཁྱིའམ། མི་ཤི་བའི་རོའམ། ཤི་བའི་རོ་གང་ཡང་རུང་བ་མཐོང་ངོ༌། །དེས་དེ་མཐོང་ནས་ཨེ་མའོ་ཀྱི་ ཧུད༑ ཨེ་མའོ་ཀྱི་ཧུད། བདག་ཀྱང་ཡུན་རིང་པོར་འཁོར་བར་འཁོར་བ་ན་འདི་ལྟ་བུའི་གནས་སྐབས་དག་ཉམས་སུ་མྱོང་བར་གྱུར་པས་ང་སྲིད་པ་ནི། ཐ་ཆད་ཡིན་ནོ། །ཞེས་ བྱ་བར་གྱུར་ཏེ། །དེ་ནས་དེ་དུས་གཞན་ཞིག་ན་སྙིང་དགའ་བར་གྱུར་པའི་ཆོས་འགའ་ཞིག་གིས་ཡིད་བདེ་བ་དང༌། དེ་ནས་ཡང་མི་སེམས་པ་ལས་ཡང་དེས་རོ་མཐོང་སྟེ། དེ་མཐོང་བགཡ་ ན་ད་ཡིད་བྱུང་བར་གྱུར་ནས་དེ་ཕྱིར་ཞིང་གྲོང་ཁྱེར་རམ། རི་བོར་རམ། ལུང་པའི་མདོར་རྒྱུ་ཞིང༌། དེ་དེ་ལྟར་རྒྱུ་བ་ན་ཤི་ནས་ཞག་གཅིག་ལོན་པའམ། ཤི་ནས་ཞག་གཉིས་ལོན་པའམ་ ཞེས་བྱ་བ་ནས་མི་རོ་མཐོང་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་མཐོང་བ་ཁོ་ནས་འབྲས་བུའི་མཆོག་དགྲ་བཅོམ་པ་མངོན་གསུམ་དུ་བྱེད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སྡུག་བསྔལ་གྱི་གཏམ་ཡང་མི་གསུང༌། མི་རྟག་པའི་གཏམ་ཡང་མི་གསུང༑ བདག་མེད་པ་དང༌། མི་གཙང་བའི་གཏམ་ ཡང་མི་གསུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ནི། དེ་དག་གི་ཆོས་ཉིད་ཡིན་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་དེ་དག་གིས་དགོས་པའི་དོན་དུ་ནི། རང་ རང་གི་སངས་རྒྱས་ཀྱི་ཞིང་དག་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་སྐད་ཅེས་རིགས་ཀྱི་བུ་དག །རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་ རྣམས་སེམས་ཅན་རྣམས་ཀྱི་དོན་དུ་ཞིང་གི་སྙིགས་མ་སྙིགས་མ་ལྔ་ཅན་གྱི་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་འབྱུང་བ་ནི། དཀའ་བ་མཛད་པ་ཡིན་ཏེ། དེ་ལྟ་བས་ན། རིགས་ཀྱི་བུ་ ༄༅། །དག །ཁྱོད་ཀྱིས་ཀྱང་དེ་ལྟར་བསླབ་པར་བྱའོ། །ཞེས་རབ་ཏུ་འཇོག་པར་མཛད། འདོམས་པར་མཛད་དོ། །དེ་ནས་དེ་དག་ལྟ་འདོད་ཅིང་ཕྱག་བྱེད་པར་འདོད་པར་ འགྱུར་ཏེ། དེ་དག་ལྟ་འདོད་ཅིང་ཕྱག་བྱེད་པར་འདོད་པ་ན་དེ་དག་གིས་དེ་རྣམས་ཉེ་བར་བསྟན་པས་དེའི་ཕྱིར་དེ་དག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོང་བར་འགྱུར་ཞིང་ འོངས་ནས་ཁ་ཅིག་ནི། ས་དང་པོ་ཐོབ་པར་འགྱུར། ཁ་ཅིག་གིས་ནི། ས་བདུན་པ་དང༌། བརྒྱད་པ་དང༌། དགུ་པ་དང༌། བཅུ་པའི་བར་དག་ཀྱང་ཐོབ་པར་འགྱུར་རོ། །ཀུན་དགའ་བོ། དེ་ལྟ་བས་ན། རྔ་པོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ནི། ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཕྱོགས་བཅུ་ནས་ལྷགས་པའི་འཁོར་འདི་དག་ཐམས་ཅད་ཉན་པར་འདོད་པའང་དེའི་ ཕྱིར་རོ༑ ༑ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ལེགས་སོ། །ཐམས་ཅད་ལྷགས་པ་ལེགས་སོ། །ལྷགས་པ་ལེགས་སོ། །འདི་དག་ཐམས་ཅད་ཀྱིས་ཤིན་ཏུ་རྙེད་པར་ དཀའ་བའི་མདོ་འདི་འདྲ་བ་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཐམས་ཅད་ཀྱི་ཐུན་མོང་ལྟར་མདོ་འདི་ཐུན་མོང་མ་ཡིན་པས་ལྷགས་ པ་ལེགས་སོ། །ཞེས་ཚིག་ཏུ་མ་རྗོད་ཅིག །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཐམས་ཅད་ལྷགས་པ་ལེགས་སོ། །ལྷགས་པ་ལེགས་སོ། །ཞེས་མི་བགྱི་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། མདོ་འདི་ནི། ཟབ་ཅིང་རྟོགས་པར་དཀའ་བ། ཡིད་ཆེས་ཤིང་དད་པར་དཀའ་བ། སངས་རྒྱས་ཀྱི་གསང་བ་ཡིན་ཏེ། ཀུན་དགའ་བོ། དེའི་ཕྱིར་ འོངས་པ་དང༌། མ་འོངས་པ་ཐམས་ཅད་ལ་ལྷགས་པ་ལེགས་སོ། །ལྷགས་པ་ལེགས་སོ་ཞེས་ཚིག་ཏུ་མ་རྗོད་ཅིག །གསོལ་པ། བཅོམ་ལྡན་འདས། ཅི་ལགས། ཡུལ་ཀོ་ས་ལའི་རྒྱལ་པོ་ གསལ་རྒྱལ་གཡུལ་འགྱེད་པའི་དུས་སུ་རྔ་བོ་ཆེའི་སྒྲ་འབྱིན་པ་དང༌། ཁར་དཀྲོལ་རྡེབ་པ་དེའི་ཚེ་དཔུང་གི་ཚོགས་ཐམས་ཅད་ཀྱི་མ་ལགས་སམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་དགའ་བོ། རྔ་བོ་ཆེ་དེ་ཉིད་གང་གི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཕ་རོལ་གྱི་དཔུང་དང་ལྷན་ཅིག་གཡུལ་འགྱེད་པ་དེའི་དུས་སུ་ཇི་ཙམ་ན་རྔ་བོ་ཆེའི་སྒྲ་བྱུང་བ་ དེའི་ཚེ་སེམས་ཅན་མང་པོ་དག་ནི། ཐོས་ནས་དགའ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྔར་མའི་རིགས་ཅན་གཞན་དག་ནི། སྒྲ་དེ་ཐོས་ན་དེ་ཉིད་ཀྱིས་དེ་དག་འཆི་བའམ་ འཆི་བ་ལ་ཐུག་པའི་སྡུག་བསྔལ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ། དེའི་ཕྱིར་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ནི། ཀུན་དགའ་བོ། ཁྱོད་ཀྱིས་ཀྱང་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ཆོས་ཀྱི་སྒོའི་མདོ་འདི་ལ་ནི། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་ཡིད་ཆེས་པར་མི་འགྱུར་རོ། །ཀུན་དགའ་བོ། དེ་ལྟ་བས་ན། རྒྱུ་དེས་ན་གང་གི་ཚེ་ ༄༅། །ཡུལ་ཀོ་ས་ལའི་རྒྱལ་པོ་གཡུལ་འགྱེད་པའི་དུས་སུ་རྒྱལ་པོ་རྔ་བོ་ཆེའི་སྒྲ་འབྱིན་པ་ཇི་ལྟ་བ་དེ་བཞིན་དུ་རྔ་བོ་ཆེ་ཆེན་པོའི་མདོ་འདིའང་སངས་རྒྱས་ཀྱི་གསང་བ་ ཡིན་ཏེ༑ སངས་རྒྱས་པའི་དུས་སུ་གསུང་བར་འགྱུར་རོ། །དེ་ནས་དེ་ན་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་བོས་ཏེ། བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ སྲུང༌། ཅི་དགེ་སློང་འདི་དག་དད་པ་ཅན་ཚུལ་དང་མཐུན་པ། མཐུ་དང་ལྡན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེའི་དོན་ཅི་ལགས། བཀའ་སྩལ་པ། འོད་སྲུང༌། སེམས་ཅན་སྦུན་པ་ལྟ་བུ་མ་ཡིན་པ་དེ་དག་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ཉན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། དེའི་སླད་དུ་གནས་བརྟན་མཽངྒལ་གྱི་བུ་ཆེན་ པོའང་རང་ལ་སྨོད་པར་བགྱིད་ཅིང༌། བཅོམ་ལྡན་འདས། ཇི་ལྟར་བདག་ཀྱང་གལ་ཏེ་དེ་འདྲ་བའི་དགེ་སློང་དག་མཆིས་ན་དེ་དག་གི་ནང་དུ་མཆིས་པ་མ་ལགས་ན། དེ་བཞིན་ གཤེགས་པ་བཞུགས་པ་ལྟ་ཅི་སྨོས་ཏེ། དགེ་སློང་ཚུལ་ཁྲིམས་འཆལ་པ་དང༌། ཚུལ་ཁྲིམས་དང་མི་ལྡན་པ་གང་ལགས་པ་དེ་དག་ནི། མ་མཆིས་ལགས་སོ། །བཅོམ་ལྡན་འདས། འཁོར་འདི་ཐམས་ཅད་ནི། ཚུལ་ཁྲིམས་སྲུང་བ། ཚུལ་དང་མཐུན་པ་ལགས་ཏེ། འཁོར་གྱི་དཀྱིལ་འཁོར་ན་དེ་དག་ནི། ཙནྡན་གྱི་སྙིང་པོ་འདྲ་བ་ཤ་སྟག་ལགས་སོ། །བཀའ་སྩལ་ པ༑ འོད་སྲུང༌། འཁོར་འདི་ཐམས་ཅད་ཚུལ་ཁྲིམས་སྲུང་པ། ཚུལ་དང་ལྡན་པ་ཡིན་ཡང་ཅི་དགོངས་པའི་ཚིག་ལ་མཁས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དགོངས་པའི་ཚིག་ ཅེས་བགྱི་བ་ཅི་ལགས། བཀའ་སྩལ་པ། འོད་སྲུང༌། དགོངས་པའི་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ད་ལྟར་འདི་ལས་དེ་བཞིན་ གཤེགས་པ་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ། ཡོངས་སུ་མྱ་ངན་ལས་འདས་ཀྱང་ཉམས་པར་མི་འགྱུར་བ་ཞེས་བྱ་བ་སྟེ། མདོ་འདི་ནི། དགོངས་པའི་ཚིག་ཅེས་བྱའོ། །འོད་ སྲུང༌། མི་མཐུན་པའི་མདོ་དག་པ་འོད་གསལ་བ་འདི་ནི། སེམས་ཅན་དམན་པ་རྣམས་ཀྱིས་རྒྱུ་དང་གཏན་ཚིགས་བརྒྱ་སྟོང་གིས་རིག་པར་བྱ་དགོས་སོ། །འོད་སྲུང༌། དེ་ལྟ་བས་ན། ཡང་ཁྱོད་ཀྱིས་རེ་ཞིག་འཁོར་འདི་རྟོགས་ཤིག །དེ་ནས་དེའི་ཚེ་གནས་བརྟན་འོད་སྲུང་ཆེན་པོས་སེམས་ཅན་ལྷགས་པ་འདི་དག་ཅི་འདྲ་བ་ཞིག་ཡིན་པར་བལྟས་སོ། །དེ་ནས་སྐད་ཅིག་ དེ་ཉིད་ལ་རྒྱ་ཆེན་པོ་མ་ཡིན་པའི་སེམས་ཅན་རྣམས་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་གང་ ཡིན་པ་དེ་དག་ཐམས་ཅད་རང་རང་ལ་སྨོད་པར་བྱེད་དེ། དཔེར་ན། གྱད་ཀྱི་ཚོགས་ཆེན་པོར་རྒྱལ་པོའི་གྱད་སྟོང་ཐུབ་པ་ཞིག་སྟན་ལས་ལངས་ཏེ། འདི་ན་ཁོ་བོ་དང་ལྷན་ཅིག་འགྱེད་པར་ ༄༅། །འོས་པའི་རྒོལ་ཕོད་པ་གང་ཡིན་པ་དེ་སུ་ཡོད་ཅེས་དྲིལ་བསྒྲགས་པ་དང༌། དེ་ནས་དེ་ན་རྒོལ་བར་མ་འོས་པའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ནི། བདག་ཅག་གསོད་པར་འགྱུར་གྱི། འདི་དང་ལྷན་ཅིག་བདག་ཅག་འགྱེད་པར་མི་ནུས་སོ། །ཞེས་རང་གིས་རང་ལ་སྨད་ནས་ཅང་མི་སྨྲ་བར་འགྱུར་རོ། །དེ་ནས་གལ་ཏེ་དེས་དེར་ གྱད་ཀྱི་ཟླ་འགའ་ཡང་མ་རྙེད་ན། དེ་དེ་ན་དཔའ་བོ་གྱད་ཟླ་མེད་དུ་གྱུར་ཅིང་རུ་མཚོན་འཛུགས་པ་དེ་བཞིན་དུ་དེ་ན་རྒྱ་ཆེན་པོ་མ་ཡིན་པའི་སེམས་ཅན་ཉན་ཐོས་དང༌། རང་སངས་ རྒྱས་ཀྱི་ཐེག་པ་ཅན་རྣམས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་རྣམས་ཀྱང་བདག་ཅག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་ མྱ་ངན་ལས་འདས་བཞིན་དུ་ཡང་ང་ནི། རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ་ཡིན་ནོ། །ཞེས་སྟོན་པ་འདི་ནི། རྟོགས་པར་མི་ནུས་སོ། །ཞེས་འདོར་བར་བྱེད་དོ། །དེ་ཅིའི་ཕྱིར་ ཞེ་ན༑ དེ་དག་ནི། ཡུན་རིང་པོར་སྟོན་པ་ཉིད་ཀྱི་ལྟ་བ་ཉམས་པར་བྱེད་པའི་ལྟ་བ་བསྒོམས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དམན་པའི་སེམས་ཅན་རྣམས་ཀྱིས་མདོ་དག་པ་ འདི་ཐོས་ནས་དོང་ངོ༌། །ཕྱོགས་བཅུ་དེ་དང་དེ་དག་ནས་ལྷགས་པའི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཅན་དང༌། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ གང་དང་གང་དག་ཡིན་པ་དེ་དང་དེ་དག་དང་ལྷན་ཅིག་ཏུ་གང་དང་གང་དག་ལྷགས་པ་དེ་དག་ལས་ཀྱང་བཅུའི་ཆའི་ཆ་དང༌། བརྒྱའི་ཆའི་ཆ་དང༌། སྟོང་གི་ཆའི་ཆ་དང༌། བརྒྱ་སྟོང་གི་ཆའི་ ཆ་དང༌། བྱེ་བའི་ཆའི་ཆ་དང༌། གྲངས་མེད་པའི་ཆའི་ཆ་གང་ཡིན་པ་དག་འདུས་པར་གྱུར་ཏོ། །དེ་ལ་ཙནྡན་གྱི་སྙིང་པོ་འདྲ་བར་སྦུན་པ་ལྟ་བུ་མ་ཡིན་པའི་དགེ་བསྙེན་ཅི་འདྲ་བ་དག་འདུག་པར་ གྱུར་ཅེ་ན། བསླབ་པའི་གཞི་ལྔ་དང་ལྡན་པ་དང༌། བསླབ་པའི་གཞི་བརྒྱད་དང་ལྡན་པ་དང༌། གསུམ་འདོན་པ་དང༌། བཅུ་བཞིའི་དང༌། བཅོ་ལྔའི་ཞེས་བྱ་བ་ནས་ཟླ་བ་ཕྱེད་ཀྱི་དང༌། ཚེས་ བརྒྱད་ཀྱི་དང༌། ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ཀྱི་བར་གྱི་ཡན་ལག་བརྒྱད་ལེགས་པར་བླངས་པ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ཅན་གལ་ཏེ་མུ་གེ་ལོ་བཅུའམ། བཅུ་གཉིས་སམ། གཞན་ཡང་ལོ་མང་པོ་བྱུང་ཡང་བདག་གིས་བཟང་བའམ། བལྡག་པའམ། ཟས་སམ། བཏུང་བ་རང་གི་སྐལ་པ་དེ་ལས་བདག་གིས་ཕ་དང་མ་གཉིས་ལ་ཕྱེད་ཕྱེད། དགེ་སློང་རྣམས་ལ་ཕྱེད་འབུལ་ཞིང་བདག་གིས་དགེ་སློང་རྣམས་ལ་མཆོད་ཡོན་གྱི་སྦྱིན་པ་དོར་བར་མི་བྱའོ་སྙམ་པ་སྟེ། རིགས་ཀྱི་བུ། དེའི་དུས་ངན་པ་ལ་རྟག་པར་སྐལ་བ་གང་ཡིན་པ་དེ་ ཙམ་ཞིག་ཡོད་པར་འགྱུར་ཞེ་ན། སྐྱེས་བུ་དཔའ་བོ་དེའི་ཟླ་བ་ཕྱེད་ཀྱིས་ཟ་མ་གཅིག་ཅིག་འབྱུང་སྟེ། དེས་ཟ་མ་གཅིག་པོའང་དགེ་སློང་རྣམས་ལ་བྱིན་ནས་བསོད་ནམས་མི་ཟད་པའི་སྐལ་བ་ ༄༅། །ཅན་དུ་འགྱུར་རོ། །སྐྱེས་བུ་དེ་ལྟར་བྱིན་ནས་འཇིག་རྟེན་དུ། །སྐྱེས་བུ་དམ་པར་འགྱུར་བས་ལེགས་འདོད་མིས། །འདི་ན་བདག་ཉིད་བག་མེད་ཅི་བྱ་སྟེ། །དེ་བས་ བསྟན་ལ་བག་བྱེད་མཆོག་ཡིན་ནོ། །ནོར་ནི་དགྲ་དང་ཆོམ་རྐུན་སོགས་མང་དང༌། །རྒྱལ་པོ་ཆུ་དང་མེ་དང་མཛའ་བཤེས་དང༌། །ཉེ་དུ་མི་མཛའ་བ་གོ་སྐལ་སྤྱོད་མང་གིས། །སྡིག་པ་སྤྱད་ པ་ཡིས་ནི་ཟད་པར་འགྱུར། །རང་དང་རང་གི་ལོངས་སྤྱོད་དག་ལ་ཡང༌། །སྤྱོད་པར་བྱེད་པ་སྐྱེས་བུ་རྣམས་ཀྱི་ནོར། །སྤྱད་པ་ཉིད་དང་གནོད་པ་གཞན་གྱིས་ཀྱང༌། །ཟད་པར་མི་འགྱུར་ ཤེས་བྱ་དམ་ཆོས་ཕྱིར། །འདིར་ཟད་བྱས་མཆོག་ཕ་རོལ་ཟད་མི་འགྱུར། །འཇིག་རྟེན་འདིར་འཕེལ་འཇིག་རྟེན་ཕ་རོལ་ཏུ། །ཟད་པར་མི་འགྱུར་ཁ་དོག་མཐུར་བཅས་བྱེད། ། མཐོང་ན་ཐམས་ཅད་དགའ་ཞིང་རྙེད་པ་དང༌། །མདོག་དང་གྲགས་པ་རབ་ཏུ་གསལ་བར་འགྱུར། །དེ་ཡི་ཕྱུགས་རྣམས་ཟད་པར་མི་འགྱུར་ཞིང༌། །དེ་ཡི་བྲན་ཕོ་བྲན་མོ་ལས་བྱེད་ དང༌། །ལས་ཀྱི་མཐའ་རྣམས་ཉམས་པར་མི་འགྱུར་ཏེ། །དེ་ལ་འཐབ་མོ་རྩོད་དང་འགྱེད་མེད་ཅིང༌། །དེ་ནི་ནམ་ཡང་གནོད་སེམས་མེད་མཆོག་ཐོབ། །སྦྱིན་ལ་དགའ་བའི་སྐྱེ་བོས་ འཇིག་རྟེན་དུ། །དེ་ལ་སོགས་པའི་ཡོན་ཏན་འཐོབ་འགྱུར་བས། །དེ་ལྟ་བས་ན་རྟག་ཏུ་ཆོས་འདོད་པ། །སངས་རྒྱས་རྣམས་དང་ལྷན་ཅིག་ཕྲད་པར་འགྱུར། །ལུས་དང་སྲོག་ལ་མི་ལྟ་ ལྷུག་པར་གཏོང༌། །མི་ཡི་མི་མཆོག་དེ་ནི་ལག་སྐྱོང་ཡིན། །སེམས་ཅན་ཀུན་ལ་རྗེས་སུ་སྙིང་བརྩེ་བས། །བུ་བཞིན་མཐོང་ན་སྡུག་ཅིང་རིག་པར་ལྡན། །བསམ་གཏན་བག་ཡོད་ཐོས་པས་ དཔག་ཏུ་མེད། །ཁྱིམ་ན་གནས་པའི་ཤེས་རབ་ཅན་གྱིས་ནི། །རྟག་ཏུ་དེ་ལྟར་བྱ་དགོས་དེ་དག་གི །དཔེ་ནི་དེ་འདྲ་མང་དུ་ཡོད་པ་ཡིན། །ཡང་དེའི་ཚེ་ན་དགེ་བསྙེན་མ་ཅི་འདྲ་བ་དག་ཅིག་ འདུག་ཅེ་ན། ཇི་ཙམ་ཁྭམ་ལངས་པ་དེ་ཙམ་ནས་རང་གིས་ཕྱགས་མ་བླངས་ཏེ། རང་གི་ཉན་ཀོར་འཕྱག་ཅིང་བའི་ལྕི་བའི་བྱུག་པས་ས་གཞི་བྱུགས་པས་ས་རྒྱན་གྱིས་མཛེས་པར་ བྱེད་པའི་ལེགས་པར་བྱ་བ་བྱེད་པ་ཡིན། དེས་དེར་བསོད་སྙོམས་པ་རབ་ཏུ་མང་པོ་འོངས་པར་ཤེས་ན། རང་གི་ལག་གིས་བཟའ་བ་དང༌། བཏུང་བ་གྱ་ནོམ་པ་ལགས་པར་རྒྱུན་དུ་སྟོབ་ པར་བྱེད་ཅིང་དེ་དག་དང་བདག་གྲོང་རྡལ་ལམ། གྲོང་ཁྱེར་རམ། གྲོང་དག་ཏུའང་ཕྲད་ཅིང་འགྲོགས་པར་གྱུར་ཅིག །བདག་ནམ་ཡང་ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང༌། དགེ་བའི་ བཤེས་གཉེན་དང་སྐོལ་བར་དུས་སྟོན་བཞི་བྱེད་པར་མ་གྱུར་ཅིག །བདག་སྦྱིན་པ་དང༌། ཚུལ་ཁྲིམས་སྤྱད་པ་དང༌། ཉན་པ་དང༌། བདག་ཆོས་ཀྱི་གཏམ་ལ་རྟག་ཏུ་སྤྱོད་པར་གྱུར་ ཅིག་ཅེས་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་སྲིང་མོ་དགེ་བསྙེན་མ་ཡིད་རྣམ་པར་དག་པ་སྟེ། དེ་ལྟ་བུ་དགེ་བསྙེན་མའི་ཡོན་ཏན་དག་ཡིན་ནོ། །དེ་ལ་དགེ་སློང་དང༌། དགེ་སློང་ ༄༅། །མ་ཅི་འདྲ་བ་དག་ཅིག་ཅེ་ན། དུལ་བ། ཞི་བ། བག་ཚ་བ་མེད་པ། ཟག་པ་ཟད་པ། ཐ་མའི་ལུས་འཛིན་པ། ཙནྡན་གྱི་སྙིང་པོ་འདྲ་བའི་འཁོར་དག་གོ །དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་འདྲ་བ་དག་ཅིག་ཅེ་ན། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཆོས་འདོད་པ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་ པོའི་མདོ་སྡེ་འཛིན་པ་དང༌། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པ་སྟོན་པ། ཐམས་ཅད་ཀྱང་སངས་རྒྱས་རྟག་པ་ཉིད་འདོད་པ། ཐམས་ཅད་ཀྱང་དགོངས་པའི་ ཚིག་ལ་བྱང་བ། ཐམས་ཅད་ཀྱང་ངེས་པའི་དོན་གྱི་མདོ་སྡེ་སྟོན་པ། སྲན་ཐུབ་པ། ཐམས་ཅད་ཀྱང་ཚུལ་ཁྲིམས་འཆལ་བ་རྣམས་ཚར་གཅོད་ཅིང་ཕན་འདོགས་པར་ཞུགས་པ། དེས་པ་རྣམས་ལ་མཆོག་ཏུ་གུས་པ། ཐེག་པ་ཆེན་པོ་ལ་དད་པ་ཆེན་པོ་ཐོབ་པ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡ་མཚན་དུ་མི་འཛིན་པ། འདི་ལྟ་བུའི་མདོ་སྡེ་རྒྱ་ ཆེན་པོ་མཆོག་བོར་ནས་མདོ་སྡེ་གཞན་མི་སྒྲོག་པའི་ཤེས་རབ་ཅན། གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ། །ཞེས་བསྟན་པ་གཞན་ཡང་སྒྲོག་ཅིང་ མི་སྤོང་བ། བརྟན་པ། འཇིག་ཚོགས་ལ་ལྟ་བས་སྟོང་པས་སྟོང་པ་ཉིད་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ ལ་སོགས་པའི་ཡོན་ཏན་ལ་བརྟེན་པ་དག་སྟེ། ཡོན་ཏན་ལྷག་པ་ནི། བསམ་གྱིས་མི་ཁྱབ་བོ། །འོད་སྲུང༌། དེ་ལྟ་བས་ན། ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུའང་འཁོར་སོལ་ཅིག ། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བལྟས་ཤིང་བརྟགས་ཏེ་བསལ་ན། སྦུན་པ་ལྟ་བུའི་སྐྱེས་བུ་ལྷག་མའི་འཁོར་དག་ཡོད་པར་འགྱུར་རོ། ། ཡང་ལན་གསུམ་གྱི་བར་དུ་བསལ་བས་བསལ་བ་ན་སྐྱེས་བུ་སྦུན་པ་ལྟ་བུ་མ་ཡིན་པ་ཤ་སྟག་ཏུ་གྱུར་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་གནས་བརྟན་འོད་སྲུང་ཆེན་པོ་ལ་བཀའ་ སྩལ་པ༑ འོད་སྲུང༌། ད་འཁོར་འདི་དག་དག་བ་སྙིང་པོར་གྱུར་པ་ཡིན་མོད། ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། འཁོར་འདིར་ལེགས་པར་སྦྱངས་པ་ལེགས་སོ་ ལེགས་སོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འཁོར་ཡོངས་སུ་སྦྱངས་པ་ལགས། སྟོན་ཀའི་ཟླ་བ་ཉ་བ་ལ་རྣམ་པར་དག་པ་བཞིན་ནོ། །འོད་སྲུང༌། འདི་ལྟ་སྟེ། དཔེར་ན། རྩིས་ མཁན་ནམ། རྩིས་མཁན་གྱི་སློབ་མས་སྔོན་གྱི་སྡོམ་པས་བསྡམས་པ་ལ་འགོད་པའི་ཆས་འཕྲིན་ལྷག་མ་གང་ཡིན་པ་དེ་འདུག་པ་ཇི་ལྟ་བ་དེ་བཞིན་དུ་འཁོར་ལྷགས་པ་གང་ཡིན་པ་ འདི་དག་ཐམས་ཅད་ཅེས་བྱ་བ་ནས་གྲངས་མེད་པ་དཔག་ཏུ་མེད་པ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འོད་སྲུང༌། དེ་དག་ལས་བྱེ་བ་བརྒྱ་སྟོང་གི་ཆའི་ཆ་གང་དག་ཡིན་པ་ནི། མི་མཆོག་ ༄༅། །བག་ཚ་བ་མེད་པའི་འཁོར་འདུག་པ་འདི་དག་ཡིན་གྱི། འོད་སྲུང༌། ད་ཡང་ཁྱོད་ཀྱིས་འཁོར་རྣམས་ལ་གྲོགས་པོ་དག །ཅི་ཁྱེད་ཅག་རྔ་བོ་ཆེ་ཆེན་པོ་ཞེས་བྱ་ བའི་མདོ་ཆེན་པོ་ཡངས་པ་ཐེག་པ་གཅིག་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་དད་པར་དཀའ་བ། ཡིད་ཆེས་པར་དཀའ་བ་འདི་མཉན་པར་ནུས་སམ་ཞེས་དྲིས་ཤིག །འོད་སྲུང༌། དེ་བཞིན་དུ་ ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུའང་འཁོར་རྣམས་ལ་དྲིས་ཤིག །བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ་བླ་གོས་ ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལངས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་ འཁོར་མང་པོ་དེ་ལ་སྨྲས་པ། ཤེས་ལྡན་དག །ཅི་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་ཉན་པའི་འོས་ཡིན་ནམ། དེ་བཞིན་གཤེགས་པའི་ཐེག་པ་ཆེན་པོ་གཅིག་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འདས་པ་དེ་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་བཞིན་དུ་གནས་བརྟན་འོད་སྲུང་ཆེན་པོས་ལན་གཉིས་ལན་ གསུམ་དུའང་སྐུལ་བ་བསྐུལ་བ་དང༌། དེ་རྣམས་ཀྱིས་སྨྲས་པ། བཙུན་པ་འོད་སྲུང༌། བདག་ཅག་དམ་པའི་ཆོས་མཉན་པའི་ཆེད་དུ་མཆིས་ལགས་པས་ཉན་པར་འཚལ་གྱི། བཙུན་པ་འོད་སྲུང༌། དེ་བཞིན་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བར་ཉེ་བར་བཟུང་སྟེ་མདོ་ཆེན་པོ་ལེགས་པར་བསྒྲགས་པ་མཛད་དུ་གསོལ། འོད་སྲུང་ཆེན་པོས་སྨྲས་པ། ཇི་ལྟར་ ཡིད་ཆེས་པར་འགྱུར། དེ་དག་གིས་སྨྲས་པ། བཙུན་པ་འོད་སྲུང༌། དཔེར་ན། སྐྱེས་བུ་བཙས་ནས་ལོ་ཉི་ཤུ་ལོན་པ་ཞིག་ལ་བུ་ལོ་བརྒྱ་ལོན་པ་དག་ཡོད་དོ། །ཞེས་སྨྲས་པ་ལ། གལ་ཏེ་ དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་དུ་གསུང་ན། བདག་ཅག་གིས་ཀྱང་དེ་བཞིན་དུ་ཡིད་ཆེས་པར་བགྱི་ལགས་ན། བཙུན་པ་འོད་སྲུང༌། དམ་པའི་ཆོས་མཉན་པ་ལྟ་སྨོས་ཀྱང་ཅི་ འཚལ༑ དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི། ཅི་གསུང་བ་དེ་བཞིན་དུ་མཛད་པ། དེ་བཞིན་གཤེགས་པ་ནི། ཀུན་ནས་སྤྱན་མངའ་བ། དེ་བཞིན་གཤེགས་པ་ནི། སངས་ རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ཡིན་ནོ། །བཙུན་པ་འོད་སྲུང༌། གཞན་ཡང་བདག་ཅག་ནི། དེ་བཞིན་གཤེགས་པས་མཁྱེན་ཏོ། །སྨྲས་པ། ཤེས་ལྡན་དག །ཁྱེད་ཅག་ནི། རྔ་བོ་ཆེ་ཆེན་ པོའི་མདོ་ཆེན་པོ་མཉན་པ་དང༌། བཀླག་པ་དང༌། གཟུང་བ་དང༌། བསྟན་པའི་འོས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། འདི་ནི། ཇི་ལྟར་སྐྱེས་བུ་བཙས་ ནས་ལོ་ཉི་ཤུ་ལོན་པའི་བུ་ལོ་བརྒྱ་ལོན་པ་དག་ལྟར་རྔ་བོ་ཆེ་ཆེན་པོའི་མདོ་འདིའང་དེ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་བཞིན་ ༄༅། །དུ་ད་དུང་གནས་སོ། །ཞེས་བྱ་བ་དང༌། བདག་ཡོད་པ་མ་ཡིན་ཞིང་བདག་གི་ཡོད་པ་མ་ཡིན་པ་དག་ལའང་བདག་ཅེས་བྱ་བས་སོ། །དེ་དག་གིས་གསོལ་པ། དེ་ནི༑ བཅོམ་ལྡན་འདས་ཁོ་ནས་མཁྱེན་པས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ་གཟུང་བར་བགྱི་ལགས་སོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་ བཞིན་གཤེགས་པས་ད་ནི། རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དུང་འབུད་དུ་ གསོལ༑ བཀའ་སྩལ་པ། འོད་སྲུང༌། ལེགས་སོ། །ལེགས་སོ། །འོད་སྲུང༌། ད་ནི། ཁྱོད་རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོ་ཉོན་ཅིག །གསོལ་པ། བཅོམ་ལྡན་འདས། བདག་ཅག་ གིས་མཉན་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གལ་ཏེ་བདག་གི་སྤྱོད་ཡུལ་དུ་མ་གྱུར་ཀྱང་དེ་བཞིན་གཤེགས་པས་བདག་རྔ་བོ་ཆེ་ཆེན་པོའི་སླད་དུ་ བདག་ལ་གུས་པར་མཛད་ལགས་པས་སོ། །ཡང་གསོལ་པ། ཇི་ལྟར་ལགས་ཤེ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་འདི་སྐད་ཅེས་འོད་སྲུང༌། ཁྱོད་ང་དང་ལྷན་ཅིག་འདུག་གི ། ཚུར་ཤོག་ཅེས་གསུངས་ཏེ། བཅོམ་ལྡན་འདས། བདག་ནི། དོན་དེའི་སླད་དུ་བགྱི་བ་གཟོ་བར་བགྱིས་པ་ཚོར་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་ སྲུང༌། ལེགས་སོ། །ལེགས་སོ། །ངས་ཀྱང་དོན་འདིའི་ཕྱིར་གསུངས་སོ། །འོད་སྲུང༌། དཔེར་ན། རྒྱལ་པོ་གསལ་རྒྱལ་གྱིས་གླང་པོ་ཆེ་དང༌། རྟ་དང༌། དམག་མི་རྣམས་ཁ་ཟས་དང༌། བཟའ་ བ་དང༌། བཏུང་བ་དང༌། བལྡག་པ་ལ་སོགས་པས་གསོར་འཇུག་གོ །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་བདག་རྔ་བོ་ཆེ་དང༌། རྫ་རྔ་དང༌། དུང་གི་སྒྲ་ཤིན་ཏུ་ཆེན་པོ་འབྱིན་པ་དང༌། གདུགས་དང་ རྒྱལ་མཚན་དང༌། བ་དན་དག་སྒྲེང་བ་དང༌། གང་གི་ཚེ་ཕ་རོལ་གྱི་དཔུང་གི་ཚོགས་ཆེན་པོ་ཉེ་བར་གནས་པར་གྱུར་པ་དེའི་ཚེ་བདག་གིས་གསོར་གཅུག་པའི་ཕན་ཡོན་རྗེས་སུ་དྲན་ནས་ ཕ་རོལ་གྱི་དམག་ཚོགས་དང་ལྷན་ཅིག་གཡུལ་འགྱེད་པར་འགྱུར་ཞིང་དེའི་ཚེ་སེམས་ཅན་རྣམས་ལའང་ཕན་པ་བྱེད་པར་འགྱུར། བདག་གི་བཀའ་ལའང་ཕན་པ་བྱེད་པར་འགྱུར་རོ་ སྙམ་སྟེ༑ དེ་དག་ཀྱང་དེ་བཞིན་དུ་འགྱུར་རོ། །འོད་སྲུང༌། དེ་བཞིན་དུ་ང་ཡོངས་སུ་མྱ་ངན་ལས་འདས་ནའང་ཁྱོད་ཀྱིས་རྔ་བོ་ཆེ་ཆེན་པོའི་མདོ་འདི་འབྱིན་པར་འགྱུར་རོ། །ཞེས་ངས་ ཁྱོད་ལ་སྟན་གྱི་ཕྱེད་བསྟབ་པ་ཡིན་གྱི། ངེས་པ་ཁོ་ནར་དེ་བཞིན་དུ་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས། བདག་ནི། ཁྱོད་ཀྱི་ཐུགས་ལས་སྐྱེས་པའི་སྲས་ཀྱི་ཐུ་བོར་གཞག་ པའི་རིགས་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། དཔེར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་བུ་རྣམས་ལ་འདི་དག་ནི། མ་འོངས་པའི་དུས་ན་བདག་གི་རིགས་འཚོ་བར་ ༄༅། །འགྱུར་རོ། །ཞེས་བསྟན་བཅོས་སྣ་ཚོགས་དང༌། བཟོའི་གནས་རྣམས་ལ་སྦྱོང་བར་བྱེད་པ་དེ་བཞིན་དུ་འོད་སྲུང༌། ཁྱོད་ཀྱང་ང་འདས་ནས་མདོ་འདི་འབྱིན་པར་ འགྱུར་རོ། །འོད་སྲུང༌། དཔེར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་མང་པོས་བསྔོས་ནས་དེ་རྣམས་དང་ལྷན་ཅིག་གཡུལ་འགྱེད་པ་དེ་དང་དེའི་དུས་ཀྱི་དམག་མི་གླང་པོ་ཆེ་ པ་དང༌། རྟ་པ་དང༌། དཔུང་བུ་ཆུང་གང་དག་ཡིན་པ་ལས། གོ་ཆ་བཟང་པོ་བགོས་ཤིང་རྔ་བོ་ཆེ་ཆེན་པོ་དང༌། དུང་གི་སྒྲ་ཐོས་ན་མི་དངང་མི་སྐྲག་ཅིང་བྲེད་པར་མི་འགྱུར་བ་གང་ཡིན་པ་ དེ་དག་ལ་ནི། རྒྱལ་པོས་བཟའ་བ་དང༌། བཅའ་བ་དང༌། ཟས་དང༌། སྐོམ་དང༌། གོས་དང༌། རྒྱན་དང༌། ལྷབ་ལྷུབ་དང༌། ཆས་དག་སྦྱིན་པར་བྱེད་དོ། །དེ་ལས་གཞན་པ་གཡུལ་ ངོར་ཞུགས་ནས་གཡུལ་འགྱེད་པའི་དམག་མི་གང་ཡིན་པ་དེ་དག་ལ་ནི། གསེར་དང༌། ནོར་བུ་དང༌། མུ་ཏིག་ལ་སོགས་པ་དང༌། གྲོང་རྡལ་དང༌། ཡུལ་རྣམས་སྦྱིན་པར་བྱེད་དོ། ། དེ་ན་སྐྱེས་བུ་དཔའ་བོ་སྡེ་དང་བཅས་པར་ཕྱིར་མི་ལྡོག་པ། གླང་པོ་ཆེ་བ་དང༌། རྟ་པ་དང༌། ཤིང་རྟ་པ་དང་ལྡན་པས་དགྲའི་དཔུང་ཕམ་པར་བྱེད་པ་གང་ཡིན་པ་དེ་དག་ནི། རྒྱལ་པོ་རང་ གིས་རིག་པར་བྱས་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཅོད་པ་ན་བཅིང་བར་བྱེད་དོ། །འོད་སྲུང༌། དེ་བཞིན་དུ་ངའི་ཉན་ཐོས་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་བསླབ་པ་ལེགས་པར་ཇི་ལྟར་བཅས་པ་ལ་ལེགས་པར་བསླབ་པ་གང་ཡིན་པ་དེ་དག་དང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། འདུལ་བའི་ཆོ་ག་དང༌། སྤྱོད་ཡུལ་ལ་ གནས་པ་དེ་དག་ལ་ནི། དེ་བཞིན་གཤེགས་པས་ལྷ་དང་མིའི་བདེ་བ་སྦྱིན་པར་མཛད་དོ། །དེ་ལས་གཞན་པས་ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བ་དག་གི་བདུད་ དང༌། ལྷའི་བུའི་བདུད་ཕམ་པར་བྱེད་པ་གང་ཡིན་པ་དེ་དག་ལ་ནི། དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་བཞིའི་རྣམ་པར་གྲོལ་བའི་ཅོད་པ་ན་འཆིང་བར་མཛད་དོ། །དེ་ལས་ གཞན་པའི་རྒྱ་ཆེན་པོ་ལ་ལྷག་པར་མོས་པ་དེ་བཞིན་གཤེགས་པའི་སྙིང་པོའི་ཆེ་བའི་བདག་ཉིད་རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་ པ་དེ་དག་ལ་ནི། དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ། ། འོད་སྲུང༌། དེ་བཞིན་དུ་ཁྱོད་ཀྱང་དེ་རིང་ཐེག་པ་ཆེན་པོའི་དབང་བསྐུར་བའི་ཅོད་པན་བཅིངས་ཏེ་སངས་རྒྱས་བརྒྱ་སྟོང་ཕྲག་མང་པོའི་སྤྱན་སྔ་ནས་རྔ་བོ་ཆེ་ཆེན་པོའི་མདོ་འདི་འབྱིན་པར་ འགྱུར་རོ། །དེ་ལྟ་བས་ན། འོད་སྲུང༌། ཁྱོད་ཀྱིས་ཀྱང་ད་ནི། ང་འདས་ནས་མདོ་འདི་དབྱུང་བའི་རིགས་སོ། །གསོལ་པ། བཅོམ་ལྡན་འདས། རེ་ཞིག་བདག་གིས་རིགས་པར་ལྷ་རྔོ་མི་ ༄༅། །ཐོགས་ཀྱང་བཅོམ་ལྡན་འདས། རེ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སམ་བཞུགས་ཀྱང་བདག་གིས་ཕྱུང་ནས་བསྟན་པར་ བགྱི་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། ལེགས་སོ། །ད་ནི། དེ་བཞིན་གཤེགས་པས་རྔ་བོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་ཆེན་པོ་བཤད་པ་བརྩམ་མོ། །དེ་ནས་ནམ་མཁའ་ ལས་ལྷའི་ཚོགས་དང༌། འབྲུག་གི་ཚོགས་ཀྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འོད་སྲུང༌། ལེགས་སོ། །ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ ཕྱིར་ད་ནི། ལྷ་རྣམས་དང༌། འབྲུག་གི་ཚོགས་རྣམས་ཀྱང་མེ་ཏོག་གི་ཆར་འབེབས་ཤིང་བདུད་རྩིའི་ཆུས་གང་བའི་ཕྱེ་མའི་ཆར་གྱི་རྒྱུན་ཆེན་པོའང་འབེབས་སོ། །འོད་སྲུང༌། ཁྱོད་བཅོམ་ལྡན་འདས་ཀྱི་ཞལ་དང་ཐུགས་ལས་སྐྱེས་པ་སྟེ། དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོར་འོས་སོ། །དེ་ནས་ལྷའི་ཚོགས་དང༌། འབྲུག་གི་ཚོགས་ཀྱིས་སྐད་ མཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ། །མཉན་ཡོད་གྲོང་ཁྱེར་དག་ཏུ་རྔ་ཆེན་དང༌། །ཤིན་ཏུ་རྔ་ཆེན་དུང་རྣམས་སྒྲོག་པ་ན། །མགོན་པོ་ཆོས་ཀྱི་རྗེ་ཡིས་རྒྱལ་བྱེད་ཀྱི། །ཚལ་ དུ་ཆོས་ཀྱི་རྔ་ཆེན་སྒྲོག་པར་མཛད། །འོད་སྲུང་ཁྱོད་ཀྱིས་ཆོས་རྔ་བརྡུང་བར་གྱིས། །ཆོས་ཀྱི་རྒྱལ་པོ་དག་གིས་གསུངས་པའི་མདོ། །ཞུ་བའི་དབྱུག་གུས་ཆོས་རྔ་ཆེ་བརྡུངས་ན། ། ལྷའི་ལྷས་ཆོས་མང་ཐེ་ཚོམ་གཅོད་པར་མཛད། །རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོ་ལས། འོད་སྲུང་འོངས་པ་ཞེས་བྱ་བའི་ལེའུའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང༌། ངས་སྔར་མདོ་འདི་ལས་གོང་ནས་གོང་དུ་དགེ་སློང་ཡངས་པ་ལ་དད་པའི་ཡིད་ཅན་ཞེས་བྱ་བ་ཞིག་ཡོད་ཅེས་བཤད་པ་དགེ་ སློང་དེའི་མིང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། སེམས་ཅན་གང་དག་གིས་ཐོས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང༌། ཞེ་ སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང༌། འདི་ལྟ་སྟེ། དཔེར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འཚོ་བྱེད་ཀྱི་བུ་སྨན་མཆོག་ཅེས་ བྱ་བ་ཡོད་དེ། དེ་གང་གི་ཚེ་རྒྱལ་པོ་གསལ་རྒྱལ་ཕ་རོལ་གྱི་དམག་ཚོགས་དང་ལྷན་ཅིག་གཡུལ་འགྱེད་པར་འགྱུར་ལ། དེ་ནས་རྒྱལ་པོས་གཡུལ་གཤོམ་པ་ན་སྨན་པ་སྨན་མཆོག་བཀུག་ སྟེ་བཀུག་ནས་འདི་སྐད་ཅེས། ཀྱེ་སྨན་པ། སྨན་གང་གིས་སེམས་ཅན་གང་དང་གང་དག་ཟུག་རྔུས་ཟུག་པར་གྱུར་པའི་སེམས་ཅན་དེ་དང་དེ་དག་ཇི་ལྟ་ཇི་ལྟར་ཟུག་རྔུ་འབྱུང་བར་འགྱུར་ བ་དེ་ལྟ་བུའི་སྨན་ད་སྦྱོར་ལ་མྱུར་དུ་ཁྱེར་ཏེ་ཤོག་ཅིག །དེ་ནས་སྨན་པ་སྨན་མཆོག་དེས་སྨན་གྱི་རྒྱལ་པོ་དུག་སྨན་རྟོལ་བ་ཞེས་བྱ་བ་ཁྱེར་ནས་རྒྱལ་པོ་ཆེན་པོ་གཡུལ་ངོར་འཇུག་པའི་ ༄༅། །རྔ་བོ་ཆེ་ལ་སྨན་དེ་བྱུགས་ཤིང་བདུགས་ཏེ་བརྡུངས་སོ། །བྱུགས་ཤིང་བདུགས་ཏེ་བརྡུངས་མ་ཐག་ཏུ་སེམས་ཅན་ཟུག་རྔུས་ཟུག་པར་གྱུར་པ་གང་དག་ཡིན་ པ་དེ་དག་གིས་སྒྲ་དཔག་ཚད་དམ། དཔག་ཚད་གཉིས་སུ་ཐོས་ནས་ཐོས་པ་ཙམ་གྱིས་སེམས་ཅན་དེ་དང་དེ་དག་ཐམས་ཅད་ཀྱི་ཟུག་རྔུ་རྣམས་དབྱུང་བར་འགྱུར། ཟུག་རྔུ་ རྣམས་བསལ་པར་འགྱུར་རོ། །འོད་སྲུང༌། དེ་བཞིན་དུ་དགེ་སློང་ཡངས་པ་ལ་དད་པའི་ཡིད་ཅན་དེའི་མིང་ཐོས་པའི་སེམས་ཅན་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་འདོད་ཆགས་ དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་འཕྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ངའི་བསྟན་པ་ལ་མདོ་འདི་ཕྱུང་ཞིང་རྒྱས་པར་བྱས་ཏེ། དེ་བས་ན། ཆོས་དང་ལྡན་ པ་མངོན་སུམ་དུ་བྱས་པ་དེའི་མཐུའོ། །འོད་སྲུང་ལྟོས། རེ་ཞིག་རྒྱལ་པོའི་རྔ་བོ་ཆེ་སེམས་མེད་པ་ཕལ་པ་དེའང་སེམས་དང་བཅས་པས་སྨན་གྱིས་བྱུགས་ཤིང་བདུགས་ཏེ་ བརྡུངས་མ་ཐག་ཏུ་སེམས་ཅན་རྣམས་ལ་ཕན་པ་སྐྱེད་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡངས་པ་ལ་དད་པའི་ཡིད་ཅན་གྱི་མིང་ཐོས་པས་སེམས་ཅན་ རྣམས་ཀྱི་ཉོན་མོངས་པ་རྣམ་པ་གསུམ་འབྲལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའི་མིང་ཐོས་པས་སེམས་ཅན་རྣམས་ཀྱི་ འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་འབྲལ་བར་འགྱུར་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་མཚན་བརྗོད་པའམ། ཡོན་ཏན་ཡོངས་སུ་བསྒྲགས་པ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཙམ་གྱིས་སེམས་ཅན་རྣམས་ ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་འབྲལ་བར་འགྱུར་ན། སེམས་ཅན་ལ་ཕན་པ་སྟོན་པ་ཞིག་གིས་རྔ་བེ་ཆེ་ཆེན་པོའི་མདོ་འདི་ལས་འགྲེས་སམ། ཚིགས་སུ་བཅད་པའམ། ཚིག་འགའ་ཙམ་མམ། མིང་ཙམ་བསྟན་པའམ། ལེའུ་སྟོན་ན། སེམས་ཅན་རྣམས་ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་ འབྲལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ངས་དགེ་སློང་དང༌། །ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱིས་སྨོན་ལམ་འགྲུབ་བོ། ཞེས་བཤད་དེ། སྔོན་སྨོན་ལམ་ ལེགས་པར་སྦྱང་བ་བྱས་པའི་ཕྱིར་རོ། །འདི་ནི། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། འདི་ལྟ་སྟེ། རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོས་མ་བྱས་པ། མ་བྱུང་ བ༑ མ་འགགས་པའོ། །འོད་སྲུང༌། ཁྱོད་ཀྱང་དེ་ལྟ་བས་ན། མ་འོངས་པའི་དུས་ན་ང་དང་འདྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིའང་མིང་ཐོས་པའི་དགེ་སློང་ངམ། དགེ་ ༄༅། །སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡིན་པ་དེ་དག་དང༌། སེམས་ཅན་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་རྣམས་འབྲལ་བར་འགྱུར་རོ། །དེའི་ཕྱིར་འོད་སྲུང༌། ཁྱོད་ཀྱང་མདོ་འདི་ཞུས་ནས་ཡུན་རིང་པོར་འཇིག་རྟེན་དུ་འབྱིན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་ འདས་གལ་ཏེ་དེ་ལྟ་ལགས་ན། རྔ་བོ་ཆེ་ཆེན་པོའི་མདོ་ཆེན་པོ་དེ་ལས་ཕྱོགས་འགའ་ཙམ་ཞིག་བདག་ལ་ལེགས་པར་བཤད་དུ་གསོལ། འོད་སྲུང༌། དུས་ལ་བབ་ཀྱི། ཁྱོད་ང་ ལ་ཕྱོགས་འགའ་ཞིག་ཞུས་ཤིག །འོད་སྲུང་གིས་ལེགས་སོ། །ཞེས་གསོལ་ནས་ཞུ་བ་འདི་ཞུས་སོ། །བཅོམ་ལྡན་འདས། གང་ན་སྲིད་ཡོད་སྲིད་པ་དེར་སྡུག་བསྔལ། །གང་ ན་སྲིད་མེད་སྡུག་བསྔལ་མེད་པ་ཡི། །མྱ་ངན་འདས་པ་དེ་ནི་མཆོག་ཏུ་བདེ། །བདེ་སྡུག་སྤང་ཕྱིར་མྱ་ངན་འདས་མཆོག་འགྱུར། །སྲིད་པ་ཡོད་ན་བདེ་དང་སྡུག་བསྔལ་ཏེ། །སྲིད་ པ་མེད་ན་བདེ་དང་སྡུག་བསྔལ་མེད། །དེ་ཕྱིར་མྱ་ངན་འདས་ཐོབ་འདོད་པ་ཡིས། །རིགས་ཀྱི་བུ་ཡིས་སྲིད་འདོད་ཡོངས་སུ་གཅད། །ཅེས་བཀའ་སྩལ་པ་འདིའི་དོན་ཅི་ལགས། འདིར་ཚིགས་སུ་བཅད་པས་ལེགས་པར་བཀའ་སྩལ་པ། སྲིད་པ་ཐམས་ཅད་མི་རྟག་མི་བརྟན་ལ། །ཐམས་ཅད་དུ་ཡང་སྙིང་པོ་མེད་པས་ན། །སྲིད་པ་གང་ཡིན་དེ་ནི་སྡུག་བསྔལ་ ཏེ༑ ༑གང་ལ་སྲིད་མེད་དེ་ན་སྡུག་བསྔལ་མེད། །སྲིད་པ་ཡོད་པ་མིན་ན་སྡུག་བསྔལ་མེད། །འདི་ན་སྲིད་ཡོད་སྡུག་བསྔལ་འགྱུར་བས་ན། །སྲིད་ལ་མངོན་པར་དགའ་བར་མི་བྱ་ཞིང༌། །སྲིད་པ་རྣམས་ ལ་ཡིད་བརྟན་འགྲོ་མི་བྱ། །བཅོམ་ལྡན་སྲིད་དང་སྲིད་པ་མེད་པ་དང༌། ༑བདེ་དང་སྡུག་བསྔལ་འགྱུར་བ་ཡོད་པར་སྟོན། །དེ་སྐད་གསུངས་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་ སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང༌། དེ་ལྟར་ཚིག་གི་དོན་འདི་ནི་བརྟན་པའི་ཚིག་གི་དོན་ཡིན་པས་རེ་ཞིག་འོད་སྲུང་ཁྱོད་ཀྱིས་མི་ཤེས་སོ། །སེམས་ཅན་ནི་ཕལ་ ཆེར་སྲིད་པ་གཅོད་པར་མི་བྱེད་དེ། སེམས་ཅན་རྣམས་ནི་འདུ་བྱེད་སྐུད་པས་བརྒྱུས། །སྲིད་མེད་མྱ་ངན་འདས་པ་མཆོག་ཏུ་བདེ། །འོད་སྲུང་གིས་གསོལ་པ། གང་གིས་མྱ་ངན་ འདས་ཐོབ་པ། །མྱ་ངན་འདས་པ་དེ་མི་གནས། །དེ་ལ་བདེ་བ་མིང་ཙམ་སྟེ། །མིས་ནི་མྱོང་བར་འགྱུར་མ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐར་པ་བརྟན་པ་ མིང་ཙམ་ཡིན། །ཡོད་དང་མེད་དང་ཐེར་ཟུག་གཞི། ༑དེ་ལྟ་བས་ན། འདི་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ཞིང་སྤྱོད་ཡུལ་མ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས། ཇི་ལྟར་གཟུགས་ཀྱང་ལགས་ལ་ཐེར་ཟུག་ཀྱང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། དཔེར་ན་ལྷོ་ཕྱོགས་ཀྱི་ཡུལ་སྐྱེ་བོའི་བཅོམ་བརླག་ཅེས་བྱ་ ༄༅། །བ་ནས་སེམས་ཅན་གཞན་འགའ་ཞིག་འོངས་པར་གྱུར་ལ། མི་དེ་ལ་མི་འགའ་ཞིག་གིས་ཁྱོད་གང་ནས་འདིར་འོངས་ཞེས་དྲིས་པ་དང༌། དེ་ནས་དེས་སྨྲས་ པ༑ ཁོ་བོ་ནི། ལྷོ་ཕྱོགས་ཀྱི་བཅོམ་བརླག་ནས་འོངས་སོ། །མིས་ཡང་སྨྲས་པ། དེ་ཡུལ་གྱི་ཕྱོགས་གང་ན་ཡོད། དེ་ནས་མི་དེས་མཛུབ་མོས་ལྷོ་ཕྱོགས་ཀྱི་ལམ་གྱི་ནམ་མཁའ་ བསྟན་ན། འོད་སྲུང༌། མི་དེས་མི་དེ་ལ་ཇི་ག་ཡིད་ཆེས་བར་འགྱུར་རམ། དེ་ཅིའི་ཕྱིར་ཞེ་ན། སོང་ན་དེ་མཐོང་བར་འགྱུར་རོ། །འོད་སྲུང༌། དེ་བཞིན་དུ་ཁྱོད་ཀྱིས་མ་མཐོང་བར་དད་ པས་ཡིད་ཆེས་པར་གྱིས་ཤིག། །འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཇི་ ལྟར་མཁའ་ལ་མཛུབ་མོས་སྟོན་པ་ལྟར། །དེ་བཞིན་ཐར་པ་མིང་ཙམ་གྱིས་བསྟན་ཏོ། །ཇི་ལྟར་ལྷོ་ཕྱོགས་བཅོམ་བརླག་མི་བཞིན་དུ། །དེ་བཞིན་ང་ཉིད་བརྟེན་པ་མེད་ནས་བྱོན། ། འོད་སྲུང་འདི་ལ་ཡང་དག་དོན་མཐོང་ན། །རྒྱུ་ནི་དགོས་པ་ཡོང་མེད་དེ། །མངོན་སུམ་མ་གྱུར་དོན་ལ་ནི། །རྒྱུ་དང་རྐྱེན་ཀྱང་དེ་བཞིན་ནོ། །འོད་སྲུང༌། དེ་ལྟ་བས་ན། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་རྒྱུ་དུ་མས་ཐར་པའི་ཚིག་གི་དོན་ཉེ་བར་སྟོན་པར་མཛད་དོ། །བཀའ་སྩལ་པ། འོད་སྲུང༌། རྒྱུ་ཞེས་བྱ་བ་ཅི་ཡིན་པར་འདོད། གསོལ་པ། རྒྱུ་ནི། བྱེད་རྒྱུ་ཞེས་བགྱི་ བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐྱེན་ཅེས་བྱ་བ་གང་གི་ཚིག་བླ་དྭགས་ཡིན། གསོལ་པ། བཅོམ་ལྡན་འདས། རྐྱེན་ཅེས་བགྱི་བ་དེ་ནི། རྟེན་ལགས་སོ། ། བཀའ་སྩལ་པ། འོད་སྲུང༌། རིགས་པའི་དཔེ་དང༌། རྒྱུ་དང་ཉེ་བར་སྦྱར་བ་དང༌། བྱེད་རྒྱུ་རྣམས་ཀྱིས་དེ་ཇི་ལྟ་བུ་ཡིན་པ་དེ་ཁོ་ན་དེ་བཞིན་དུ་གསལ་བར་སྟོན་ཅིག །གསོལ་པ། བཅོམ་ ལྡན་འདས། དཔེར་ན། ཕ་དང་མ་གཉིས་འདུས་པ་ལས་བུ་འབྱུང་བར་འགྱུར་ཏེ། དེ་ལ་མ་ནི། རྒྱུ་ལགས་སོ། །ཕ་ནི། རྐྱེན་ལགས་ཏེ། དེ་ལྟ་བས་ན། ཕ་དང་མ་གཉིས་ནི། བུའི་རྒྱུ་ དང་རྐྱེན་ལགས་སོ། །དེ་བཞིན་དུ་རྒྱུ་དང་རྐྱེན་གྱིས་ཆོས་སྐྱེ་བར་འགྱུར་ཏེ། འདི་ནི། གྲུབ་པ་ཞེས་བགྱིའོ། །གྲུབ་པ་ཞེས་བྱ་བ་ཅི་ཡིན། གྲུབ་པ་ཞེས་བགྱི་བ་ནི། འཇིག་རྟེན་གྱི་གྲགས་ པ་ལགས་སོ། །འཇིག་རྟེན་ཞེས་བྱ་བ་ཅི་ཡིན། འོད་སྲུང་གིས་གསོལ་པ། སེམས་ཅན་དང་ལྡན་པས་བཏགས་པ་གང་ལགས་པའོ། །སེམས་ཅན་ཞེས་བྱ་བ་ཅི་ཡིན། སེམས་ཅན་ ཞེས་བགྱི་བ་ནི། ཆོས་ཀྱི་བརྡར་བཏགས་པ་ལགས་སོ། །ཆོས་ཞེས་བྱ་བ་ཅི་ཡིན། གསོལ་པ། ཆོས་མ་ལགས་པའི་ཆོས་དང༌། ཆོས་ཀྱི་ཆོས་སོ། །ཆོས་དེ་དག་ཀྱང་རྣམ་པ་གཉེས་ སུ་བསྟན་ཏོ། །རྣམ་པ་གཉིས་གང་ལགས་ཤེ་ན། འདུས་བྱས་དང༌། འདུས་མ་བྱས་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ལགས་པ་སྟེ། དེ་ལས་མུ་གསུམ་པ་ནི། མ་ ༄༅། །མཆིས་པ་ལགས་སོ། །དེ་ལ་ཆོས་ཞེས་བྱ་བ་ཇི་ལྟ་བུ་ཡིན། གསོལ་པ། ཆོས་ཞེས་བགྱི་བ་ནི། གཟུགས་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་མ་ ཡིན་པ་ཇི་ལྟ་བུ་ཡིན། ཆོས་མ་ལགས་པ་ཞེས་བགྱི་བ་དེའང་གཟུགས་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། གལ་ཏེ་ཆོས་དང་ཆོས་མ་ཡིན་པ་གཟུགས་མེད་ཅིང་མཚན་མ་ མེད་པ་ཡིན་ན། དེ་ལ་ཆོས་ནི། གང༌། ཆོས་མ་ཡིན་པ་ནི། གང༌། གསོལ་པ། ཆོས་ཞེས་བགྱི་བ་ནི། མྱ་ངན་ལས་འདས་པ་ཞེས་བགྱི་བ་ལགས་སོ། །ཆོས་མ་ལགས་པ་ཞེས་ བགྱི་བ་ནི། སྲེད་པ་ཞེས་བགྱི་བ་ལགས་སོ། །བཀའ་སྩལ་པ། གལ་ཏེ་དེ་ལྟར་ཆོས་དང་ཆོས་མ་ཡིན་པ་གཟུགས་མེད་ཅིང་མཚན་ཉིད་མེད་པ་ཡིན་ན། སངས་རྒྱས་རྣམས་ཀྱིས་ཇི་ ལྟར་ཅི་ཞིག་མཚན་མ་གང་གིས་འདི་ནི། ཆོས་ཡིན་ནོ། །ཞེས་རྣམ་པར་མཁྱེན་པར་འགྱུར། གསོལ་པ། སེམས་ཅན་རྣམས་འཁོར་བར་སྐྱེས་ནས་དགེ་བའི་བསོད་ནམས་དང༌། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ལ་བསྟེན་པ་ན་དེའི་ཚུལ་འདི་དང༌། དེ་དེ་ལྟར་ཆོས་མངོན་དུ་ཡང་དག་པར་སྤྱད་པས་དགེ་བའི་མཚན་ཉིད་ཐམས་ཅད་ཀུན་ཏུ་སྐྱེ་བར་འགྱུར་བ་སྟེ། དེ་ལྟར་ཆོས་མངོན་དུ་ཡང་དག་པར་སྤྱོད་པ་གང་ལགས་པ་དེ་ལྟ་བུའི་སེམས་ཅན་དེ་དག་ནི། ཆོས་ལགས་སོ། །སེམས་ཅན་རྣམས་འཁོར་བར་སྐྱེས་ནས་བསོད་ནམས་མ་ལགས། པ༑ སྡིག་པའི་ལས་རྣམ་པ་སྣ་ཚོགས་ཀུན་ཏུ་སྤྱོད་ཅིང་ཆོས་མ་ལགས་པ་ཀུན་སྤྱོད་པ། དེ་ཁོ་ན་ལ་སྡིག་པ་མི་དགེ་བའི་མཚན་ཉིད་དེ་དག་ཐམས་ཅད་སྐྱེ་བར་འགྱུར་ཏེ། དེ་ལྟར་ཆོས་མ་ ལགས་པ་ཀུན་ཏུ་སྤྱོད་པ་གང་ལགས་པ་དེ་ལྟ་བུའི་སེམས་ཅན་དེ་ནི། ཆོས་མ་ལགས་པ་ལགས་སོ། །དེ་ལ་སེམས་ཅན་ཞེས་བགྱི་བ་ནི། ནང་གི་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཏེ། ཁམས་བཞིས་ཡང་དག་པར་བསྡུས་ཤིང་བཏགས་པ་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་དྲུག་དང༌། དབང་པོ་ལྔ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། སེམས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ལྟར་སྲིད་པའི་ཡན་ལག་བཅུ་གསུམ་གྱི་བར་ནི། ཆོས་ཐམས་ཅད་ཅེས་ བགྱི་བ་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། དེ་དག་ཁོ་ན་ལ་སེམས་ཅན་གྱི་ཆོས་ཞེས་བྱ་ན། དེ་ལ་སེམས་ཅན་ཞེས་བྱ་བའི་ཆོས་གང་ཡིན་ཞེ་ན། གསོལ་པ། དེ་ལ་སེམས་ ཅན་ཞེས་བགྱི་བར་བཏགས་པའི་ཆོས་འགའ་ཡང་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དཔེར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རྔ་བོ་ཆེ་ཞེས་བགྱི་ བ་གང་ལགས་པ་དེའི་རྔ་བོ་ཆེ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། འོད་སྲུང༌། རྔ་བོ་ཆེ་གང་ཡིན་པ་དེ་ཉིད་རྔ་བོ་ཆེ་ཡིན་པར་ཤེས་པར་བྱ་སྟེ། རྔ་བོ་ཆེ་ཞེས་བྱ་བ་ནི། པགས་ ༄༅། །པ་དང༌། དབྱུག་གུ་དང༌། ཤིང་ལེབ་དང་ཆོས་འདི་གསུམ་ཚོགས་པ་གང་ཡིན་པའི་ཆོས་དེ་དག་ལ་རྔ་པོ་ཆེ་ཞེས་བྱའོ། །གསོལ་པ། དེ་ལ་རྡུང་བའི་མི་ལ་རྔ་པོ་ ཆེ་ཞེས་བགྱི་བ་ལགས་སམ། བཀའ་སྩལ་པ། མི་མེད་པར་ཡང་རྔ་བོ་ཆེ་རླུང་གིས་བསྐྱོད་པ་ན་སྒྲ་འབྱུང་ངོ༌། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། རྔ་པོ་ཆེ་ཞེས་བགྱི་ བ་ཆོས་སམ། འོན་ཏེ་ཆོས་མ་ལགས་པ་ལགས། བཀའ་སྩལ་པ། རྔ་བོ་ཆེ་ཞེས་བྱ་བ་འདི་ནི། ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པའང་མ་ཡིན་ནོ། །གསོལ་པ། དེ་ཅི་ཞེས་ བགྱི༑ བཀའ་སྩལ་པ། ཆོས་གང་ཞིག་ཆོས་གང་དང་ཡང་ལྷན་ཅིག་ལྡན་པ་མ་ཡིན་ཞིང༌། ཆོས་མ་ཡིན་པ་དང་ཡང་མ་ཡིན་པ་འདི་ལུང་དུ་མ་བསྟན་པའི་ཆོས་ཞེས་ བྱའོ༑ ༑གསོལ་པ། གལ་ཏེ་ལུང་དུ་མ་བསྟན་པའི་ཆོས་ཤིག་མཆིས་ན། དེས་ན་འཇིག་རྟེན་ན་ཆོས་གསུམ་མཆིས་པར་འགྱུར་རོ། །བཀའ་སྩལ་པ། ལུང་དུ་མ་བསྟན་པ་ཞེས་ བྱ་བ་གང་ཡིན་པ་དེ་ནི། ཇི་ལྟར་སྐྱེས་པའང་མ་ཡིན། བུད་མེད་ཀྱང་མ་ཡིན་པ་ལྟར་མ་ནིང་ཞེས་བྱའོ། །དཔེར་ན། ཇི་ལྟ་བུ་ལགས། བཀའ་སྩལ་པ། འོད་སྲུང༌། ཁྱོད་ཀྱིས་འདི་ ནི༑ ཕ་དང་མ་འདུས་པའི་བུ་ཡིན་ནོ། །ཞེས་སྨྲས་པ། གལ་ཏེ་ཕ་དང་མ་འབྲས་བུ་མད་པར་གྱུར་ན། ཁ་ཅིག་འདི་སྐད་ཅེས་མ་དང་ཕ་ནི། རྒྱུ་དང་རྐྱེན་མ་ཡིན་ནོ། །ཞེས་སྨྲས་པར་འགྱུར་ རོ༑ ༑ཡང་བཀའ་སྩལ་པ། སེམས་ཅན་གྱི་ས་བོན་གྱི་དངོས་པོ་མེད་པ་གང་ཡིན་པ་དེ་དག་ནི། འབྲས་བུ་མེད་པས་དེ་དག་ནི། རྟག་ཏུ་མ་ནིང་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང༌། དཔེར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་གི་ཚེ་ཕ་རོལ་གྱི་དམག་ཚོགས་དང་ལྷན་ཅིག་ལྷག་པར་ཉམ་ང་བར་གྱུར་པ་ན་བརྒྱ་བ་ཇི་ཞིག་ལྟར་གྱུར་པ་དེའི་ཚེ་དེའི་དྲུང་དུ་ དབང་ཐང་གིས་འཚོ་བ་དག་དེ་དང་ལྷན་ཅིག་རྗེས་སུ་མི་འབྲང་ཞིང་སྒྲོལ་བར་མི་བྱེད་པ་གང་ཡིན་པ་དེ་དག་བུད་མེད་དང་འདྲ་བར་བལྟ་བར་བྱའོ། །གསོལ་པ། ཅིའི་སླད་དུ། བཀའ་སྩལ་ པ༑ རྒྱལ་པོ་རྣམས་ནི། ཞོ་ཤས་འཚོ་བའི་མི་རྣམས་ཀྱི་རང་བཞིན་བརྟགས་ནས་གསོར་འཇུག་གོ །རྒྱུ་དེས་ན་ས་བོན་མེད་པའི་སེམས་ཅན་དེ་དག་ཕ་དང་མར་མི་འགྱུར་བས་སེམས་ཅན་ དེ་དག་ནི། རྟག་པར་མ་ནིང་ཡིན་པར་བལྟ་བར་བྱའོ། །ཡང་བཀའ་སྩལ་པ། དགེ་བའི་ཆོས་དང༌། མི་དགེ་བའི་ཆོས་དང༌། ལུང་དུ་མ་བསྟན་པའི་ཆོས་ཏེ། དགེ་བའི་ཆོས་ནི། ཚོར་བ་བདེ་ བ་ཡིན་ནོ། །མི་དགེ་པའི་ཆོས་ནི། ཚོར་བ་སྡུག་བསྔལ་བ་ཡིན་ནོ། །ལུང་དུ་མ་བསྟན་པའི་ཆོས་ནི། ཚོར་བ་བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་ཡིན་ཏེ། སེམས་ཅན་ རྣམས་ནི། ཆོས་འདི་གསུམ་གྱིས་རྟག་ཏུ་རེག་བར་འགྱུར་རོ། །དེ་ལ་ཚོར་བ་བདེ་བ་ཞེས་བྱ་བ་ནི། ལྷ་དང་མི་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡིན་ནོ། །ཚོར་བ་སྡུག་བསྔལ་བ་ཞེས་བྱ་ ༄༅། །བ་ནི༑ སེམས་ཅན་དམྱལ་བ་པ་དང༌། དུད་འགྲོའི་སྐྱེ་གནས་པ་དང༌། ཡི་དྭགས་ཀྱི་འཇིག་རྟེན་གྱི་ཡིན་ནོ། །ཚོར་བ་བདེ་བའང་མ་ཡིན། སྡུག་བསྔལ་བའང་ མ་ཡིན་པ་ནི། ཇི་ལྟར་འབྲུམ་བུ་ཕྲ་མོ་དང༌། ཤུ་བ་ཡིན་ཏེ། དེ་ལ་འབྲུམ་བུ་ཕྲ་མོ་དང༌། ཤུ་བས་ཉོན་མོངས་པའི་སེམས་ཅན་རྣམས་ནི། ལུང་དུ་མ་བསྟན་པ་ཡིན་ནམ། འོད་སྲུང་གིས་ གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར། གསོལ་པ། བདེ་བ་ལས་སྡུག་བསྔལ་འབྱུང་ཞིང་སྡུག་བསྔལ་ལས་ཀྱང་སྡུག་བསྔལ་ འབྱུང་བས་འདི་གཉིས་ཀ་ལུང་དུ་མ་བསྟན་པ་ལགས་སོ། །བཀའ་སྩལ་པ། ཅི་ཁ་ཟས་ལས་ནད་བྱུང་ངམ། གསོལ་པ། གང་གི་ཚེ་འཚལ་བ་དེའི་ཚེ་བདེ་བ་ཞེས་བགྱི་བ་ལགས་ སོ༑ ༑གང་གི་ཚེ་ནད་དུ་གྱུར་པ། དེའི་ཚེ་སྡུག་བསྔལ་ཞེས་བགྱི་བ་ལགས་ཏེ། དེ་ལ་ཤུ་བ་གང་ལགས་པ་དེ་ནི། ལུང་དུ་མ་བསྟན་པ་ཞེས་བགྱི་ལགས་སོ། །བཀའ་སྩལ་པ། གལ་ཏེ་དེ་ལྟ་བས་ན། བདེ་བ་དང་སྡུག་བསྔལ་བའང་ལུང་དུ་མ་བསྟན་པ་ཞེས་བྱ་ལ་ཕ་དང༌། མ་དང༌། བུའང་ལུང་དུ་མ་བསྟན་པར་འགྱུར་རོ། །གསོལ་པ། དེ་ནི། མ་ལགས་སོ། ། བཀའ་སྩལ་པ། འོ་ན་ཇི་ལྟ་བུ་ཡིན། གསོལ་པ། དེ་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་སོགས་པའི་ལྷ་ཐེར་ཟུག་གི་གཞི་ཞེས་མི་བགྱི་བ་ལྟ་བུའི་ཆོས་དགེ་བ་འདིའང་ དེ་དང་འདྲ་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། ཁྱོད་ཀྱིས་ཚོར་བ་དང༌། འདུ་ཤེས་ལ་སེམས་ཅན་ནོ། །ཞེས་སྨྲས་པ། དེས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་སོགས་པའི་ ལྷ་དག་སེམས་ཅན་མ་ཡིན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། དེ་རྣམས་ལའང་འདུ་བྱེད་ཀྱི་ངོ་བོ་མ་མཆིས་ལགས་སོ། །བཀའ་སྩལ་པ། འོ་ན་ཚོར་བ་དང༌། འདུ་ ཤེས་མ་གཏོགས་པའི་ཆོས་འདི་དག་ལ་སེམས་ཅན་ཞེའམ། འོན་ཏེ་ཁ་ཅིག་དེ་ལྟ་བུའི་སེམས་ཅན་དག་ཡོད་དོ། །ཞེས་ཟེར་ན། དེས་ན་འདི་ལྟར་སེམས་ཅན་མ་ཡིན་པའི་ཆོས་དང་ ལྡན་པ་དག་སེམས་ཅན་དུ་འགྱུར་རོ། །ཅིའི་སླད་དུ། སེམས་ཅན་གཟུགས་ཅན་ཡིན་ནམ། འོན་ཏེ་གཟུགས་ཅན་མ་ཡིན། གསོལ་པ། གཟུགས་ཅན་ཡང་མ་ལགས། གཟུགས་ཅན་མ་ ལགས་པའང་མ་ལགས་མོད་ཀྱི། ཆོས་དེ་དག་དང་ལྡན་པ་ནི། སེམས་ཅན་ཞེས་བགྱི་ལགས་སོ། །བཀའ་སྩལ་པ། གལ་ཏེ་དེ་ལྟར་སེམས་ཅན་མ་ཡིན་པའི་ཆོས་དང་ལྡན་པ་དེ་དག་སེམས་ ཅན་དུ་སྐྱེ་བར་འགྱུར་བའི་གཟུགས་མེད་པ་ཞེས་བྱའོ། །ཅི་སྟེ་དེ་ལྟར་གྱུར་ན་འཇིག་རྟེན་དུ་ཆོས་རྣམ་པ་གཉིས་པོ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དེ་འབྱུང་བར་འགྱུར་ཏེ། ཆོས་གཟུགས་ཅན་དང༌། ཆོས་མ་ཡིན་པ་གཟུགས་ཅན་ནོ། །ཐར་པ་ཆོས་དང་ལྷན་ཅིག་གམ། འོན་ཏེ་ཆོས་མ་ལགས་པ་དང་ལྷན་ཅིག་ལགས། གཟུགས་མ་མཆིས་པའི་ལྷ་ལའང་ཐར་ ༄༅། །པ་མཆིས་པ་ལགས་སམ། བཀའ་སྩལ་པ། དེ་ནི། མ་ཡིན་ཏེ། ཆོས་འདུས་བྱས་དང༌། འདུས་མ་བྱས་པ་ཡོད་པས། དེའི་ཕྱིར་གཟུགས་མེད་པའི་ལྷ་དེ་ དག་ཀྱང་འདུས་བྱས་ཀྱི་ནང་དུ་བགྲང་བར་འགྱུར་གྱི། ཐར་པ་ནི། འདུས་མ་བྱས་ཡིན་ནོ། །གསོལ་པ། དེས་ནི། གཟུགས་མ་མཆིས་པའི་ལྷ་རྣམས་ཀྱང་གཟུགས་དང་ལྡན་པར་ འགྱུར་ལགས་སོ། །འོད་སྲུང༌། ཇི་ལྟར་འདུས་བྱས་ཐམས་ཅད་གཟུགས་ཅན་ཡིན་པ་དང༌། འདུས་མ་བྱས་གཟུགས་ཅན་མ་ཡིན་པར་གསལ་བར་སྨྲོས་ཤིག །གསོལ་པ། བཅོམ་ལྡན་འདས། གཟུགས་མ་མཆིས་པའི་ལྷ་རྣམས་གཟུགས་དང་ལྡན་ནོ། །ཞེས་བགྱི་བའི་གཟུགས་སངས་རྒྱས་ཀྱི་ཡུལ་དུ་འགྱུར་བ་ལགས་གྲང༌། བདག་ཅག་གི་ཡུལ་དུ་ ནི༑ མི་འགྱུར་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། ལེགས་སོ། །ལེགས་སོ། །དེ་བཞིན་དུ་ཐར་པར་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ངའི་ཡུལ་ཡིན་ ཏེ༑ དེ་རྣམས་ཀྱང་གཟུགས་ཅན་ཡིན་ལ་ཐར་པ་དེའང་གཟུགས་ཅན་ཡིན་ནོ། །ཡང་བཀའ་སྩལ་པ། འོད་སྲུང༌། ཅི་ཁྱོད་ཀྱིས་གཟུགས་མེད་པའི་ལྷ་རྣམས་ཀྱི་ལྷའི་གནས་དང༌། བྱེད་པ་ ཡང་དག་པར་ཤེས་སམ། ཡང་བཀའ་སྩལ་པ། འོད་སྲུང༌། ཅི་ཁྱོད་ཀྱིས་གཟུགས་ཅན་གྱི་ལྷ་རྣམས་གཟུགས་མེད་པ་ཞེས་བྱ་བའི་ནང་དུ་བགྲང་ངམ། ཅི་ན་བདག་ཅག་གི་ཡུལ་མ་ལགས་ སོ༑ ༑ཞེས་ཟེར། ཡང་བཀའ་སྩལ་པ། ཐར་པ་བརྙེས་པའི་སངས་རྒྱས་བློ་ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་གཟུགས་ཞེས་བྱ་བར་གསལ་བར་ཡང་དག་པར་ལྟོས་ ཤིག །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ན་ཐར་པ་ཐོབ་པ་གནས་པའི་ཕྱིར་ཡང་བདེ་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་ལགས་སོ། །བཀའ་སྩལ་པ། སེམས་ཅན་ནད་པ་ཞིག་སྨན་བཅུད་ཀྱིས་ལེན་འཐུངས་ནས་ནད་དང་བྲལ་བར་གྱུར་ན། ཅིའང་ནད་བུ་ཅན་དུ་འགྱུར་རམ། གལ་ཏེ་འགའ་ཞིག་མཆིས་ན་ངེས་པར་འགྱུར་ལགས་སོ། །བཀའ་ སྩལ་པ༑ གལ་ཏེ་ལས་མེད་ཀྱང་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། བདེ་བ་དང༌། སྡུག་བསྔལ་སྤངས་པ་དེ་ཉིད་ཐར་པ་ཡིན་ཏེ། ནད་ནི༑ བདེ་བ་དང༌། སྡུག་བསྔལ་ལྟ་བུ་ཡིན་ལ། མི་ལྟ་བུར་ནི། མྱ་ངན་ལས་འདས་པ་ཐོབ་པར་བལྟའོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། བདེ་བ་དང་སྡུག་བསྔལ་སྤངས་པ་ ཞེས་བགྱི་བ་ལས་མ་མཆིས་པས་ནད་ཟད་པ་ཐོབ་པ་ལགས་སམ། བཀའ་སྩལ་པ། ཐར་པ་ཐོབ་པ་ནི། འཇིག་རྟེན་གྱི་བདེ་བ་དང་སྡུག་བསྔལ་གྱི་ལས་གང་ཡིན་པ་དེ་དང་བྲལ་ཞིང་ཟད་ པ་བཞིན་ནོ། །བཅོམ་ལྡན་འདས། དེ་ཅིའི་སླད་དུའང་འགུམ་པར་མི་འགྱུར་ལགས། བཀའ་སྩལ་པ། ནམ་མཁའ་ནམ་མཁའ་ལྟ་བུའོ། །ཞེས་བྱ་བ་རྒྱ་མཚོ་ཆེན་པོ་ནམ་མཁའ་ལྟ་བུའོ། ། ༄༅། །ཞེས་པ༑ ཅི་ནམ་མཁའ་དཔེ་མེད་པ་རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་ནམ། དེ་བཞིན་དུ་ཐར་པ་ནི། དཔེ་མེད་པ་ཡིན་ནོ། །ཇི་ལྟར་གཟུགས་མེད་པའི་ལྷ་རྣམས་ཀྱི་ གཟུགས་ཡོད་ཀྱང་དགའ་བ་དེ་དང་དེ་ལྟ་བུས་གནས་པ་མི་ཤེས་པ་དེ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཐར་པའང་བཏགས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། ནམ་མཁའ་ཡང་མི་རྟག་པ་ལགས་སོ། །བཀའ་སྩལ་པ། དཔེར་ན། ཇི་ལྟ་བུ་ཇི་ལྟར་རྒྱལ་པོ་གསལ་རྒྱལ་གྱི་ཁང་བཟང་ངང་པ་ལྟར་དཀར་བ་བརྩིགས་པ་དེའི་ཚེ་ནམ་མཁའ་ཉམས་ པ་དེ་ནི༑ ནམ་མཁའ་ཞིག་པ་བགྱིའོ། །གསོལ་པ། ཆོས་གཟུགས་མེད་པ་ཇི་ལྟར་འཇིང༌། [?] །གཟུགས་མེད་པའི་ལྷ་རྣམས་ཀྱང་དེ་ལྟར་འཇིག་ལགས། བཀའ་སྩལ་པ། གཟུགས་ མེད་པའི་ལྷ་གང་དག་ཡིན་པ་དེ་དག་སེམས་ཅན་ཞེས་བགྱི་བར་བགྲང་ངམ་ཅི། བཅོམ་ལྡན་འདས། ནམ་མཁའ་སེམས་མ་མཆིས་པ་སེམས་དང་བཅས་པ་ཇི་ལྟར་འགྱུར་ལགས། བཀའ་ སྩལ་པ༑ ནམ་མཁའ་ལ་བརྟེན་པའི་ཁང་པའམ། རི་གང་དང་གང་དག་ཡིན་པ་ཞིག་ཀྱང་ནམ་མཁའ་མི་འཇིག་པ་ལྟར་མྱ་ངན་ལས་འདས་པའི་དབྱིངས་ཀྱི་འགྲོ་པ་ཐམས་ཅད་ལ་ ཁྱབ་པའང་དེ་དང་འདྲའོ། །རྟེན་ནམ་མཁའ་མི་འཇིག་པ་ལྟར་བྱེད་པ་བོ་དང༌། ཚོར་བ་པོའང་དེ་དང་འདྲ་ལགས་སམ། བཀའ་སྩལ་པ། འོད་སྲུང༌། མྱ་ངན་ལས་འདས་པའི་དུས་ན་ སེམས་ཅན་རྣམས་ཀྱི་ལས་དང༌། ཉོན་མོངས་པའི་ཆོས་ཡོད་པ་གང་ཡིན་པ་འཇིག་པར་འགྱུར་རོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་དང༌། ཆོས་ཐམས་ཅད་མ་མཆིས་པ་ཇི་ལྟ་བུ་ ལགས༑ རྔ་བོ་ཆེའི་ཚོགས་པ་ཇི་ལྟ་བ་བཞིན་ནོ། །ཡང་གསོལ་པ། ཇི་ལྟར་གདུགས་ཀྱི་འོད་དང༌། ནོར་བུའི་འོད་གཉིས་པོ་དེ་ལས་འཇིག་རྟེན་ན་ཞུགས་ཞེས་བགྱི་བ་དེ་བཞིན་དུ་མི་རྣམས་ལས་ བདག་གིར་བྱ་བ་ཞེས་བགྱི་ན། བཅོམ་ལྡན་འདས། ཆོས་གཅིག་པོ་འདི་གང་གི་རྣམ་པར་སྨིན་པ་ལགས། བཀའ་སྩལ་པ། འོད་སྲུང༌། ཁྱོད་ཀྱིས་མི་ཤེས་སམ། གསོལ་པ། བཅོམ་ ལྡན་འདས། འཚལ་ལགས་སོ། །བཀའ་སྩལ་པ། ཟླ་བ་བྱུང་བ་སྨྲོས་ཤིག །བཅོམ་ལྡན་འདས། ཟླ་བ་ནི། སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་མ་ལགས་སོ།། བཀའ་སྩལ་པ། གལ་ཏེ་དེ་ལྟ་ན། དཔེ་བརྗོད་དགོས་ཏེ། ཅི་སྟེ་ནོར་བུ་དང༌། ཟླ་བ་དང༌། ཉི་མ་དང༌། མེ་སེམས་ཅན་གྱིས་མ་བྱས་ཀྱི། ཚོགས་པས་བྱས་པ་ཡིན་ན། སྟེང་གི་ལྷ་རྣམས་ ཀྱིས་ཕྱག་བྱ་བའི་ཉི་མ་དང༌། ཟླ་བ་དེ་དག་ཅི་སེམས་ཅན་མ་ཡིན་ནམ། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་ཞེས་ བགྱི་བས་དེ་དག་ཀྱང་སེམས་ཅན་གྱི་གྲངས་སུ་བགྲང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི། སེམས་ཅན་མ་ཡིན་ནོ། །དེ་ཅིའི་སླད་དུ་ལགས། སེམས་ཅན་གྲོང་ ༄༅། །བའི་བཤེས་གཉེན་ཅན་ཕལ་པ་མ་ཡིན་པའང་སེམས་ཅན་རྣམས་དང་མཉམ་པར་མི་རྩི་བས། སངས་རྒྱས་ནི། རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་ཀྱི་རྒྱུ་ མཐུན་པ་སྟེ། སངས་རྒྱས་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ལ། སེམས་ཅན་ཡང་རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་ཀྱི་རྒྱུ་མཐུན་པ་ཡིན་ནོ། །འོད་སྲུང༌། གང་གི་ཚེ་ སེམས་ཅན་ཐམས་ཅད་ཟད་པར་གྱུར་པ་དེའི་ཚེ་གལ་ཏེ་མེ་བྱུང་ནས་འཇིག་པའམ། འབྱུང་བར་འགྱུར་བ་དེ་སྨྲོས་ཤིག །བཅོམ་ལྡན་འདས། མ་འཚལ་ལགས་སོ། །ངས་སྔར་[?] ཁྱོད་ཀྱིས་མི་ཤེས་སོ། །ཞེས་གསུངས་སོ། །བཅོམ་ལྡན་འདས། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་གང་ནས་མཆིས། གང་དུ་མཆི་ལགས། བཀའ་སྩལ་པ། རྔ་བོ་ཆེའི་ སྒྲ་གང་ནས་འོངས། གང་དུ་འགྲོ་།བཅོམ་ལྡན་འདས། ཚོགས་པ་ལས་ལགས་སོ། །བཀའ་སྩལ་པ། ཇི་ལྟ་བུ་ཡིན། ཇི་ལྟར་ཆོས་ཐམས་ཅད་མ་བགྱིས་པ། བྱེད་པ་པོ་མ་མཆིས་ པ༑ བྱེད་པ་པོ་དང་བྲལ་བ་ལྟར་རྔ་བོ་ཆེའི་སྒྲའང་དེ་དང་འདྲ་ལགས་སོ། །བཀའ་སྩལ་པ། དེ་ནི། མ་ཡིན་ཏེ། རྔ་བོ་ཆེ་ལ་ནི། བྱེད་པ་པོ་ཡོད་དམ། བཅོམ་ལྡན་འདས། མ་མཆིས་ ལགས་སོ། །བཀའ་སྩལ་པ། དེ་བཞིན་དུ་མྱ་ངན་ལས་འདས་པ་ཐེར་ཟུག་གི་གཞི་ཐོབ་པའི་སེམས་ཅན་དེ་དག་སུ་ཞིག་བྱེད་དེ། བྱེད་པ་པོ་མེད་དོ། །སེམས་ཅན་རྣམས་རང་གི་ བདག་ཉིད་ཀྱིས་བདག་བྱེད་དེ། ཇི་ལྟ་ཞེ་ན། སེམས་ཅན་གྱིས་གལ་ཏེ་བསོད་ནམས་བྱེད་ན་ནི། སངས་རྒྱས་ཡིན་ལ། འོན་ཏེ་མི་བྱེད་ན་ནི། སེམས་ཅན་ཡིན་ནོ། །སེམས་ཅན་ཐོག་མ་ སུས་བགྱིས་ལགས། བཀའ་སྩལ་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་ལ་སོགས་པ་གཟུགས་མེད་པའི་ལྷ་རྣམས་ཀྱང་སུས་བྱས། གསོན་པོར་ཡང་ཇི་ལྟར་གནས། བཅོམ་ལྡན་འདས། ལས་ཀྱིས་ནི། གནས་ལགས་ན། དེ་དག་གི་ལས་དང༌། དེ་བཞིན་དུ་ཁྱིམ་བདག་ཚོང་དཔོན་དང་ཚུལ་ཅན་ཡང་འཚལ་བར་ནི། རྔོ་མི་ཐོགས་ལགས་སོ། །ཤིན་ ཏུ་གནས་པ་ཉིད་དུ་སུ་ཞིག་བྱེད། གསོལ་པ། ལས་ཀྱིས་བགྱིད་དོ། །ལས་ལས་ནི། ཆོས་དུ་མ་སྐྱེས་ཏེ། དགེ་བ་ལས་ཀྱང་ཆོས་དུ་མ་སྐྱེས་པའོ། །དེ་ལ་དགེ་བ་ལས་སྐྱེ་བའི་ཆོས་ནི། གང་ ངག་ལགས། མི་དགེ་བས་སྐྱེ་བ་ནི། གང་དག་ལགས། བཀའ་སྩལ་པ། ལས་ལས་ནི། སྲིད་པ་སྐྱེའོ། །དགེ་བའི་ལས་ལས་ནི། ཐར་པ་སྐྱེའོ། །གསོལ་པ། བཅོམ་ལྡན་འདས། མ་སྐྱེས་ པའི་གནས་དགེ་བ་ལ་ཇི་ལྟར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། གཞན་མ་ཡིན་པ་དེ་བཞིན་ཉིད་ལས་སོ། །གལ་ཏེ་སངས་རྒྱས་དགེ་བ་ལས་སྐྱེ་བ་ལགས་ན། མི་སྐྱེ་བའི་གནས་ཇི་ ལྟར་འཐོབ་ལགས། བཀའ་སྩལ་པ། ལེགས་པར་སྤྱད་པའི་ལས་ཀྱིས་སོ། །དེ་སུས་བསླབ་ལགས། བཀའ་སྩལ་པ། ཐོག་མ་མེད་པའི་དུས་ཀྱི་སངས་རྒྱས་རྣམས་ཀྱིས་བསླབ་བོ། ། ༄༅། །ཐོག་མ་མ་མཆིས་པའི་དུས་ཐམས་ཅད་སུ་ཞིག་གིས་མངོན་པར་སྤྲུལ་ཅིང་བསླབ་ལགས། བཀའ་སྩལ་པ། ཐོག་མ་མེད་པའི་ནི། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པའམ་བསམ་པར་མི་ནུས་སོ། །གལ་ཏེ་འཇིག་རྟེན་དུ་ཤཱ་རིའི་བུ་ལྟ་བུར་མང་དུ་ཐོས་པར་གྱུར་པའི་མི་འགའ་ཞིག་བྱུང་སྟེ། དེས་འདི་ལྟར་ སངས་རྒྱས་རྣམས་ཀྱི་སངས་རྒྱས་འབྱུང་བའི་དང་པོ་གང་ཡིན་ཞེས་དུས་རིང་པོ་མཐའ་ཡས་པར་རྟག་ཏུ་བསམ་ཡང་ཤེས་པའམ། བསམ་པར་མི་ནུས་ཀྱི། དེའི་བར་སྐབས་སུ་ མྱ་ངན་ལས་འདའ་བར་འགྱུར་བ་ཁོ་ནར་ཟད་དོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངལ་གྱི་བུ་ཆེན་པོ་ལྟ་བུ་དག་ཕྱི་མའི་མཐའ་ཡས་པར་རྟག་ཏུ་རྫུ་འཕྲུལ་གྱི་ སྟོབས་ཀྱིས་སོང་ཡང་སངས་རྒྱས་རྣམས་ཀྱི་སངས་རྒྱས་འབྱུང་བ་དང༌། ཞིང་བལྟ་བ་རྟོགས་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པས་བཅུ་ཐོབ་པ་རྣམས་ ཀྱིས་ཀྱང་དེ་བཞིན་ནོ། །ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ནོ། །ཡང་བཀའ་སྩལ་པ། སངས་རྒྱས་འབྱུང་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་འབྱུང་བའང་ དེ་ཁོ་ན་བཞིན་དུ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས། དེ་བཞིན་དུ་བྱེད་པ་པོ་དང༌། ཚོར་བ་པོའང་མཆིས་པ་མ་ལགས་སམ། བཀའ་སྩལ་པ། འོད་སྲུང༌། བྱེད་པ་པོ་དང༌། ཚོར་བ་པོ་ནི། རྒྱུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་འདི་ལ་བས་པ་མཆིས་སམ། འོན་ཏེ་མ་མཆིས། བཀའ་སྩལ་པ། འཇིག་རྟེན་ལ་ནི། ནམ་ཡང་ཇི་ལྟར་ ཡང་ལན་འགའ་ཡང་ཟད་པ་མེད་དོ། །ཡང་བཀའ་སྩལ་པ། འོད་སྲུང༌། ཁྱོད་ལ་དཔེ་བསྟན་པར་བྱའོ། །བཅོམ་ལྡན་འདས། ཇི་ལྟ་བུ་ལགས། བཀའ་སྩལ་པ། འོད་སྲུང༌། དཔེར་ན། རྒྱ་མཚོ་ཟད་མི་ཤེས་པ་ལ་མི་འགའ་ཞིག་གིས་སྐྲའི་རྩེ་མོས་བཅུས་ན། བ་ལང་གི་རྨིག་རྗེས་ཙམ་དུ་འགྱུར་རམ་མི་འགྱུར། གསོལ་པ། བཅོམ་ལྡན་འདས། དེ་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཆེས་གྲངས་མེད་པ། བསྐལ་པ་ཡངས་ཤིང་ཆེས་ཡངས་པ་ཞིག་བྱུང་བ་དེའི་ཚེ་དེའི་དུས་ ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་ཅན་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་དེས་གྲོང་ཁྱེར་ཆེན་པོ་འདི་ཉིད་དུ་ཆོས་བཤད་པ་དེའི་ཚེ་ལི་ཙཱ་བའི་གཞོན་ནུ་ འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་དེ་བཞིན་གཤེགས་པ་དེའི་ དྲུང་དུ་སོང་ནས་དེས་འབྱོར་བ་ཆེན་པོ་དང༌། ཀླུའི་བསྐོར་བ་བྱས་ནས་བཙུན་མོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་མཆོད་དེ་ཚིག་འདི་དག་གསོལ་ཏོ། །བཅོམ་ལྡན་འདས། བདག་ནམ་ ༄༅། །ཞིག་ན་བྱང་ཆུབ་སེམས་དཔར་འགྱུར་ལགས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། འཁོར་ལོས་བསྒྱུར་བའི་རྒྱལ་པོརྒཡ་ གྱུར་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ལས་གཞན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་དང་ཚངས་པ་ལ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཉིད་ཡོད་པ་མ་ ཡིན་པས་དེ་ལས་གཞན་དུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ། དགེ་བསྙེན་དུ་གྱུར་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི། དབང་པོ་དང༌། ཚངས་པར་འགྱུར་རོ། །དབང་པོ་ཉིད་དང༌། ཚངས་པ་ཉིད་ཀྱི་རྒྱལ་པོ་མང་པོ་དུ་མ་བྱས་ནས་དེའི་འོག་ཏུ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་འཁོར་ལོས་བསྒྱུར་བར་འགྱུར་ཏེ། ཁྱོད་ཀྱི་དབང་པོ་ཉིད་དང༌། ཚངས་པ་ཉིད་གངྒཱའི་ཀླུང་ གི་བྱེ་མ་དང་མཉམ་པར་བྱས་ནས་དེའི་འོག་ཏུ་ཁྱོད་ཀྱིས་འཁོར་ལོས་བསྒྱུར་བ་འདི་ཉིད་ཐོབ་པ་ཡིན་ནོ། །དེ་ནས་ཡང་རྒྱལ་པོ་དེས་ཡང་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ ལྡན་འདས། དབང་པོ་ཉིད་དང༌། ཚངས་པ་ཉིད་ཇི་ལྟ་བུ་ལགས། དེའི་ཚེ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། དབང་པོ་དང༌། ཚངས་པ་ལ་སོགས་པ་ཇི་སྙེད་ཡོད་པ་ ཁྱོད་དང་འདྲ་བར་ཅོད་པན་ཐོགས་པ་དེ་དག་ཐམས་ཅད་ནི། ཁྱོད་ཀྱི་དྲུང་ན་ཅིས་ཀྱང་མཛེས་པ་མ་ཡིན་ཏེ། དཔེར་ན། སངས་རྒྱས་ཀྱི་སྐུའི་མདུན་ན་ཉན་ཐོས་དང༌། རང་ སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལམ་མེར་མ་ཡིན། ཐལ་ལེར་མ་ཡིན། ལྷག་གེར་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ། ཁྱོད་དེང་སངས་རྒྱས་ཀྱི་སྐུའི་ཁ་ དོག་དང་འདྲ་བར་ཁོང་དུ་ཆུད་པར་བྱ་ན། འོང་སྲུང༌། ཁྱོད་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔེ་མི་མཇེད་ཀྱི་བདག་པོ་ཚངས་པ་དང༌། བརྒྱ་བྱིན་ཀཽ་ཤི་ཀ་ལས་བླང་བར་སེམས་པ་ལྟ་སྨོས་ ཀྱང་ཅི་དགོས། འོད་སྲུང༌། དེ་ནས་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེས་ཡང་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ལྡན་འདས། ཅི་ལགས། བདག་འཇིག་ རྟེན་དུ་སངས་རྒྱས་སུ་འགྱུར་ལགས་སམ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་དུས་རིང་མོའི་ཡང་ཤིན་ཏུ་དུས་རིང་མོ་ཞིག་ན་སངས་རྒྱས་ ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ། གལ་ཏེ་ཁྱོད་རང་གི་བསོད་ནམས་སྤངས་ཤིང་གཅིག་ཏུ་བོར་ནས་བརྩམས་ཏེ་ཕལ་བའི་འདུ་ཤེས་སུ་བྱས་ནས་དེའི་ཚེ་སྐྲའི་རྩེ་ མོས་རྒྱ་མཚོ་ཆེན་པོ་འདི་བཅུས་ཏེ་བ་ལང་གི་རྨིག་རྗེས་ཙམ་དུ་བྱེད་ན། དེའི་ཚེ་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེར་ རྒྱལ་པོ་སའི་དབང་ཕྱུག་ཅེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་མར་མེ་མཛད་དེས་རྒྱལ་པོ་ཆེན་པོ། ཁྱོད་མ་འོངས་པའི་དུས་ན་ཤཱཀྱའི་སྐྱེས་མཆོག་གཽ་ཏ་མ་ ༄༅། །ཞེས་བྱ་བར་འགྱུར་རོ། །ཞེས་བྱ་བར་ལུང་སྟོན་པར་འགྱུར་རོ། །དེའི་ཚེ་འཇིག་རྟེན་དུ་སྲེག་པའི་བསྐལ་བ་འབྱུང་བར་འགྱུར་རོ། །ཁྱོད་ཀྱིས་དེང་ནས་བཟུང་སྟེ་ རྒྱ་མཚོ་ཆེན་པོ་བ་ལང་གི་རྨིག་རྗེས་ཙམ་དུ་བྱེད་ན། དེའི་ཚེ་ལོ་བརྒྱ་ཕྲག་མང་པོ་དང༌། བར་གྱི་བསྐལ་པ་མང་པོ་དང༌། བསྐལ་པ་སྟོང་ཕྲག་མང་པོ་འདས་ནས་སྲེག་པའི་བསྐལ་པ་ མང་པོ་དང༌། སངས་རྒྱས་རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་དེ་དང༌། མཉེས་པར་བྱེད། མཆོད་པར་བྱེད་པས་རྒྱ་མཚོ་ཆེན་པོ་བ་ལང་གི་རྨིག་རྔེས་ཙམ་དུ་བྱེད་པར་འགྱུར་རོ། ། འོད་སྲུང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེས་རྟག་ཏུ་སྐྲའི་རྩེ་མོས་རྒྱ་མཚོ་ཆེན་པོ་དེ། ཇི་ལྟར་ཟད་པར་བྱེད་ཅེ་ན། དེ་ལྟར་ལ་ལར་བརྒྱ་བྱིན་དང༌། ཚངས་པ་དང༌། འཁོར་ལོས་ བསྒྱུར་བའི་རྒྱལ་པོ་ཉིད་ཀྱི་ཤིན་ཏུ་བདེ་བ་ཡང་དང་ཡང་དུ་འདོད་ན། རྒྱ་མཚོ་ཆེན་པོ་དེ་རིམ་པ་འདིས་ཟད་པར་བྱེད་དོ། །དེ་ནས་སྲེག་པའི་བསྐལ་པ་དེ་དག་ཀྱང་ཚར་ཕྱིན། སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཚེ་བརྒྱ་ལམ་ན་རེས་འགའ་ཞིག་སངས་རྒྱས་མཁན་པོ་མར་མེ་མཛད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་ན་བཅོམ་ལྡན་འདས་མར་མེ་མཛད་དེས་རྒྱལ་པོ་སའི་དབང་ཕྱུག་དེ་ལ་རྒྱལ་པོ་ཆེན་པོ། ཁྱོད་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་སྟོན་ཏོ། །དེའི་ཚེ་རྒྱལ་པོ་ཆེན་པོ། ཁྱོད་རྒྱལ་པོ་དེའི་ བུ་གཞོན་ནུ་ཐུ་བོར་གྱུར་ནས་དེ་དང་ལྷན་ཅིག་སངས་རྒྱས་སུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་དེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ། ཁྱོད་ཀྱི་བུས་རྒྱ་མཚོ་ཆེན་པོ་དེ་ལྟར་ཟད་པར་བྱས་ནས་ད་ལྟར་ཁྱོད་ཀྱི་བུར་གྱུར་པས། ཁྱོད་ཀྱི་བུ་ནི། རྒྱལ་པོ་ཕལ་པའི་རང་བཞིན་མ་ཡིན། མི་མཇེད་ཀྱི་བདག་པོ་ ཚངས་པའམ། ལྷའི་རྒྱལ་པོ་བརྒྱ་བྱིན་ནམ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་འཁོར་ལོས་བསྒྱུར་བ་ཞིག་ཡིན་ནོ། །ཁྱོད་ཀྱི་བུ་ནི། བརྩོན་འགྲུས་ཆེན་པོར་འགྱུར་ཏེ། སའི་དབང་ཕྱུག་ དེ་ལྟར་བྱང་ཆུབ་ནི། རྙེད་དཀའོ། །ཞེས་དཔེ་ཆེད་དུ་བརྗོད་པ་འདི་བླངས་པ་ཡིན་ནོ། །སའི་དབང་ཕྱུག། ཁྱོད་ཀྱི་བུ་འདི་བུད་མེད་སྟོང་ཕྲག་དྲུག་ཅུ་ནོར་བུ་དང༌། རྣ་ཆ་གདུབ་ཀོར་གྱི་ཕྲེང་བ་ ཅན་དང༌། ལྷའི་བུ་མོ་སྒེག་མོ་ལྟ་བུའི་བུད་མེད་དག་མཆིལ་མའི་ཐལ་བ་བཞིན་པོར་ནས་ཨེ་མའོ་འདོད་པ་རྣམས་ནི། མི་རྟག་གོ །ཞེས་གྲགས་པས་ལྷའི་བུ་མོ་སྒེག་མོ་ལྟ་བུའི་བུད་མེད་ དེ་དག་ནི། མཆིལ་མའི་ཐལ་བ་བཞིན་དུ་རྟོགས་སོ། །ཨེ་མའོ་འདོད་པ་རྣམས་ནི། ཐེར་ཟུག་མ་ཡིན་པ། མི་བརྟན་པ། མི་རྟག་གོ །ཞེས་གྲགས་པས་བདག་ནི། ཁྱིམ་ནས་ཁྱིམ་མེད་ པར་རབ་ཏུ་བྱུང་བ་སླའོ། །ཞེས་དེ་ལྟར་རབ་ཏུ་འབྱུང་བར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་དེས་གཞོན་ནུ་དེ་ལ་གང་གི་ཚེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་མགོན་པོ་ ༄༅། །ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་བ་དེའི་ཚེ་རྒྱལ་པོ་ཆེན་པོ་ཁྱོད་ལི་ཙཱ་བའི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འགྱུར་ཏེ། དེ་ ནས་འཇིག་རྟེན་གྱི་ཁམས་དེར་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ནུབ་པའི་དུས་ཀྱི་ཚེ་ལོ་བརྒྱད་ཅུ་ལོན་པ་ན་དགེ་སློང་བློ་འཆང་ཞེས་བྱ་བར་གྱུར་ནས་ རང་གི་སྲོག་ལའང་མི་བལྟ་བར་བྱས་ཏེ་མདོ་འདི་འབྱིན་པར་འགྱུར་རོ། །དེ་ནས་ལོ་བརྒྱ་ལོན་པའི་འོག་ཏུ་ཤི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ་ ཁྱོད་ཀྱིས་རྫུ་འཕྲུལ་ཆེན་པོ་མང་དུ་འབྱིན་པར་འགྱུར་ཞིང་ས་བརྒྱད་པ་ལ་གནས་ཏེ། ལུས་གཅིག་ནི། བདེ་བ་ཅན་ན་འདུག །ལུས་གཅིག་ནི། སྤྲུལ་ཏེ་དགའ་ལྡན་དུ་བཞག་ནས་ མགོན་པོ་མི་ཕམ་པ་ལ་མདོ་འདི་འདྲི་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་སའི་དབང་ཕྱུག་དེ་རང་གི་བུ་ལུང་བསྟན་པ་ཐོས་ནས་བདག་གི་བུ་སངས་རྒྱས་སུ་ལུང་ བསྟན་ཏོ། །ཞེས་དབང་པོ་ཐམས་ཅད་ཚིམ་པར་གྱུར་ཏོ། །དེ་ནས་གཞོན་ནུ་དེ་ལྷག་པར་ཡང་དམ་བཅས་པ་ལ་བརྟན་པར་བྱེད་དོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་ ནས་རྒྱ་མཚོ་ཆེན་པོའང་ཐིགས་པ་ཐིགས་པ་ནས་ཕྲི་བས་མ་མཆིས་ལགས་སོ། །བཀའ་སྩལ་པ། ཇི་ལྟ་བུ་ཡིན། བཅོམ་ལྡན་འདས། དཔེར་ན། ཚོང་པ་ལམ་གྱིས་འཚོ་བ་ འགའ་ཞིག་གིས་ཀཪྴ་པ་ཎ་དག་བགྲངས་ཏེ་བུམ་པར་སྤས་པ་ལས་དེ་ནས་དེའི་བུ་དུས་ནས་འགྲོན་བུ་དག་སྩལ་ཏོ། །དེ་ནས་དེ་འགྲོན་བུ་འདི་ཉུང་ངོ༌། །ཞེས་འཚལ་བར་འགྱུར་ཞིང༌། དེ་ནས་ དེ་དག་ཐམས་ཅད་བས་པར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་གཅིག་ཕྲི་བའང་ཡང་དག་པར་འཚལ་ལ། དེ་ བཞིན་དུ་ཆབ་ཀྱི་ལྷག་མ་ཡང་དག་པར་འཚལ་ལགས་ན། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གྱི་ཕུང་པོ་ཟད་པར་མཁྱེན་པར་མི་འགྱུར་བ་ལྟ་ སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས། སེམས་ཅན་གྱི་ཕུང་པོ་དེ་ནི། བས་པ་མ་མཆིས་ཏེ། དེའང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མ་འཚལ་གྱི། འདི་ལྟར་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི། མཁྱེན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། ལེགས་སོ། །ལེགས་སོ། །དེ་དེ་བཞིན་ཏེ། སེམས་ཅན་གྱི་ཕུང་ པོ་ལ་ཟད་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་བས་པ་མ་མཆིས་སམ། འོན་ཏེ་མཆིས། བཀའ་སྩལ་པ། སེམས་ཅན་ལ་ཟད་པ་མེད་དོ། །བཅོམ་ལྡན་འདས། སེམས་ཅན་བས་པ་མ་མཆིས་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། གལ་ཏེ་ཟད་པ་ཡོད་ན། དེས་ན་འགྲིབ་པ་ཉིད་ཡིན་ལ། ༄༅། །འཕེལ་བ་ཉིད་ཡིན་ན། མདོ་འདིའི་དགོས་པ་ཆེན་པོར་འགྱུར་བས་སྔར་མདོ་འདིར་ཚིགས་སུ་བཅད་པ་སུམ་སྟོང་གསུངས་པ་བསྡུས་ནས་ཡང་དག་པར་ བཏགས་པ་ལས་དེ་དག་ཐམས་ཅད་རྒྱས་པར་རིག་པར་བྱའོ། །གལ་ཏེ་ཚིགས་སུ་བཅད་པ་སུམ་སྟོང་ཡང་དག་པར་བཏགས་པ་དེ་ལས་མེད་ན། དགེ་སློང་ཡངས་པ་ལ་དད་པའི་ ཡིད་ཅན་གྱིས་ཞུས་པ་གང་ཡིན་པ་དེ་ཁོ་ན་ལས་ལེགས་པར་ཤེས་པར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་གང་དང་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ ཐམས་ཅད་ནི། རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ་ཡིན་ནོ། །རྒྱུ་གང་གིས་ན་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་གང་དག་ལགས་པ་དེ་དག་བས་ པར་མི་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཁྱམས་སམ། ཁང་བཟང་དུས་དུས་སུ་འཇིག་ཅིང་ཞིག་ན་ནམ་མཁའ་འགྱུར་བ་དེ་བཞིན་དུ་ཡོངས་ སུ་མྱ་ངན་ལས་འདས་པའི་མགོན་པོ་གང་དང་གང་དག་ཡིན་པ་དེ་དང་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཐར་པ་ཁོ་ནར་འགྱུར་རོ། །དཔེར་ན། ཥིདྷུ་ཞེས་བྱ་བའི་སྐད་ཀྱི་བྱིངས་ ཀྱི་དོན་ནི་ཏ་ཞེས་བྱ་བའི་རྐྱེན་གྱིས་དེ་གྲུབ་པ་ཞེས་བྱ་བའི་རང་བཞིན་དུ་འགྱུར་རོ། །ཇི་ལྟར་ན། འཇིག་རྟེན་པའི་བསྟན་བཅོས་རྣམས་ལ་ནཱ་མཱ་ཁྱཱ་ཏ་ཨུ་པ་ས་ག་སྲིད་ཏདྡྷི་ཏ་ཞེས་ བྱ་བ་ལ་སོགས་པས་བསྡུས་པའི་གྲུབ་པའི་ཚིག་དེ་ལ་གྲུབ་པ་ཞེས་བྱ་བའོ། །གྲུབ་པའི་ཚིག་དེ་གྲུབ་པ་གང་ཡིན་པ་དེའང་མི་མངོན་པ་མེད་དོ། །དེ་བཞིན་དུ་སེམས་ཅན་གྱིས་སྟེང་ དང༌། འོག་ཏུ་ཉོན་མོངས་པ་ཞེས་བྱ་བ་ཞི་བར་བྱས་ནས་ཐར་པ་ཐོབ་ནའང་སྐྱེ་བ་དང༌། རྒ་བ་དང༌། འཆི་བའི་སྲིད་པ་འབྱུང་བར་མི་འགྱུར་རོ། །བརྡ་སྤྲོད་པ་ཅི་དགར་ཀློག་པ་དག་སིདྡྷ་ ཧ་ཞེས་བྱ་བ་གང་ཡིན་པ་དེའི་ཚིག་དེའང་བི་དྷུ་ཞེས་བྱ་བར་བྱེད་དེ། ཡང་རང་གིས་ཚིག་བསྡུས་ནས་རང་གྱི་ཚིག་གི་ངོ་བོར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་དེའི་ཕུལ་དུ་ཕྱིན་པའི་ཕྱིར་ དང༌། སློབ་མ་རྣམས་ཕུལ་དུ་ཕྱིན་པར་བྱ་བའི་ཕྱིར་དེ་འདིར་ལྟར་སྔོན་གྱི་ཡི་གེ་དང༌། ཆོ་གཅི་དག་གམ་མ་དག་མི་ཤེས་པར་གཅད་པ་དང༌། དབྱེ་བ་བསླབ་ནས་ཡང་གཅད་པ་དབྱེ་བ་ ཞེས་བྱ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འདི་ལྟར་ཐོག་མ་རྫོགས་པའི་བྱང་ཆུབ་ཀྱི་སངས་རྒྱས་སུ་དབང་ བསྐུར་བ་དེ་ནས་བཟུང་སྟེ་རྒྱུན་མི་འཆད་པར་འཁོར་བ་ན་སེམས་ཅན་ཇི་ཙམ་པ་དེ་སྲིད་དུ་ལ་ལར་འབྱུང་བ། ལ་ལར་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཀྱང་དེ་ཉམས་པར་མི་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་ཉིད་ཀྱི་རྒྱུས་ཡང་སྐྱེ་བ་དང༌། རྒ་བ་དང༌། འཆི་བའི་སྲིད་པ་འབྱུང་བར་མི་འགྱུར་རོ། །འོད་སྲུང༌། ཁྱོད་ཀྱིས་ཇི་ལྟར་སྟེང་དང༌། འོག་ཏུ་གྲུབ་པ་མ་གྲུབ་ ༄༅། །པའི་ཚིག་ཏུ་མི་འགྱུར་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཤེས་པར་གྱིས་ཤིག །འོད་སྲུང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐུ་གཅིག་གིས་སངས་རྒྱས་གསུམ་དུ་འགྱུར་ཏེ། ཤཱཀྱ་མགོན་པོའི་སྐུ་གཅིག་གིས་དེ་དག་ཐམས་ཅད་སངས་རྒྱས་ཉིད་དུ་བྱེད་པ་དང༌། མི་ཕམ་པ་མི་ཕམ་པ་ཞེས་བྱ་བ་མགོན་ པོ་བྱམས་པར་འགྱུར་བ་གང་ཡིན་པ་དང༌། ང་ཉིད་ཐེར་ཟུག་པ་ཡིན་ཏེ། འདས་པའི་སངས་རྒྱས་དག་ཀྱང་ང་ཉིད་ཡིན་ནོ། །ཞེས་བྱ་བ་གང་ཡིན་པ་དེ་དང་དེ་དག་གསུངས་ཏེ། གང་ཡང་བསྐལ་པ་འདིའི་སངས་རྒྱས་སྟོང་པོ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའོ། །ཞེས་བྱ་བ་དེ་ལྟར་ཤེས་པར་གྱིས་ཤིག །སངས་རྒྱས་ཞེས་བྱ་བའི་ སྐད་ཀྱི་བྱིངས་ནི། མཁས་ཤིང་རྟོགས་པའི་སྐད་ཀྱི་བྱིངས་ཡིན་ཏེ། སངས་རྒྱས་ཀྱི་སྐད་ཀྱི་བྱིངས་དང༌། མྱ་ངན་ལས་འདས་པའི་སྐད་ཀྱི་བྱིངས་ནི། དེ་ལྟ་བུ་ཡིན་པར་གསུངས་ སོ༑ ༑ཇི་ལྟར་མཁས་ཤིང་རྟོགས་པའི་སྐད་ཀྱི་བྱིངས་ཉམས་པ་མེད་པ་དེ་བཞིན་དུ་སངས་རྒྱས་ངའང་རྟོགས་པའི་མྱ་ངན་ལས་འདས་པར་འགྱུར་རོ། །འོད་སྲུང༌། མདོ་སྡེ་འདི་ལྟ་བུ་ འདི་དག་མ་འོངས་པའི་དུས་ན་ཐོས་ན་རང་བཟོར་བྱས་པའོ། །ཞེས་སྨྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ལ་སྐད་ཀྱི་བྱིངས་མི་སྣང་བས་གྲུབ་པའི་སྐད་ཀྱི་ བྱིངས་ཀྱི་མདོ་ནི། འགའ་ཞིག་གིས་བྱས་སོ། །སངས་རྒྱས་ཀྱི་གསུང་ལ་ནི། དེ་བཞིན་གཤེགས་པ་རྟག་པ་མི་སྣང་ན་ཁ་ཅིག་གིས་ཡང་རང་བཟོར་བྱས་སོ། །སངས་རྒྱས་ཀྱི་གསུང་ལ་ནི། བདག་མི་སྣང་ན་ཁ་ཅིག་གིས་ཡང་རང་བཟོར་བྱས་སོ། །ཡང་གསུང་རབ་ཡན་ལག་དགུ་ལ་གང་དུའང་མཚུངས་པ་མེད་པ་ཞེས་བྱ་བའི་མདོ་མི་སྣང་ན་འགའ་ཞིག་གིས་རང་བཟོར་བྱས་ སོ༑ ༑མཚུངས་པ་མེད་པའི་མདོ་འདི་ནི། འགའ་ཞིག་རང་བཟོར་བྱས་པར་ཟད་དོ། །ཞེས་ཟེར་རོ། །དཔེར་ན། འདི་ལྟར་རྒྱལ་པོ་གཏོང་བ་དང་ལྡན་པར་གྱུར་པ་དེའི་ཚེ་རྒྱལ་པོ་དེའི་ནོར་ བསགས་པའི་བུམ་པ་མང་པོས་རུམ་ནས་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟ་ཇི་ལྟར་རིན་པོ་ཆེ་གང་དང་གང་དག་ཤི་བ་དང༌། བཀྲེན་པ་དང༌། ཕོངས་པ་དང༌། སློང་མོ་ པ་ལ་སོགས་པ་ལ་བགོ་བཤའ་བྱེད་པ་དེ་ལྟ་དེ་ལྟར་དེ་ལ་འཇིག་རྟེན་དུ་རིན་པོ་ཆེ་ཡ་མཚན་ཅན་དེ་དང་དེ་དག་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ ཆེན་པོ་ལ་མཁས་པ་ཆོས་ཟབ་མོ་རིན་པོ་ཆེ་གང་དང་གང་དག་ཡིན་པ་སེམས་ཅན་རྣམས་ལ་ཆོས་བསྟན་པ་སྟོན་ཅིང་དེས་ཆོག་ཤེས་པ་དང༌། ཡོ་བྱད་བསྙུངས་པ་ཐོག་མར་བྱས་ ནས་དེ་ལྟར་ཆོས་སྟོན་པ་ལ་ཞུགས་པ་ན་དམ་པ་མ་ཡིན་པའི་རྫས་སྤོང་བའི་མདོ་སྡེ་གང་ཡིན་པ་དེ་དག་འཐོབ་པར་འགྱུར་བ་འདི་ལྟ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། ༄༅། །སྨོན་པ་མེད་པ་དང་ལྡན་པའི་སྒོ་དེ་ལྟ་བུ་དག་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ ཉིད་ཀྱི་མདོ་སྡེ་སྙིང་པོ་ཅན་གྱི་ལེ་འུ་འདི་ལྟ་བུ་འདི་དག་ཀྱང་འཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆོས་ལ་གུས་པར་བགྱིད་པ་དེ་ཇི་ ལྟ་བུ་ལགས། བཀའ་སྩལ་པ། གང་གི་ཚེ་རུང་བ་མ་ཡིན་པ་ལ་རུང་བའི་འདུ་ཤེས་ཀྱིས་སྤྱོང་ནའོ། །གསོལ་པ། ཇི་ལྟ་བུ་ལགས། བཀའ་སྩལ་པ། དཔེར་ན། ཀོ་ས་ལའི་ རྒྱལ་པོ་གསལ་རྒྱལ་འདིའི་དྲུང་དུ་གང་གི་ཚེ་རྒྱལ་པོ་འགའ་ཞིག་གི་ཕོ་ཉ་རིགས་དམའ་བ་ལས་སྐྱེས་པ་གདོལ་བ་བཀྲེན་པ་ཞིག་འོངས་པར་གྱུར་ན། དེ་ལ་རྔ་བོ་ཆེ་དང༌། རོལ་ མོའི་སྒྲ་མང་པོ་དང༌། གླང་པོ་ཆེའི་སྟེང་ནས་སྐད་ཆེན་པོ་སྒྲོག་ཅིང་སྟན་ཆེན་པོ་བཏིང་ནས་རྒྱལ་པོ་ལས་དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། མེ་ཏོག་དང༌། ཕྱེ་མ་དང༌། གོས་དང༌། རྒྱན་མང་དུ་འཐོབ་པར་འགྱུར་ཞིང་རྒྱལ་པོ་རང་ཡང་གོས་བཟང་པོ་བགོས་ནས་སྟན་མཐོན་པོ་ལས་བབས་ཏེ། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དག་ཡོད་བཞིན་དུ་དེའི་མདུན་ ནས་བསུ་བའི་ཕྱིར་རྐང་གིས་འགྲོ་ཞིང་སྟན་དང་བཏིང་བ་ཡོད་བཞིན་དུ་དེའི་མདུན་ན་ས་ལ་འདུག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་དེ་དག་གིས་གོས་ དང་རྒྱན་དུ་བཅས་པ་བྱས་པར་འགྱུར་མོད་ཀྱི། འོན་ཀྱང་དེ་རྒྱལ་པོའི་ཕོ་ཉ་ཡིན་ནོ། །ཞེས་བཀུར་སྟི་བྱེད་དོ། །དེ་བཞིན་དུ་ཆོས་སྨྲ་བའི་མདུན་དུ་གཏམ་གྱི་དུས་ན་དགེ་སློང་ངམ། ཁྱིམ་ པས་ཇི་ལྟར་ངའི་སྤྱན་སྔ་ན་སྟན་དམའ་བ་ལ་འདུག་ནས་ལྷའི་ཕྱེ་མ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། བདུག་པ་དང༌། མེ་ཏོག་དང༌། རྒྱན་རྣམས་ཀྱིས་བྱེད་པ་བཞིན་དུ་བྱའོ། །གང་ ཞིག་དེ་ལྟར་སྤྱོད་པ་དེ་ལ་ཡ་མཚན་དེ་དང་དེ་དག་དེའི་དྲུང་དུ་འབྱུང་བར་འགྱུར་ཞིང་དེ་ལ་རྟག་ཏུ་ངོ་མཚར་དུ་བྱ་བ་གནོད་སྦྱིན་དང༌། སྲིན་པོའི་རྒྱལ་པོ་རྣམས་ཀྱང་རིམ་གྲོ་བྱེད་པར་ འགྱུར་རོ། །དཔེར་ན། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཟས་འཕེལ་བར་འགྱུར་གྱི་འགྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཇི་སྲིད་འཚོའི་བར་དུ་ཟས་དང་ སྐོམ་གྱི་འདུ་ཤེས་མེད་ཅིང་མཁྲེན་པ་དང༌། ཕྲག་དོག་དང༌། སེར་སྣ་མི་འབྱུང་བའི་ཕྱིར་བར་མ་དོར་འགྲིབ་པར་མི་འགྱུར་རོ། །དེ་བཞིན་དུ་ཛམྦུའི་གླིང་འདི་ན་དགེ་སློང་དང༌། དགེ་ སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་མདོ་སྡེ་འདི་ལྟ་བུ་འདི་ལྟ་བུ་འདི་དག་འབྲི་བ་དང༌། ཀློག་པ་དང༌། འཆང་བ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་དག་ལའང་ སྟོན་པར་བྱེད་ཅིང་བར་མ་དོར་སྒྱིད་ལུག་པར་མི་འགྱུར། སོམ་ཉི་ཟ་བར་མི་འགྱུར། ཐེ་ཚོམ་ཟ་བར་མི་འགྱུར། སྐུར་བ་འདེབས་པར་མི་འགྱུར་བ་གང་ཡིན་པ་དེ་དག་གིས་རྟག་ཏུ་ ༄༅། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ངོ་མཚར་དུ་བྱ་བ་བཟའ་བ་དང༌། བཏུང་བ་མང་པོ་རྙེད་པར་འགྱུར་ཏེ། བྱང་ཆུབ་ལ་ཐུག་པའི་བར་དུ་མི་ཟད་མི་འབྲི། མི་འགོང་ ཞིང་བར་མ་དོར་ཡོངས་སུ་གཏུགས་པར་མི་འགྱུར་རོ། །གཞན་ཡང་དཔེར་ན། དགེ་སློང་བར་མ་དོར་གཡེལ་བ་མི་བྱེད་པ་གང་ཡིན་པ་དེ་ལ་ལུས་ཐ་མ་འཛིན་པའི་ལྷ་རྣམས་རང་ གི་ལུས་ཁོ་ནས་ཇི་སྲིད་འཚོའི་བར་དུ་རིམ་གྲོ་བྱེད་དོ། །དེ་བཞིན་དུ་གང་དག་མདོ་སྡེ་འདི་ལྟ་བུ་དག་ལ་ཐ་ན་ཡུངས་འབྲུ་ཙམ་ཡང་སྐུར་བ་གདབ་པའི་འདུ་ཤེས་སྐྱེ་བར་མི་འགྱུར་ བ་དེ་དག་ནི། དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་བཞིན་གཤེགས་པ་རྟག་པ་ཉིད་ཐོབ་པར་འགྱུར་རོ། །དེ་དག་འཆང་བ་དང༌། བསྟེན་པ་དང༌། བཀུར་སྟི་དང༌། རིམ་གྲོ་བྱེད་ པའང་དེ་བཞིན་གཤེགས་པ་རྣམས་ལས་མངོན་དུ་འགྱུར་རོ། །དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་རིན་པོ་ཆེ་སྣ་བདུན་དག་འདོང་བར་ འགྱུར་རོ། །དེ་བཞིན་དུ་གང་དུ་ཕན་པ་སྟོན་པར་འབྱུང་བ་དེ་དང་དེར་མདོ་སྡེ་འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་རོ། །དཔེར་ན། གང་དང་གང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་ པོ་འདུག་པ་དེ་དང་དེར་རིན་པོ་ཆེ་སྣ་བདུན་དག་འདུག་གི །ཕྱོགས་གཞན་དུ་གོམ་པ་གཅིག་ཀྱང་མི་འདུག་གོ །དེར་ནི། རིན་པོ་ཆེ་ངན་པ་གཞན་དག་འདུག་གོ །དེ་བཞིན་དུ་ གང་དུ་ཕན་པ་སྟོན་པ་མངོན་སུམ་དུ་གྱུར་པ་འབྱུང་བ་དེའི་ཚེ་ལྷོ་ཕྱོགས་ཀྱི་ལམ་ནས་མདོ་སྡེ་འདི་ལྟ་བུ་འདི་དག་འོང་བར་འགྱུར་ཞིང་འོངས་ནས་ཀྱང་དེ་དག་གི་དྲུང་དུ་འགྲོ་བར་འགྱུར་ གྱི༑ ཕྱོགས་གཞན་དུ་ནི་གནས་པར་མི་འགྱུར་རོ། །འཕགས་པ་རྔ་བོ་ཆེ་ཆེན་པོའི་འླེའུ་བམ་པོ་གསུམ་པ། དེར་ནི་སྟོང་པ་ཉིད་ཀྱི་ལེའུ་དང་ལྡན་པའི་དྲང་བའི་མདོ་སྡེ་ གཞན་དག་འབྱུང་ཞིང་གལ་ཏེ་དེ་ན་སྟོན་པ་ཡོད་ན་དེ་ཉིད་དུ་གནས་པར་འགྱུར་རོ། །ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཕྱོགས་གཞན་དུ་སོང་ན་དེ་ན་སེམས་ཅན་གང་དག་རྒྱལ་ པོའི་ཞམ་རིང་བྱེད་པ་དེ་དག་འདི་སྙམ་དུ་བདག་ཀྱང་རྒྱལ་པོ་གང་དུ་བཞུད་པ་དེར་འདོང་ངོ་སྙམ་དུ་སེམས་པར་འགྱུར་རོ། །དེ་བཞིན་དུ་གང་དུ་ཕན་པ་སྟོན་པ་འབྱུང་བ་དེར་མདོ་སྡེ་ འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་རོ། །དཔེར་ན། གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་བར་འགྱུར་བ་དེའི་ཚེ་རིན་པོ་ཆེ་སྣ་བདུན་དག་འབྱུང་བར་འགྱུར་རོ། །དེ་ བཞིན་དུ་ཕན་པ་སྟོན་པ་གང་དུ་འབྱུང་བར་འགྱུར་བ་དེའི་ཚེ་དེ་དག་གི་ལག་ཏུ་མདོ་སྡེ་འདི་ལྟ་བུ་འདི་དག་འོང་བར་འགྱུར་རོ། །གཞན་ཡང་གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་ པོས་རིན་པོ་ཆེ་སྣ་བདུན་ལས་སྣ་གཅིག་མ་མཐོང་ནས་དེས་བཙལ་ནས་རིན་པོ་ཆེ་སྣ་བདུན་པོ་གང་ན་ཡོད་པ་དེ་ཉིད་དུ་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་མདོ་སྡེ་འདི་ལྟ་བུ་འདི་མཉན་ ༄༅། །ན་གང་ན་ཕན་པ་སྟོན་པ་ཡོད་པ་དེ་དང་དེ་ཁོ་ནར་བཙལ་ན་རྙེད་པར་འགྱུར་རོ། །དཔེར་ན། གང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མེད་པ་དེ་ན་ཁམས་ཀྱི་ རྒྱལ་པོ་དང༌། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དང༌། རྒྱལ་ཕྲན་གྱི་ཚོགས་རྣམས་འབྱུང་ངོ༌། །དེ་བཞིན་དུ་གང་ན་མདོ་སྡེ་འདི་ལྟ་བུ་འདི་དག་འཆད་པར་མི་འགྱུར་བ་དེར་ཕན་ པ་སྟོན་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ལེའུ་དང་ལྡན་པ་ཕལ་པ་གཞན་སྟོན་ཅིང་འཆད་པར་འགྱུར་རོ། །དེའི་ཚེ་དེ་དག་གིས་མདོ་སྡེ་དེ་ལྟ་བུ་མང་པོ་དག་མཐོང་ཐོས་ནས་སེམས་ ཅན་དེ་དག་སློབ་ཅིང་དེ་དག་གིས་ལོབས་ནས་གང་གི་ཚེ་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་གཤེགས་པ་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ ཐོས་ན་དེ་དག་ཡིད་གཉིས་དང༌། ཐེ་ཚོམ་འཐོབ་ཅིང་བློ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཐེ་ཚོམ་དང་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་ཅི་ནས་ཀྱང་ཕན་པ་སྟོན་པ་ལ་འཕྱའང་རུང༌། མི་ འཕྱའང་རུང༌། དགའ་བར་བྱེད་ཀྱང་རུང༌། མགུ་བར་བྱེད་ཀྱང་རུང༌། བརྙེས་པར་བྱེད་ཀྱང་རུང༌། རྙོག་པར་བྱེད་ཀྱང་རུང༌། འདི་སྐད་ཅེས་ཅི་འདི་རང་བཟོར་བྱས་པ་ཞིག་གམ། འོན་ཏེ་འདི་བསྟན་པ་ཉམས་པར་བདུད་ཀྱིས་བསམ་ནས་བྱས་པ་ཞིག་ཅེས་སྨྲ་ཞིང་བསམ་ནས་དེ་དག་གི་དྲུང་ནས་ལོག་སྟེ་རང་རང་གི་ཡུལ་དུ་དོང་ནས་ཕན་ཚུན་ཚུལ་ཁྲིམས་ ཉམས་པར་བྱེད། ལྟ་བ་ཉམས་པར་བྱེད་པར་འགྱུར་གྱི། དེ་དག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོབ་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ན་ཕན་པ་སྟོན་པ་དེར་མདོ་སྡེ་ འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་རོ། །དེའི་ཚེ་འཇིག་རྟེན་འདིར་སེམས་ཅན་མང་པོ་མང་པོ་དག་གིས་མཐོང་ཞིང་ཐོས་ནས་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པར་འགྱུར་གྱི། ཞུམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དུས་འདི་ནི། སྙིགས་མ་ལྔའི་དུས་ཡིན། དུས་འདི་ནི། བསྟན་པ་ཉམས་པར་འགྱུར་བ་ཡིན་པས་སེམས་ཅན་མང་པོ་དག་ཐེག་པ་ཆེན་པོ་ལ་ ཤིན་ཏུ་སྐུར་བ་འདེབས་པར་འགྱུར་རོ། །དཔེར་ན། ཁྱིམ་བདུན་གྱི་གྲོང་ལ་འགྲོན་བུ་གཅིག་ཡོད་པ་དེ་བཞིན་དུ་གང་ན་མདོ་སྡེ་འདི་ལྟ་བུ་འདི་དག་རབ་ཏུ་སྤྱོད་པ་དེ་ནའང་སྐྱེ་བོ་བདུན་ ལས་གཅིག་ནི། གདོན་མི་ཟ་བར་དམ་པའི་ཆོས་སྤོང་བར་འགྱུར་རོ། །འདི་ལྟ་སྟེ། ཚུལ་ཁྲིམས་མཚུངས་པ་དེ་དག་གིས་ཚུལ་ཁྲིམས་དག་པ་མཐོང་ནས་ཡིད་རངས་པར་གྱུར་ཅིང་ ཕན་ཚུན་གཅིག་ལ་གཅིག་ཚུལ་ཁྲིམས་ཉམས་པར་བྱེད་པས་དགའ་བར་འགྱུར་རོ། །དེ་ལ་ཚུལ་ཁྲིམས་མཚུངས་པ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གང་ཞིག་མདོ་སྡེ་འདི་ལྟ་བུ་འདི་ཐོས་ ཤིང་མདོ་སྡེ་དེ་དག་གི་ཆོས་སྟོན་པ་ལ་སོགས་པ་མཐོང་ན་འདི་ལྟར་ཡིད་ལ་བཅགས་ནས་ནི་ཕྱིར་ཕྱོགས་པར་བྱེད་ཅིང་གཏམ་འདི་ལྟ་བུ་དག་སྨྲ་སྟེ། དེ་ལ་སེམས་ཅན་གྱི་ཁམས་ནི་ ༄༅། །གང༌། དེ་ལ་དེ་བཞིན་གཤེགས་པའི་བདག་གི་ངོ་བོ་ཉིད་རྟག་པའམ། རང་བཞིན་རྟག་པ་ཉིད་ནི། གང་ཡངས་པའི་མདོ་བསྟན་པ་འདིའི་གཏམ་ནི་ཅི་ཡིན་ ཞེས་ཁ་གཞན་དུ་བལྟས་ཏེ་སེམས་པར་བྱེད་ཅིང་དེ་དག་འདི་དག་ནི། བདག་གི་ཕྱོགས་བྱེད་པར་འགྱུར་རོ། །ཞེས་དེ་དག་ཕན་ཚུན་དུ་བྱམས་པར་བྱེད་ཅིང་དེ་ལྟར་རིམ་གྱིས་ རང་བཞིན་ལ་འཇོག་པར་བྱེད། དེ་དག་གི་རང་བཞིན་དང་རང་བཞིན་གཅིག་པར་བྱེད་དོ། །དཔེར་ན། བྲམ་ཟེའི་ཁྱིམ་མམ་ཁྱིམ་བདག་གི་ཁྱིམ་ན་ཁྱེའུ་འགའ་ཞིག་སྤྱོད་པ་ མ་ཡིན་པ་ལ་ཞུགས་པར་གྱུར་པ་ན་དེ་ཕ་དང་མས་བཟློག་སྟེ། དེ་དེ་ལས་བཟློག་པ་ན་སྤྱོད་པ་མ་ཡིན་པ་དེ་ལས་ལྡོག་ཏུ་མ་བཏུབ་ནས་ཇི་ཙམ་ན་དེ་རང་གི་ཁྱིམ་ནས་བྱུང་སྟེ། བྱུང་ ནས་ཁྱེའུ་གཞན་ཞིག་དང་ལྷན་ཅིག་འདྲིས་པར་བྱེད་དོ། །དེ་ནས་ཁྱེའུ་དེས་ཁྱེའུ་དེའང་ཁྲིད་ནས་མདའ་མ། བུས་པའི་རྩེད་མོའམ། རྩེ་མོ་གང་ཡང་རུང་བ་དག་གིས་རྩེ་བར་བྱེད་ དེ༑ དེ་ཇི་ལྟར་དགའ་བ་དེ་བཞིན་དུའང་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་དེའང་ཡིད་དགའ་བར་གྱུར་ནས་རང་གི་ཁྱིམ་ནས་འབྱུང་ཞིང་བྱུང་ནས་སེམས་ཤིང་བདག་ཅག་ལ་འདི་ དང་འདི་སྐད་ཅེས་ཟེར་བས་མ་ལ་བདག་ཅག་ཡུལ་གཞན་དུ་འདོད་དོ་ཞེས་ཟེར་བ་ལྟ་བུ་དག་ནི། ཚུལ་ཁྲིམས་མཚུངས་པ་ཞེས་བྱ་བ་ཡིན་ཏེ། དེ་ལྟ་བུ་དེ་དག་ནི། མདོ་སྡེ་འདི་ལྟ་ བུ་འདི་དག་ལ་དགའ་བར་མི་འགྱུར། མདོ་སྡེ་འདི་ལྟ་བུ་འདི་དག་ཀློག་པ་དང༌། གཞན་ལའང་སྟོན་པ་དང༌། གཞན་དག་སྦྱོང་བར་བྱེད་པ་དེ་ལྟ་བུ་གནས་པ་དང༌། དེ་ལྟར་སྦྱོང་བར་ བྱེད་པ་དེ་དག་ལ་ཕྱོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདྲ་བའི་དུས་ལ་ནི། སེམས་ཅན་རྣམས་ཆོས་ཀྱིས་འཕོངས་པར་འགྱུར་བས་བཅོམ་པའི་ཡིད་ཀྱིས་ལྷོད་པར་ འགྱུར་བའི་ཕྱིར་རོ། །དེ་ནས་དེའི་ཚེ་གང་དང་གང་དུ་བསྐལ་པ་འདྲ་བའི་སྤྱོད་པ་དེ་དང་དེར་དོང་ནས་སྐུར་བ་འདེབས་པར་འགྱུར་རོ། །བཅོམ་ལྡན་འདས། ཀྱེ་མའོ་དུས་ངན་པའི་དུས་ འབྱུང་བར་འགྱུར་ལགས་སོ། །བཀའ་སྩལ་པ། འོད་སྲུང༌། དེ་འདྲ་བའི་དུས་བྱུང་ན་ཕན་པར་སྟོན་པ་རྣམས་ཀྱིས་ཅི་འདྲ་བ་དང༌། ཇི་ལྟ་བུའི་རང་བཞིན་དུ་བྱ་ཞེ་ན། དཔེར་ན། གྲོང་ རྡལ་ལམ། གྲོང་ཁྱེར་རམ། ཚོང་འདུས་ཀྱི་ལམ་པོ་ཆེ་ལ་བརྟེན་པའི་ཞིང་གླང་པོ་ཆེ་དང༌། རྟ་དང༌། མིས་བཟའ་བར་འོས་པའི་མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། བུ་རམ་ཤིང་ གི་ཞིང་ལོ་ཏོག་ཕུན་སུམ་ཚོགས་པ་ཞིག་ཡོད་པར་གྱུར་ལ། དེའང་གཟན་ཁར་བབ་པས་དེའི་དབུས་སུ་ལམ་པོ་ཆེ་བྱུང་ལ། དེ་ནས་དེར་ཁྱིམ་མི་ཞིང་བདག་གིས་སྲུང་མ་ཞིག་བཞག་ པ་དང༌། དེ་ནས་དེས་ཉི་མ་གཅིག་བསྲུངས་ནས་བག་ཚ་སྟེ་གཡེལ་བར་གྱུར་ཏོ། །དེ་ནས་དེ་བཞིན་དུ་གཉིས་པ་དང༌། གསུམ་པ་དང༌། བཅུ་པ་དང༌། ཉི་ཤུ་པ་དང༌། བརྒྱ་པའང་དེ་བཞིན་ ༄༅། །ནོ༑ ༑དེ་ལ་མི་ཐ་མ་ཤོས་ཀྱིས་བསམ་པ། གལ་ཏེ་བདག་གིས་འདི་དག་ཐམས་ཅད་ཕྱིར་བཟློག་ན་དེ་ཉིད་ཀྱིས་བདག་གིས་ཞིང་བསྲུངས་པར་མི་འགྱུར་བ་དང༌། ལོ་ཏོག་ཀྱང་འགྲུབ་པར་མི་འགྱུར་བས་བདག་གིས་ཐབས་ལེགས་པ་གང་གིས་བདག་ཞིང་སྲུང་དུ་འགྱུར་བ། ཞིང་གི་ལོ་ཏོག་ཆུད་གཟོན་པར་ཞུགས་པ་རྣམས་ལ་ཐབས་ལེགས་ པ་ཞིག་བསམ་པར་བྱའོ་སྙམ་ཞིང་དེ་ནས་དེས་དེ་ལྟར་བསམ་ནས་དེས་གང་ན་མོན་སྲན་ཙམ་མམ། མོན་སྲན་སྡེའུ་འམ། མོན་སྲན་གྲེའུ་འམ། རྒྱ་སྲན་ཡོད་པ་དེ་ལས་དེ་ཐོག་ མར་འགྲོན་པ་རྣམས་ལ་གུས་པས་བསུ་ནས་ཕུ་ནུ་པོ་བདག་གི་འདི་སྣོམས་ཤིག་ཅེས་སྨྲ་ཞིང་སྦྱིན་པ་བྱེད་ན། དེ་ལྟར་བྱིན་ཞིང་དེ་ལྟར་སྨྲས་པས་ཞིང་དེ་ཐམས་ཅད་འགྲུབ་པར་ འགྱུར་རོ། །འོད་སྲུང༌། ཁྱོད་ཀྱིས་ཀྱང་དེ་བཞིན་དུ་ང་འདས་པའི་འོག་ཏུ་ཐབས་དེ་ལྟ་བུ་བྱོས་ལ་མདོ་འདི་ཕྱུངས་ཤིག །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བདག་ གིས་རྣམ་གྲངས་འདིས་སྐྱེས་བུ་ཐ་ཤལ་རྣམས་ཡང་དག་པར་གཟུང་རྔོ་མི་ཐོགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བསྐལ་པ་བརྒྱ་སྟོང་དུ་རིའི་རྒྱལ་པོ་རི་ རབ་ཁུར་དུ་ཐོགས་པ་ནི། མི་མངོ་ལགས་ཀྱི། སྐྱེས་བུ་ཐ་ཤལ་ཚུལ་ཁྲིམས་འཆལ་པ་དམ་པའི་ཆོས་ལ་སྐུར་པ་འདེབས་པ། དམ་པའི་ཆོས་ལ་སྨོད་པའི་སེམས་ཅན་དག་གི་ ཚིག་རྩུབ་མོ་ཉན་པ་ནི། མ་ལགས་སོ། །བཅོམ་ལྡན་འདས། གཞན་གྱི་སུག་པར་མཆིས་ཏེ་དབང་དུ་བགྱིས་པ་ནི། མི་མངོ་ལགས་ཀྱི། སྐྱེས་བུ་ཐ་ཤལ་ཚུལ་ཁྲིམས་འཆལ་པ་ཅན་ དམ་པའི་ཆོས་ལས་ཁ་ཕྱིར་ཕྱོགས་པ། དམ་པའི་ཆོས་ལས་རིང་དུ་གྱུར་པ། དམ་པའི་ཆོས་མཉན་པ་མ་བཟུང་བས་ཉམས་པའི་རྒྱུད་ཅན་གྱི་སེམས་ཅན་དེ་དག་གི་ཚིག་རྩུབ་པོ་དང༌། རང་བཞིན་ངན་པའི་ངག་དང༌། ཚིག་མཉན་པ་ནི། མ་ལགས་སོ། །བཅོམ་ལྡན་འདས། ས་ཆེན་པོ་འདི་རྒྱ་མཚོ་དང༌། རི་དང་བཅས་པར་བསྐལ་པ་བྱེ་བ་ས་ཡ་ཕྲག་བརྒྱ་སྟོང་མང་པོར་ སྤྱི་བོར་ཐོགས་པ་ནི། མི་མངོ་ལགས་ཀྱི། སྐྱེས་བུ་ཐ་ཤལ་ཚུལ་ཁྲིམས་འཆལ་པ་བསྟན་པ་རབ་ཏུ་རྣམ་པར་འཇིག་པར་བགྱིད་པ་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའི་སེམས་ ཅན་དེ་དག་གི་ཚིག་རྩུབ་པོ་ཉན་པ་ནི། མ་ལགས་སོ། །བཅོམ་ལྡན་འདས། འོན་པ་ཉིད་དང༌། ལྐུག་པ་ཉིད་དང༌། དམུས་ལོང་ཉིད་ནི། མི་མངོ་ལགས་ཀྱི། སྐྱེས་བུ་ཐ་ཤལ་ཚུལ་ ཁྲིམས་འཆལ་པ་མུ་གེའི་ཚེ་འཚོ་བའི་ཕྱིར་མགོ་བྲེགས་ཤིང་ངུར་སྨྲིག་བགོས་ནས་ཟས་དང༌། སྐོམ་ལྷུར་བགྱིད་པའི་སེམས་ཅན་དེ་དག་གི་ཚིག་རྩུབ་པོ་ཉན་པ་ནི། མ་ལགས་ སོ། །བཅོམ་ལྡན་འདས། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་ནི། མི་མངོ་ལགས་ཀྱི། སྐྱེས་བུ་ཐ་ཤལ་ཚུལ་ཁྲིམས་འཆལ་བ་ལུས་བོང་ལྟར་ཀུན་ཏུ་སྤྱོད་པ། ལུས་ཀྱི་ཚུལ་ ༄༅། །འཆོས་པ་དང༌། ངག་གི་ཚུལ་འཆོས་པའི་སེམས་ཅན་དག་གི་ཚིག་རྩུབ་པོ་དང༌། ངག་དང་ཚིག་ཉན་པ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འོད་སྲུང༌། ཁྱོད་ཡོངས་སུ་མྱ་ངན་ལས་འདས་ནའང་སྐྱེ་བར་མི་འགྱུར་རམ། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་ཡིན་ནམ། བཅོམ་ལྡན་འདས་ གང་ཞིག་ཡོངས་སུ་མྱ་ངན་ལས་འདས་ནའང་སྐྱེ་བར་མི་འགྱུར་ཞིང་འགུམ་པར་མི་འགྱུར་བའི་སེམས་ཅན་རྣམས་ཀྱི་ལམ་ནི། ཐེག་པ་གསུམ་ལགས་ཏེ། བཅོམ་ལྡན་འདས་ ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལགས་སོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། ཡོངས་སུ་མྱ་ངན་ལས་ འདས་ནའང་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། འོད་སྲུང༌། ཉན་ཐོས་རྣམས་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ ཡོངས་སུ་མྱ་ངན་ལས་འདས་ན། དེ་ནི། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡང་རང་སངས་རྒྱས་ཉིད་དུ་འགྱུར་ལ། རང་སངས་རྒྱས་ རྣམས་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་ནའང་དེ་ནི། ཇི་སྲིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདའ་བ་མཆོག་གི་མཐར་མ་ཕྱིན་གྱི་བར་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཕྱིན་པ་མ་ཡིན་ནོ། །བཅོམ་ལྡན་འདས། ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། དཔེར་ན། འོ་མ་ལས་ཞོ་དང༌། ཞོ་ལས་མར་གསར་དང༌། མར་གསར་ལས་ཞུན་མར་དང༌། ཞུན་མར་ལས་མར་ གྱི་སྙིང་ཁུ་སྟེ། དེ་ལ་ཞུན་མར་ཇི་ལྟ་བ་དེ་ལྟར་ནི། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཉོན་མོངས་པའི་ལྷག་མ་ཡོད་པས་སོ། །མར་གསར་ལྟར་ནི། ཉན་ཐོས་རྣམས་ སོ༑ ༑མར་གསར་བསྒོངས་པ་ལྟར་ནི། རང་སངས་རྒྱས་རྣམས་སོ། །མར་གྱི་སྙིང་ཁུ་ལྟར་དེ་བཞིན་གཤེགས་པ་རྣམས་སུ་བལྟ་བར་བྱའོ། །གསོལ་པ། བཅོམ་ལྡན་འདས། དེ་བཞིན་ གཤེགས་པས་ཅིའི་སླད་དུ་ཐེག་པ་གསུམ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན། དམག་མིའི་མཆོག་སྒྱུ་མ་ལ་མཁས་པ་ཞིག་རང་གི་ཡུལ་ནས་ ཡུལ་གཞན་དུ་ཆས་པ་ན། དེའི་སྐྱེ་བོའི་ཚོགས་ཀྱང་དེད་ཅིང་སྐྱེ་བོའི་ཚོགས་གཞན་ཡང་དེད་ནས་རྣམ་པ་མང་པོ་བསྒྲལ་བར་འདོད་པར་གྱུར་ལ། དེ་ནི། འགྲོན་པ་ཕལ་པོ་ཆེ་དེའི་ སྟོན་པ་ཡིན་ཞིང་དེ་ཉིད་དེད་དཔོན་ཡང་ཡིན་པས་དེ་འགྲོན་པ་དེ་རྣམས་འབྲོག་དགོན་པ་དེ་ནས་གྲོལ་བ་ན་དེ་དག་དབུགས་དབྱུང་བའི་ཕྱིར་སྤྲུལ་པའི་གྲོང་ཁྱེར་ར་བ་དང༌། ཁྱམས་དང༌། ༄༅། །ཡང་ཐོག་ཕུན་སུམ་ཚོགས་པ་ཞིག་མངོན་པར་སྤྲུལ་ནས་མཛུབ་མོས་རྒྱང་རིང་པོ་ནས་བསྟན་ཏེ། འདི་སྐད་ཅེས་གྲོགས་པོ་དག་འུ་བུ་ཅག་གང་དུ་འདོད་པའི་གྲོང་ ཁྱེར་ནི༑ ཕ་བི་ཡིན་ནོ། །ཞེས་སྨྲས་པ་དང༌། དེ་ནས་དེ་དག་ཉེ་བར་གྱུར་ཏོ་སྙམ་དུ་བསམ་ནས་གྲོང་རྡལ་ལམ། གྲོང་ཁྱེར་རམ། ཚོང་འདུས་དེ་ནི། ཉེའོ། །དེ་ནི། རྟེན་དུ་འགྱུར་རོ་ སྙམ་དུ་ཤེས་ནས་དབུགས་མཆོག་ཏུ་ཕྱིན་པར་འགྱུར་རོ། །དེ་ནས་དེ་དག་གྲོང་ཁྱེར་དེར་ཞུགས་པ་ན་བདེ་བ་དང་ལྡན་པས་སེམས་ལས་ཆུང་ངུར་གྱུར་ཅིང་ཡང་གྲོང་དུ་འགྲོ་བར་ སེམས་བསྐྱེད་པར་མི་བྱེད་དོ། །དེ་ནས་སྟོན་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི། དམན་པ། བརྩོན་འགྲུས་ཞེན་པ། བདེ་བ་ཕལ་པ་འདི་ཙམ་གྱིས་ཚིམ་པར་རྩི་ བས་མ་ལ་གྲོང་ཁྱེར་འདི་མི་སྣང་བར་བྱའོ་སྙམ་མོ། །དེ་ནས་དེ་དག་གིས་གྲོང་ཁྱེར་དེ་མི་སྣང་བར་རིག་ནས་སྟོན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟ་བུར་གྱུར་པ་དེ་ཅི་སྒྱུ་མ་ཡིན་ ནམ༑ འོན་ཏེ་རྨི་ལམ་ཡིན་ནམ། ཅི་རྫུན་ནམ། བདེན། དེ་ནས་སྟོན་པ་དེས་དེ་དག་ལས་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག །གྲོང་ཁྱེར་འདི་ནི། ཁྱེད་ཅག་ངལ་བསོར་ གཞུག་པའི་ཕྱིར་ཁོ་བོས་སྤྲུལ་གྱི། གྲོང་ཁྱེར་ཆེན་པོ་མཆོག་ཏུ་བདག་ཅག་གནས་དགོས་ཏེ། གྲོང་ཁྱེར་གཞན་གང་ན་བ་དེར་དོང་ངོ༌། །དེ་དག་གིས་ཀྱང་བདག་ཅག་མཐའ་འཁོབ་ ཀྱི་གྲོང་ཁྱེར་ཕལ་བར་གནས་པ་འདི་ཅི་རུང་དེ་ལྟར་བྱའོ་ཞེས་སྨྲས་པའི་བར་གོང་མ་བཞིན་དུ་ཤེས་པར་བྱའོ། །ཡང་གྲོང་ཁྱེར་ཆེན་པོ་ཞིག་སྤྲུལ་ཏེ་དེར་ཡང་དེ་ཁོ་ན་བཞིན་ནོ། །དེ་ནས་སྟོན་ པ་དེ་དག་འབྲོག་དགོན་པ་དེ་ནས་དེ་ལྟར་སྒྲོལ་ཞིང་དེ་ལྟར་དབུགས་འབྱིན་པ་ན་གྲོང་ཁྱེར་དེར་བཙུད་དོ། །དེ་ནས་དེ་དག་གྲོང་ཁྱེར་དེར་ཞུགས་པ་ན་འདི་སྙམ་དུ་སེམས་ཏེ། ཇི་ག་གྲོང་ ཁྱེར་འདིའི་ཕ་རོལ་ན་ཆེས་ཁྱད་པར་དུ་འཕགས་པའི་གྲོང་ཁྱེར་གཞན་ཡོད་དམ་སྙམ་པ་དང༌། དེ་ནས་སྟོན་པ་དེ་འདི་སྙམ་དུ་སེམས་ཏེ། སྐྱེ་བོ་འདི་དག་གྲོང་ཁྱེར་འདི་ཉིད་དུ་ གནས་པར་འདོད་དོ་སྙམ་ནས་དེ་ནས་སྟོན་པ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་གྲོང་ཁྱེར་འདིའི་ཕ་རོལ་ན་ཆེས་ཁྱད་པར་དུ་འཕགས་ལ་བཟང་བའི་གྲོང་ཁྱེར་ ཐམས་ཅད་ཀྱི་མཐར་ཕྱིན་པ་ཡོད་པས། དེ་འདྲ་བའི་གྲོང་ཁྱེར་གཞན་མེད་དོ། །དེ་ནས་འགྲོན་པ་དེ་དག་དེད་དཔོན་དེའི་ཚིག་ལ་ཡིད་ཆེས་པར་བྱས་ན། དེ་དག་གིས་གྲོང་ཁྱེར་གྱི་ཡོན་ ཏན་གྱི་ཁྱད་པར་གོང་ནས་གོང་དུ་ཐོས་ཤིང་མཐོང་བ་དང་སྟོན་པ་དེ་ལས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ། བདག་ཅག་ཐམས་ཅད་ཀྱང་ལྷན་ཅིག་ཏུ་གྲོང་ཁྱེར་ཐམས་ཅད་ཀྱི་མཐར་ ཕྱིན་པའི་གྲོང་ཁྱེར་ཆེན་པོ་གང་ན་བ་དེར་དོང་ངོ༌། །དེ་ནས་སྟོན་པ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ཐམས་ཅད་དང་ལྷན་ཅིག་ཏུ་དོང་ངོ༌། །དེ་ནས་སྟོན་པ་དེས་འགྲོན་པ་ ༄༅། །དེ་དག་འབྲོག་དགོན་པ་དེ་ནས་སྒྲོལ་བ་ན་སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག །ད་ནི། ཁྱེད་ཀྱིས་གྲོང་ཁྱེར་ཆེན་པོ་དེའི་སྔ་ ལྟས་དང༌། གྲོང་ཁྱེར་ཆེན་པོ་དེ་དང༌། བདེ་བ་མང་པོའི་གྲོང་ཁྱེར་མཐོང་བར་འགྱུར་རོ། །དེ་ནས་སྟོན་པ་དེས་འགྲོན་པ་དེ་དག་འབྲོག་དགོན་པ་དེ་ནས་སྒྲོལ་ཞིང་དེ་དག་ལ་དབུགས་ འབྱིན་པ་དང༌། གྲོང་ཁྱེར་དེ་རྒྱང་རིང་པོ་ནས་བསྟན་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ། །གྲོགས་པོ་དག །གྲོང་ཁྱེར་ཆེན་པོ་དེའི་སྔ་ལྟས་ལ་ལྟོས། དེ་ནི། སྐྱེ་བོའི་ཚོགས་ཆེན་པོས་ཡུལ་དང༌། ལྗོངས་དང༌། གྲོང་ཁྱེར་དེ་ན་གནས་པའི་ལོངས་སྤྱོད་འབྱོར་ཅིང་རྒྱས་པ་དང༌། གྲོང་ཁྱེར་ཆེན་པོ་དེ་མཐོང་ནས་ཡིད་དགའ་ཞིང་མགུ་བར་གྱུར་ཏེ། གཅིག་གི་གདོང་དུ་གཅིག་བལྟས་ནས་ ཡ་མཚན་དུ་གྱུར་ཏེ་བསམ་པ། ཅི་གྲོང་ཆེན་པོའི་གྲོང་ཁྱེར་ཆེན་པོ་གསལ་བ་གཞན་འདི་ལྟ་བུ་གཞན་ན་ཡོད་དམ་སྙམ་མོ། །དེ་ནས་སྟོན་པ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་ པོ་དག །གྲོང་ཁྱེར་ཆེན་པོ་འདི་ནི། གྲོང་ཁྱེར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གསལ་བ་ཡིན་ཏེ། གྲོང་ཁྱེར་ཆེན་པོའི་གྲོང་ཁྱེར་བདེ་བ་མང་བ། རྟག་པ། བརྟན་པ། ཞི་བ། རྒ་བ་མེད་པ། འཆི་བ་མེད་པ། རྟག་ཏུ་བདེ་བ། རྒྱུན་དུ་བདེ་བ། བར་ཆད་མེད་པར་བདེ་བ་ཡིན་ནོ། །ཞེས་དེ་ལྟར་དབུགས་ཕྱུང་ནས་འདི་སྐད་ཅེས་ཀྱང་སྨྲས་ཏེ་གྲོང་ཆེན་པོའི་གྲོང་ཁྱེར་ ཆེན་པོར་ཞུགས་ཤིང་སྐྱེ་བོའི་ཚོགས་དེ་ཞུགས་པ་དང༌། ཡང་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག །གྲོང་ཁྱེར་ཆེན་པོ་མཆོག་འདི་ནི། གྲོང་ཁྱེར་ཐམས་ཅད་ཀྱི་མཐར་ཕྱིན་པ་ཡིན་ ཞིང་གྲོང་ཁྱེར་འདི་ལས་ཕ་རོལ་ན་གྲོང་ཁྱེར་གཞན་མེད་དོ། །དེ་ནས་དེ་དག་གྲོང་ཁྱེར་ཆེན་པོ་དེར་ཞུགས་པ་ན། ངོ་མཚར་དུ་གྱུར་ཅིང་ཡ་མཚན་དུ་གྱུར་ཏེ། རབ་ཏུ་མགུ་ནས་སྟོན་པ་དེ་ལ་ སྐལ་ལྡན་ཤེས་རབ་ཆེན་པོ་སྙིང་རྗེ་ཆེན་པོ་ཅན་བདག་ཅག་ལ་རྗེས་སུ་བརྩེ་བ་ཁྱོད་ལེགས་སོ་ལེགས་སོ། །ཞེས་ལེགས་སོ་བྱ་བ་བྱིན་ནས་དེ་ནས་ཡང་སྟོན་པ་དེ་ལས་དྲིས་པ། སྐལ་ལྡན་ཅི་ བདག་ཅག་གིས་རྒལ་བའི་གྲོང་ཁྱེར་གང་ཡིན་པ་དེ་དག་ཐམས་ཅད་ད་ཡོད་དམ། འོན་ཏེ་མེད། སྟོན་པ་དེས་སྨྲས་པ། གྲོང་ཁྱེར་ཞེས་བྱ་བ་དེ་དག་ནི། དབུགས་དབྱུང་བའི་ཕྱིར་ཡིན་ཏེ། གལ་ཏེ་ གནས་དེ་གནས་སྟོང་པ་ཡིན་ན་གནས་སྟོང་པ་དེ་ནི། དགོས་པ་མེད་པས་དེ་ནས་འདོང་ངོ༌། །ཞེས་བྱ་བ་ཅིར་དགོས་ཤེ་ན། གྲོང་ཁྱེར་སྟོང་པ་ཡིན་པའི་ཕྱིར་རོ། །གྲོང་ཁྱེར་གྱི་དབྱིབས་ དང༌། ར་བ་དང༌། ཡང་ཐོག་སྤྲུལ་པ་དང་པོ་ལྟ་བུའི་ཉན་ཐོས་ཀྱི་ཐེག་པ་ཤེས་པ་དག་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མདོ་དག་ཡིན་ནོ། །གཅིག་ཤོས་ལྟ་བུ་ནི། རང་སངས་རྒྱས་ཀྱི་ཐེག་པ་ མི་གསལ་བ་ཡིན་ནོ། །སངས་རྒྱས་ཉིད་ནི། ཐར་པ་གསལ་བ་ཡིན་ནོ། །དེ་ལྟ་བས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཐེག་པ་གསུམ་དུ་གཏམ་རྣམ་པ་གསུམ་སྟོན་ཅིང་མྱ་ངན་ ༄༅། །ལས་འདས་པའང་རྣམ་པ་གསུམ་དུ་སྟོན་ལ་ཐེག་པ་གཅིག་ཀྱང་སྟོན་པར་མཛད་དོ། །འོད་སྲུང༌། གང་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་མེད་དོ། །ཞེས་སྨྲ་ ན༑ དེའི་སྟོན་པའང་ང་མ་ཡིན་ལ་དེའང་ངའི་ཉན་ཐོས་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཐེག་པ་ཆེན་པོ་ལའང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་སྟོན་པ་གང་ཅིའང་རུང་བ་དེ་ཐམས་ཅད་ནི། དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ ནི༑ དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །འོད་སྲུང༌། གཞན་ཡང་འདི་ལྟ་སྟེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དགུན་ཟླ་ཐ་ཆུང་སྟེ། གང་གི་ཚེ་དགུན་ཟླ་ཐ་ཆུང་ལ་བབ་ པ་དེའི་ཚེ་རྒྱལ་པོས་ཤི་བ་དང༌། བཀྲེན་པ་དང༌། ཕོངས་པ་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། རིགས་སྣ་ཚོགས་ཀྱི་སློང་མོ་པ་ལ་སོགས་པ་ལ་བུ་རམ་དང༌། ཟན་དང༌། མར་དང༌། འབྲས་ཆན་དང༌། བཅའ་བ་དང༌། ཐུག་པ་དང༌། ཐམས་ཅད་བསྲེས་པ་དང༌། འབྲུ་ཐམས་ཅད་ལས་བྱས་པ་དག་སྦྱིན་པར་བྱེད་དེ། བྱིན་པ་ན་དེ་ན་ཁ་ཅིག་ནི། ཐུག་པ་འདོད་པ་ནས་ཁ་ ཅིག་ནི༑ སྐྱུར་བ་དང༌། ཁ་ཅིག་ནི། ཐམས་ཅད་བསྲེས་པའི་བར་རོ། །དེ་དག་ཐམས་ཅད་ལ་དེ་ཐམས་ཅད་བྱིན་ཏེ། དེ་ལ་ཁ་ཅིག་ནི། ཐམས་ཅད་བསྲེས་པའི་ཟས་ཟ། ཁ་ཅིག་ནི། མོན་སྲན་གྲེའུ་འམ། མོན་སྲན་སྡེའུ་འམ། ན་ལེ་ཤམ་དག་གི་བར་རེ་རེའི་རོ་བསྒྲུབས་ནས་ཚུགས་སུ་ཚུགས་སུ་ཟོས་ཤིང་འཐུངས་སོ། །དེ་ནས་དེའི་འོག་ཏུ་སེམས་འཁྲུགས་པར་གྱུར་ནས་ དེ་འདི་སྐད་ཅེས་བདག་གིས་ཟོས་པ་གང་ཡིན་པ་དེ་འགའ་ཡང་མ་ཟ་ཞིག་ཟེར་ཞིང་དེ་ན་ཚུགས་དྲོད་དུ་ཟ་བའི་ཟས་ཞིམ་པོ་གང་ཡིན་པ་དེ་སྡུག་པའི་བུའམ། སྐྱེས་པའམ། གྲོང་མིའམ། རང་གི་སྐྱེ་བོའམ། གཞན་དག་ལ་བྱིན་པ་དེ་བཞིན་དུ་འོད་སྲུང༌། ངས་སེམས་ཅན་མོས་པ་སྣ་ཚོགས་རྣམས་ལ་དགོངས་པ་སྣ་ཚོགས་ཀྱི་མདོ་རྣམས་བསྟན་པ་ན་དེ་ལ་སྙོམ་ལས་ཅན་ ཚུལ་ཁྲིམས་འཆལ་བ། ལུས་དང༌། ངག་དང༌། ཡིད་མ་བསྡམས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་རྟག་པ་ཉིད་ཀྱི་མདོ་འདི་ལྟ་བུ་འདི་དག་བོར་ནས་སྟོང་པ་ཉིད་ཀྱི་ ལེའུའི་མདོ་དག་ལ་སློབ་པར་བྱེད་ཅིང༌། དེ་ལ་ཁ་ཅིག་ནི། ཚིག་དང་ཡི་གེ་འདྲེན་པར་བྱེད། ཁ་ཅིག་ནི། ཕན་ཚུན་ཚིག་དང་ཡི་གེ་དག་སྤོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ གསུང་ཐམས་ཅད་ལས་ནི། སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དོན་མ་ཤེས་པའི་མི་བླུན་པོ་རྣམས་ནི། ཉམས་པར་འགྱུར་རོ། །གཞན་ཡང་སྟོང་པ་ཉིད་ དང་བདག་མེད་པ་ཉིད་ནི། སངས་རྒྱས་ཀྱི་གསུང་ལ་ཉོན་མོངས་པ་ཕྲག་བྱེ་བས་རྟག་ཏུ་སྟོང་པ་མྱ་ངན་ལས་འདས་པ་ཡིན་ལ་མྱ་ངན་ལས་འདས་པ་ཉིད་ཀྱི་ཚིག་གི་གཞི་རྣམས་ནི། དེ་དག་ ༄༅། །ཐམས་ཅད་ཀྱི་གཞི་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས། དེ་དག་ནི། ཞི་བ་ཐེར་ཟུག་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས། ཆད་པ་དང༌། རྟག་པ་ཇི་ལྟར་འཚལ་བར་འགྱུར་ལགས། བཀའ་སྩལ་པ། ཇི་སྲིད་དུ་སེམས་ཅན་འཁོར་བ་ན་འཁྱམས་པ་དེ་སྲིད་དུ་བདག་འཇུག་པ་ཡིན་ཏེ། བདག་མེད་པའི་ལྟ་བའི་དོན་ནི། ཐེར་ཟུག་པ་དང༌། རྟག་པ་ཡིན་ནོ། །གལ་ཏེ་རྟག་པ་དེ་བཀག་ན་ཐེར་ཟུག་ཉམས་པར་འགྱུར་རོ། །བཅོམ་ལྡན་འདས། གཞན་ཡང་བདག་མེད་ པ་ནི༑ ཡུན་རིང་པོ་ནས་ཞུགས་པ་ལགས་ཀྱི། བདག་ནི། ཡུན་རིང་པོ་ནས་བྱུང་བ་མ་ལགས་སོ། །བཀའ་སྩལ་པ། འཇིག་རྟེན་པ་རྣམས་ཀྱི་བདག་ཅེས་བྱ་བ་དེ་དག་གཞིག་ པའི་ཕྱིར་བདག་མེད་པ་སྟོན་ཏོ། །གལ་ཏེ་དེ་ལྟར་སྟོན་པའི་བསྟན་པ་ལས་མ་གསུངས་ན། ཇི་ལྟར་ན་གྲོངས་པ་ཡིན་པར་མི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ནི། བདག་ མེད་པར་གསུང་བར་གྲག་གོ །ཞེས་ཡ་མཚན་སྐྱེས་པར་གྱུར་པ་དང༌། དེའི་འོག་ཏུ་རྒྱུ་དང༌། གཏན་ཚིགས་བརྒྱ་སྟོང་གིས་བསྟན་པ་ལ་འཛུད་དོ། །དེ་ལྟར་བཙུད་པ་ལས་ གང་གི་ཆེ་གོང་མ་ལ་དད་པ་སྐྱེས་ཤིང་ཞུགས་པ་ན་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་སློབ་པར་བྱེད། བརྩོན་པར་བྱེད། འབད་པར་བྱེད་དོ། །དེ་ནས་དེའི་འོག་ཏུ་དེ་དག་ལ་ཐར་པ་ ནི༑ ཞི་བ་རྟག་པ་གཟུགས་དང་བཅས་པའོ། །ཞེས་སྟོན་ཏོ། །གཞན་ཡང་འཇིག་རྟེན་པ་ཁ་ཅིག་ཐར་པ་ཡོད་དོ། །ཞེས་ཟེར་ཏེ། ངས་དེ་དག་གཞིག་པའི་ཕྱིར་ཐར་པ་ནི། ཅུང་ཟད་མེད་ དོ༑ ༑ཞེས་བྱ་བ་འདི་གསུངས་སོ། །གལ་ཏེ་དེ་ལྟར་སྟོན་པས་ལྟ་བ་ཆུད་གཟོན་པར་བྱེད་པ་དང་འདྲ་བར་མ་བསྟན་ན། ཇི་ལྟར་སྟོན་པའི་བསྟན་པ་ལ་ཡིད་ཆེས་པར་འགྱུར། དེ་ལྟ་བས་ ན༑ རྒྱུ་དང༌། གཏན་ཚིགས་བརྒྱ་སྟོང་གིས་ཐར་པ་ཆུད་གཟོན་པ་ཉིད་ཀྱི་བདག་མེད་པ་གསུངས་སོ། །དེ་ནས་དེའི་འོག་ཏུ་ཐར་པ་ཆུད་གཟོན་པའི་ལྟ་བ་མཐོང་ན། མི་བླུན་པོ་རྣམས་ཉམས་ པར་འགྱུར་བས་དེའི་འོག་ཏུ་ངས་ཡང་རྒྱུ་དང༌། གཏན་ཚིགས་བརྒྱ་སྟོང་གིས་ཐར་པ་ཡོད་པ་ཉིད་དུ་གསུངས་སོ། །གསོལ་པ། གལ་ཏེ་ཐར་པ་ཐོབ་པ་བརྟན་པ་དང༌། དབང་ཕྱུག་ལགས་ ན༑ སེམས་ཅན་ཡང་མཆིས་ཤིང་བརྟན་པར་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དུ་བས་ཞུགས་བཞིན་དུ་གལ་ཏེ་ཐར་པ་ཐེར་ཟུག་པ་བདག་ལགས་ན། ཐར་པ་བདག་ ཏུ་སྨྲ་བ་གཟུགས་དང་བཅས་པ་བཞིན་དུ་སྨྲ་བར་འགྱུར་བ་ལགས་སམ། ཇི་ལྟར་འཇིག་རྟེན་པའི་འཇིག་ཚོགས་ཀྱི་ལྟ་བ་ལྟར་ཡང་མ་ཡིན་ལ། ཆད་པ་དང་རྟག་པར་སྨྲ་བ་ལྟར་ཡང་ མ་ཡིན་ནོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ལའང་ཡོངས་སུ་མྱ་ངན་ལས་འདའ་བ་མི་མངའ་ན། ཅིའི་སླད་དུ་དེ་ལྟར་ཡོངས་སུ་ ༄༅། །མྱ་ངན་ལས་འདའ་བ་སྟོན་ཅིང་འབྱུང་བ་མ་མཆིས་ན་ཅིའི་སླད་དུ་སྐྱེ་བ་སྟོན་པ་ལགས། སེམས་ཅན་རྣམས་ཀྱིས་རེ་ཞིག་སངས་རྒྱས་ཀྱང་ནོངས་པར་འགྱུར་ན། བདག་ཅག་ལྟ་ཅི་སྨོས། རེ་ཞིག་སངས་རྒྱས་ཀྱིས་ཀྱང་བདག་གི་དབང་མ་ཐོབ་ན། བདག་ཅག་ངར་འཛིན་པ་དང༌། ང་ཡིར་འཛིན་པས་ཟིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ ཤེས་པར་འགྱུར་པས་སོ། །དཔེར་ན། ཉི་འོག་གི་རྒྱལ་པོས་རྒྱལ་པོ་ཞིག་བཟུང་སྟེ་ལྕགས་སུ་བཅུག །བཙོན་རར་བཅུག་པ་དང༌། དེ་ནས་དེས་བསམ་པ། བདག་ནི། རྒྱལ་པོ་ ཡིན༑ བདག་ནི། ཇོ་བོ་ཡིན་ནོ་སྙམ་པ་ལས་ཡང་སྨྲས་པ། བདག་ནི། མ་ཡིན་ཏེ། བག་མེད་པ་མ་གཏོགས་པ་འདི་ནི། སྡུག་བསྔལ་ལས་ཅི་ཞིག་ཡོད་སྙམ་པ་དེ་བཞིན་དུ། ཇི་སྲིད་དུ་འཁོར་བ་ན་འཁྱམས་པ་དེ་སྲིད་དུ་ང་ནི། བདག་གོ །ཞེས་བདག་ཏུ་ལྟ་སྟེ། བདག་མེད་པར་ལྟ་བའི་དོན་ཡིན་ནོ། །དཔེར་ན། ཆོམ་རྐུན་པ་གསོད་པ་པོ་རལ་གྲི་གདེངས་ པ་དེའི་ཚེ་རྗེས་བཞིན་ཆས་པ་དང༌། དེ་ནས་དེས་བསམ་པ། ཅི་བདག་ཅག་ཆོམ་རྐུན་པ་འདིའི་ལག་ན་འཚོར་བར་འགྱུར་རམ་སྙེམ་པ་ལས་བདག་ལ་ལུས་ཀྱི་དབང་མེད་དོ་ སྙམ་དུ་རྟོགས་པར་བྱེད་པ་དེ་བཞིན་དུ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་སྡུག་བསྔལ་རྣམ་པ་དུ་མ་དང་ལྡན་པའི་སེམས་ཅན་རྣམས་བདག་ནི། དབང་པོའམ། ཚངས་ པར་གྱུར་ཅིག་སྙམ་དུ་རྟོགས་པར་བྱེད་པ་དེ་དག་གི་རྟོག་པ་གཞིག་པའི་ཕྱིར་དེ་བཞིན་གཤེགས་པ་གྲོངས་པར་སྟོན་པ་མཛད་དོ། །རེ་ཞིག་དེ་བཞིན་གཤེགས་པ་ནི། ལྷའི་ཡང་ལྷ་ ཡིན་ན༑ གལ་ཏེ་དེ་བཞིན་གཤེགས་པ་ནི། དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་ཏེ་མེད་པར་གྱུར་ན་དེའི་ཚེ་འཇིག་རྟེན་འགྲིབ་པ་ཉིད་དུ་སྣང་བར་འགྱུར་རོ། །གལ་ཏེ་མི་འགྲིབ་ན་ནི། བརྟེན་པ་ཞི་བ་ཡིན་ནོ། །གལ་ཏེ་དེ་ལྟར་བརྟེན་པ་ཡིན་ན་བདག་ཡོད་པར་རིག་པར་བྱ་སྟེ། དཔེར་ན། དུ་བ་ལས་མེ་བཞིན་ནོ། །གལ་ཏེ་ཡང་བདག་མེད་པ་བདག་ཏུ་གྱུར་ན་དེའི་འཇིག་ རྟེན་འཕེལ་བ་ཉིད་དུ་རིག་པར་བྱའོ། །བདག་བདེན་ཡང་བདག་ཀྱང་མ་ཡིན་ལ་འཇིག་པར་ཡང་མི་འགྱུར་རོ། །བདག་མེད་པ་བདེན་ན། བདག་ཐར་བར་མི་འགྱུར་རོ། །འོད་སྲུང་གིས་ གསོལ་པ། བཅོམ་ལྡན་འདས། མཆིས་པ་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། ཡོད་པ་ཞེས་བྱ་བ་ནི། སེམས་ཅན་གྱི་སྤྱོད་པ་སྲིད་པ་ཉི་ཤུ་རྩ་ལྔ་པ་ཡིན་ནོ། །མེད་པ་ཞེས་བྱ་ བ་ནི༑ སེམས་པ་མེད་པའི་དངོས་པོ་ཡིན་ནོ། །གལ་ཏེ་མེད་པ་སེམས་ཅན་དུ་གྱུར་ན། དེས་ན་གཞན་ནས་འོང་བར་འགྱུར་རོ། །གལ་ཏེ་སེམས་པ་ཞིག་པར་གྱུར་ན། དེས་ན་འགྲིབ་པ་ ཉིད་དུ་འགྱུར་རོ། །གལ་ཏེ་མེད་པ་སེམས་ཅན་དུ་གྱུར་ན། དེས་ན་འཕེལ་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན། དེ་གཉིས་མི་སྐྱེ་ཞིང་ཉམས་པར་མི་འགྱུར་ཏེ། དེའི་ཕྱིར་འགྲིབ་པ་མེད་ ༄༅། །ཅིང་འཕེལ་བ་མེད་པ་ཉིད་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བདག་མཆིས་པར་ཇི་ལྟར་རིག་པར་བགྱི་ལགས། བཀའ་སྩལ་པ། འོད་སྲུང༌། ལེགས་སོ། །ལེགས་སོ། །ཞུ་བ་དེ་ལྟ་བུ་ཞུ་བར་མི་བྱའོ། །འོད་སྲུང༌། དཔེར་ན། གསེར་འཚེད་པ་ཞིག་གིས་གསེར་གྱི་ཁམས་མཐོང་ནས་འདི་སྙམ་དུ་བསམ་སྟེ། ནམ་ཞིག་ནས་ གསེར་འདི་དྲི་མ་ཅན་དུ་གྱུར་བདག་གིས་རེ་ཞིག་གསེར་གྱི་དྲི་མའི་དང་པོའི་མཐའ་བཙལ་ལོ་སྙམ་ན། ཇི་ལྟར་དེའི་དང་པོའི་མཐའ་རྙེད་པར་འགྱུར་རམ། བཅོམ་ལྡན་འདས། མི་ འགྱུར་ལགས་སོ། །གལ་ཏེ་དེའི་དང་པོའི་མཚན་མ་དང་རྟགས་ཇི་སྲིད་འཚོའི་བར་དང༌། ཇི་སྲིད་མཐའ་མེད་པ་དེ་སྲིད་དུ་བསམ་ཡང་ཇི་ག་མཐའ་རྙེད་པར་འགྱུར་རམ། མཐའ་ཡང་ རྙེད་པར་མི་འགྱུར་ཞིང་གསེར་ཡང་བླང་བར་མི་ནུས་སོ། །གལ་ཏེ་དྲི་མ་དེའང་ཐབས་མཁས་པའི་བརྩོན་འགྲུས་དྲག་པོས་དྲི་མ་སྦྱང་བ་བྱས་ན་དེའི་འོག་ཏུ་གསེར་བླང་བར་ནུས་ཀྱི། ཤིན་ཏུ་སྐྱོ་བ་དང་གཏད་པས་མི་ནུས་སོ། །འོད་སྲུང༌། དེ་བཞིན་དུ་བདག་གི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ། །ཡང་འགའ་ཞིག་བདག་ལྟ་བར་ འདོད་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་རེ་ཞིག་བདག་གི་ཉོན་མོངས་པ་རྣམས་དང༌། བདག་གི་དང་པོ་དང་ཐ་མ་བཙལ་ལོ་སྙམ་ན་ཅི་རྙེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མི་འགྱུར་ལགས་སོ། །གལ་ཏེ་ཉོན་མོངས་པ་སྦྱང་བ་བྱས་ན་དེའི་འོག་ཏུ་བདག་རྙེད་པར་འགྱུར་རོ། །བདག་དེའང་མདོ་དེ་ལྟ་བུ་དེ་དག་ཐོས་པས་རྙེད་པར་མི་འགྱུར་གྱི། ཐབས་ལ་མཁས་པས་སྐྱེ་བ་མེད་ཅིང་མ་བརྟགས་པ་བརྩོན་འགྲུས་དྲག་པོ་དང༌། ལམ་རྣམས་གསུམ་གྱིས་འཐོབ་པར་འགྱུར་ཞིང་དེ་ནས་མདོ་འདི་ལྟ་བུ་འདི་དག་ལ་ཡིད་ཆེས་པར་ འགྱུར་རོ། །གཞན་ཡང་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་མཆིས་ན། ཅིའི་སླད་དུ་ཉོན་མོངས་པ་གློ་བུར་བ་འདི་དག་གིས་འདི་ལྟར་གྱུར་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། ཁྱོད་པ་དཔེ་བསྟན་ཏེ། འོད་སྲུང༌། དཔེར་ན། འགའ་ཞིག་གིས་ཡི་གེ་འབྲུ་ལྔ་པ་བསླབ་པ་ལས་སྐད་ཀྱི་བྱིངས་གྲུབ་པའི་ཚིག་གམ། ཚིགས་སུ་ བཅད་པའི་དོན་ཤེས་པར་བྱས་ལ་ཕྱིས་བསླབ་བོ་ཞེས་ཟེར་ན། ཅི་དེས་ཤེས་པར་འགྱུར་རམ། གལ་ཏེ་ཇེ་བསླབ་ན། དེའི་འོག་ཏུ་ཤེས་པར་འགྱུར་མོད། རྟག་ཏུ་ལེགས་པར་བསླབ་པར་ གྱུར་པ་དེའི་ཚེ་ནི། དེའི་སློབ་དཔོན་གྱིས་འཁོར་དེ་ལ་སྐད་ཀྱི་བྱིངས་ཀྱི་གྲུབ་པའི་དོན་སྨྲ་བ་ན་དེ་ལ་དཔེ་བསྟན་མི་དགོས་པར་དེས་མཉན་པར་ནུས་པར་དེས་རང་གི་སློབ་དཔོན་གྱི་སྐད་ཀྱི་ བྱིངས་གྲུབ་པའི་ཚིག་ཇི་ལྟ་བ་བཞིན་ཡིད་ཆེས་པར་བྱས་ན། ཕྱིས་དོན་ཤེས་ཤིང་ཡིད་ཆེས་པར་འགྱུར་རོ། །དེ་བཞིན་དུ་ངས་དེ་རིང་ཉོན་མོངས་པ་བྱེ་བའི་སྤུབས་ཀྱིས་ཁེབས་པའི་སེམས་ ༄༅། །ཅན་དེ་ལྟ་བུ་དེ་ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བཤད་དོ། །དེའང་ལྟ་འདོད་པར་གྱུར་ན་ཅི་དེ་དག་གིས་མཐོང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས། རྔོ་མི་ཐོགས་ལགས་སོ། །ཇི་ལྟར་སློབ་མ་དེས་སློབ་དཔོན་ལ་ཡིད་ཆེས་ཤིང་དད་པར་བྱས་ན། ཕྱིས་དེ་སྐད་ཀྱི་བྱིངས་ཀྱི་གྲུབ་པའི་ཚིག་གི་ དོན་གྱི་གཞི་ཤེས་པར་འགྱུར་བ་དེ་བཞིན་དུ་འོད་སྲུང༌། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ནི། བདེན་པ་གསུང་བ། བདེན་པའི་ཚིག་གསུང་བར་གྱུར་པ་ཡིན་པས་སེམས་ ཅན་ཡོད་པ་ཉིད་དོ། །ཞེས་གསུང་ནའང་རིག་པར་བྱོས་ཤིག་དང༌། སློབ་མ་གྲུབ་པ་བཞིན་ཕྱིས་ཁྱོད་ཀྱིས་ཤེས་པར་འགྱུར་རོ། །འོད་སྲུང༌། ཡང་ཁྱོད་ལ་དཔེ་བསྟན་ཏེ། འོད་སྲུང་ བཞི་བོ་འདི་དག་ནི། སེམས་ཅན་གྱི་ཁམས་ན་སྒྲིབ་པའི་རྒྱུ་དང༌། གཏན་ཚིགས་ཀྱི་དཔེ་ཡིན་ཏེ། བཞི་གང་ཞེ་ན། མིག་ལིང་ཏོག་སེར་པོ་དང་སྔོན་པོས་རབ་རིབ་ཏུ་གྱུར་པ་ལྟ་བུ་ དང༑ ཟླ་བ་སྤྲིན་གྱིས་ཁེབས་པ་ལྟ་བུ་དང༌། ཁྲོན་བ་རྐོ་བ་ལྟ་བུ་དང༌། བུམ་པའི་ནང་གི་སྒྲོན་མ་ལྟ་བུའོ། །འོད་སྲུང༌། བཞི་པོ་འདི་དག་ནི། སྙིང་པོ་ཡོད་དོ། །ཞེས་བྱ་བའི་རྒྱུ་དང༌། གཏན་ཚིགས་ཡིན་ཏེ། རྒྱུ་དང༌། གཏན་ཚིགས་དེ་དག་གིས་སེམས་ཅན་ཐམས་ཅད་དང༌། སྲོག་ཆགས་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དེ། མཚན་དང་དཔེ་བྱད་ བཟང་པོ་མཐའ་ཡས་པས་བརྒྱན་པ་ན་སྣང་བར་འགྱུར་ཞིང་ཁམས་དེས་སེམས་ཅན་རྣམས་ཀྱིས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །དེ་ལ་མིག་རབ་རིབ་ཅན་ཞེས་བྱ་བ་ནི། ལིང་ཏོག་སེར་པོ་དང༌། སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་བཅོས་སུ་རུང་བ་ཇི་སྲིད་དུ་སྨན་པ་མ་རྙེད་པ་དེ་སྲིད་དུ་ལོང་བར་འགྱུར་ཞིང་སྨན་པ་རྙེད་ནའང་མྱུར་དུ་མཐོང་བར་འགྱུར་རོ། ། སྔོན་པོས་གཡོགས་ནས་རབ་རིབ་ཏུ་གྱུར་པ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་སྤུབས་ཀྱིས་ཁབས་པའི་ཁམས་འདི་ཇི་སྲིད་དུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ལ་དགའ་བར་བྱེད་པ་ དེ་སྲིད་དུ་བདག་ནི། བདག་མ་ཡིན་པར་འགྱུར་ཞིང་བདག་གི་བདག་ཏུ་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བར་གྱུར་པ་དེའི་ཚེ་བདག་ཏུ་འགྱུར་ཞིང་ དེའི་འོག་ཏུ་སྒྲུབ་ཏུ་རུང་བའི་མིར་འགྱུར་རོ། །མི་དེའི་མིག་ནས་ལིང་ཏོག་སེར་པོ་དང་སྔོན་པོའི་རབ་རིབ་གང་ཡིན་པ་ལྟར་ཉོན་མོངས་པ་རྣམས་བལྟ་བར་བྱའོ། །དེ་བཞིན་གཤེགས་ པའི་སྙིང་པོ་ནི། མིག་བཞིན་དུ་ངེས་པ་ཡོད་དོ། །དེ་ལ་ཟླ་བ་སྤྲིན་གྱིས་ཁེབས་པ་ཞེས་བྱ་བ་ནི། ཇི་ལྟར་སྤྲིན་སྟུག་པོས་ཁེབས་པའི་ཟླ་བའི་དཀྱིལ་འཁོར་མི་སྣང་བ་དེ་བཞིན་དུ་ཉོན་ མོངས་པའི་སྤུབས་ཀྱིས་ཁེབས་པའི་ཁམས་མི་སྣང་ངོ༌། །གང་གི་ཚེ་ཉོན་མོངས་པའི་ཚོགས་སྤྲིན་བཞིན་དུ་བྲལ་བར་གྱུར་ན། དེའི་འོག་ཏུ་ཟླ་བ་ཉ་བ་བཞིན་དུ་ཁམས་སྣང་བར་འགྱུར་ ༄༅། །རོ༑ ༑དེ་ལ་ཁྲོན་པ་རྐོ་བ་ཞེས་བྱ་བ་ནི། དཔེར་ན། མི་ཞིག་ཁྲོན་པ་རྐོ་ཞིང་རྐོ་བ་ན་ཇི་ཙམ་ཇི་ཙམ་དུ་ས་སྐམ་པོ་བྱུང་བ་དེ་ཙམ་དེ་ཙམ་དུ་རྟགས་དེས་ན། འདི་ནས་ ཆུ་རིང་ངོ་སྙམ་དུ་སེམས་ཤིང༌། གང་གི་ཚེ་འཇིམ་པ་བྱུང་བ་དེའི་ཚེ་རྟགས་ངེས་ན། འདི་ནས་ཆུ་ཉེའོ་ཞེས་ཤེས་པར་འགྱུར་རོ། །གང་གི་ཚེ་ཆུ་ལ་ཐུག་པ་དེའི་ཚེ་རྐོ་བའི་མཐར་ཕྱིན་པ་ ཡིན་ནོ༑ །དེ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་ཅིང་ལེགས་པར་སྤྱད་པ་སྤྱོད་པ་བསྟན་པས་ཉོན་མོངས་པ་རྐོ་བར་བྱེད་ དེ༑ བརྐོས་ནས་ཆུ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་རྙེད་པར་འགྱུར་རོ། །བུམ་པའི་ནང་གི་སྒྲོན་མ་ཞེས་བྱ་བ་ནི། ཇི་ལྟར་བུམ་པའི་ནང་ན་སྒྲོན་མ་ཡོད་པའི་འོད་ལམ་མེར་མ་ ཡིན༑ ལྷག་གེར་མ་ཡིན་ཞིང་སེམས་ཅན་རྣམས་ལ་ཅིའང་མི་བྱེད་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཚན་དང་དཔེ་བྱད་མཐའ་ཡས་པ་དང་ལྡན་པར་གསུངས་པའང་ སེམས་ཅན་རྣམས་ཀྱི་དོན་མི་བྱེད་དོ། །གང་གི་ཚེའང་བུམ་པ་ཆག་ནས་དེ་ནས་སྒྲོན་མ་རང་སྣང་བས་སྲོག་ཆགས་རྣམས་ཀྱི་དོན་བྱེད་པར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་བྱེ་བའི་ སྤུབས་ཅན་འཁོར་བའི་བུམ་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་གནས་པ་སྒྲོན་མེ་བཞིན་རབ་ཏུ་འབར་ནས་འཁོར་བའི་ཉོན་མོངས་པ་ཟད་པའི་ཚེ་བུམ་པ་ཆག་པའི་སྒྲོན་མེ་བཞིན་དུ་ དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །གཏན་ཚིགས་བཞི་པོ་འདི་དག་གིས་ཇི་ལྟར་ང་ལ་སེམས་ཅན་གྱི་ཁམས་ཡོད་པ་དེ་བཞིན་དུ་སེམས་ཅན་ཐམས་ ཅད་ལའང་ཡོད་པར་རིག་པར་བྱའོ། །དེ་ལ་སྒྲུབ་ཏུ་རུང་བའི་ཁམས་ཞེས་བྱ་བ་ནི། གཅིག་བུ་གནས་པ་ཡིན་པར་རིག་པར་བྱ་སྟེ། ཇི་ལྟར་གོང་དུ་གཏན་ཚིགས་བརྒྱ་རྩ་བརྒྱད་བཤད་ པའི་གཏན་ཚིགས་རེ་རེ་ཞིང་ཚིགས་སུ་བཅད་པ་བརྒྱད་བརྒྱད་དུ་བསྡེབས་པ་ལས་བྱུང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཅིའི་སླད་དུ་ཐེག་པ་ གསུམ་བསྟན་ལགས། བཀའ་སྩལ་པ། འོད་སྲུང༌། ཁྱོད་ལ་དཔེ་བསྟན་ཏེ། དཔེར་ན། ཁྱིམ་བདག་ནོར་བྱེ་བ་ཡོད་པ་ཞིག་ལ་བུ་གཅིག་པ་ཞིག་ཡོད་པ་སྐྱེ་བོ་མང་པོའི་ནང་དུ་མ་མའི་ ལག་ནས་སྟོར་བར་གྱུར་ལ། དེ་ནས་ཁྱིམ་བདག་དེ་འཆི་བའི་དུས་ལ་བབ་པ་ན་འདི་སྙམ་དུ་བདག་གི་བུ་ནི། སྟོར་ཏེ། བདག་ལ་བུ་གཞན་ནམ། ཕའམ། མའམ། ལྷན་ཅིག་སྐྱེས་པའི་ སྤུན་ནམ། ནང་མི་མེད་པས་བདག་གི་ནོར་གྱི་མཛོད་འདི་དག་ནི། རྒྱལ་པོས་བཞེས་པར་འགྱུར་རོ་སྙམ་དུ་སེམས་ཏེ། དེ་དེ་ལྟར་ཡང་དང་ཡང་དུ་སེམས་པ་ན་དུས་རིང་ཞིག་འདས་པ་དང༌། དེ་ནས་བུ་སྟོར་བ་དེ་གྲོང་ཁྱེར་དེ་ཉིད་དུ་འོངས་ནས་ཟས་ཀྱི་ཕྱིར་རང་གི་ཁྱིམ་དུ་ཞུགས་པ་ན། ཁྱིམ་འདི་ནི། བདག་གི་ཕའི་ཁྱིམ་ཡིན་ནོ་སྙམ་དུ་མི་ཤེས་སོ། །དེ་ནས་དེའི་ཕས་ནི། ༄༅། །མཐོང་མ་ཐག་ཁོ་ནར་འདི་ནི། བདག་གི་མཐུན་པའི་བུ་ཡིན་ན་འདི་ལ་ཁྱོད་བདག་གི་བུ་ཡིན་ནོ། །ཞེས་ཅུང་ཟད་ཀྱང་སྨྲ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སླར་ཡང་བྲོས་དང་མི་རུང་ངོ་ཞེས་དེས་དེ་ལ་ནོར་གྱི་མཛོད་རབ་ཏུ་མང་པོ་བྱིན་ནོ། །དེ་ནས་དེས་དེ་ལ་སྨྲས་པ། བདག་ནི། ཁྱོད་ཀྱི་ཁྱིམ་ན་གནས་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ ཁྱོད་ཀྱི་ཁྱིམ་ན་གནས་པ་ནི། ཞགས་པའི་བཅིང་བས་བཅིངས་པ་བཞིན་སྡུག་བསྔལ་ལོ། །དེ་ནས་ཁྱིམ་བདག་དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཞིག་བྱ། དེས་འདི་སྐད་ཅེས་སྨྲས་ སོ༑ ༑བདག་གིས་ཁྱོད་ཀྱི་བ་ལང་བཙའམ། རྩྭ་རྡ་བའམ། ཕྱག་དར་དོར་བའམ། འབྲས་ཀྱི་ཞིང་རྨོ་བ་ལགས་སོ། །དེ་ནས་ཁྱིམ་བདག་དེས་བསམ་པ། ཨེ་མའོ་བསོད་ནམས་མ་ བྱས་པའི་སེམས་ཅན། ཀྱི་ཧུད་རིམ་གྱིས་དུས་ཤེས་པར་བྱ་བ་ལས་གཞན་ནི། མི་ནུས་སོ་སྙམ་ནས་ལེགས་ཀྱི། རེ་ཞིག་ཕྱག་དར་གྱི་ཕུང་པོ་དག་ཁོ་ན་ཕྱོགས་ཤིག །དེ་ནས་ ཕྱིས་དུས་གཞན་ཞིག་གི་ཚེ་ཕྱག་དར་འཕྱག་པ་ན་མི་དེས་ཁྱིམ་བདག་དེ་འདོད་པ་མང་པོ་ལ་རྩེ་ཞིང་དགའ་བར་བྱེད་དེ་བདེ་བའི་ཡུལ་ཉམས་སུ་མྱོང་བར་བྱེད་པ་མཐོང་ངོ༌། ། མཐོང་ནས་ཀྱང་བསམ་པ། ཇོ་བོས་བདག་ལ་ནོར་གྱི་མཛོད་མང་པོ་སྦྱིན་པར་འགྱུར་བའམ། ཡང་ན་བདག་བུ་ཉིད་དུ་བྱེད་པར་འདོད་ན་ཅི་མ་རུང་སྙམ་སྟེ། མི་དེ་དེ་ལྟར་སེམས་ པ་ན་ཕྱག་དར་གྱི་ཕུང་པོ་དག་ཧ་ཅང་འཕྱག་པར་མི་བྱེད་དོ། །དེའི་ཚེ་དེའི་ཕས་དེའི་ལས་བྱེད་པ་དེ་དག་མཐོང་ནས་བསམ་པ། བདག་གི་བུ་འདི་ད་ནི། བཟང་པོའི་སྐལ་པ་ཡོད་དོ་ སྙམ་ནས་དེ་ནས་དེའི་ཕས་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭའི་མི་ཁྱོད་དེ་རིང་གཞན་དུ་སེམས་སམ། ཅིའི་ཕྱིར་ལས་ལེགས་པ་མི་བྱེད། དེས་སྨྲས་པ། དེ་བཞིན་ཏེ། བདག་དེ་ རིང་ཉིད་དུ་ཁྱོད་ཀྱི་བུ་ཉིད་དུ་ཁས་ལེན་པར་འདོད་དེ། དེས་ན་དེ་རིང་བདག་གི་སེམས་དེ་ལྟར་དད་པར་གྱུར་ཏོ། །དེས་སྨྲས་པ། ལེགས་སོ། །ང་ནི། ཁྱོད་ཀྱི་ཕ་ཡིན་ལ། ཁྱོད་ནི། ངའི་ བུ་ཡིན་ན། ཁྱོད་ཀྱིས་ང་འདི་ལྟར་ཕན་པར་འདོད་ཅིང་རྗེས་སུ་བརྩེ་བ་ཡིན་པར་མ་ཤེས་སོ། །ཞེས་བྱས་ནས་དེ་ནས་དེས་དེ་ལ་རང་དབང་བའི་ནོར་གྱི་མཛོད་མང་པོ་ཐམས་ཅད་བྱིན་ནས་སྐྱེ་ བོའི་ཚོགས་ཆེན་པོའི་དབུས་སུ་དེ་མངོན་སུམ་དུ་བྱས་ཏེ། འདི་སྐད་ཅེས་འདི་ནི། བདག་གི་བུ་གཅིག་པ་ཡིན་ཏེ། སྟོར་ནས་རིང་ཞིག་ལོན་པ་ལས་འདི་སླར་འཁོར་ཏེ། རང་གི་ཁྱིམ་དུ་ ཞུགས་ནས་འདིས་འདི་ནི། བདག་གི་ཕའི་ཁྱིམ་ཡིན་ནོ། །ཞེས་བྱ་བར་མ་ཤེས་མ་རྟོགས་ནས་དེའི་ཚེ་འདིས་ཁྱོད་ནི། བདག་གི་ཕའོ། །བདག་ནི། བུའོ། །ཞེས་བྱ་བའི་མིང་ཡང་མི་འདོད་ པ་ཉིད་ལས་ད་ལྟར་འདི་མོད་ལ་བུ་ཡིན་ནོ། །ཞེས་ཚིག་ཏུ་སྨྲས་སོ། །ཞེས་སྨྲས་པ་དེའི་ཚེ་དེ་ནས་སྐྱེ་བོ་མང་པོས་ཀྱེ་མའོ་སེམས་ཅན་རྣམས་ནི། ལས་རྣམ་པ་མང་པོ་དག་གིས་ཉོན་མོངས་ ༄༅། །པར་གྱུར་ཏོ། །ཞེས་ངོ་མཚར་དུ་གྱུར་ཏོ། །འོད་སྲུང༌། དེ་བཞིན་དུ་ངའི་ཉན་ཐོས་ཐམས་ཅད་ཀྱང་ཕྱག་དར་གྱི་ཕུང་པོ་འཕྱག་པའི་བུ་བཞིན་དུ་གདོད་ཤེས་ནས་ ཨེ་མ་ཀྱི་ཧུད་བཅོམ་ལྡན་འདས་ད་དུང་བདག་ཅག་གིས་རང་གི་ཕ་དང་འདྲ་བར་མ་འཚལ་བས་ན། ཉན་ཐོས་ཀྱི་ཐེག་པ་ནི། ཐ་ཆད་ལགས་སོ་ཟེར་རོ། །དེ་བས་ན་འོད་སྲུང༌། ཁྱོད་ ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། གལ་ཏེ་རེ་ཞིག་ཡོངས་སུ་སྤང་བར་ནུས་ན་གཤེའང་རུང༌། སྦྱོས་ཀྱང་རུང༌། ཁྱོད་ཀྱིས་དེ་དག་གི་ཡོངས་སུ་སྨིན་པའི་དུས་ལ་བབ་པར་ཤེས་པར་ བྱའོ༑ ༑འོད་སྲུང༌། གཞན་ཡང་འདི་ན་ཐེག་པ་ཆེན་པོ་པ་རྣམས་དང༌། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ནི། རྟག་པར་མི་མཐུན་པ་ཡིན་ཏེ། ཇི་ལྟར་འཇིག་རྟེན་པ་དང༌། འཇིག་རྟེན་ ལས་འདས་པ་ལྟ་བུ་དང༌། མཁས་པ་དང༌། ངན་པ་ལྟར་མི་མཐུན་པ་ཡིན་ནོ། །འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་བམ་པོ་བཞི་པ། འོད་སྲུང༌། ཁྱོད་ཀྱིས་ཡང་མདོ་སྡེ་ སྤོང་བ་དེ་དག་ཀུན་ཏུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྤོང་བ་དེ་དག་སེམས་དེ་དང་བཅས་ཏེ་དུས་བྱེད་པར་གྱུར་ན། དེ་ཉིད་དེ་དག་གི་ཤིན་ཏུ་བརྣག་པ་ཉིད་ཀྱི་མཐར་ཕྱིན་ པ་ཡིན་ནོ། །དེ་ལྟ་བས་ན། དེ་དག་ལ་སྙིང་བརྩེ་བའི་ཕྱིར་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་སྦྱར་བའི་ཆེད་དུ་ཐབས་ཐམས་ཅད་ལ་མཁས་པར་བྱའོ། །དེ་ལ་གང་དག་མ་དད་པ་དེ་ དག་ནི༑ དད་པར་འགྱུར་ཞིང་གང་དག་དད་པ་དེ་དག་ནི། ཡིད་ཆེས་པར་འགྱུར་ཏེ། དེ་དག་ཐམས་ཅད་བསྡུ་བའི་དངོས་པོ་རྣམས་ཀྱིས་ཀུན་ཏུ་བསྡུ་བར་བྱ་ཞིང་གཟུང་བར་བྱའོ། །འོད་སྲུང༌། གཞན་ཡང་འདི་ན་མི་འགའ་ཞིག་རིམས་སམ། རིམས་ནད་དྲག་པོས་ཐེབས་པ་ཁོ་ནར་གྱུར་ན། འདི་ལྟར་མི་དེ་ལ་སྨན་ཡང་མི་སྦྱིན་ཞིང་དཔྱད་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བའི་ དུས་ལ་མ་བབ་པ་དང༌། བྱ་བའི་དུས་ལ་བབ་ན་མི་བྱ་བ་དང༌། བྱ་བའི་གནས་འདི་གཉིས་མི་ཤེས་པའི་སྨན་པ་གང་ཡིན་པ་ནི། འཇིག་རྟེན་ན་སྨད་པ་ཡིན་ཏེ། དེ་ལྟ་བས་ན། ནད་སྨིན་ན་ དཔྱད་བྱ་ལ་མ་སྨིན་ན་དུས་སུ་བསྡད་དོ། །དེ་བཞིན་དུ་སེམས་ཅན་གང་དང་གང་དག་ཚུལ་འདི་སྤོང་བར་བྱེད་པ་དེ་དང་དེ་དག་ནི། ཚར་གཅད་པར་བྱའོ། །དེ་དག་གང་གི་ཚེ་ནད་སྨིན་པར་གྱུར་ པ་དང༌། དེའི་འོག་ཏུ་དེ་དག་རྗེས་སུ་དྲན་ནས་ཨེ་མའོ་བདག་ཅག་གིས་མཚར་བྱས་སོ། །ཞེས་ཤེས་པར་གྱུར་པ་དེའི་ཚེ་དེ་དག་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་བསྡུས་ནས་ དཔྱད་བྱའོ། །འོན་ཏེ་གཞན་དུ་མ་ནུས་ན་དེ་དག་ལ་གོས་དཀར་པོ་དག་བྱིན་ཏེ་བསྐྲད་པའམ། རིམ་པ་གཞན་དང་གཞན་གྱིས་གདུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཁོ་ན་ལ་སྙིང་ བརྩེབས་ཅིའང་རུང་བས་ཐེག་པ་ཆེན་པོ་ལ་སྦྱར་བའི་ཕྱིར་རོ། །རྒྱུ་གཉིས་ཀྱིས་སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་སྦྱར་བར་བྱ་སྟེ། གཉིས་གང་ཞེ་ན། རིགས་པ་དང༌། བསྡིགས་ ༄༅། །བས་སོ། །དེ་ལྟ་བས་ན། དེ་དག་རིགས་པས་སམ། བསྡིགས་པས་སྦྱར་བར་བྱའོ། །དེ་ལྟར་སྦྱར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་ པོ་གནོན་པར་འགྱུར་ཞིང་དེ་ས་དང་པོ་ལ་གནས་པར་འགྱུར་རོ། །ཡང་དེ་དེ་ལྟར་སྦྱོར་ཞིང་དེ་བཞིན་དུ་སྨྲན་ས་གཉིས་པས་འདི་ལྟ་སྟེ། བྱང་ཆུབ་ཏུ་མགོ་གཅིག་ཏུ་ལུང་བསྟན་པ་ ཡིན་ནོ༑ ༑འདི་ལྟ་སྟེ། དཔེར་ན། མི་ཞིག་བཙོན་ར་ནས་ཕྱུང་ན་དེ་ཅི་སླར་བཙོན་རར་འཇུག་པར་འགྱུར་རམ། དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ལས་བྱུང་སྟེ། ཐེག་པ་ཆེན་པོའི་ལམ་ དུ་ཞུགས་པ་དེ་ཅི་ཉན་ཐོས་ཀྱི་ཐེག་པ་ལ་རེག་པར་འགྱུར་ལགས་སམ། འོད་སྲུང༌། འདི་ནི། མི་འགྱུར་ཏེ། དེ་ཁྲོས་འཁྲུགས་ནས་ས་ལ་རྡེབ་པར་འགྱུར་རོ། །ཡང་བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་ཀྱི། འོད་སྲུང༌། ཁྱོད་དེ་ལྟར་མ་དུ་ཞིག །འོད་སྲུང༌། དཔེར་ན། དོན་མཐོང་ན་གཏན་ཚིགས་ དགོས་པ་མེད་དེ། དཔེར་ན། སྔོན་སྐྱུ་རུ་ར་མཐོང་བ་ལ་སྐྱུ་རུ་ར་ནི། འདི་ཡིན་ནོ། །ཞེས་བྱ་བ་དགོས་པ་མེད་མོད་ཀྱི། སྔོན་སྐྱུ་རུ་ར་མ་མཐོང་བ་ལ་སྐྱུ་རུ་ར་གཏན་ཚིགས་དང་བཅས་པ་དགོས་ པ་ལྟ་བུ༑ དཔེར་ན། ལྷོ་ཕྱོགས་ཀྱི་མི་རྣམས་ལ་མི་འམ་ཅི་རི་མོར་བྲིས་ནས་བསྟན་དགོས་ཀྱི། བྱང་ཕྱོགས་ཀྱི་མི་རྣམས་ལ་ནི། བསྟན་མི་དགོས་པ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ གིས་སྔོན་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སྐྱུ་རུ་ར་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་ངོ༌། །འོད་སྲུང༌། གཞན་ཡང་ང་བཞུགས་པའི་ཚེ་དང༌། ཁྱོད་འདུག་ པའི་ཚེ་མདོ་འདི་སྤོང་བ་གང་དག་ཡིན་པ་དང༌། སྤོང་བར་འགྱུར་བ་གང་དག་ཡིན་པ་དེ་དག་གལ་ཏེ་ནུས་ན་ཁྱོད་ཀྱིས་ཚར་གཅད་ཅིང་གཟུང་བར་བྱའོ། །དེའི་ཚེ་ཚར་གཅད་ཅིང་བཟུང་ནས་ རིགས་པའམ། བསྡིགས་པས་རང་གི་བུ་ལ་བྱ་བའམ། སྡུག་པ་ལ་བྱ་བའམ། རང་དང་འདྲ་བར་སྡུག་པར་བྱ་བས་ཐེག་པ་ཆེན་པོ་ལ་སྦྱར་བར་བྱའོ། །འོད་སྲུང༌། དེ་ལྟར་ཉན་ཐོས་ཀྱི་ཐེག་ པ་བ་དེ་དག་ཐམས་ཅད་ཀྱང་ངའི་བུ་ཡིན་ནོ། །དེ་དག་ཐམས་ཅད་སྔོན་ང་སྤྱད་པ་སྤྱོད་པ་ན་ཡོངས་སུ་སྨིན་པར་བྱས་པ་ཡིན་ཏེ། བསྐལ་པ་མང་པོ་གྲངས་མེད་པ་དཔག་ཏུ་མེད་པ་ཕ་རོལ་བས་ ཆེས་ཕ་རོལ་ཏུ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་གཉན་ཞེས་བྱ་བ་བྱུང་བ་དེའི་ཚེ་དེའི་དུས་དེ་ན་མདོ་ཆེན་པོ་འདི་ལས་ཐེག་པ་གཅིག་པ་བཤད་པ་དང༌། དེའི་ཚེ་འདི་དག་དང་གཞན་དེ་ དག་ཐམས་ཅད་སྤོང་བར་བྱེད། དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ནས་ཁྲོ་བ་དང༌། སྨོད་པ་དང༌། མཚང་འདྲུ་བས་རྒྱུ་བར་བྱེད་དོ། །དེ་ནས་དེ་དག་ལ་འདི་དག་ནི། བདག་གི་བུ་ཡིན། བདག་གི་སློབ་མ་ཡིན་པས་དུས་ལས་ཐལ་ན་མི་རུང་གི། ཇི་ལྟར་འདི་དག་ཉེ་བར་ཞི་བར་འགྱུར་བ་དེ་ལྟ་དེ་ལྟར་གདུལ་བར་བྱ་བའི་ཐབས་མཁས་པ་ཞིག་ངས་བསམ་མོ། །དེ་ནས་ངས་ ༄༅། །དེ་དག་གི་སྟོབས་དང་སྟོབས་མེད་པར་ཤེས་པར་བྱས་ནས་དེ་ལྟ་བུའི་གཏམ་སྟོན་ཏོ། །དེ་ལ་གང་དག་ཐེག་པ་ཆེན་པོ་ལ་མ་དད་པར་གྱུར་པ་དེ་དག་ལ་ནི། ངས་ ཉན་ཐོས་ཀྱི་ཐེག་པའི་གཏམ་སྨྲས་ཏེ། རིགས་ཀྱི་བུ། མཐར་ཕྱིན་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ཡིན་གྱི། ལྷག་མ་ནི། སྤང་བའི་ཐེག་པ་ཡིན་པར་གཟུང་ངོ༌། །བུད་མེད་ཀྱིས་ ནི༑ ལེགས་པར་སྤྱོད་པ་སྤྱད་ཀྱང་ཐར་པ་མི་འཐོབ་སྟེ། གྲོང་ཁྱེར་པས་ཀྱང་དེ་བཞིན་ནོ། །རྟ་ཅང་ཤེས་ལ་ཞོན་ཏེ་བརྒྱུགས་པས་ནི། གྲོང་རྔལ་ལམ། གྲོང་ཁྱེར་དུ་མྱུར་དུ་ཕྱིན་པར་ འགྱུར་གྱི། བྱིས་པའི་གོམ་པས་ཀྱང་རིམ་གྱིས་སོང་ན། ཅི་དེས་ཀྱང་སོན་པར་མི་འགྱུར་རམ། ཇི་ལྟར་བྱིས་པ་གཞོན་ནུ་ནི། མཛུབ་མོས་མར་དང་ཁ་ཟས་ཟལ་སྟོབས་དང་ ལྡན་པས་སྣོད་བཀང་སྟེ་ཟ་བ་དེ་བཞིན་དུ་འོད་སྲུང༌། ངས་ཀྱང་གང་དག་ཐེག་པ་ཆེན་པོ་མི་འདོད་པ་དེ་དག་བསྡུས་ནས་ངས་དེས་ཚེ་དེ་དག་ལ་ཕྱག་དར་གྱི་ཕུང་པོ་འཕྱག་པའི་བུ་ བཞིན་དུ་ཉན་ཐོས་ཀྱི་ཐེག་པས་ཐེག་པ་ཆེན་པོ་ཉེ་བར་བསྟན་ཏོ། །དེ་དག་གི་མོད་ལ་སྐུར་བ་བཏབ་པའི་ལས་གང་ཡིན་པ་དེའང་ངའི་སྔོན་གྱི་བྱམས་པའི་རིམ་པས་ཐེག་པ་ཆེན་པོ་ ལ་ཞུགས་པར་གྱུར་ན་ལུས་གཅིག་པོ་དེ་ལ་ཁ་ཅིག་ནི། ཀླད་ནད་དམ། མྱ་ངན་ནམ། སེམས་མི་བདེ་བ་ཙམ་གྱིས་ཡོངས་སུ་ཟད་པར་འགྱུར་རོ། །དེའི་ཚེ་གང་དག་ངའི་ཚིག་མ་ཉན་ ཅིང་མ་བླངས་པ་དེ་དག་ནི། ཚུལ་མ་ཡིན་པས་གནོད་པར་གྱུར་ཏོ། །འོད་སྲུང༌། དེ་ལྟར་ན་ཕྱག་དར་གྱི་ཕུང་པོ་འཕྱག་པའི་བུ་བཞིན་དུ་ཉན་ཐོས་དེ་དག་ཐམས་ཅད་ཀྱང་ངའི་བུ་ཡིན་ཏེ། ད་ གདོད་ཤེས་པར་འགྱུར་རོ། །ཨེ་མའོ་ཀྱི་ཧུད་བཅོམ་ལྡན་འདས་བདག་ཅག་གིས་ད་དུང་རང་གི་ཕ་མ་འཚལ་བས་ཉན་ཐོས་ཀྱི་ཐེག་པ་ནི། ད་གདོད་ཐ་ཆད་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འོད་སྲུང༌། དེ་ཉིད་ཀྱི་ཕྱིར་ངས་ཁྱོད་ཀྱིས་ཕྱིས་ཤེས་པར་འགྱུར་གྱི། ཁྱེད་གང་འདོད་པ་དེ་བྱེད་ལ་རག་མ་སྤོངས་ཤིག་ཅེས་གསུངས་པ་ཡིན་གྱི། གལ་ཏེ་ཁྱོད་ཀྱིས་མི་ ནུས་ན་དེ་ཞོག་ཅིག །འོད་སྲུང༌། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱ་སྟེ། དེ་དག་ཁྲོས་སམ། སྨོད་ནའང་ཁྱོད་ཀྱིས་མངས་པར་བྱའོ། །འདི་ལྟ་སྟེ། དཔེར་ན། འབབ་ཆུའམ། ལྟེང་ཀའམ། མཚེའུའམ། མཚོ་བྲན་ནམ། རྫིང་བུའམ། ཁྲོན་པ་ཞིག་ཡོད་ལ། དེ་ལ་སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོའམ། སེམས་ཅན་གང་དང་གང་དག་གིས་སྣོད་ཅི་དང་ཅི་འདྲ་བ་ དག་ཐོགས་ཏེ་ལྷགས་ནས་དེ་ཙམ་དེ་ཙམ་གྱིས་ཆུ་བླངས་ནས་དོང་སྟེ། བུམ་པ་ནི། བུམ་པ་གང༌། རྫ་མ་ནི། རྫ་མ་གང༌། ཁྱོར་བ་ནི། ཁྱོར་བ་གང་གི་སྣོད་ཆག་པ་ཁོ་ན་ལ་ཅིའང་མེད་ན། རིགས་ཀྱི་བུ། དེ་ལ་ཁྱོར་བས་སྐྱེད་པས་བུམ་པས་སྐྱེད་པ་ལ་ཁྲོ་བའམ། འོན་ཏེ་སྟོང་པས་ཁྲོར་ཅི་ཡོད། དེ་བཞིན་དུ་རིགས་ཀྱི་བུ། ཁྱོད་ཀྱིས་རང་གི་ནུས་པའི་སྟོབས་བསྐྱེད་པས་ཉན་ ༄༅། །ཐོས་ཀྱི་ཐེག་པ་ལ་ཞུགས་ཏེ། དེ་དེ་ལ་ཐེག་པ་ཆེན་པོས་ཅི་བྱ་ཞེས་མི་འདོད་ཅིང་སྤོང་བར་གྱུར་ཏོ། །གཞན་ཡང་དཔེར་ན། རྒྱལ་པོ་ནི། འབྲས་སཱ་ལུའི་ཁ་ ཟས་ཟ༑ ཡི་དྭགས་དང༌། བཀྲེན་པ་ནི། འབྲས་བུ་དང་རྩ་བ་ཟ། ཁྱིམ་བདག་ནི། རང་གི་འབྱོར་པ་ཟན། ཅི་དེས་རྒྱལ་པོ་ལ་ཁ་བྱའམ། གང་དང་གང་གིས་ཅི་དང་ཅི་བྱས་པའི་བདེ་ བའམ༑ སྡུག་བསྔལ་དེ་དག་གསལ་བ་ཐོབ་པར་འགྱུར་བས་དེས་གནས་པར་བྱའོ། །དེ་བཞིན་དུ་གལ་ཏེ་ཁྱོད་ཐེག་པ་ཆེན་པོ་ལ་འཇུག་པའི་མཐུ་མེད་ནའང་ཅི་སྟེ་དེ་འགོག། གཞན་ ཡང་རྒྱལ་པོ་ནི། དབྱིག་དང༌། གསེར་དང༌། མུ་ཏིག་དང༌། ནོར་བུ་དང༌། བཻ་ཌཱུཪྻ་དང༌། མན་ཤེལ་དང༌། བྱུ་རུ་ལ་སོགས་པ་སྦྱིན་པར་གཏོང་ལ། བཀྲེན་པ་རྣམས་ནི། གཟར་བུ་ གང་གི་ཁ་ཟས་སྦྱིན་པར་གཏོང་ངོ༌། །གང་དག་མང་དུ་ཐོས་པ་ནི། ལུང་འཛིན་པར་བྱེད་པར་བྱེད་ལ། བློ་ཞན་པ་ནི། རང་གི་སྤྱོད་ཡུལ་ཙམ་མོ། །གཞན་དག་ནི། གྲོང་ཁྱེར་ཆེན་པོ་ འམ༑ དཔག་ཚད་མང་པོར་རྒྱུག་ལ་དེ་ལ་བྱིས་པ་དག་ནི། འདོམ་ཕྱེད་དུའང་རྒྱུག་མི་ནུས་ན། ཅི་དེ་ལ་བྱིས་པ་གཞོན་ནུས་འདི་ལྟར་ང་རྒྱུག་མ་ནུས་སོ། །ཞེས་ཅི་དེ་ལས་བརྡེག་པར་ བྱ་བའམ། དེ་ལ་སུས་ཉེས། འོད་སྲུང༌། གཞན་ཡང་གྲོང་གི་བུད་མེད་ནི། གྲོང་དུ་དགའ་ལ། གྲོང་ཁྱེར་མོ་ནི། གྲོང་ཁྱེར་ལ་དགའོ། །འོད་སྲུང༌། དེ་བཞིན་དུ་དེ་བཞིན་གཤེགས་ བའང་སེམས་ཅན་རྣམས་ལ་སྣོད་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ། །གཞན་ཡང་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ཆོས་ཤིག་ཞུ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་གསོལ་པ། སེམས་ཅན་གྱི་ལྟ་བ་ལས་བརྩམས་ལགས་ན་སེམས་ཅན་གྱི་ལྟ་བ་ཅི་ལགས་ན། ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། དཔེར་ན། ཡུལ་ཙམ་པ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ནས་མི་འགའ་ཞིག་མཉན་ཡོད་ཀྱི་གྲོང་ཁྱེར་དུ་ཆས་ཏེ། དེའང་མཉན་ཡོད་ ཀྱི་གྲོང་ཁྱེར་ཆེན་པོ་དང་ཧ་ཅང་ཡང་མི་རིང་བའི་གྲོང་རྡལ་ཞིག་ཏུ་གནས་བཏབ་བོ། །དེ་ནས་ངེས་འགྲོན་པོ་ཞིག་ལ་དྲིས་པ། ཀྱེ་མི། མཉན་ཡོད་ན་ཡུལ་ལོག་མ་པ་རྣམས་ཇི་ལྟར་གནས་ དེ་ན་ཁྱིམ་མམ། བཀད་སའམ། མགྲོན་གནས་པ་གནས་པའི་བུད་མེད་རྙེད་པར་འགྱུར་རམ། དེ་ནས་མི་དེ་ཐབས་མཁས་ཤིང་ཕ་རོལ་གྱི་སེམས་ཤེས་པས་ལྷའི་མིག་གིས་དེ་འོང་ བ་ལ་བརྟགས་ན་དེ་ནས་དེས་རིག་སྟེ། ངན་པ་འདི་ནི། རང་གི་མ་དཀའ་བར་བྱེད་པ་བླ་མ་དམ་པ་ཡོངས་སུ་སྤངས་ཏེ་རྫུན་ཅན་གྱི་བུ་ཞིག་གི་ཚིག་མཉན་ནས་བདག་མཉན་ཡོད་དུ་ སོང་སྟེ༑ སྨད་འཚོང་མ་དང་ལྷན་ཅིག་རྩེ་བར་བྱའོ་སྙམ་ནས་འདིར་འོངས་སོ་སྙམ་བསམ་ནས་དེ་ནས་དེས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི། ལམ་ནས་སླར་མྱུར་དུ་ལོག་ན་ལེགས་ ༄༅། །ཏེ༑ ཡུལ་ལོག་མ་པ་ཁྱོད་འདྲ་བ་རྣམས་ནི། རྒྱལ་པོ་གསལ་རྒྱལ་གྱིས་སྲིན་པོའི་རིགས་ཀྱི་ལག་ཏུ་ཟས་སུ་སྦྱིན་པར་བྱེད་ཀྱི། ཀྱེ་མི། མྱུར་དུ་སླར་སོང་ ཞིག། དེ་ནས་མི་ངེས་མི་དེའི་ཚིག་མཉན་ནས་མྱུར་དུ་བརྒྱུགས་ཏེ་རང་གི་ཁྱིམ་གང་ན་དེར་སོང་ནས་རང་གི་མའི་རྐང་པ་ལ་གཏུགས་ཏེ་བཟོད་པར་གསོལ་ཏོ། །དེ་ནས་དུས་གཞན་ ཞིག་ནི་མི་དེའི་མི་ཤི་ནས་རང་དབང་པའི་ནོར་ཐམས་ཅད་ཐོགས་ཏེ། ཡང་མཉན་ཡོད་གང་ན་བར་ཆས་པ་དང་དེ་མི་དེ་ཉིད་ཀྱིས་མཐོང་ངོ༌། །དེ་མཐོང་ནས་ཡང་དེ་འོང་བ་ལ་བསམ་ནས། འདི་ལྟར་བདག་དེར་སོང་ནས་ནོར་བདོག་པ་ཐམས་ཅད་ཤི་བ་དང༌། བཀྲེན་པ་དང༌། ཕོངས་པ་དང༌། སློང་བ་པ་ལ་སོགས་པ་ལ་བགོ་བ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང་ བཀུར་སྟི་དང་རི་མོ་བྱས་ལ་ང་རྒྱལ་བཅག་སྟེ། བདག་གི་མེད་ཅིང་ང་རྒྱལ་མེད་པར་རིམ་གྱིས་བྱས་ལ་སྨད་འཚོང་མ་དང་ལྷན་ཅིག་ཇི་སྲིད་འདོད་པར་རྩེ་མོ་དང༌། དགའ་བ་དང༌། དགའ་མགུར་སྤྱད་ནས་དེའི་འོག་ཏུ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བར་བྱའོ་སྙམ་པར་ཤེས་སོ། །མི་དེས་མི་དེ་ལ་དྲིས་པ། ཀྱེ་མི། དེང་སང་མ་ཉན་ཡོད་ཀྱི་གྲོང་ ཁྱེར་ཆེན་པོ་ཅི་འདྲ། དེས་སྨྲས་པ། ཀྱེ་མི། དེ་ནི། མཉན་ཡོད་ཀྱི་གྲོང་ཁྱེར་ནི། སྡུག་ཅིང་ཡིད་དུ་འོང་བ། དགའ་བ། མཐོང་ནས་ཡིད་དགའ་བ། ཡུལ་གྱི་བཟང་མོའི་སྨད་འཚོང་གི་ཚོགས་ ཡོད་པ༑ འབྱོར་བ། རྒྱས་པ། བདེ་བ། ཉམས་དགའ་བ་ཡིན་ནོ། །འོད་སྲུང༌། དེ་སྐད་དུ་སྨྲ་ན། ཅི་དེ་རྫུན་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། ལགས་ཆེས་སོ། །བཀའ་སྩལ་ པ༑ དེ་ནི། མ་ཡིན་ནོ། །གསོལ་པ། ཅི་ལགས། བཀའ་སྩལ་པ། དེ་ནི། ཐབས་ཡིན་ནོ། །ཡང་བཀའ་སྩལ་པ། དེ་བཞིན་གཤེགས་པས་ནི། རྣམ་གྲངས་ཀྱིས་རྫུན་ཅུང་ཟད་བྱ་བར་ གསུངས་སོ། །གསོལ་པ། ཅིའི་སླད་དུ་ལགས། འོད་སྲུང༌། ཁྱོད་དང་བུ་མོ་སེར་སྐྱ་བཟང་མོ་ལྷན་ཅིག་ཁྱིམ་པར་གྱུར་ཏེ་འཁོར་བ་ན་བཟང་མོའི་ཕ་དང་མ་གཉིས་སྨྲ་ཞིང་ཕ་དང་མ་གཉིས་ ཀྱིས་བསམ་ན། བདག་ཅག་གི་བུ་གཉིས་ཡུལ་ཉམས་སུ་མྱོང་བར་བྱེད་དམ། འོན་ཏེ་བདག་ཅག་གི་བུ་མི་བྱེད་ཅེས་ནང་མི་ལ་དྲིས་པ་དང༌། ནང་མི་ཉེས་པར་སོང་ནས་ནང་མིས་དྲིས་པ་ན་ འཇིག་རྟེན་ན་སུ་ཞིག་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་འདོད་པ་ལ་རྩེ་བ་དང༌། དགའ་བའི་ཡུལ་ཉམས་སུ་མྱོང་བར་མི་བྱེད་ཅེས་ཁྱོད་ཀྱིས་སྨྲས་པ་ཐོས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི། བདག་གིས་བརྫུན་དུ་སྨྲས་པ་མ་ལགས་སོ། །དེ་བཞིན་དུ་འདི་ལའང་དེ་ནི། ཐབས་མཁས་པ་ཡིན་པར་རྣམ་གྲངས་འདིས་ཐ་སྙད་གདགས་པར་ ནུས་ཏེ༑ རྒྱུད་གཉིས་ཀ་རྣམ་གྲངས་འདིས་མགུ་བར་བྱའོ། །གསོལ་པ། བཅོམ་ལྡན་འདས། བདག་ཅག་ཚེ་རབས་ལྔ་བརྒྱར་སྤ་ཤུག་ཏུ་མཆིས་ནའང་ཆུང་དུ་ནག་ཡར་ལམ་དུའང་ ༄༅། །ཉལ་པོ་མ་མྱོང་ངོ༌། །བཀའ་སྩལ་པ། དེ་ནི། དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན་ཏེ། དེའང་སྐྱེས་བུའི་ཐབས་མཁས་པ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས། ཐབས་མཁས་པ་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། ཐབས་མཁས་པ་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མར་འགལ་བ་དང༌། ཕྱི་མ་དང་སྔ་མར་འགལ་བའི་སྨྲེ་བའི་ དོན་ཏེ༑ དོན་གྱིས་ནི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི། ཐབས་གང་དང་གང་གིས་དོན་འགྲུབ་པར་འགྱུར་བའི་ཐབས་དེ་དང་དེས་དེས་པའི་དོན་གྱིས་སམ། དྲང་བའི་དོན་གྱིས་གསུང་བ་ཡིན་ནོ། །གསོལ་པ། དོན་གྲུབ་པ་ཞེས་བགྱི་བ་གསུང་བ་ཅི་ལགས། བཀའ་སྩལ་པ། དོན་གྲུབ་པ་ཞེས་བྱ་བ་ནི། ཆོས་གྲུབ་པ་ཞེས་བྱའོ། །གསོལ་ པ༑ དེ་བཞིན་གཤེགས་པས་དགེ་སློང་དག །ཚད་མས་རུང་བ་མ་ཡིན་པ་དེའང་བླང་བར་བྱའོ། །ཞེས་རྣམ་གྲངས་ཅུང་ཟད་ཅིག་གསུངས་པ། གལ་ཏེ་དེ་ལྟར་ལགས་ན་དེའང་བླང་ བར་འགྱུར་རམ། བཀའ་སྩལ་པ། འོད་སྲུང༌། དེ་ནི། རྒྱུ་མ་ཡིན་ནོ། །གསོལ་པ། ཅིའི་སླད་དུ་ལགས། ཅིའི་ཕའི་ཆེད་དུ་མ་སྲོག་དང་དབྲལ་བར་བྱའམ། ཅི་གཞན་གྱི་ཆེད་དུ་རང་སྲོག་ དང་དབྲལ་བར་བྱའམ། ཅི་མའི་ཆེད་དུ་ཕ་སྲོག་དང་དབྲལ་བར་བྱའམ། གསོལ་བ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ དེ་བཞིན་དུ་ཕ་དང་མས་མི་བྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྙིང་པོར་བྱེད་དོ། འོད་སྲུང༌། ཇི་ལྟར་གོང་དུ་ཡུལ་ཙམ་པ་ན་གནས་པའི་མི་བཞིན་ནོ། །ཞེས་གསུངས་པ་ལྟར་ བདག་བདེན་ཡང་ངས་བདག་ཏུ་འཛིན་པ་དགག་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་མ་དེས་རང་གི་མ་བོར་ནས་དེའི་མའང་སྡུག་བསྔལ་བར་གྱུར། དེའང་རང་གི་མ་དང་བྲལ་བར་ གྱུར་པ་ལས་དེ་མི་དེས་དེ་སྐད་ཚིག་བསྒོ་ནས་སླར་བཟློག་པ་དང་མ་དང་བུ་དེ་གཉིས་ཕྲད་བར་འགྱུར་རོ། །དེ་ནས་དེའི་འོག་ཏུ་མ་ཤི་ནས་རང་དབང་བ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་འདོད་ པའི་བདེ་བ་བསྟེན་ནས་དེའི་འོག་ཏུ་རབ་ཏུ་བྱུང་བ་བཞིན་ནོ། །དགེ་སློང་དག །དེ་བཞིན་དུ་ངས་ཀྱང་གལ་ཏེ་ཐོག་མ་ཁོ་ནར་བདག་ཡོད་དོ། །ཞེས་བསྟན་ན་སུ་ཞིག་དད་པར་འགྱུར། གལ་ཏེ་ དད་པར་གྱུར་ནས་འཇིག་ཚོགས་ལ་ལྟ་བའི་བདག་ཏུ་འཛིན་པ་ནི། འཇིག་རྟེན་གྱི་སྤྱི་མཐུན་ཡིན་པས་དེའི་ཡང་དེར་འགྱུར་རོ། །ངས་ཀྱང་ཡུལ་ཙམ་པ་ན་གནས་པའི་མི་བཞིན་དུ་ཐོག་མར་ བདག་མེད་པ་བསྟན་ནས་དེའི་འོག་ཏུ་བདག་ཡོད་པ་ཉིད་སྟོན་པར་འགྱུར་ཏེ། དེ་ཉིད་དང་བདག་གི་དེ་ཁོ་ན་ཉིད་ཀྱང་བཤད་དོ། །འོད་སྲུང༌། དེ་ལྟ་བས་ན། ཐབས་ལ་མཁས་པར་བྱའོ། །འོད་ སྲུང༌། གཞན་ཡང་དཔེར་ན། མི་ཞིག་ལམ་པོ་ཆེ་ཞིག་ནས་འབྲོག་དགོན་པར་སོང་བ་ལས་བྱ་རབ་གནོན་ཅེས་བྱ་བས་སྒྲ་ཕྱུང་བ་དང༌། དེ་ནས་མི་དེ་ལམ་དུ་ཞུགས་ཏེ་འགྲོ་བས་བྱའི་སྐད་ ༄༅། །དེ་ཐོས་ནས་བསམ་པ། ཅི་ཆོམ་རྐུན་པ་བྱུང་ངམ་ཞེས་དེ་ཆོམ་རྐུན་པས་འཇིགས་སྐྲག་སྟེ་བྱོལ་བ་ལས་དགོན་པ་གང་ན་སྟག་ཡོད་པ་དེར་ཆུད་ནས་ཚུལ་མ་ཡིན་ པས་སྡུག་བསྔལ་བར་གྱུར་ཏོ། །འོད་སྲུང༌། དེ་བཞིན་དུ་མ་འོངས་པའི་དུས་ན་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། བདག་དང་བདག་གི་ཞེས་བྱ་བའི་ སྒྲ་ཙམ་གྱིས་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བའི་བདག་མེད་པ་སེམས་ཤིང་སྟོང་པ་ཉིད་ཆེན་པོ་ཆད་པའི་ལྟ་བ་སྨྲ་བའི་བདག་ཉིད་དུ་འགྱུར་བས་དེ་བཞིན་གཤེགས་པ་རྟག་པ་ སངས་རྒྱས་རྟག་པའི་བདག་ཉིད་དང་ལྡན་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ལ་དད་པར་མི་འགྱུར་རོ། །འོད་སྲུང༌། གཞན་ཡང་ཞིང་པ་བླུན་པོ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་སྔོན་མ་ མཐོང་བ་ཞིག་ཡོད་པ་དེ་དེར་ཞུགས་བ་ན་སྐྱེས་པ་དང༌། བུད་མེད་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་དག་མཐོང་ངོ༌། །མཐོང་ནས་ཀྱང་མིག་མི་འཛུམ་པར་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དག་ལ་བལྟས་སོ། །བལྟས་ཏེ་ཕྱིར་བྱུང་ནས་དེ་ནས་དེ་རང་གི་ཁྱིམ་གང་ན་བ་དེར་སོང་སྟེ་ཞིང་པ་བླུན་པོ་རྣམས་ལ་སྨྲས་པ། རྒྱལ་པོ་ནིས། འདི་འདྲ། དེ་ན་བུད་མེད་ཀྱི་ གཟུགས་ནི། ལྷའི་བུ་མོ་འདྲ། མིའི་དབང་པོའི་གཟུགས་ནི། ལྷའི་བུ་མོ་འདྲའོ། །ཞེས་སྨྲས་པ་ན་མི་ཕལ་པ་གཞན་རྣམས་ཀྱང་རྒྱལ་པོ་མཐོང་ནས་འདི་སྙམ་དུ་བདག་ཅག་གིས་ཀྱང་ ལྟའི་བུ་དང་བུ་མོ་དང་བཅས་པ་མཐོང་ངོ་སྙམ་པ་དང༌། དེ་ནས་རྒྱལ་པོའི་ཕོ་ཉ་བཀྲབས་པ་དག་གིས་ཐོས་ནས་ཅལ་ཅོལ་ཤ་སྟག་སྨྲའོ། །ཞེས་བྱས་ཏེ་གསོད་པར་འགྱུར་རོ། །འོད་ སྲུང༌། དེ་བཞིན་དུ་དེ་བཞིན་གཤེགས་པ་སངས་རྒྱས་པའི་དུས་མྱ་ངན་ལས་འདས་པ་ཉིད་ན་རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ། བདག་ཅེས་བྱ་བའི་ཚིག་གི་གཞི་བསྟན་པའང་ འཇིག་རྟེན་ལས་འདས་པའི་དུས་ན་བདག་ཅི་འདྲ་བ་དེ་འདྲ་བར་འགྱུར་ཞིང་འཇིག་རྟེན་པའི་འཇིག་ཚོགས་ལ་ལྟ་བ་གོམས་པར་བྱས་པའི་བདག་ཉིད་ཀྱང་ཟད་པར་གྱུར། ཟད་པར་ འགྱུར༑ ཟད་པར་འགྱུར་ཏེ། ལྟ་བ་དེ་ལྟ་བུ་གང་ཡིན་པ་དེ་ངའི་མ་ཡིན་པས་དེའི་ཕྱིར་རྟག་པ་དང་ཆད་པ་སྤངས་པ་ཞེས་གསུངས་པ་ནི། གནས་ལགས་པར་གསུངས་པས་ཡིན་ནོ། །འོད་ སྲུང༌། དེ་བཞིན་གཤེགས་པ་ང་བདག་ཉིད་སྐྱེས་སོ། །ཞེས་གསུང་ན། ཅི་དེ་བཞིན་གཤེགས་པ་སྐྱེས་སམ། ང་ཚེམས་ཤིང་བསྟེན་ཏོ་ཞེས་གསུང་ན། ཅི་ང་ཚེམས་ཤིང་བསྟེན་ སྙམ་མམ༑ འོད་སྲུང༌། སྔ་མ་དང་ཕྱི་མའི་ཚིག་གི་དོན་འགལ་གྱི། དོན་ལ་ནི་མ་ཡིན་ནོ། །གསོལ་པ། ཇི་ལྟར་མ་ལགས། བཀའ་སྩལ་པ། འོད་སྲུང༌། ཁྱོད་པ་དཔེ་བསྟན་ཏེ། དཔེར་ན། བཙོ་བླག་མཁན་མཁས་པས་གོས་ཕལ་པ་ཞིག་ཉོས་ནས་དམར་པོར་བྱས་ཏེ་བཙོངས་ན་རིན་ཆེན་པོར་འདོང་ངོ༌། །དེ་ནས་དེས་ཕྱིས་རིན་ལྷག་པས་ཉོན་ནས་གོས་དེ་ ༄༅། །ཉིད་སྔོན་པོས་ཚིག་གུར་བྱས་ཏེ་གཞན་གྱི་ལག་ཏུ་བཙོངས་ནས་དེ་ཉིས་འགྱུར་གྱི་རིན་དུ་ལྡོམ་ན། འོད་སྲུང༌། ཅི་དེ་གོས་དེ་ཉིད་ཡིན་ནམ། འོན་ཏེ་གཞན་ ཡིན་ཞེ་ན། དེ་ནི། གཞན་མ་ཡིན་ཏེ། ཁ་བསྒྱུར་བར་ཟད་དོ། །འོད་སྲུང༌། དེ་བཞིན་དུ་གོས་ཀྱི་རྣམ་པ་བཞིན་དུ་བསོད་ནམས་གསར་གྱི་རྒྱུན་ཆགས་པས་དེ་ཕྱིས་ཚོ་ན་རྩིའི་ཐབས་ ཀྱི་ཐབས་མཁས་པས་ཁ་དོག་སྒྱུར་བ་ལྟ་བུར་བྱེད་དོ། །འོད་སྲུང༌། གཞན་ཡང་དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཞིག་ཡོད་པ་འཆི་ཀའི་ཚེ་ གྲོང་རྡལ་ལམ། གྲོང་ཁྱེར་དུ་བསོད་སྙོམས་སུ་རྒྱུ་བ་ན་སྨད་འཚོང་མ་ཞིག་མཐོང་ནས་དེ་སེམས་ཆགས་པར་གྱུར་ཏེ། དེ་ནས་དེས་བསམ་པ། གྱོན་པའི་གོས་འདི་བྱིན་ལ་འདི་ལྟ་ བུ་ཞིག་བྱའོ། །ཞེས་ངེས་པར་བྱས་ནས་དེས་གྱོན་པའི་གོས་དེས་སྨད་འཚོང་མ་དེ་གྲོངས་པ་དང༌། སྨད་འཚོང་མ་དེའང་ཆགས་པའི་རང་བཞིན་པས་དེ་བཞིན་དུ་བྱའོ། །ཞེས་དེ་ལ་ ཁས་བླངས་སོ། །དེ་ནས་དགེ་བསྙེན་ཐབས་ལ་མཁས་པ་ཞིག་གིས་དེ་མཐོང་ནས་བསམ་པ། ཁྱེ་མའོ་ཀྱི་ཧུད་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་ནི། ད་ནི། ཚུལ་ཁྲིམས་ འཆལ་པར་གྱུར་ལ། ཉིས་ན་དགེ་སློང་འདི་ལུས་འདིས་ཤི་བ་བླའི། ཚུལ་ཁྲིམས་འཆལ་པ་ནི། མ་ཡིན་པས་དེའི་སྡིག་པ་གང་ཡིན་པ་དེ་བདག་ལ་བབ་པར་གྱུར་ཅིག་ཅེས་དེ་ ནས་དེ་གཏམ་ཅི་ཞིག་བྱས་ནས་རྨོངས་པར་བྱས་ཏེ་མོད་ལ་བསད་ན། འོད་སྲུང༌། ཅི་མི་དེ་དམྱལ་བར་འགྱུར་རམ། འོད་སྲུང་གིས་གསོལ་པ། དེ་ནི། བཅོམ་ལྡན་འདས་ཉིད་མཁྱེན་ ལགས་སོ། །བཀའ་སྩལ་པ། འོད་སྲུང༌། མི་དེའི་དགེ་སྦྱོང་སྲོག་དང་ཕྲལ་བའི་སྡིག་པ་གང་ཡིན་པ་དེ་ཟླ་བ་བཞིར་རིམས་ཀྱིས་ཐེབ་ནས་ལུས་དེ་ཉིད་ལ་རྣམ་པར་སྨིན་པ་དང་དེངས་ པར་འགྱུར་ན། འོད་སྲུང༌། ང་ཐབས་མཁས་པ་སེམས་ཅན་གྱི་དོན་དུ་ཚིག་ཙམ་དུ་སྨྲ་བས་ཉེས་པ་མེད་དེ། བདག་བདེན་པར་ཡོད་པ་ལ་བདག་མེད་དོ། །ཞེས་འགོག་པ་ཚིག་ཙམ་ དུ་སྨྲ་བས་ཅིར་ཡང་མི་འགྱུར་བ་ལྟ་ཅི་སྨོས། འོད་སྲུང༌། གཞན་ཡང་ཁྱོད་ཀྱིས་ཀུན་དགའ་བོ་ཟིལ་གྱིས་མནན་ནས་ང་ལ་ཞུས་པ། སྲིད་པ་ཡོད་ན་བདེ་དང་སྡུག་བསྔལ་ཏེ། །མེད་ན་ བདེ་དང་སྡུག་བསྔལ་ག་ལ་ཡོད། །ཅེས་བྱ་བ་དེའི་དོན་འོད་སྲུང་ཁྱོད་ད་ཉོན་ཅིག །འོད་སྲུང༌། དེ་བཞིན་གཤེགས་པ་ནི། དངོས་པོ་མེད་པ། སེམས་ཅན་མེད་པ། འཇིག་པར་འགྱུར་པ་ མ་ཡིན་པའོ། །གསོལ་པ། ཇི་ལྟ་བུ་ལགས། བཀའ་སྩལ་པ། འོད་སྲུང༌། དཔེར་ན། རིའི་རྒྱལ་པོ་གངས་ཅན་གྱི་དྲུང་ན་ནོར་བུ་རིན་པོ་ཆེ་འོད་མཐའ་ཡས་སྣང་བ་ཞེས་བྱ་བའི་ཁམས་ ཡོད་དོ༑ ༑དེ་ནས་ནོར་བུ་རིན་པོ་ཆེའི་ཁམས་དེ་ལ་ནོར་བུ་རིན་པོ་ཆེའི་ཁམས་བྱི་དོར་བྱས་པས་བལྟས་ནས་དེས་དེ་མཐོང་སྟེ་ཤེས་ནས་དེས་དེ་བླངས་ཏེ། གསེར་གྱི་ཁ་དོག་བཞིན་དུ་ཐབས་ ༄༅། །ཀྱིས་དྲི་མ་སྦྱངས་ཏེ་བླངས་ནས་དེ་ནས་དེས་གང་གི་ཚེ་དྲི་མ་དག་པར་གྱུར་པ་དེ་ཕན་ཆད་སའམ། འདམ་རྫབ་བམ། བྱེ་མའམ། སྣོད་གང་དང་གང་དུ་མི་ དེས་བཅུག་ཀྱང་དེས་དེར་ནོར་བུ་རིན་པོ་ཆེ་དེ་དེ་ལྟ་དེ་ལྟར་ཕྱིས་བདར་བྱས་པས་ཇི་ལྟར་ཐོག་མའི་དྲི་མའི་སྐྱོན་དེ་ཁོ་ནས་འདྲེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། གང་དང་གང་དུ་མི་སྒྲོན་མ་ཐོགས་ཏེ་སོང་བ་དེ་དང་དེ་ཉིད་དུ་མུན་པ་མེད་པར་འགྱུར་ཞིང་སྒྲོན་མའང་གསལ་བ་ཁོ་ནར་འགྱུར་རོ། །འོད་སྲུང༌། དེ་བཞིན་དུ་ནོར་བུ་རིན་པོ་ཆེ་དེ་ གསེར་བཞིན་དུ་དྲི་མས་གོས་པ་མེད་པར་གྱུར་ཅིང་ནོར་བུ་རིན་པོ་ཆེ་དེའང་མཚན་མོ་ནི། རྒྱུ་སྐར་དང་ཟླ་བའི་འོད་ཀྱི་རྐྱེན་གྱིས་ཆུ་འཛག་པར་འགྱུར་ལ། ཉིན་མོ་ནི། ཉི་མའི་འོད་ ཀྱིས་མེའི་ཁ་དོག་ལྟར་འབར་ཡང་ཅུང་ཟད་ཀྱང་སྲེག་པར་མི་བྱེད་དོ། །འོད་སྲུང༌། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འཇིག་རྟེན་དུ་བྱུང་ནས་བྱང་ཆུབ་སངས་རྒྱས་པ་ཉིད་ཀྱིས་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་དྲི་མ་བསལ་ཅིང་ཉོན་མོངས་པ་བྱེ་བ་ལས་རྣམ་པར་གྲོལ་ཏེ། བག་ཆགས་ ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ན་ནོར་བུ་དག་པ་བཞིན་དུ་རབ་ཏུ་གསལ་ཞིང་པདྨ་བཞིན་དུ་ཐམས་ཅད་དུ་གོས་པ་མེད་པར་འགྱུར་རོ། །འོད་སྲུང༌། གཞན་ཡང་དེ་བཞིན་གཤེགས་ པ་གང་གི་གཟུགས་ཀྱིས་འཇིག་རྟེན་གང་དང་གང་དུ་འབྱུང་ཞིང་བྱུང་ནས་ཀྱང་ཕལ་པ་བཞིན་དུ་སྟོན་པར་མཛད་དེ། ཕལ་པར་བྱུང་ཡང་ངན་འགྲོའི་ཉེས་པ་དེ་དག་གིས་གོས་པར་མི་ འགྱུར་ཞིང་ལྷ་དང་མིའི་བདེ་བ་དང་སྡུག་བསྔལ་ཡང་ཉམས་སུ་མྱོང་བར་མི་འགྱུར་རོ། །ལྷ་དང་མིའི་བདེ་བ་དང༌། སྡུག་བསྔལ་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ཡིན་ཏེ། སྡུག་ བསྔལ་ནི། བཀག་ལ་ཐར་པ་གཅིག་ཏུ་མཐར་ཕྱིན་པ་ནི། ཤིན་ཏུ་བདེ་བ་ཡིན་ནོ། །དེ་ནས་གནས་བརྟན་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། ། ལེགས་སོ། །བདག་ནི། ད་གདོང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་དང་དགྲ་བཅོམ་པ་ཉིད་དུ་གྱུར་ལགས་ཏེ། ད་ནི། བདག་གིས་དེ་བཞིན་གཤེགས་པ་ ལ་བགྱིས་པ་གཟོ་བ། བགྱིས་པ་ཚོར་བར་བགྱི་ལགས་སོ། །གང་དེ་བཞིན་གཤེགས་པས་བདག་ལ་འདི་སྐད་ཅེས་འོད་སྲུང༌། ཚུར་ཤོག །སྟན་གྱི་ཕྱེད་སྦྱིན་གྱི། བདག་ཅག་ གཉིས་སྟན་ཅིག་ལ་ལྷན་ཅིག་འདུག་གོ །ཞེས་གསུངས་པ་དེའི་དོན་ནི། དེ་རིང་བཅོམ་ལྡན་འདས་ཀྱིས་འཁོར་བཞིའི་དབུས་སུ་བདག་ཐེག་པ་ཆེན་པོ་ལ་དབང་བསྐུར་བ་ལགས་སོ། ། དེ་ནས་འཁོར་དེའང་ནང་ན་སྐྲ་དང་ཁ་སྤུ་བྲེགས་པ་དགེ་སློང་གི་ཁ་དོག་དང་གཟུགས་འཆང་བ་དག་ཀྱང་འདུག །དགེ་བསྙེན་མ་ཡིན་པ་དགེ་བསྙེན་གྱི་གཟུགས་འཆང་བ་དག་དང་ཁ་ ༄༅། །དོག་སྣ་ཚོགས་པའི་གཟུགས་འཆང་བ་དག་དང༌། ཁ་ལོགས་ཤིག་ཏུ་ཕྱོགས་པ་དང༌། སྙན་དངགས་མཁན་དང༌། མགྲིན་པ་སྟ་རི་ལྟ་བུ་དང༌། དུད་འགྲོ་དང་ ཁ་གྱེན་དུ་ལྟ་བ་དང༌། ཁ་ཐུར་དུ་ལྟ་བ་དག་འཁོད་དེ། དེ་དག་ཐམས་ཅད་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཁོར་འདི་ནི། ཤིན་ཏེ་མ་མ་ལགས་པ་སྦུན་པ་དང་བྲལ་བ། ཕུབ་པ་མ་མཆིས་པ། ཙནྡན་གྱི་སྙིང་པོ་ལྟ་བུ་སྲ་བ་བརྟན་པར་གནས་ པ་ལགས་ན། འཁོར་འདི་ལྟ་བུའི་ནང་དུ་འདི་དག་ཅིའི་སླད་དུ་ཞུགས་ལགས། བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་གནས་བརྟན་འོད་སྲུང་ལ་དྲིས་ཤིག །ཀུན་དགའ་བོས་ལེགས་ སོ་བཀའ་བཞིན་འཚལ་ཞེས་མཉན་ནས་གནས་བརྟན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང༌། འདི་དག་འཁོར་གྱི་ནང་དུ་ཇི་ལྟར་ཞུགས། འོད་སྲུང་གིས་སྨྲས་པ། ཀུན་ དགའ་བོ། འདི་དག་ནི། སྐྱེས་བུ་བླུན་པོ་བདུད་ཀྱི་འཁོར་ཏེ། བདུད་དང་ལྷན་ཅིག་ལྷགས་པ་ཡིན་ནོ། །ཀུན་དགའ་བོ། བདག་ནི། རྒྱུ་འདིས་འདི་སྐད་ཅེས་བཅོམ་ལྡན་འདས། བདག་ ནི༑ ཞིང་སྲུང་བ་ཐབས་མཁས་པ་བཞིན་དུ་དེ་བཞིན་གཤེགས་པ་འདས་ནས་དམ་པའི་ཆོས་སྲུང་བའི་རྔོ་མི་ཐོགས་ལགས་སོ། །ཞེས་གསོལ་ནས་དོན་དེའི་ཕྱིར་བདག་གིས་དེའི་ཚེ་ས་ ཆེན་པོ་འདི་ཁུར་དུ་ཐོགས་པ་ནི། མི་མངོ་ལགས་སོ། །ཞེས་ཀྱང་གསོལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་པ། འོད་སྲུང༌། ཁྱོད་ཀྱིས་ང་འདས་ནས་ཇི་སྲིད་ བསྟན་པ་ཉམས་པར་མ་གྱུར་པ་དེ་སྲིད་དུ་འཇིག་རྟེན་དུ་དམ་པའི་ཆོས་འབྱིན་པར་ནུས་སོ། །ཞེས་བདག་ལ་བཅོམ་ལྡན་འདས་ཀྱིས་སྤྲོ་བ་བསྐྱེད་དོ། །དེའི་ཚེ་བདག་གིས་བཅོམ་ལྡན་ འདས༑ རེ་ཞིག་བདག་གིས་དགུང་ལོ་བཞི་བཅུ་ཞིག་དམ་པའི་ཆོས་དབྱུང་བར་བགྱིའོ། །ཞེས་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་པ། རེ་ཞིག་དེའི་ བར་དུའང་ཁྱོད་སྙོམ་ལས་སྐྱེད་དམ་ཅི། ཇི་སྲིད་བསྟན་པ་མ་ཉམས་པའི་བར་དུ་བརྩོན་པར་མི་ནུས་སམ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་བདག་ལ་བཀའ་སྩལ་པ། འོད་སྲུང༌། རེ་ ཞིག་བདུད་ཚོལ་ཅིག །གལ་ཏེ་རྙེད་ན་དེའི་ཚེ་དམ་པའི་ཆོས་འབྱིན་ནུས་པར་འགྱུར་ཞིང་ངའི་དོན་ཡང་ཤེས་པར་འགྱུར་རོ། །ཀུན་དགའ་བོ། བདག་གིས་ནི། དེའི་ཚེ་ལྷའི་མིག་གིས་བདུད་ སྡིག་ཅན་བལྟས་ན། མ་མཐོང་མ་ཤེས་སོ། །དཔེར་ན། མཉན་ཡོད་ཀྱི་གྲོང་ཁྱེར་དུ་སྐྱེ་བོ་མང་པོའི་དབུས་སུ་ཞིང་པ་བུ་སྟོར་བ་ཞིག་གིས་རང་གི་བུ་བཙལ་ཏེ་མ་རྙེད་ན། དུབ་ཅིང་སླར་ལྡོག་ པར་འགྱུར་རོ། །ཀུན་དགའ་བོ། དེ་བཞིན་དུ་བདག་གིས་བཙལ་བ་ན་མ་རྙེད་དོ། །མ་རྙེད་ནས་འདི་སྐད་ཅེས་བཅོམ་ལྡན་འདས། བདག་ནི། བདུད་སྡིག་ཅན་ཚོལ་བར་སྤྲོ་བ་མ་མཆིས་ལགས་ ༄༅། །སོ༑ ༑ཞེས་གསོལ་ནས་དེའི་ཚེ་བདག་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེ་བཞིན་དུ་འོད་སྲུང་ཆེན་པོའི་འོག་མའི་གནས་བརྟན་ནས་ཉན་ཐོས་ཆེན་པོ་ བརྒྱད་ཅུའི་བར་གྱི་ཉན་ཐོས་ཆེན་པོ་རེ་རེ་ཞིང་འདི་ལྟ་སྟེ། ཞིང་པ་བཞིན་དུ་དཔེ་སྦྱར་བ་ལ་ཚིགས་སུ་བཅད་པའི་གྲངས་ཀྱིས་བགྲངས་ན་སྟོང་ཕྲག་འབྱུང་བར་འགྱུར་རོ། །དེ་ནས་ བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང༌། ཕུག་སྦས་ལ་སོགས་པ་ལྔ་བརྒྱ་དང༌། འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་མ་གཏོགས་པ་ལ་སོགས་པ་དེ་དག་གིས་ཀྱང་དེ་ བཞིན་དུ་བཙལ་ན་མ་རྙེད་དེ། དེ་དག་ལའང་ཚིགས་སུ་བཅད་པ་དེ་བཞིན་དུ་བགྲང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་བཀའ་སྩལ་ པ༑ འོད་སྲུང༌། གང་མ་འོངས་པའི་དུས་ན་དམ་པའི་ཆོས་ཀུན་ཏུ་འབྱིན་པར་མི་ནུས་པའི་རྒྱུ་ནི། དམ་པའི་ཆོས་ནུབ་ནས་ལོ་བརྒྱད་ཅུ་ལོན་པ་དང༌། ལོ་བརྒྱད་ཅུ་པ་ཉིད་ལ་ལྷོ་ཕྱོགས་ ཀྱི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང༌། ཕུག་སྦས་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐ་མ་ཤོས་དེས་འབྱིན་པར་འགྱུར་ བ་ཡིན་པས་རེ་ཞིག་དེ་ཚོལ་ཅིག །གསོལ་པ། ལེགས་སོ། །བཙལ་ལགས་ཏེ། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དྲུང་དུ་འོད་སྲུང་སོང་ལ་གསོལ་བ་ཐོབ་ཅིག་དང༌། དེས་བདུད་བཙལ་བར་ནུས་སོ། །དེ་ནས་འོད་སྲུང་ཆེན་པོ་ལ་སོགས་ཏེ་ཉན་ཐོས་ཆེན་པོ་བརྒྱད་ ཅུ་དང༌། བཟང་སྐྱོང་དང༌། ཕུག་སྦས་ལ་སོགས་པ་གཞོན་ནུའི་དྲུང་དུ་དོང་ནས་གོ་བར་བྱས་པ། གཞོན་ནུ། ཁྱོད་ཀྱིས་ནི། བདུད་སྡིག་ཅན་བཙལ་བར་ནུས་སོ། །ཞེས་བཅོམ་ལྡན་ འདས་ཀྱིས་བསྟན་ཏོ། །ཞེས་གྲག་གོ །དེ་ནས་གཞོན་ནུས་འཁོར་གྱི་གཙོ་བོ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང༌། བདག་གིས་བདུད་སྡིག་ཅན་བཙལ་ བར་ནི༑ བགྱི་ན། འོན་ཀྱང་བཙུན་པ་འོད་སྲུང༌། བཟང་སྐྱོང་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནས་འཇམ་དཔལ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། མཐུ་ཆེན་ཐོབ་དང༌། ངན་སོང་སྤོང་དང༌། བྱམས་པ་ལ་སོགས་པའི་བར་དག་ཡོད་ན། ཅི་བདག་ལ་མཐོ་བརྩམ་མམ། བཙུན་པ་འོད་སྲུང༌། བདག་བདུད་ཀྱི་རྫི་བོ་མ་ལགས་ཀྱི། རེ་ ཞིག་བསོད་ནམས་དང་ལྡན་པ་རྣམས་ཀྱིས་ཚོལ་ཅིག །འོད་སྲུང་གིས་སྨྲས་པ། གཞོན་ནུ། ཅི་བདུད་སྡིག་ཅན་ཚར་བཅད་པས་བསོད་ནམས་སུ་མི་འགྱུར་རམ། གཞོན་ནུས་སྨྲས་པ། བཙུན་པ། གལ་ཏེ་དེ་ལྟར་བདག་གིས་ཀྱང་ཅི་སྟེ་མི་ནུས་ན། ཁྱོད་ཉིད་ཤིན་ཏུ་ཤེས་པས་ཁྱོད་ཀྱིས་ཚོལ་ཅིག །དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་གིས་དོན་དེ་གསོལ་པ་དང༌། ༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང༌། དེ་སྐད་བྱས་ན་གཞོན་ནུ་ཅི་ཟེར། གསོལ་པ། བཅོམ་ལྡན་འདས། གཞོན་ནུ་འདི་སྐད་ཅེས་རེ་ཞིག་ བསོད་ནམས་དང་ལྡན་པ་རྣམས་ཀྱིས་ལེགས་པར་ཚོལ་ཅིག །དེའི་འོག་ཏུ་བདག་གིས་བདུད་སྡིག་ཅན་བཙལ་བར་བགྱིའོ། །རེ་ཞིག་ཉན་ཐོས་ཆེན་པོ་བརྒྱད་ཅུས་ཚོལ་ཅིག ། བདག་ནི། ཁྱིམ་ན་གནས་པ་རིགས་ལྷག་པར་དམའ་བ་ལགས་པས་དེའི་འོག་ཏུ་བཙལ་བར་བགྱིའོ། །ཞེས་མཆིས་ལགས་སོ། །དེ་ནས་ཉན་ཐོས་མཆོག་དེ་དག་དང༌། བཟང་ སྐྱོང་དང༌། ཕུག་སྦས་ལ་སོགས་པས་ཡང་བཙལ་ན། དཔེར་ན། ཞིང་པའི་ཆུང་མ་གྲོང་ཁྱེར་དུ་བུ་སྟོར་བ་བཞིན་དུ་དེ་དག་བདག་ནི། སྤྲོ་བ་མེད་དོ། །བདག་ནི། སྤྲོ་བ་མེད་དོ། །ཞེས་ ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་བོས་ཏེ་བཀའ་སྩལ་པ། གཞོན་ནུ། ཁྱོད་ཀྱིས་བདུད་ཚོལ་ཅིག །གཞོན་ནུས་གསོལ་པ། བཅོམ་ལྡན་ འདས། ས་འཛིན་གྱི་རྒྱལ་པོའི་བུ་མོ་རྒྱལ་པོའི་གཞོན་ནུ་མ་ལྔ་དཀར་ཞེས་བགྱི་བ་བསོད་ནམས་དང་ལྡན་པ་དེ་འདིར་མཆིས་ཏེ། དེའི་སླད་དུ་རྔ་པོ་ཆེ་དང༌། དུང་དང༌། རོལ་མོའི་ སྒྲ་སྒྲོག་ཅིང་མཆི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། ས་འཛིན་གྱི་རྒྱལ་པོའི་བུ་མོ་ རྒྱལ་པོའི་གཞོན་ནུ་མ་ལྔ་དཀར་ཞེས་བྱ་བ་དྲི་བ་གཅིག་གི་ལན་མ་ཐོབ་ནས་མུ་སྟེགས་ཅན་ཐམས་ཅད་ཕམ་པར་བྱས་ཏེ། དེ་རིང་དུ་ཞག་བདུན་ལོན་ནས་འདི་སྐད་ཅེས་རྒྱལ་པོ་ ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ཞིག་ཡོད་དེ། དེའི་སྲས་དེ་གཽ་ཏ་མའི་རྒྱུད་གཟུགས་བཟང་པོ་སངས་རྒྱས་ཞེས་བྱ་བ་ཞིག་ཡོད་དོ། །ཞེས་གྲག་གི །དེའི་ སྤྱན་སྔར་འགྲོའོ། །ཞེས་སྨྲ་ཞིང་འོང་ངོ༌། །དེ་ནས་དེ་འོང་བ་ན་དེའི་ཚེ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེའི་བར་འཁོར་གྱིས་རྒྱས་པར་གྱུར་ཅིང༌། རྔ་བོ་ཆེ་དང༌། དུང་དང༌། རོལ་ མོའི་སྒྲས་མཉན་ཡོད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེའི་བར་གྲགས་པར་གྱུར་ཏོ། །དེ་ནས་གཞོན་ནུས་གསོལ་པ། བཅོམ་ལྡན་འདས། བདག་ཀྱང་བདུད་སྡིག་ཅན་ཚོལ་ལ། བསོད་ ནམས་དང་ལྡན་པ་རྣམས་ཀྱང་དེ་སྐད་མཆི་ན། དེའི་དྲི་བ་སུ་ལན་ལྡོན་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །སྐྱེས་བུ་བརྟན་ པོས་རྟག་ཏུ་ནི། །གནོད་སེམས་མེད་པར་བུ་བཞིན་སྦྱིན། །ཉམས་ལ་ནམ་ཡང་མིན་ཞེས་གྲགས། །དྲི་བ་འདི་ཡི་ལན་ཐོབ་ཅིག །དེ་ནས་ཉན་ཐོས་ཆེན་པོ་བརྒྱད་ཅུ་དང༌། ཕུག་སྦས་ ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཚིག་མཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ། །གནོད་སེམས་མེད་པའི་སེམས་ཀྱིས་སུ། །གཡེལ་ལམ་ཚུལ་ཁྲིམས་ལྡན་ཡང་རུང༌། ༄༅། །མཛའ་བོ་དགྲ་ལ་བུ་བཞིན་དུ། །ཐམས་ཅད་དུ་ནི་སྦྱིན་པ་བསྔགས། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོ་ཡིས། །དྲི་བ་འདི་འདྲ་གསུངས་པ་གང༌། །འདི་འདྲ་ བདག་ཅག་མ་ཐོས་ན། །རེ་ཞིག་འཇམ་དཔལ་གྱིས་རྟོགས་ཤིག །དེ་ནས་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གིས་ཀྱང་དེ་བཞིན་དུ་ཚིགས་ སུ་བཅད་པ་དེ་ཉིད་ཀྱིས་ལན་གླན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་བཀའ་སྩལ་པ། གཞོན་ནུ། ཁྱོད་ ཀྱིས་དྲིས་པ་འདིའི་ལན་ཐོབ་ཅིག །གཞོན་ནུས་གསོལ་པ། བཅོམ་ལྡན་འདས། རེ་ཞིག་གླང་པོ་ཆེ་ཆེན་པོ་འདི་དག་ཐམས་ཅད་ཀྱིས་རྒན་རིམ་བཞིན་ཅི་ལན་འདེབས་སུ་སྩལ་ དུ་གསོལ། དེ་ནས་རྒྱལ་པོའི་གཞོན་ནུ་མ་ལྔ་དཀར་རྒྱལ་པོའི་གཞོན་ནུ་མ་ལྔ་བརྒྱ་དང་ལྷན་ཅིག་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་དཔེ་ མེད་པ་དག་བྱས་ནས་རྔ་བོ་ཆེ་དག་བརྡུངས་སོ། །བརྡུངས་ནས་འདི་སྐད་ཅེས་སྨྲས་སོ། །བརྟན་པོ་གང་དང་གང་དག་རྔ་བོ་ཆེ་ཆེན་པོའི་མདོ་ཉན་པར་འདོད་ནས་ལྷགས་པ་དེ་དག་ བདག་གི་རྔ་བོ་ཆེ་བསྒྲགས་པ་གསན་ནས་དྲི་བ་དེའི་ལན་ལོན་ཅིག །གཞོན་ནུས་གསོལ་པ། བཅོམ་ལྡན་འདས། ལན་ལྡོན་དུ་སྩལ་དུ་གསོལ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། རེ་ཞིག་བུད་མེད་ནི། རང་བཞིན་གྱིས་མི་བརྟན་པ་ལགས་པས་དེའི་སླད་དུ་བདག་ཅག་ལན་ལྡོན་རྔོ་མི་ཐོགས་ལགས་སོ། །གཞོན་ནུས་ཡང་གསོལ་པ། བཅོམ་ལྡན་ འདས༑ བུད་མེད་འདི་རང་བཞིན་གྱིས་གཞོན་ནུ་མ་ལགས་ན། བདག་སྐྱེས་པར་གྱུར་པས་བུད་མེད་ཀྱིས་སྨྲས་པའི་དྲི་བ་ལན་གླན་ལགས་སམ། ལྔ་དཀར་གྱིས་སྨྲས་པ། གཞོན་ནུ་ཁྱོད་ མགོན་པོའི་བསྟན་པ་ལ་ཞུགས་ནས་ཁྱོད་ཀྱིས་ཆོས་ཉིད་ཀྱང་ཐོས་ན། ཅི་ད་དུང་སྐྱེས་པའོ། །བུད་མེད་དོ་སྙམ་པའི་ཕྱིན་ཅི་ལོག་གི་འདུ་ཤེས་མ་སྤངས་སམ། སྨྲས་པ། སྲིང་མོ། ཇི་ ལྟར་དེ་ཡིན། དེ་ནས་ལྔ་དཀར་གྱིས་སྨྲས་པ། རེ་ཞིག་བཅོམ་ལྡན་འདས་ཀྱང་གང་གི་ཕྱིར་དེ་སྐད་དུ་གསུང་ན། དེའི་ཕྱིར་ཕྱིན་ཅི་ལོག་གི་མཚན་ཉིད་ཅན་ཡིན་ནོ། །གཞོན་ནུས་ལྔ་ དཀར་ལ་སྨྲས་པ། རེ་ཞིག་ཇེ་ཐོག་མར་དེ་བཅོམ་ལྡན་འདས་ལ་གསོལ་ཅིག །དེའི་འོག་ཏུ་འདི་བདག་དང་ལྷན་ཅིག་སྨྲ་བར་བྱའོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གཞོན་ ནུ་དེ་སྐད་ཅེས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ཞིག་གཞོན་ནུ་ཁོ་ན་ལན་འདེབས་པར་འགྱུར་རོ། །གཞོན་ནུས་ཀྱང་སྨྲས་པ། བུ་མོ། ཁྱོད་སུ་ཡིན། སྨྲས་པ༑ བདག་ནི། ལྔ་དཀར་ཞེས་བྱ་བ་ཡིན་ནོ། །སྨྲས་པ། སྲིང་མོ། ཁྱོད་ཀྱིས་དཀར་པོ་ལྔ་ཐོབ་བམ། ལྔ་དཀར་གྱིས་སྨྲས་པ། ཆོས་རྣམས་ནི། མིང་མེད་པ་ཡིན་ཏེ། མིང་ནི། རྟོག་པས་ ༄༅། །ཀུན་རྫོབ་ཏུ་བསྟན་པའོ། །གཞོན་ནུའི་མཆོག །འདི་ལྟར་དོན་དམ་པར་ནི། དེ་སྟོང་པ་ཉིད་ཡིན་གྱི། དེ་ལྟར་ཤེས་པར་གྱིས་ཤིག །གཞོན་ནུས་སྨྲས་པ། ལྷ་མོ། ད་ དུང་ཡང་ཕྱིན་ཅི་ལོག་མ་སྤངས་སམ། འདི་ལ་གལ་ཏེ་གཞོན་ནུའམ། གཞོན་ནུ་མ་ཞེས་བྱ་བ་རྙེད་ན། དེ་མྱུར་དུ་སྨྲོས་ཤིག །ལྔ་དཀར་གྱིས་སྨྲས་པ། གཞོན་ནུ། ལེགས་སོ་ ལེགས་སོ། །ད་ནི། དྲི་བའི་ལས་བཅད་དེ། དེ་ལྟ་བས་ན། ཁྱོད་རྗེས་སུ་དཔགས་ན་འཇིག་རྟེན་དུ་སངས་རྒྱས་སུ་འགྱུར་བར་ཤེས་སོ། །དེས་སྨྲས་པ། ལྷ་མོ། ཅི་ཁྱོད་ཀྱིས་ད་ དུང་དྲི་བ་བཅད་པ་ཤེས་སམ། ཇི་ལྟར་གཞོན་ནུ་དང༌། གཞོན་ནུ་མ་ཟད་པར་འགྱུར་ཞིང་མི་སྐྱེ་བ་དེ་ལྟར་ཁྱོད་མི་ཤེས་ཏེ། ཁྱོད་ནི། ཉན་ཐོས་དག་ཇི་སྐད་བརྗོད་པ་དེ་བཞིན་དུ་ རྗོད་པར་བྱེད་ཀྱི། དྲི་བ་འདི་ནི། འཇམ་དཔལ་གྱིས་ཇི་སྐད་སྨྲས་པ་བཞིན་ཡིན་ནོ། །ལྔ་དཀར་གྱིས་སྨྲས་པ། དཔེར་ན། ཇི་ལྟ་བུ་ཡིན། གཞོན་ནུས་སྨྲས་པ། ཀྱེ་མའོ་ཇི་ལྟར་ སྐྱེས་པ་འགའ་ཞིག་ཡི་གེ་རྣམས་ཀྱི་མཐར་ཕྱིན་ནས་བདག་ཉིད་ཀྱི་མིང་བྲིས་ན་ཀློག་མི་ཤེས་པ་དེ་བཞིན་དུ་ལྷ་མོ་ལྔ་དཀར་གྱིས་ཀྱང་ལྔ་དཀར་མི་ཤེས་སོ། །འཕགས་པ་རྔ་བོ་ ཆེ་ཆེན་པོའི་ལེའུ་བམ་པོ་ལྔ་པ་སྟེ་ཐ་མ། དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དང༌། ནམ་མཁའི་ལྷའི་ཚོགས་དང༌། འབྲུག་གི་ཚོགས་ཀྱིས་ ཕྱོགས་བཅུ་ནས་གཡོས། རབ་ཏུ་གཡོས། ལྡེག། རབ་ཏུ་ལྡེག། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལྟ་བུའི་མཆོད་པའི་ལས་ཆེན་པོ་བྱས་ན་ལེགས་སོ་ཞེས་བྱ་བ་ བྱིན་ཏེ༑ གཞོན་ནུ་གང་གིས་ཡ་མཚན་ཅན་ཐམས་ཅད་དྲི་བ་གཅིག་གིས་ཚར་བཅད་ཅིང༌། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་བཙུད་ པའི་ལྷ་མོ་དེ་ལྟ་བུ་དང་ཐུབ་པ་དང༌། དེས་བཞག་པའི་དྲི་བ་ཀུན་ཤེས་པ་ལེགས་སོ་ལེགས་སོ། །དེ་ནས་དེའི་ཚེ་མུ་སྟེགས་བྱེད་པ་ཡ་མཚན་ཅན་ཐམས་ཅད་རང་རང་གི་རབ་ཏུ་བྱུང་བ་སྤངས་ ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་ན་གང་དག་རབ་ཏུ་འབྱུང་བ་ལ་མི་སྟེན་པ་དེ་དག་ནི། དགེ་བསྙེན་དུ་གྱུར་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ གཞོན་ནུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གཞོན་ནུ། ཁྱོད་ཀྱིས་གང་གི་ཕྱིར་དྲི་བ་འདིའི་ལན་གླན་པ་ལེགས་སོ་ལེགས་སོ། །གཞོན་ནུས་སྨྲས་པ། འདི་ནི། བཅོམ་ལྡན་འདས་ ཁོ་ནའི་མཐུ་ཡིན་གྱི། བདག་གི་ནི། མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ངས་ཀྱང་ཚིགས་སུ་བཅད་པ་དེ་ཁོ་ན་བཞིན་ དུ་ཤེས་སོ། །ཚིགས་སུ་བཅད་པ་དེའི་དོན་གྱི་ཚུལ་ནི། འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྐྱེས་མཆོག་གིས། །རྟག་ཏུ་གནོད་པའི་སེམས་སུ་བྱ། །རྟག་ཏུ་སྦྱིན་པ་བསྔགས་པ་ནི། ། ༄༅། །ཚུལ་ཁྲིམས་བཀུར་བ་གཡེལ་ལ་མིན། །བྱམས་དང་དགྲ་ལ་བུ་བཞིན་མིན། །ཚིག་འདིའི་རྣམ་དབྱེ་སྣ་ཚོགས་ཉོན། །སྐྱེས་བུ་མཆོག་གིས་ཚུལ་ཁྲིམས་ འཆལ་བ་མཐོང་ན་རྟག་ཏུ་གནོད་སེམས་སུ་བྱ་ཞིང་དེ་དག་ལ་ཅུང་ཟད་ཀྱང་སྦྱིན་པ་སྦྱིན་པར་མི་བྱ་སྟེ། དེ་དག་བསྟན་པ་ལ་དགྲ་དང་མཚུངས་པ་ཡིན་པས་འདི་ལ་སྦྱིན་པར་ བྱའོ༑ ༑འདི་ལ་སྦྱིན་པར་མི་བྱའོ། །ཞེས་འབྱུང་པོ་རྣམས་ཀྱི་ཆེད་དུ་བསམ་པར་བྱའོ། །སྦྱིན་པ་རྣམ་པ་གཉིས་སུ་གསུངས་པ་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པ་དང༌། སེམས་ ཅན་སྡུག་བསྔལ་བ་ལ་སྙིང་རྗེས་སྦྱིན་པའོ། །གལ་ཏེ་ཚུལ་ཁྲིམས་འཆལ་པ་ལ་སྙིང་རྗེས་བྱིན་ན་གོས་པར་མི་འགྱུར་རམ། ཇི་ལྟར་མདའ་དུག་གིས་བྱུགས་པ་དེས་མ་བྱུགས་ པའང་གོས་པར་འགྱུར་བ་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་འཆལ་པས་ཀྱང་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པ་དེའང་ཉམས་པར་བྱེད་དོ། །དེ་ལྟ་བས་ན། འདི་ལ་ཚར་གཅད་ པ་ཁོ་ན་ལེགས་ཀྱི། སྦྱིན་པས་ལྟ་ག་ལ་གཟུང༌། མཐོང་ན་རྟག་ཏུ་དགྲ་བོ་དང་འདྲ་བར་བྱ་སྟེ། དེས་ན་གནོད་སེམས་སུ་མི་བྱའོ། །ཞེས་གསུངས་སོ། །ཚུལ་ཁྲིམས་འདྲེན་མ་མི་བསྟེན་ ཏེ༑ ༑རྒྱུ་དེའི་ཕྱིར་ན་གནོད་པ་ཡི། །སེམས་ནི་བསྐྱེད་པར་བྱའོ་ཞེས། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །མཛའ་དང་དགྲ་ལ་མཉམ་པ་གང་ཡིན་དང༌། །གཡེལ་དང་ཚུལ་ཁྲིམས་ ལྡན་ལ་མཉམ་པ་གང༌། །གནོད་སེམས་མེད་པར་སྤྱོད་པ་དེ་ཀུན་ནི། །བསྟན་པ་འདི་ལ་རྩྭ་དང་འདྲ་བར་གཟུང༌། །བསྟན་པ་ལ་ནི་ངེས་པའི་དོན། །དེ་ལྟར་རབ་ཏུ་བསྔགས་པ་ཡི། །སྤྱོད་པ་ སྤུ་གྲིའི་སོ་ལྟ་བུར། །རྣོ་བའི་མཆོག་ནི་སྤྱད་པར་གྱིས། །དེའི་ཕྱིར་རྔ་བོ་ཆེ་ཆེན་པོའི་མདོས་བསྒྲགས་སོ། །རྔ་བོ་ཆེ་ཆེན་པོའི་མདོས་ཅི་ཞིག་བསྒྲགས་ཤེ་ན། ཚིགས་སུ་བཅད་པ་དེའི་ དོན་གང་ཡིན་པ་དེ་འདིར་རྔ་བོ་ཆེ་ཆེན་པོའི་མདོ་ལས་སྨོས་པས་དེས་ན་མདོ་ཆེན་པོ་འདི་ནི། རྔ་བོ་ཆེ་ཆེན་པོ་ཞེས་བྱའོ། །དེ་ནས་ཇི་ལྟར་ལྷགས་པའི་འཁོར་དེ་ཐམས་ཅད་ཀྱིས་ལེགས་ སོ་ཞེས་བྱ་བ་བྱིན་ཏེ། ཀྱེ་མ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་མཁས་པ་ཇི་ལྟར་རྒྱལ་པོ་གསལ་རྒྱལ་འགྲོ་བ་ལ་ཕན་པའི་དོན་དུ་གཡུལ་ངོར་རྔ་བོ་ཆེ་སྒྲ་ འབྱིན་པ་དེ་བཞིན་དུ་རྔ་བོ་ཆེ་ཆེན་པོའི་མདོ་འདི་བསྒྲགས་པ་ན་འགྲོ་བ་ལ་དཀོན་མཆོག་གསུམ་གྱི་བསྔགས་པའི་སྒྲ་བརྗོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་གསང་བ་འདི་ལྟ་སྟེ། དེ་ བཞིན་གཤེགས་པ་རྟག་པ། བརྟན་པ། ཞི་པ། ཐེར་ཟུག་པའོ། །ཞེས་སངས་རྒྱས་ཀྱི་གསང་བ་འདི་སྒྲོག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ཆེན་པོ་ལ་བཀའ་ སྩལ་པ། འོད་སྲུང༌། ཁྱོད་ཀྱིས་གང་གི་ཚེ་བདུད་བསྟན་པར་མི་ནུས་པ་དེའི་ཚེ་འོད་སྲུང༌། ཁྱོད་ཀྱིས་རྔ་བོ་ཆེ་ཆེན་པོའི་མདོ་འདི་ཉོན་ལ་ང་འདས་ནས་ལོ་བཞི་བཅུའི་བར་དུ་ཇི་ལྟར་ད་ ༄༅། །ལྟར་གནས་པ་བཞིན་དུ་དམ་པའི་ཆོས་ཟུངས་ཤིག །ཆོས་ཆེན་པོའི་རྔ་བོ་ཆེ་རྡུངས་ཤིག །ཆོས་ཆེན་པོའི་རྔ་བོ་ཆེ་དང༌། དུང་སྒྲོགས་ཤིག །དེའི་འོག་ཏུ་ལོ་ བརྒྱད་ཅུ་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་པ་དེའི་ཚེ་དེའི་དུས་སུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་དེའི་ཚེ་ཐོག་མར་བདུད་ཀྱིས་བསྒྱུར་ བའི་སེམས་ཅན་སྐྲ་དང་ཁ་སྤུ་བྲེགས་པ་དག་གནས་པ་དང༌། དེའི་ཚེ་གཞོན་ནུས་སྡིག་ཅན་འཁོར་དང་བཅས་པ། གཟུགས་དང་བཅས་པ་བཅིངས་བ་ལྔས་བཅིངས་ནས་རི་བོང་ བཞིན་དུ་སྟོན་པར་འགྱུར་ཞིང་རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཆེན་པོ་སྒྲོག་པར་འགྱུར། ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་ འགྱུར༑ ཆོས་ཀྱི་མཆོད་སྦྱིན་བྱེད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །གསོལ་པ། ནམ་ཞིག་ན་ལགས། བཀའ་སྩལ་པ། གང་གི་ཚེ་ལོ་བརྒྱད་ཅུ་ན་ བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ནའོ། །གསོལ་པ། བཅོམ་ལྡན་འདས། བདག་ཅག་གིས་བལྟ་ལགས་ན་དེ་ལྟར་མངོན་སུམ་དུ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་ འདས་ཀྱིས་གཞོན་ནུ་ལ་བཀའ་སྩལ་པ། མྱུར་དུ་བདུད་སྟོན་ཅིག །དེ་ནས་གཞོན་ནུས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་གདོང་ཕྱོགས་ནས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བདུད་སྡིག་ཅན་མཆིས་པའོ་ནི་ལགས་ཏེ། འོ་ནི། འཇིག་རྟེན་གྱི་ཁམས་གཞན་ནས་མཆིས་ནས་བྱང་ཆུབ་སེམས་དཔའ་བཞིན་དུ་དགེ་སློང་གི་གཟུགས་སུ་ མཆིས་པ་ལ་གཟིགས་ཞེས་མཛུབ་མོས་བསྟན་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང་བདུད་དེ་བཅིང་པ་ལྔས་བཅིངས་པར་མཐོང་ངོ༌། །དེ་ནས་བདུད་ཀྱིས་སྨྲས་པ། གཞོན་ནུ། བདག་མདོ་སྡེ་འདི་ལ་ལན་གཉིས་སུ་བར་ཆད་མི་བྱེད་དོ། །ཞེས་ཚིག་དེ་ལན་གསུམ་དུ་སྨྲས་པ་དང༌། གཞོན་ནུས་སྨྲས་པ། ཇི་ལྟར་ཡིད་ཆེས་པར་འགྱུར། བདུད་ཀྱིས་སྨྲས་པ། འདི་ལྟར་ཡིད་ཆེས་པར་གྱིས་ཤིག །སྦྱོར་བ་ཇི་སྙེད་ཀྱིས་བདུད་ཀྱི་ཆ་བྱད་དུ་བྱས་ནས་སེམས་ཅན་རྣམས་དད་པ་བསྒྱུར་བའི་སྦྱོར་བ་དེ་ཐམས་ཅད་བསྟན་པར་བྱའོ། །གཞོན་ནུ། བདག་ གིས་རྒྱུན་དུ་ཞུགས་པ་ལ་སོགས་པ་འབྲས་བུ་བཞིའི་བར་གྱི་ཡོངས་སུ་མྱ་ངན་ལས་འདས་པ་དང༌། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའང་སྟོན། སྟོང་པ་ཆེན་པོ་ཉིད་ སྒོམས་ཤིག་པའང་སྨྲ། སེམས་ཅན་དུ་ལྟ་བའང་སྨྲ། སེམས་ཅན་དུ་ལྟ་བའང་འདོད་པར་བྱེད་དེ། འདི་ལྟར་སེམས་ཅན་ཡོད་དོ། །ཞེས་ཀྱང་སྨྲའོ། །བདག་ནི། བདག་གི་ལུས་ནམ་ མཁའ་ལ་འབར་བའང་སྟོན་།དུ་བར་འཐུལ་བ་དང༌། མེ་ཏོག་གི་ཆར་ཆེན་པོ་འབེབས་པར་སྟོན་ཅིང་གང་ངས་སྟོང་པ་ཆེན་པོ་ཞེས་བཤད་པ་དེ་ཐམས་ཅད་ནི། ཞི་བ་ཡིན་ལ། གང་ངས་ ༄༅། །སེམས་ཅན་ཡོད་དོ། །ཞེས་བཤད་པ་དེ་དག་ཐམས་ཅད་ནི། སྟོང་པ་ཡིན་གྱི། སྟོང་པ་ཆེན་པོ་ནི། དེ་ལྟར་གྱིས་ཤིག །སེམས་ཅན་ཡོད་དོ། །ཞེས་བྱ་བ་ནི། དེ་ལྟར་ ཤེས་པར་གྱིས་ཤིག་ཅེས་ཀྱང་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག །བདུད་སྡིག་ཅན་དེ་ལྟ་བུ་བྱེད་ནུས་པ་ལ་ལྟོས། སངས་ རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་འདིའང་སྟོན་པར་བྱེད་ན། དགེ་སློང་དག །བདུད་ཀྱིས་དེ་ལྟར་བྱས་ན་སེམས་ཅན་རྣམས་ཇི་ལྟར་ཡིད་ཆེས་པར་མི་འགྱུར། དགེ་སློང་ དག །དེ་ལྟ་བས་ན། སུའང་ཡོངས་སུ་མྱ་ངན་ལས་འདའ་བ་ནི། འདི་ལྟ་བུའི་ཚིག་གཉིས་སྨྲ་ན། དེ་ནི། བདུད་ཡིན་པར་བལྟའོ། །གང་དག་དེ་སྐད་དུ་སྔ་ཕྱིར་ཚིག་གཉིས་སྨྲས་ ནས་ཡོངས་སུ་མྱ་ངན་ལས་འདའ་ན། དེ་ནི། ངའི་ཉན་ཐོས་མ་ཡིན་པར་བལྟའོ། །དགེ་སློང་དག །དེ་ལྟ་བས་ན། ཆོས་རྣམ་པར་འཕྲུལ་པས་ཀྱང་མ་ཡིན། འབྲས་བུ་བཞིས་ ཀྱང་མ་ཡིན། བསམ་གཏན་གྱིས་ཀྱང་མ་ཡིན། མངོན་པར་ཤེས་པའི་རྩེ་བས་ཀྱང་མ་ཡིན་ཏེ། དེ་དག་ནི། དེའི་ཕྱོགས་ཡིན་པར་དེ་དག་ལ་ཡིད་ཆེས་པར་མི་བྱའོ། །གང་ དག་ཇི་ལྟར་ཡང་རུང་བ་དེ་སྐད་དུ་སྔ་ཕྱིར་ཚིག་གཉིས་སྨྲས་ནས་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ནི། བདུད་ཀྱིས་སྤྲུལ་པ་ཡིན་པར་བལྟའོ། །འོད་སྲུང༌། ང་ ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱའི་བར་དུ་ངའི་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་དག་ནི། འདི་ལྟ་བུའི་ཚིག་གཉིས་པོ་ཉོན་མོངས་པ་གང་ ཡིན་པ་དེ་ནི། སྟོང་པའོ། །ཞི་བ་གང་ཡིན་པ་དེ་ནི། མྱ་ངན་ལས་འདས་པའོ། །ཞེས་སྨྲ་ཞིང་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཕྱིན་ཆད་ནི། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཡང་དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་མི་རྣམས་སྟོང་པ་ ཉིད་ལ་ཆད་པ་དང་རྟག་པར་ལྟ་ཞིང་སྤྱོད་དེ། རུང་བ་མ་ཡིན་པ་དང་འདྲེན་མར་འགྱུར་རོ། །དེ་ལྟ་བས་ན། དེ་དག་སྟོང་པ་ཆེན་པོ་ཉིད་ལ་རུང་བ་མ་ཡིན་པ་ཆད་པ་དང༌། རྟག་པས་འགྲིབ་ པ་ཉིད་དང༌། འཕེལ་བ་ཉིད་དུ་སྨྲ་ཞིང་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་སྨོད་པས་སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ ངན་ལས་འདའ་བར་མི་འགྱུར་རོ། །གང་དག་འདི་ལྟར་བདུད་ཀྱི་མྱ་ངན་ལས་འདས་པའི་འབྲས་བུས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་དག་ཐམས་ཅད་ནི། བདུད་ཀྱིས་ སྦྲུལ་པ་ཡིན་པར་རིག་པར་བྱའོ། །མྱ་ངན་ལས་འདའ་བར་འགྱུར་བ་གྲང་དག་ཡིན་པ་དེ་དག་ཀྱང་ཕལ་ཆེར་བདུད་ཀྱིས་སྤྲུལ་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་ ༄༅། །བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག །ང་ ཡོངས་སུ་མྱ་ངན་ལས་འདས་ནས་ཁྱེད་ཀྱིས་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་འབྱིན་པར་སུ་འགྱུར། འོད་སྲུང་ཆེན་པོ་ལེགས་སོ། །ང་འདས་ནས་དམ་པའི་ཆོས་འབྱིན་པར་ འགྱུར་རམ་ཞེས་ལན་གསུམ་གྱི་བར་དུ་སྤྲོ་བ་བསྐྱེད་ཀྱང་སྤྲོ་བར་མི་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག །དེ་བཞིན་གཤེགས་པ་ལ་ཁྱད་དུ་གསོད་པར་མ་ སེམས་ཤིག །ང་ལ་གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པར་འགྱུར་བའི་སློབ་མ་མང་དུ་ཡོད་དེ། གོང་དུ་མདོ་འདི་ལས་གསུངས་པ་བཟང་སྐྱོང་དང༌། ཕུག་ སྦས་ལ་སོགས་པ་ལྔ་བརྒྱ་པོ་དེ་དག་གི་ཕྱི་མ་ཤོས་གང་ཡིན་པ་དེ་ཡིན་པར་འགྱུར་རོ། །འོད་སྲུང༌། དེའང་གང་ཞེ་ན། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་ དགའ་བ་འདི་ཉིད་ཡིན་ཏེ། ཕྱི་མའི་དུས་ན་ལྷོ་ཕྱོགས་ཀྱི་མཁས་པར་གྱུར་ན་ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འགྱུར། ཆོས་ཀྱི་དུང་འབུད་པར་འགྱུར་རོ། །དེ་ནས་གཞོན་ནུས་ བདུད་བཀྲོལ་ཏེ་བསྟན་ནས་ཆོས་ཇི་ལྟ་བ་དེ་བཞིན་དུ་མནའ་བསྒགས་ཏེ། དེའི་འོག་ཏུ་བཏང་ངོ༌། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་གཞོན་ནུ་ལ་སྨྲས་པ། གཞོན་ནུ། ཁྱོད་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཡིན་གྱི། ཕན་པ་སྟོན་པ་ཆོས་ཀྱི་རྔ་བོ་ཆེ་རྡུངས་ཤིག །རྔ་བོ་ཆེ་ཆེན་པོའི་མདོ་སྨྲོས་ཤིག །ཆོས་ཀྱི་དུང་བུས་ཤིག་ཅེས་ཚིག་ཏུ་སྨྲས་སོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང༌། ཁྱོད་ནི། ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་ གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི། ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་པ་ཞིག་ཏུ་བྱིན་གྱིས་ བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུང་དུ་ཞེས་བྱ་བ་ན་ཆུ་བོའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ ཚུགས་པ་ཞེས་བྱ་བ་དང་ཉེ་བའི་གྲོང་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བའི་ཐབས་ མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ་དགེ་འདུན་དག་པར་བྱས་ནས་དང་ པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོག་པར་འགྱུར། རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུང་པའི་ཆོས་ཀྱི་དུང་དང༌། ཆོས་ཀྱི་རྒྱལ་མཚན་སྒྲོག་པར་འགྱུར་ ༄༅། །རོ༑ ༑གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་ པོའི་མདོའི་གཏམ་སྨྲ་བར་འགྱུར་རོ། །ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་ སུམ་དུ་གོ་གྱོན་པར་འགྱུར་རོ། །ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོར་གྱུར་ཏེ། ལོ་བརྒྱར་མདོ་འདིའི་གཏམ་སྨྲ་ཞིང་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །ལོ་བརྒྱ་འདས་ པའི་འོག་ཏུ་དེ་ལྷོ་ཕྱོགས་དེར་ལྷོ་ཕྱོགས་ཀྱི་མི་རྣམས་ཀྱི་ནང་དུ་རྣམ་པར་འཕྲུལ་པ་ཆེན་བོས་རྣམ་པར་འཕྲུལ་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ། །རྒྱུ་དས་ ན་ཞིང་སྲུང་བའི་ཐབས་མཁས་པ་བཞིན་ནོ། །འོད་སྲུང༌། ད་ལྟར་བཟང་སྐྱོང་དང༌། ཕུག་སྦས་ལ་སོགས་པའི་ཚིག་གི་སྐྱེས་བུ་ཕལ་པའི་བཞིན་ཏེ། འཛིན་མི་ནུས་པའི་སྙོམས་ ལས་ཅན་དུ་གྱུར་ཏོ། །དེ་ནི། སྐྱེས་བུ་ཕལ་པ་ཁྲོ་བ་སྨོད་པར་བྱེད་པ་དེ་འདྲ་བ་རྣམས་ཀྱི་ནང་དུ་རྣམ་པར་འཕྲུལ་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསོལ་ པ༑ ཇི་ལྟར་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟ་བ་དེ་ལྟར་རོ། །གསོལ་པ། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་ཀྱི་རྣམ་པར་འཕྲུལ་པས་མ་ཡིན། འབྲས་བུ་བཞི་ཐོབ་པས་མ་ཡིན་ཏེ། དེ་དག་ནི། ས་འཕོ་བ་དང༌། སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བས་སོ། །དེར་ཡང་ གདུལ་བའི་སེམས་ཅན་དག་ཡོད་ན་སེམས་ཅན་དེ་འདྲ་བ་དག་གི་ནང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་བྱོན་པ་ལ་ལྟོས་ཞེས་སྨྲ་ཞིང་དེ་བཞིན་གཤེགས་པ་ནི། རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པ་ཡིན་པ་དེ་ལྟ་བུ་དེ་ལ་ལྟོས་ཤིག །ངས་བརྟན་པ་དང༌། བདེ་བ་བསྟན་པ་བཤད་པ་ནི། དེ་ལྟ་བུ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་ལུང་བསྟན་པར་ འགྱུར་རོ། །དེ་ནས་ཕྱོགས་བཅུ་ནས་ནམ་མཁའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ་སོའི་ཞལ་དེ་ལ་སྟོན་ཅིང་འདི་སྐད་ཅེས་དེ་ནི། དེ་ལྟ་ཡིན་ནོ། །ཞེས་གསུང་བར་ འགྱུར། འཇིག་རྟེན་ཐམས་ཅད་ཀྱང་དེའི་ཆོས་བསྟན་པ་ལ་ལེགས་པར་བསྟན་ཏོ། །ཞེས་ཡིད་ཆེས་པར་འགྱུར་རོ། །དེ་ནས་བར་སྐབས་དེར་ངའི་མིང་འཆང་བའི་དགེ་སློང་དེ་འདི་ སྐད་ཅེས་ཀྱེ་མ་གལ་ཏེ་བདག་ལ་རྫུ་འཕྲུལ་གྱི་མཐུ་ཞིག་ཡོད་ན། ཡ་མཚན་ཅན་ཐམས་ཅད་བདག་གིས་གདུལ་པ་ཞིག་ན་ཞེས་སྨྲ་བར་འགྱུར་ཞིང་བདག་ཉིད་ཤིན་ཏུ་ཕལ་པར་ ཡིན་ནོ༑ ༑སྙམ་དུ་སེམས་པར་འགྱུར་རོ། །དེ་གང་གི་ཚེ་ང་ལ་སློབ་པ་དེའི་ཚེ་བདག་ཉིད་ཀྱིས་ཤེས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་ནི། དེ་འདྲའོ། ༄༅། །འོད་སྲུང༌། དཔེར་ན། རེ་ཞིག་དགའ་བོ་རང་ཉིད་ཀྱིས་འབྲས་བུ་ཐོབ་པར་མི་ཤེས་ཏེ། འདི་ས་བཅུ་ཐོབ་པ་ཡིན་ཡང་བདག་གིས་འབྲས་བུ་མ་ཐོབ་བོ་སྙམ་དུ་བདག་ ཉིད་ཀྱིས་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ངའི་བྱིན་གྱི་རླབས་ཀྱིས་གྱུར་ནས་བདུན་པ་དང༌། ས་བརྒྱད་པ་ལ་གནས་པ་ལྟ་ཅི་སྨོས། རབ་འབྱོར། གཞན་ཡང་དཔེར་ན། དེ་བཞིན་གཤེགས་ པས་ཡུངས་ཀར་གྱི་འབྲུའི་ནང་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རབ་ཏུ་མང་པོ་གང་དག་ཡིན་པ་དེ་དག་བཅུག་ན་སེམས་ཅན་གཅིག་ལ་ཡང་དོག་པའམ། ཉམ་ ང་བའམ། གནོད་པར་འགྱུར་བ་མེད་ཅིང་ཕན་ཚུན་ཡང་བདག་ཅག་གང་དུ་ཁྲིད་པ་དང༌། ཁྱེར་བ་དང༌། བཅུག་པའང་མི་ཤེས་ལ་བྱ་བ་དེའང་རབ་ཏུ་སྤྱོད་དོ། །དེ་བཞིན་དུ་ཇི་ལྟར་ ངས་མཁྱེན་པ་དེ་ལྟར་ཁྱོད་ཀྱིས་ཀྱང་ཤེས་ལ་གཞན་གྱིས་ཀྱང་ཤེས་སོ། །ཁ་ཅིག་གིས་ནི། མི་ཤེས་ཏེ། དེའང་རང་ཁོ་ནས་མི་ཤེས་སོ། །ཡང་གལ་ཏེ་དེ་ལྟར་སངས་རྒྱས་མཐུ་ དང་ལྡན་པ་ལགས་ན། ཉིད་ཇི་ལྟ་བ་བཞིན་དུ་ཅིའི་སླད་དུ་སེམས་ཅན་ཐམས་ཅད་བྱིན་གྱིས་མི་བརླབས་ལགས། རབ་འབྱོར། རེ་ཞིག་སྦྱོར་བ་མཁན་གྱིས་ཆུའི་བུམ་པ་ཁ་མ་ བཅད་པའང་མི་འབོ་བར་བྱེད་ན། ཅིའི་ཕྱིན་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་བྱིན་གྱིས་རློབ་པར་མི་མཛད། འོད་སྲུང༌། གཞན་ཡང་རེ་ཞིག་འབྱུང་པོའི་སྦྱོར་བ་ མཁན་གྱིས་ཆུའི་བུམ་པའང་འགུལ་བར་བྱེད་ན། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟར་རང་གིས་མི་ཤེས་པ་དེ་ལྟར་བྱིན་གྱིས་རློབ་ པར་མི་མཛད། ཅི་དེ་ལྟར་མཛད་དམ་མི་མཛད། གསོལ་པ། བཅོམ་ལྡན་འདས། མཛད་ལགས་ཏེ། ས་བཅུ་ཐོབ་པ་རྣམས་ལའང་མཛད་ལགས་སོ། །གསོལ་པ། བྱང་ཆུབ་ སེམས་དཔའ་ཡོན་ཏན་དེ་དང་ལྡན་ན། དེ་བཞིན་གཤེགས་པ་རྟག་པ་མི་ཕྱེད་པའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་དུས་ བགྱིད་པར་འགྱུར། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་བརྒྱད་དང་ལྡན་ན། དེ་བཞིན་གཤེགས་པ་རྟག་པ་མི་བྱེད་པའི་སྐུ་མངོན་སུམ་དུ་མཐོང་ བར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་དུས་བྱེད་པར་འགྱུར་ཏེ། བརྒྱད་གང་ཞེ་ན། མདོ་འདི་བཤད་པ་ན་མི་སྐྱོ་བ་དང༌། ཐེག་པ་གསུམ་གྱིས་མི་སྐྱོ་ཞིང་ གཏམ་རྣམ་པ་གསུམ་ལ་སྐྲག་པ་མེད་པ་དང༌། གདུལ་བའི་སེམས་ཅན་རྣམས་མི་སྤོང་བ་དང༌། དགེ་འདུན་བྱེ་བ་མཐུན་ཞིང་གཅིག་ཏུ་གྱུར་པར་ཡང་དག་པར་སྤྲོ་བ་དང༌། བུད་མེད་དང༌། མ་ ནིང་དང༌། དགེ་སློང་དང༌། དགེ་སློང་མ་དང་ཀུན་ཏུ་འདྲིས་པར་མི་བྱེད་པ་དང༌། རྒྱལ་པོ་དང༌། དབང་ཕྱུག་དང་ལྷན་ཅིག་ཀུན་ཏུ་འདྲིས་པ་སྤོང་བ་དང༌། བསམ་གཏན་དང༌། སྤོང་བ་ལ་མངོན་ ༄༅། །པར་དགའ་བ་དང༌། མི་གཙང་བ་དང༌། བདག་མེད་པའི་འདུ་ཤེས་བརྒྱད་པོ་དེ་དག་གོ །གཞན་ཡང་རྒྱུ་བཞིས་འགྱུར་ཏེ། བཞི་གང་ཞེ་ན། བདག་གིས་ཆོས་ ངེས་པར་བཟུང་བ་ནི། ཤིན་ཏུ་ལེགས་པར་བྱས་སོ་སྙམ་པ་དང༌། བདག་ཉིད་གང་དག་གི་སྐྱབས་ཡིན་ནོ། །ཞེས་དེ་ལྟར་སེམས་པ་དང༌། དེ་བཞིན་གཤེགས་པ་རྟག་པ། བརྟན་ པ༑ ཞི་བ། ཐེར་ཟུག་པའོ། །ཞེས་བྱ་བར་ཐེ་ཚོམ་མེད་པ་ན་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་པ་དང༌། ཉིན་མཚན་རྟག་ཏུ་དེ་བཞིན་གཤེགས་པའི་ཡོན་ཏན་འདི་ལྟ་ བུ་རྗེས་སུ་དྲན་པར་བྱེད་ན། དེ་བཞིན་གཤེགས་པ་རྟག་པ་མི་ཕྱེད་པའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་དུས་བྱེད་པར་ འགྱུར་རོ། །འོད་སྲུང༌། ངས་དེ་ལྟ་བུའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་རྣམས་ལ་ཆོས་ཀྱི་སྐུ་བརྟན་པར་བྱའོ། །དེ་གྲོང་རྡལ་ལམ། གྲོང་ཁྱེར་རམ། ཚོང་རྡལ་གང་ན་འདུག་ ཀྱང་རུང་སྟེ། དེར་ངས་དེ་དག་ལ་བསྟན་ནས་འདི་སྐད་ཅེས་རིགས་ཀྱི་བུ་དག །དེ་བཞིན་གཤེགས་པ་དེ་ནི། རྟག་པ་ཡིན་ནོ། །ཞེས་གསུངས་སོ། །དེང་ཕྱིན་ཆད་སུ་ཞིག་མདོ་ སྡེ་འདི་འཆང་བ་དང༌། ཀློག་པ་དང༌། འདོན་པ་དང༌། གཞན་ལའང་སྒྲོག་པར་བྱེད་ཅིང་འདི་སྐད་ཅེས་དེ་བཞིན་གཤེགས་པ་ནི། རྟག་པ། བརྟན་པ། ཞི་བ། ཐེར་ཟུག་པའོ། ། ཞེས་སྨྲ་ཞིང་ཤེས་པར་བྱེད་པ་དང༌། བཅོམ་ལྡན་འདས་ནི། རྟག་ཏུ་བཞུགས་སོ། །ཞེས་བདག་ཉིད་ཀྱི་བསམ་པ་ཐག་པ་དང༌། ངན་གཡོ་མེད་པ་དང༌། བཅོས་མ་མ་ཡིན་པ་དང༌། སྒྱུ་ མེད་པས་དེ་ལྟར་ཤེས་པར་བྱེད་པ་བསམ་པ་ཐག་པ་ཕུན་སུམ་ཚོགས་པ་དེ་ལ་ནི། ངས་བདག་ཉིད་མངོན་སུམ་དུ་བསྟན་པར་བྱའོ། །འོད་སྲུང༌། ཁྱོད་དད་པར་གྱིས་ཤིག །ཡིད་ཆེས་ པར་གྱིས་ཤིག །འོད་སྲུང༌། གལ་ཏེ་དེ་ལྟར་ཆོས་རྣམས་ལ་མི་སྤྱོད་ན། དེས་ང་མཐོང་བར་ཇི་ལྟར་འགྱུར། རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་པར་ཇི་ལྟར་འགྱུར། ངས་ ཡང་ཉན་ཐོས་ཀྱི་ཐེག་པ་འདིར་དགེ་སློང་དག །ཆོས་གཅིག་རབ་ཏུ་སྤོངས་ཤིག་དང༌། ལན་གཅིག་ཕྱིར་མི་འོང་བར་འགྱུར་བར་ང་གཉའ་ཕོད་དོ། །ཞེས་གསུངས་སོ། །དགེ་སློང་ དག་༑དེ་བཞིན་དུ་འདིར་ཡང་སྤྱོད་པའི་ཡོན་ཏན་དང་ལྡན་པ་ན་ཁྱེད་ལ་ལྷ་ཆེན་པོ་རྣམས་བཀུར་སྟི་བྱེད་པར་འགྱུར་རོ། །ཞེས་གསུངས་པས་ཁྱེད་ལུས་ལ་སོང་བའི་དྲན་པས་ཟང་ཟིང་ ཚོལ་ཞིང་མ་འདུག་ཅིག །འོད་སྲུང༌། ངའི་མིང་འཆང་བའི་དགེ་སློང་དེ་ནི། རྟག་ཏུ་དགེ་འདུན་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །འོད་སྲུང་གིས་གསོལ་པ། ཇི་ལྟར་བགྱིད་ལགས་ བཀའ་སྩལ་པ། ཞིང་སྲུང་བ་བཞིན་དུ་ཐབས་མཁས་པས་དེ་དག་ཁྭའི་ཚོགས་ཇི་ལྟར་ཇི་སྲིད་དུ་ཀུན་ཏུ་བསྡུ་བའི་དུས་ཡིན་པ་དེ་སྲིད་དུ་གསོ་བར་འགྱུར་རོ། །དེའི་ཚེ་བཟད་སྐྱོང་དང༌། ༄༅། །ཕུག་སྦས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཡང་དེའི་ཚེ་ང་ནི། སྔོན་གྱི་ཞིང་སྲུང་བཞིན་དུ་ཕྱི་མའི་དུས་ན་ངའི་དམ་པའི་ཆོས་འབྱིན་པར་ངེས་པར་ གྱུར་ཏོ༑ ༑ངའི་མིང་འཛིན་པའི་དགེ་སློང་དེས་ཀྱང་ཇི་སྲིད་དུ་ཀུན་ཏུ་བསྡུ་བའི་དུས་ཡིན་པ་དེ་སྲིད་དུ་གཡེལ་བའི་ཚོགས་ཉེ་བར་བསྡུས་ཏེ་བཀུར་སྟི་དང༌། རི་མོ་དང༌། གླེགས་བམ་ དང༌། ཟང་ཟིང་གི་སྦྱིན་པ་དང༌། བ་ལང་གི་ཚོགས་དང༌། ཟས་ཀྱི་སྦྱིན་པས་ཡིད་དགའ་བར་གྱུར་པ་དང༌། དེའི་འོག་ཏུ་ཚར་བཅད་པའི་དུས་ཤེས་ནས་ཚར་གཅོད་པར་འགྱུར་རོ། ། གལ་ཏེ་ཚར་གཅད་པའི་ཕན་བཏགས་པའི་མི་འདུག་ན། སྤྱོད་པ་མ་ཡིན་པ་ལ་གནས་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི། ཇི་ལྟར་མདའ་དུག་གིས་རེག་པས་མ་རེག་ པའང་འབགས་པ་བཞིན་དུ་འགྱུར་བས་ཚར་བཅད་ནས་སྤང་བར་སེམས་སོ། །དེ་ནས་དེས་འདི་སྙམ་དུ་བསམ་ནས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གཞན་དག་ཚུལ་ཁྲིམས་ ཉམས་པར་གྱུར་ན་མི་རུང་ངོ༌། །ཞེས་འདི་དག་ནི། ཆོས་མ་ཡིན་པ་སྟོན་པ་དང༌། སྤྱོད་པ་མ་ཡིན་པ་ལ་ཞུགས་པ་མ་ཡིན་པས་དེ་དག་དང་ལྷན་ཅིག་ཐལ་མོ་སྦྱར་བའི་ལས་ཀྱང་ མི་བྱེད། དེ་དག་དང་ལྷན་ཅིག་གསོ་སྦྱོང་གི་ལས་དང༌། སྨྲ་བ་དང༌། ཀུན་ཏུ་སྨྲ་བར་ཡང་མི་བྱེད་དེ། ཇི་ལྟར་རྒྱལ་པོ་ལ་སྙིང་རིང་པས་གཞན་དག་མ་རུངས་པར་བྱེད་པ་ལྟར་དེའང་ དེ་དང་འདྲའོ། །དེས་དེ་ལྟར་བྱས་ནས་ལོ་བརྒྱར་ཆོས་ཀྱི་ཆར་ཕབ། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུངས། ཆོས་ཀྱི་དུང་བུས། ཆོས་ཀྱི་མཆོད་སྦྱིན་བྱས། ཆོས་ཀྱི་རྒྱལ་མཚན་བཙུགས་ནས་ རྣམ་པར་འཕྲུལ་པ་ཆེན་པོས་དུས་བྱེད་པར་འགྱུར་རོ། །དེ་ནས་ཕྱིས་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་སྟོང་ཡོང་སུ་མྱ་ངན་ལས་འདས་ནས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ནས་ རང་སངས་རྒྱས་འབུམ་ཡོངས་སུ་མྱ་ངན་ལས་འདས་ཤིང༌། གཞན་ཡང་མགོན་པོ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ངའི་མིང་འཆད་བའི་དགེ་སློང་འཇིག་རྟེན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་ འོད་ཅེས་བྱ་བར་འགྱུར་རོ། །དེའི་ཚེ་གང་གིས་རྒྱལ་པོའི་བུ་མོ་ལྔ་དཀར་གྱིས་དྲི་བ་ལན་བཏབ་པ་དེ་ནི། ཕྱིས་རེ་ཞིག་འཇིག་རྟེན་དུ་སངས་རྒྱས་སུ་འགྱུར་ལ། རྒྱལ་པོའི་གཞོན་ནུ་མ་ལྔ་ དཀར་ནི། སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གསུམ་གྱི་མགོན་པོར་འགྱུར་ཏེ། གཞོན་ནུ། རྒྱས་པར་ལུང་བསྟན་པ་ནི། ཕྱིས་བྱའོ། །འོད་སྲུང་ལྟོས། འོད་སྲུང༌། སྐྱེ་བོ་ཕལ་པས་སངས་རྒྱས་འདི་ལྟ་བུ་ཉིད་ལེགས་པར་རྙེད་པར་ཇི་ག་ནུས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ།། ༄༅། །བདེ་བར་གཤེགས་པ། དེ་ནི། མ་ལགས་སོ། །རེ་ཞིག་དེ་བཞིན་གཤེགས་པ་ནི། སངས་རྒྱས་ཀྱི་ཞིང་གཅིག་ཏུ་གཅིག་ཁོ་ན་སངས་རྒྱས་ཀྱི་མཛད་པ་ མཛད་དེ། གཉིས་པ་གང་ཡིན་པ་དང༌། གསུམ་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་ནོ། །དཔེར་ན། ཡུངས་འབྲུའི་ནང་དུ་འཇིག་རྟེན་གྱི་ཁམས་མང་པོ་བཅུག་ལ་དེ་དག་དེ་ཉིད་ན་ རྒྱུའང་བདག་ཅག་གང་དུ་ཁྱེར་བའམ། བཅུག་པའང་མི་ཤེས་ལ་གཞན་དག་ནི། ཇི་ལྟར་ཤེས་པ་དེ་ལྟར་བྱེད་པ་དེ་བཞིན་དུ་ངའང་སེམས་ཅན་གཞན་དག་གིས་ནི། ཤེས་ལ། གཞན་དག་གིས་ནི། མི་ཤེས་སོ། །འཇིག་རྟེན་གྱི་ཁམས་གཅིག་པོ་འདི་ཉིད་ན་ཤཱཀྱ་ཐུབ་པ་དང༌། འདི་ཉིད་ན་མི་ཕམ་པ་དང༌། འཇིག་རྟེན་གྱི་ཁམས་འདི་ཉིད་སྲེག་པའི་ བསྐལ་པ་བྱུང་ན་མི་ཚིག་པ་དང༌། འདི་ཉིད་ན་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་དམན་པའི་བསྟན་པ་སྟོན་པ་འདི་ལྟ་བུའི་ངོ་མཚར་ཡོད་ན། འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་ དགའ་བ་དགེ་སློང་ཕལ་པའི་ངོ་བོ་ལྟ་བུར་བྱིན་གྱིས་བརླབས་པ་གང་ཡིན་པ་ལྟ་ངོ་མཚར་ཅི་ཆེ། འོད་སྲུང༌། ཁྱོད་ཀྱིས་རིགས་གང་དུ་དེ་སྐྱེ་བ་ལེན་པ་དེ་དག་ཀྱང་བྱང་ཆུབ་ སེམས་དཔའ་ཡིན་པར་དེ་ལྟར་ཤེས་པར་གྱིས་ཤིག །འོད་སྲུང༌། བདག་ཅག་གི་རིགས་སུ་འདི་ལྟ་བུ་སྐྱེས་སོ། །ཞེས་རིགས་ལ་དགའ་བ་དང༌། ཡིད་དུ་འོང་བའི་རང་བཞིན་གྱིས་ དེ་ལ་རིམ་གྲོ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ངས་མངགས་པ་ཡིན་པར་ཁྱོད་ཀྱིས་དེ་ལྟར་ཤེས་པར་བྱ་སྟེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ། །རྔ་བོ་ཆེ་ཆེན་ པོའི་མདོ་བསྒྲགས་པ་སྒྲོག་པ་ན་བདག་ཉིད་ཆེན་པོ་དེའི་ཕྱོགས་འཛིན་པའི་འཁོར་བཞི་པོ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་གཞན་གང་དག་ཡིན་པ་དེ་དག་ ཐམས་ཅད་ཀྱང་སྔར་གོང་དུ་མདོ་འདི་ལས་འཇིག་རྟེན་ཐམས་ཅད་གྱིས་མཐོང་ན་དགའ་བས་ཞུས་པའི་ཚོགས་ཀྱི་ལེའུར་ལུང་བསྟན་ཏོ། །མདོ་འདི་ལ་མཆོད་པ་བྱེད་པའི་སྐྱེས་པ་དང༌། བུད་མེད་ གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གདོན་མི་ཟ་བར་རང་རང་གི་མཆོད་པ་དང་མིང་མཐུན་པའི་སངས་རྒྱས་སུ་འགྱུར་རོ། །འོད་སྲུང༌། རྔ་བོ་ཆེ་ཆེན་པོའི་མདོ་འདི་ནི། ངའི་མིང་འཆང་བའི་ དགེ་སློང་འདི་དང་གཉིས་ཀྱིས་ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར་གྱི། གསུམ་པ་ནི། མེད་དོ། །ཡང་བཀའ་སྩལ་པ། འོད་སྲུང༌། འདས་པའི་དུས་ན་ང་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ དུ་རྒྱལ་པོ་དགའ་སྡེ་ཞེས་བྱ་བར་གྱུར་པ་དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ནི། དེ་ན་གླིང་བཞི་པའི་ཚད་ཙམ་དུ་གྱུར་ཏོ། །ཛམྦུའི་གླིང་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ ཚད་ཙམ་ལ་དེ་བཞིན་དུ་གླིང་བཞི་དང༌། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའང་དེ་ལྟར་བསྒེ་བར་བྱའོ། །དེ་ན་ངའི་ཚེ་ནི། བསམ་གྱིས་མི་ཁྱབ་སྟེ། དེ་ལྟར་ང་འཁོར་ལོས་བསྒྱུར་བ་ ༄༅། །ཉིད་བྱེད་པ་ན་དེའི་ཚེ་གྲངས་མེད་པའི་སྦྱིན་པ་བྱིན། བསོད་ནམས་བསགས། ཚུལ་ཁྲིམས་བསྲུངས། འཕགས་པ་དག་བསྟེན་ཏོ། །སྐྱེས་པའམ། བུད་མེད་གང་ ཞིག་རྔ་བོ་ཆེ་ཆེན་པོའི་མདོ་བསྒྲགས་པ་ཐོས་ནས་ལན་འགའ་མཆོད་པ་བྱེད་པའམ། དཔྱས་གདགས་པའམ། བསྟིང་བའམ། ཇི་ལྟ་བུས་འགྲོའང་རུང་བའི་སེམས་གཅིག་ཙམ་ བསྐྱེད་པར་སེམས་བ་དེས་བསགས་པའི་བསོད་ནམས་གང་ཡིན་པའི་བསོད་ནམས་དེ་ལ་ནི། ངས་བྱས་པའི་བསོད་ནམས་གོང་མ་དེ་ཐམས་ཅད་ཀྱིས་དཔེའི་དཔེར་ཡང་མི་ཕོད་དོ། ། དཔེར་ན། རིག་པའི་རྒྱལ་པོ་བྲམ་ཟེ་གཟི་ལྡན་ཞེས་བྱ་བ་ཞིག་ཡོད་དེ། རིག་པ་དེ་ལན་གཅིག་བཀླགས་ན། ཟླ་བ་བཞིར་སྡང་བ་ཐམས་ཅད་ལས་སྲུང་བ་བྱས་པར་འགྱུར་རོ། །འོད་ སྲུང་ལྟོས། རེ་ཞིག་རིག་པ་ཕལ་པ་དེའི་མཐུའང་འདི་ཡིན་ན། མདོ་འདི་ལན་གཅིག་བཀླགས་ཏེ་ཚེའི་མཐར་ཐུག་གི་བར་དུ་བགེགས་མེད་པར་སྲུང་བ་ཐམས་ཅད་བྱས་པར་ཅིའི་ ཕྱིར་མི་འགྱུར། དེ་ལྟ་བས་ན། གང་སུའང་རུང་བ་དག་གིས་མདོ་འདི་ལ་མཆོད་པ་བྱས་པར་གྱུར་ན། དེ་ནི། སེམས་ཅན་དེ་དག་ཐམས་ཅད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་འདི་ནས་བཟུང་སྟེ་བྱང་ཆུབ་ལ་ཐུག་པའི་བར་དུ་མདོ་འདི་རྙེད་པར་འགྱུར་རོ། །དེ་ནས་འཁོར་ཐམས་ཅད་ཀྱིས་ལེགས་སོ། །ཞེས་བྱ་བ་གསོལ་ཏེ་ དབྱངས་ཀྱིས་མགྲིན་མཐུན་པར་ཚིག་གསོལ་པ། ཀྱེ་མའོ་བཅོམ་ལྡན་འདས། གཞོན་ནུ་འདི་ཁྱོད་ཀྱི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་གང་གི་ཚེ་དུས་ལས་འདས་པར་གྱུར་པ་དེའི་ ཚེ་གཡང་གཞི་ཅན་གྱི་ཕུག་ན་གནས་པའི་ལྷ་མགོན་མ་མཆིས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འདི་ནི། ཁྱོད་འདས་ནས་ལྷོ་ཕྱོགས་སུ་མཆིས་ཏེ་དུས་བགྱིད་པར་འགྱུར་ལགས་ སོ༑ ༑བཀའ་སྩལ་པ། དེ་མི་འོང་ན་ང་ཉིད་དེར་སོང་སྟེ་བདག་ཉིད་བསྟན་པར་བྱ་ཞིང་ཡུལ་དེར་ཐོག་མ་ཁོ་ནར་མདོ་འདི་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་མདོ་འདི་དེའི་ལག་ཏུ་ སོན་པར་མ་གྱུར་པ་དེ་སྲིད་དུ་དེ་ལྡོག་པའི་སེམས་བསྐྱེད་པར་འགྱུར་རོ། །ཡང་ན་དེ་ཉིད་དུ་གདུལ་བའི་དབང་ལ་བརྟེན་ཏེ། ང་ཚོགས་ཆེན་པོས་མདུན་གྱིས་བྱས་ནས་དེའི་མདུན་ན་འདུག་ པར་བྱ་སྟེ། དེས་ང་མ་མཐོང་ན་དེ་ཉིད་དུ་ལྡོག་པར་འགྱུར་ཞིང་དེར་དེའི་དུས་བྱེད་པར་ཡང་སྟོན་པར་འགྱུར་རོ། །ཡང་ན་ཅི་འདོད་པ་བཞིན་དུ་བྱེད་ཅིང་དེ་གདུལ་བ་གང་ན་ཡོད་པ་དེར་དུས་ བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ངའི་སློབ་མ་ས་བཅུ་ཐོབ་པ་ཀུན་དགའ་བོ་འང་རྣམ་པར་འཕྲུལ་པ་ཆེན་པོས་དེར་འགྲོ་བར་འགྱུར་རོ། །བརྒྱ་བྱིན་གྱི་བུ་མངོན་མཆོད་ཅེས་བྱ་ བ་ལོ་ཉུང་ཟད་ཅིག་གིས་ཐེག་པ་ཆེན་པོ་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་ཏེ་གཅིག་བུ་ཟླ་མེད་པར་ལྷ་དང༌། མི་དང༌། ལྷ་མ་ཡིན་རྣམས་ཀྱི་ནང་དུ་ཐེག་པ་ཆེན་པོའི་མདོ་འདི་ ༄༅། །འཛིན་པར་འགྱུར་རོ། །དེ་ལྟ་བས་ན། ཐར་པའི་རྒྱུ་བསྟན་པ་དེ་ཉིད་དེའི་སངས་རྒྱས་ཉིད་དུ་ལུང་བསྟན་པ་དང༌། ཐེག་པ་ཆེན་པོ་རྣམ་པར་གཏན་ལ་འབེབས་ པའི་དགེ་སློང་དུ་ལུང་བསྟན་པ་ཡིན་ནོ། །དེ་ནི། དེ་ཉིད་ཀྱི་སློབ་མར་གྱུར་ནས་དེ་ཉིད་ཀྱི་མིང་འཛིན་པར་འགྱུར་རོ། །དེ་ནས་དེ་ལྟ་བུ་དག་བྱུང་ནས་ལོ་ལྔ་ལོན་པ་དང༌། དེའི་འོག་ཏུ་ཕན་ པ་སྟོན་པའི་དགེ་བའི་མིག་ཉམ་ཆུང་བར་འགྱུར་རོ། །དེ་རྣམས་དུས་བདུན་གྱི་བར་དུ་གྱུར་ནས་བར་སྐབས་དེར་བྱང་ཆུབ་སེམས་དཔའ་དམ་པ་དེ་དག་མ་གཏོགས་པར་སྐྱེས་ པའམ། བུད་མེད་ཀྱང་རུང་སེམས་ཅན་ཕལ་པ་འགའ་ཡང་མེད་དོ། །དེ་ནས་འཁོར་དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀྱེ་མ་འཇིག་ རྟེན་ཀུན་མཐོང་དགའ། །བརྟན་པོ་དགེ་སློང་གཟུགས་གྱུར་ནས། །རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །ཆོས་ཀྱི་རྔ་ཆེན་རྡུང་བར་འགྱུར། །དེ་ནི་མྱ་ངན་ཡོངས་འདས་ནས། །དེ་འོག་ འཇིག་རྟེན་སྟོངས་པར་འགྱུར། །ཆོས་སྨྲ་དེ་ནི་འདས་གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང༌། །དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །རིམ་གྱིས་སྣང་བ་ཉམས་པར་འགྱུར། །འདི་ ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་བའི་ཐ་མ་གཅིག་ཡིན་ནོ། །དམ་པའི་ཆོས་དེ་ནུབ་པའི་དུས་སུ་ཆོས་སྨྲ་བ་དེ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་པ་དང༌། འོད་སྲུང་དང༌། དགའ་བོ་དང༌། བཟང་སྐྱོང་ལ་སོགས་པ་འཁོར་མང་པོ་དེ་དག་ཐམས་ཅད་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་ དཔའ་དེ་དག་ཐམས་ཅད་ཡི་རང་སྟེ། དེ་དག་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྟག་པ་ཉིད་ཀྱི་ཆོས་འདོན་པར་གྱུར་ཏོ། །འཕགས་པ་ཐེག་པ་ཆེན་པོའི་མདོ་རྔོ་བོ་ཆེ་ ཆེན་པོ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང༌། ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོས་བསྒྱུར། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། Copyright © 2012 by the Asian Classics Input Project. All rights reserved.