Loading

འཕགས་པ་དཀོན་མཆོག་སྤྲིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
མདོ་སྡེ།
not checked
༄༅༅། །རྒྱ་གར་སྐད་དུ། ཨཱཪྻ་རཏྣ་མེ་གྷ་ན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་ རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ ༄༅༅། །གཅིག་ན། བཅོམ་ལྡན་འདས་ཡུལ་གཡན་ག་ཡ་མགོའི་རི་ལ་དགེ་སློང་བདུན་ཁྲི་ཉིས་སྟོང་ གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་ མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་ གྲོལ་བ༑ ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་ སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། ཆོས་ཀྱི་དབྱིངས་ལ་མཁས་པ། ཆོས་ཀྱི་རྒྱལ་པོའི་སྲས། སེམས་རྙེད་པ་དང༌། བཀུར་སྟི་ཐམས་ཅད་དང་བྲལ་བ། ལེགས་པར་རབ་ཏུ་བྱུང་བ། ལེགས་པར་བསྙེན་པར་རྫོགས་པ། བརྣག་པ་ཡོངས་སུ་རྫོགས་པ། མྱ་ངན་ལས་འདས་པའི་ལམ་ལ་གནས་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་ པ་ནི༑ འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་གི་བྱང་ཆུབ་སེམས་དཔའི་ ཚོགས་ཆེན་པོ་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་ དུ་ཕྱོགས་པ། ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་ལ་ ༄༅༅། །བབ་པ། ཆགས་པ་མེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཤིན་ ཏུ་གནས་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རོལ་པ། ལམ་གྱི་རྒྱུན་མ་བཙད་པ། སྒྲིབ་པ་དང༌། ཆོད་པ་དང༌། ཀུན་ནས་ ལྡང་བ་ཐམས་ཅད་དང་བྲལ་བ། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ པར་བྱེད་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། སྟོང་པ་ཉིད་སྤྱོད་ཡུལ་བ། མཚན་མ་མེད་པ་ལ་ གནས་པ། སྨོན་ལམ་ལ་གནས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ། སངས་རྒྱས་ཀྱི་ཡུལ་ ཐམས་ཅད་ལ་མཁས་པ། ཡེ་ཤེས་མཐའ་ཡས་པ། སེམས་ནམ་མཁའ་དང་མཚུངས་པ། སེམས་རྒྱ་མཚོ་ལྟར་ཟབ་པ། སེམས་ རིའི་རྒྱལ་པོ་རི་རབ་ལྟར་མི་སྒུལ་བ། སེམས་པདྨོ་ལྟར་མ་གོས་པ། སེམས་རིན་པོ་ཆེ་ལྟར་ཤིན་ཏུ་ཡོངས་སུ་དག་པ། སེམས་གསེར་ལྟར་ཤིན་ཏུ་ཡོངས་སུ་བྱང་བ་རྣམས་ ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་དཔལ་དང༌། ལག་ན་རྡོ་རྗེ་རིན་པོ་ཆེ་དང༌། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང༌། རིན་པོ་ཆེའི་ཅོད་པན་དང༌། གཙུག་ན་རིན་པོ་ཆེ་དང༌། རིན་པོ་ཆེ་བརྩེགས་པ་དང༌། རིན་པོ་ཆེ་འབྱུང་གནས་དང༌། རིན་པོ་ཆེའི་རྩེ་མོ་དང༌། རིན་པོ་ཆེའི་རྒྱལ་མཚན་དང༌། རྡོ་རྗེའི་སྙིང་པོ་དང༌། གསེར་གྱི་ སྙིང་པོ་དང༌། རིན་པོ་ཆེའི་སྙིང་པོ་དང༌། དཔལ་གྱི་སྙིང་པོ་དང༌། དགེ་བའི་སྙིང་པོ་དང༌། དགེ་བ་དྲི་མ་མེད་པའི་སྙིང་པོ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཡེ་ཤེས་ ཀྱི་སྙིང་པོ་དང༌། ཉི་མའི་སྙིང་པོ་དང༌། ཏིང་ངེ་འཛིན་གྱི་སྙིང་པོ་དང༌། པདྨའི་སྙིང་པོ་དང༌། རྣམ་པར་གྲོལ་བའི་ཟླ་བ་དང༌། ཀུན་ཏུ་ཟླ་བ་དང༌། སྤྱན་རས་གཟིགས་དབང་པོ་དང༌། མཐུ་ཆེན་ཐོབ་དང༌། ཀུན་ཏུ་བཟང་པོ་དང༌། ཀུན་ནས་མིག་དང༌། པདྨའི་མིག་དང༌། དྲི་མ་མེད་པའི་མིག་དང༌། ཡངས་པའི་མིག་དང༌། ཀུན་ཏུ་སྤྱོད་ལམ་དང༌། ཀུན་ཏུ་མཛེས་ དང༌། ཀུན་ཏུ་སྤྱོད་པའི་བློ་གྲོས་དང༌། ཡེ་ཤེས་ཀྱི་བློ་གྲོས་དང༌། ཆོས་ཀྱི་བློ་གྲོས་དང༌། རྒྱལ་བའི་བློ་གྲོས་དང༌། བླ་མའི་བློ་གྲོས་དང༌། རྡོ་རྗེའི་བློ་གྲོས་དང༌། ཁྱད་པར་བློ་ ༄༅། །གྲོས་དང༌། སེངྒེའི་རྣམ་པར་རོལ་པ་དང༌། སྒྲ་ཆེན་པོ་དབྱངས་ཀྱི་རྒྱལ་པོ་དང༌། སེངྒེའི་སྒྲ་སྒྲོག་དང༌། སྒྲ་དབྱངས་བརྗོད་པ་ཟབ་མོ་སྒྲོག་དང༌། གོས་མེད་དང༌། དྲི་མ་ཀུན་བྲལ་དང༌། ཟླ་བའི་འོད་དང༌། ཉི་མའི་འོད་དང༌། ཡེ་ཤེས་ཀྱི་འོད་དང༌། ཡེ་ཤེས་ཀྱི་དཔལ་དང༌། བཟང་པོའི་དཔལ་དང༌། ཟླ་བའི་དཔལ་ དང༌། པདྨའི་དཔལ་དང༌། རིན་པོ་ཆེའི་དཔལ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་དང༌། བྱམས་པ་ལ་ སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་ རྣམས་དང༌། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང༌། ལྷའི་བུ་ཤིན་ཏུ་གནོད་བྲལ་ལ་སོགས་པ་གནོད་བྲལ་གྱི་ལྷའི་ བུ་རྣམས་དང༌། ལྷའི་བུ་ཀུན་ཏུ་དགའ་ལྡན་ལ་སོགས་པ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་དང༌། ལྷའི་བུ་ཤིན་ཏུ་འཕྲུལ་དགའ་ལ་སོགས་ལ་འཕྲུལ་དགའི་རིས་ ཀྱི་ལྷའི་བུ་རྣམས་དང༌། ལྷའི་བུ་དབང་བྱེད་ལ་སོགས་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་དང༌། དེད་དཔོན་ལ་སོགས་པ་དཀར་པོའི་ཕྱོགས་ཀྱི་བདུད་ཀྱི་བུ་ རྣམས་དང༌། ཚངས་པ་ཆེན་པོ་ལ་སོགས་པ་ཚངས་པའི་རིས་ཀྱི་ལྷའི་བུ་ཐམས་ཅད་དང༌། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཐམས་ཅད་ དང༌། ལྷ་མ་ཡིན་གྱི་དབང་པོ་ཐགས་པ་བཟང་རིས་དང༌། སྟོབས་ཅན་དང༌། ནོར་སྦྱིན་དང༌། དེ་དག་ལ་སོགས་པ་ལྷ་མ་ཡིན་བརྒྱ་སྟོང་ཕྲག་དུ་མ་དང༌། ཀླུའི་རྒྱལ་པོ་མ་དྲོས་པ་དང་ གཟི་ཅན་དང༌། རྒྱ་མཚོ་དང༌། མཐའ་ཡས་དང༌། ནོར་རྒྱས་དང༌། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང༌། དཔལ་གྱི་གཟི་བརྗིད་ལ་སོགས་པ་ཀླུའི་རྒྱལ་པོའི་ཁྱེའུ་ བརྒྱ་སྟོན་དུ་མ་དང༌། ཀླུའི་བུ་མོ་མང་པོ་རྣམས་དང༌། དེ་མ་ཡིན་པ་གཞན་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་དག་དང་ཡང་ཐབས་ཅིག་གོ། ཡང་དེའི་ཚེ་ག་ཡ་ན་ག་ཡ་མགོའི་རིའི་དཔག་ཚད་བཞི་ཁོ་ར་ཁོར་ཡུག་ཏུ་སྐྲའི་རྩེ་མོའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་ཙམ་ ཡང་གང་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་དག་གིས་མ་ གང་བར་གྱུར་པའི་སའི་ཕྱོགས་སམ། བར་སྣང་གི་ཕྱོགས་དེ་མེད་དོ། །འཁོར་དེ་ལྟ་བུ་འདུས་ཤིང་འཁོད་པའི་དབུས་ན་བཅོམ་ལྡན་འདས་ཀྱི་སེངྒེའི་ཁྲི་འཕང་དུ་དཔག་ཚད་ ༄༅། །གཅིག །ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་པ་ལ་ལྷའི་རས་བཅོས་བུ་དུ་མ་ནི། བཏིང༌། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་བས་ནི། བླ་བྲེ་བྲེས། དར་ གྱི་ལྡ་ལྡི་བརྒྱ་སྟོང་དུ་མ་ནི། དབྱངས། མེ་ཏོག་སིལ་མས་ནི། གཏོར་བཞིག་བཤམས་ཏེ། སེངྒེའི་ཁྲི་དའི་ཁོ་ར་ཁོར་ཡུག་གི་སའི་ཕྱོགས་དེའི་ངེས་རྡོ་རྗེ་ལ་ཡིད་དུ་འོང་ཞིང་ ལག་མཐིལ་ལྟར་མཉམ་པ་དང༌། ཆག་ཆག་ལེགས་པར་བཏབ་པ་དང༌། ཕྱག་དར་ལེགས་པར་བྱས་པ་དང༌། དྲི་རབ་ཏུ་ཞིམ་ཞིང་ལྷའི་མེ་ཏོག་བརྒྱ་སྟོང་དུ་མས་གཏོར་བར་ གྱུར་ཏོ༑ ༑བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཕྱོགས་དེ་ན་གསེར་གྱི་པདྨ་ཤིང་རྟའི་འཁོར་ལོ་ཙམ། འདབ་མ་བརྒྱ་སྟོང་དུ་མ་ཡོད་པ། ཆུ་བ་ནི། བཻ་ཌཱུཪྻ། སྙིང་པོ་ནི། ཨིནྡྲ་ནཱི་ལ། ཟེ་བ་ནི། ཨསྨ་གརྦྷ་སྟེ། དྲི་རབ་ཏུ་ཞིམ་ཞིང་ཡིད་དུ་འོང་ལ་རེག་ན་དགའ་བར་འགྱུར་བ་དག་སྐྱེས་པར་གྱུར་ཏོ། །སེངྒེའི་ཁྲི་དེའི་གྲ་བཞིར་ཧ་ཅང་ཡང་མི་ རིང༌། ཧ་ཅང་ཡང་མི་ཉེ་བ་ནས་རིན་པོ་ཆེའི་ཤིང་སྲིད་དུ་དཔག་ཚད་ཕྱེད་དང་གཉིས། སྦོམས་སུ་རྒྱང་གྲགས་གཉིས་ཀྱིས་འཁོར་བ་བཞི་སྐྱེས་སོ། །སེངྒེའི་ཁྲི་ལེགས་པར་བཤམས་ པ་དེ་ལ་བཅོམ་ལྡན་འདས་བློ་ནི། རབ་ཏུ་རྣམ་པར་དག། ཆོས་ཀྱི་འཁོར་ལོ་ནི། རབ་ཏུ་བསྐོར། བདུད་དང་ཕྱིར་རྒོལ་བ་ནི། བཅོམ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ནི། མ་ གོས་ལ་མི་བསྙེངས་ཤིང་མི་འཛེམ་སྟེ། སེངྒེའི་ལྟར་བག་ཚ་བ་མེད་པ། མཚོ་དང་འདྲ་བར་དང་སྟེ་རྙོག་པ་མེད་ཅིང་ཤིན་ཏུ་རྣམ་པར་དྭང་བ། རྒྱ་མཚོ་ལྟར་ཟབ་ཅིང་གཏིང་དཔག་ བཀའ་ལ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ། རི་རབ་ལྟར་མངོན་པར་འཕགས་པ། ཉི་མ་ལྟར་རབ་ཏུ་ལྷན་པ། ཟླ་བ་ལྟར་རབ་ཏུ་སིམ་པ། ཀླུ་ཆེན་པོ་ལྟར་ཆོས་ཀྱི་ཆར་མངོན་ པར་འབབས་པ། ཚངས་པ་ཆེན་པོ་ལྟར་འཇིག་རྟེན་ཀུན་ལས་མངོན་པར་འཕགས་པ། སློབ་མ་ཤིན་ཏུ་དུལ་བའི་ཚོགས་མཐའ་ཡས་པའི་འཁོར་མངའ་བ། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་ཀྱིས་ཞལ་དུ་བལྟས་ཤིང་མ་ཁེངས་མ་དུད་པར་བཞུགས་ཏེ། འཁོར་ཚོགས་པ་དེ་ན་ལམ་མེ། ལྷན་ནེ། ལྷང་དེའོ། །བཅོམ་ལྡན་འདས་དེ་ལྟར་ལམ་མེ། ལྷན་ནེ། ལྷང་ངེ་བའི་དབུའི་གཙུག་གི་གཙུག་ཏོར་གྱི་གསེབ་ནས་འོད་ཟེར་ཀུན་ཏུ་སྣང་བ་ཞེས་བྱ་བ་འོད་ཟེར་གྱི་འཁོར་བརྒྱ་ སྟོང་ཕྲག་དུ་མ་ཡོད་པ་བྱུང་སྟེ། དེ་བྱུང་བས་ཕྱོགས་བཅུ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་སྣང་བར་བྱས་ཏེ་ཕྱིར་འོངས་ནས་བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ཞུགས་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ཕྱེ་བའམ་བཙུམ་པར་ཡང་མི་མངོན་ནོ། །འདི་ལྟ་སྟེ། དཔེར་ན། ཉི་མ་ ༄༅། །དང༌། ཟླ་བའི་འོད་ནམ་མཁའི་ཁམས་ཐམས་ཅད་ཀྱི་གསེབ་ཏུ་ཞུགས་ཀྱང་ནམ་མཁའི་ཁམས་ཀྱི་གསེབ་ཕྱེ་བའམ་བཙུམ་པར་མི་མངོན་པ་དེ་བཞིན་དུ་ དེའི་ཚེ་ན་འོད་ཟེར་དེ་དག་ཞུགས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ཕྱེ་བའམ་བཙུམ་པར་མི་མངོན་ནོ། འདི་ལྟ་སྟེ། དཔེར་ན། བྱེ་མའི་ཕུང་པོ་ལ་མར་རམ། འབྲུ་མར་རམ། ཆུ་ ཞུགས་ན་མི་མངོན་པ་དེ་བཞིན་དུ། དེའི་ཚེ་ན་འོད་ཟེར་དེ་དག་ཞུགས་ཀྱང་ཕྱེ་བའམ་བཙུམ་པར་མི་མངོན་ནོ། །དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་པདྨ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན་པདྨའི་སྤྱན་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟ་སྟེ། ཐེག་པ་གཅིག་ལས་བརྩམས་ནས་ཆོས་སྟོན་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་ཉན་ ཐོས་དང་རང་སངས་རྒྱས་དག་དང༌། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའི་མིང་ཡང་མེད། སངས་རྒྱས་ཀྱི་ཞིང་དེ་ན་རྫུས་ཏེ་སྐྱེ་བ་མ་གཏོགས་པར་བུད་མེད་ དང༑ མངལ་ན་གནས་ཏེ་འབྱུང་ཞིང་སྐྱེ་བའི་སྒྲའང་མི་གྲག་གོ །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ །འཇིག་རྟེན་གྱི་ཁམས་དེ་ན་བཟའ་བ་དང༌། བཏུང་བ་དང༌། ཟས་ཀྱི་བྱ་བའང་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ བསམ་གཏན་གྱི་དགའ་བའི་ཟས་ཅན་དང༌། ཏིང་ངེ་འཛིན་གྱི་དགའ་བའི་ཟས་ཅན་དང༌། ཆོས་ཀྱི་དགའ་བའི་ཟས་ཅན་ནོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ ཁམས་དེ་ཁྱབ་ཅིང་དྲི་མ་མེད་པར་གྱུར་བ་མ་གཏོགས་པར་འཇིག་རྟེན་གྱི་ཁམས་དེ་ན་ཟླ་བ་དང༌། ཉི་མ་དང༌། གཟའ་དང༌། སྐར་མ་རྣམས་ཀྱི་འོད་ཀྱང་མི་ཤེས་སོ། །འཇིག་རྟེན་གྱི་ཁམས་ དེ་ལག་མཐིལ་བཞིན་དུ་མཉམ་པར་གྱུར་པ་ལས་འཇིག་རྟེན་གྱི་ཁམས་དེ་ན་རྩྭ་དང༌། ཤིང་དང༌། བོང་བ་དང༌། རྩིག་པ་དང༌། རི་ལ་སོགས་པའང་མི་སྣང་ངོ༌། །འཇིག་རྟེན་གྱི་ཁམས་ དེ་འདྲ་བ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་དེའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་གྱི་སྒྲིབ་པ་ཐམས་ཅད་ཟད་པར་ འགྱུར་བ་ཞིག་གནས་ཏེ། དེ་འོད་དེས་རེག་སྟེ་བསྐུལ་ནས་རང་གི་གནས་ནས་བྱུང་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ ༄༅། །ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་པདྨའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་གོ །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་དག་ ཀྱང་འོད་དེས་རེག་སྟེ་བསྐུལ་བ་དང༌། རང་རང་གི་གནས་ནས་བྱུང་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། པདྨའི་སྙིང་པོ་ལ་སོ་སོ་ཅི་རིགས་པར་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་པདྨའི་སྤྱན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་བུའི་འོད་བཟང་པོ་དྲི་མ་མ་ མཆིས་པ། རྣམ་པར་དག་པ། ཡིད་དུ་མཆི་བ། ལུས་དང་སེམས་ཤིན་ཏུ་དགའ་བར་བགྱིད་པ་བྱུང་བ་འདི་སུའི་མཐུ་ལགས་ཞེས་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ནུབ་ཕྱོགས་ ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙོད་འདས་པ་ན་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེའི་མཚན་ཐོས་པ་ཙམ་གྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཞིག་བཞུགས་ཏེ། དེས་འོད་བཟང་པོ་དྲི་མ་མེད་པ། རྣམ་པར་དག་པ། ཡིད་དུ་འོང་བ། ལུས་དང་སེམས་ཤིན་ཏུ་རྣམ་པར་དག་པར་ བྱེད་པ་འདི་ཕྱུང་ངོ༌། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ་གྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་ ༄༅། །པ་པདྨའི་སྤྱན་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་ བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ལྟར་སེམས་ཅན་སུ་གང་དག་གིས་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་ཐོས་ པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པ་ལགས་སམ། བཅོམ་ ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཅི་ལགས་ སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་དེའི་མཚན་མ་ཐོས་སམ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། ཐོས་སོ། །གསོལ་པ། བཅོམ་ལྡན་ འདས༑ དེ་ཅིའི་སླད་དུ་ཕྱིར་མི་ལྡོག་པ་མ་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དག་ཐམས་ཅད་ནི། ཕྱིར་མི་ལྡོག་པའང་ཡིན་ལ། ཕྱིར་ ལྡོག་པའང་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་གང་དེ་ལྟ་བུར་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའང་ལགས་ལ། ཕྱིར་ལྡོག་པའང་ལགས། བཅོམ་ལྡན་འདས་ དེས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་མཚན་ཐོས་ལས་སེམས་ཅན་དེ་དག་ཕྱིར་མི་ལྡོག་པའི་ས་བོན་སྐྱེས་པ་མཐོང་ནས་སེམས་ཅན་དེ་དག་ཕྱིར་མི་ལྡོག་ པར་ལུང་སྟོན་ཏོ། །མཚན་ཐོས་པ་དེ་ཁོ་ནས་དེ་མ་ཐག་ཏུ་ཕྱིར་མི་ལྡོག་པར་འགྱུར་བའང་མ་ཡིན་ཏེ། དེ་བས་ན། རིགས་ཀྱི་བུ། དོན་དེ་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་ བཤད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཤིང་ལ་ལའི་ས་བོན་གྱི་རྣམ་པ་ཞིག་ཡོད་དེ། ས་བོན་དེ་ལ་ས་བོན་གྱི་ཉེས་པ་ཐམས་ཅད་མེད་ལ། མྱུ་གུ་སྐྱེ་བ་ནས་རྫོགས་པའི་ བར་དུ་རྐྱེན་རྣམས་ཡོད་ན། རིགས་ཀྱི་བུ། ས་བོན་དེ་ལ་ཇི་སྐད་ཅེས་བྱ། གསོལ་པ། བཅོམ་ལྡན་འདས། ཉེས་པ་ཐམས་ཅད་དང་བྲལ་བས་ན། དེ་ནི། ཡོངས་སུ་རྫོགས་པ་ཞེས་ བགྱིའོ༑ ༑བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་དང་ལྡན་པའི་ཕྱིར་མི་ལྡོག་པའི་ས་བོན་ཡོད་པའི་སེམས་ཅན་རྣམས་ནི། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེ་ལ་བྱང་ཆུབ་སེམས་ ༄༅། །དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ དེ་བལྟ་བ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་བ་དང༌། བསྙེན་བཀུར་བགྱི་བ་ དང༌། བཙུན་པར་བགྱི་བ་དང༌། རི་མོར་བགྱི་བ་དང༌། བཀུར་སྟིར་བགྱི་བ་དང༌། མཆོད་པར་བགྱི་བའི་སླད་དུ་མཆིའོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་པདྨའི་སྤྱན་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ བུ༑ དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སོང་ཞིག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱད་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་བལྟ་བ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལའང་ཕྱག་འཚལ་བ་དང༌། བསྙེན་བཀུར་བགྱི་བ་དང༌། བཙུན་པར་བགྱི་བ་དང༌། རི་མོར་བགྱི་བ་དང༌། བཀུར་ སྟིར་བགྱི་བ་དང༌། མཆོད་པར་བགྱི་བའི་སླད་དུ་མཆིའོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེས་བྱང་ཆུབ་སེམས་དཔའ་དེ་ དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག །དེའི་དུས་ལ་བབ་པར་ཤེས་ན་ཁྱོད་དེངས་ཤིག །འཇིག་རྟེན་གྱི་ཁམས་དེར་བག་ཡོད་པར་གནས་པས་གནས་པར་ གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ནི། རབ་ཏུ་འདོད་ཆགས་མང་བ། ཞེ་སྡང་མང་བ། གཏི་མུག་མང་བ། དགེ་སྦྱོང་དུ་མི་ འཛིན་པ། བྲམ་ཟེར་མི་འཛིན་པ། ཕར་མི་ཤེས་པ། མར་མི་ཤེས་པ། ཆོས་མ་ཡིན་པ་འདོད་པ་མང་བ། བརླང་བ། གཏུམ་པ། ཞེ་གཅོད་པ། མུ་ཅོར་སྨྲ་བ། ཕོ་ཐེག་ཅན། གཡེང་བ། བརྐམ་པ། ལེ་ལོ་ཅན། ངན་པའི་ངན་ཚུལ་ཅན། སྡིག་པའི་ཆོས་ཅན། ཕྲག་དོག་དང་སེར་སྣས་ཡོངས་སུ་དཀྲིས་པ། ཉོན་མོངས་པ་དུ་མས་ཉེ་བར་ཉོན་མོངས་པར་ གྱུར་པ་རྣམས་ཏེ། སེམས་ཅན་དེ་འདྲ་བ་དེ་དག་གི་ནང་ན་དེ་བཞིན་གཤེགས་པ་དེ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས། གང་འདི་ འདྲ་བའི་སེམས་ཅན་རྣམས་ཀྱི་ནང་ན་ཆོས་སྟོན་པ་ནི། དེ་བཞིན་གཤེགས་པ་དེ་དཀའ་བ་མཛད་པ་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རིགས་ ༄༅། །ཀྱི་བུ་དག །དེ་དེ་བཞིན་ཏེ། གང་འདི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་ན་ཆོས་སྟོན་པ་ནི། དེ་བཞིན་གཤེགས་པ་དེ་དཀའ་བ་མཛད་པ་ཡིན་ནོ། །རིགས་ཀྱི་བུ་ དག། གང་དེ་ལྟ་བུར་ཀུན་ནས་ཉོན་མོངས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་ན་དགེ་བའི་སེམས་གཅིག་ཙམ་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་དཀའ་བ་བྱེད་པ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། གང་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཡོངས་སུ་དག་པ་ཡོད་པ་ལྟ་ཅི་ངོ་མཚར་གྱི། གང་དག་དེ་ལྟར་ཀུན་ནས་ཉོན་མོངས་པར་གྱུར་ པའི་འཇིག་རྟེན་གྱི་ཁམས་དེ་ན་སེ་གོལ་གཏོགས་པ་སྲིད་དུའང་དད་པ་རྙེད་པ་དང༌། སེ་གོལ་གཏོགས་པ་སྲིད་དུའང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། ཆོས་ལ་སྐྱབས་ སུ་འགྲོ་བ་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། སེ་གོལ་གཏོགས་པ་སྲིད་དུའང་ཚུལ་ཁྲིམས་ཡང་དག་པར་བཟུང་སྟེ་སྤྱོད་པ་འདི་ནི། ཆེས་ངོ་མཚར་ཏོ། །དེ་ བས་ཀྱང་གང་དག་སེ་གོལ་གཏོགས་པ་སྲིད་དུའང་འདོད་ཆགས་དང་བྲལ་བ་ལ་གནས་པའི་སེམས་ཡང་དག་པར་བཟུང་སྟེ་གནས་པ་འདི་ནི། ཆེས་ངོ་མཚར་ཏོ། །དེ་བས་ ཀྱང་གང་དག་སེ་གོལ་གཏོགས་པ་སྲིད་དུའང་སྙིང་རྗེ་བའི་སེམས་ཉེ་བར་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི། ཆེས་ངོ་ མཚར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས་བཅོམ་ལྡན་འདས་དེ་ལས་འདི་ལྟ་བུ་མཐུན་པའི་རྗེས་སུ་བསྟན་པ་ འདི་མཉན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་རང་རང་གི་གནས་ནས་དོང་ངོ༌། །དོང་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ཕྱིར་ལ་ ལས་ནི༑ རིན་པོ་ཆེའི་ཤིང་མེ་ཏོག་དང་བཅས་པ། འབྲས་བུ་དང་བཅས་པ། ཆུ་དང་ཞེང་དུ་ལྡན་པ་རྣམས་མངོན་པར་སྤྲུལ། ལ་ལས་ནི། བཻ་ཌཱུཪྻའི་ཤིང་རྣམས། ལ་ལས་ནི། ཤེལ་གྱི་ཤིང་རྣམས། ལ་ལས་ནི། དཔག་བསམ་གྱི་ཤིང་རྣམས། ལ་ལས་ནི། གསེར་གྱི་ཤིང་རྣམས། ལ་ལས་ནི། མེ་ཏོག་གི་ཤིང་རྣམས། ལ་ལས་ནི། འབྲས་བུའི་ ཤིང་རྣམས། ལ་ལས་ནི། གོས་ཀྱི་སྤྲིན་རྣམས། ལ་ལས་ནི། རྒྱན་གྱི་སྤྲིན་རྣམས། ལ་ལས་ནི། སྤོས་ཀྱི་སྤྲིན་རྣམས། ལ་ལས་ནི། ཕྲེང་བའི་སྤྲིན་རྣམས། ལ་ལས་ནི། ཕྱེ་ མའི་སྤྲིན་རྣམས། ལ་ལས་ནི། གདུགས་ཀྱི་སྤྲིན་རྣམས། ལ་ལས་ནི། རྒྱལ་མཚན་གྱི་སྤྲིན་རྣམས། ལ་ལས་ནི། སིལ་སྙན་གྱི་སྤྲིན་རྣམས་མངོན་པར་སྤྲུལ་ཏོ། །མངོན་ ༄༅། །པར་སྤྲུལ་ནས་གཅིག་ཏུ་འདུས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ལྷན་ཅིག་ཏུ་མི་མཇེད་ཀྱི་འཇིག་ རྟེན་གྱི་ཁམས་ག་ལ་བ་དེར་དོང་ངོ༌། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ གྲོགས་པོ་དག །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་སྡུག་བསྔལ་ལོ། །དེ་བས་ན། གང་གིས་སེམས་ཅན་དེ་དག་ཐམས་ཅད་བདེ་བ་མཆོག་གིས་ བསྟབས་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་ལེགས་པར་མངོན་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཀུན་གྱིས་ལེགས་སོ་ཞེས་སྨྲས་ནས་བྱང་ཆུབ་སེམས་ དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ལྟར་མཉན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་ བ་མངོན་པར་བྱས་པས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ལུས་ལས་འོད་དང་བ། དྲི་མ་མེད་པ། རྣམ་པར་དག་པ། ཡིད་དུ་འོང་བ། ལུས་ དང་སེམས་ཤིན་ཏུ་དགའ་བར་བྱེད་པ་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་སྣང་བར་གྱུར་པ་དང༌། གང་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དམྱལ་བ་པའི་ལུས་སུ་གནས་པ་དང༌། བྱོལ་སོང་གི་སྐྱེ་གནས་པའི་ལུས་སུ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་ལུས་སུ་ གནས་པ་དེ་དག་འོད་དེས་རེག་ནས་སྡུག་བསྔལ་གྱི་ཚོར་བ་དང་བྲལ་ཏེ། བདེ་ཞིང་ཁྲོ་བ་དང་གནོད་སེམས་དང་ཡང་བྲལ་ཏེ་ཕན་ཚུན་དུ་ཕ་མར་འདུ་ཤེས་པར་གྱུར་པ་དང༌། གང་ ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འཇིག་རྟེན་གྱི་ཁམས་ཀྱི་བར་མུན་པ་མུན་ནག་གང་དུ་ཉི་མ་དང༌། ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་ བ༑ འདི་ལྟར་དབང་ཆེ་བར་གྲགས་པ་འདི་དག་གིས་ཀྱང་ལམ་མེ། ལྷན་ནེ། ལྷང་ངེར་མ་གྱུར་པ་དེ་དག་ཀྱང་འོད་དེས་ཁྱབ་ནས་སྣང་བར་གྱུར་ཏེ། གང་དེར་སྐྱེས་པའི་སེམས་ཅན་ དག་ཀྱང་གཅིག་གིས་གཅིག་མཐོང་བ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གང་ཁོར་ཡུག་གི་རི་རྣམས་དང༌། ཁོར་ཡུག་གི་རི་ཆེན་པོ་རྣམས་ དང༌། རི་བཏང་བཟུང་དང༌། རི་བཏང་བཟུང་ཆེན་པོ་རྣམས་དང༌། དེ་མ་ཡིན་པའི་རི་ནག་པོ་གཞན་དེ་དག་ཀྱང་འོད་དེས་ཁྱབ་སྟེ་སྣང་བར་གྱུར་པ་དང༌། བླར་ནི་ཚངས་པའི་འཇིག་ རྟེན་མན་ཆད་།འོག་ཏུ་མནར་མེད་པའི་སེམས་ཅན་ཆེན་པོ་ཡན་ཆད་དེའི་བར་དུ་གང་འོད་དེས་སྣང་བར་མ་བྱས་པའི་ས་ཕྱོགས་དེ་གང་ཡང་མེད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་ ༄༅། །པར་བྱ་བ་མངོན་པར་བྱས་སོ། །དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་གདག་གིས་ཀྱང་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་བྱས་པས་ ཟས་འདོད་པའི་སེམས་ཅན་རྣམས་ནི། ཟས་ཐོབ། བཏུང་བ་འདོད་པ་རྣམས་ནི། བཏུང་བ། གོས་འདོད་པ་རྣམས་ནི། གོས། བཞོན་པ་འདོད་པ་རྣམས་ནི། བཞོན་པ། ནོར་འདོད་ པ་རྣམས་ནི། ནོར་ཐོབ། ལོང་བ་རྣམས་ནི། མིག་ཐོབ། འོན་པ་རྣམས་ནི། སྒྲ་ཐོས། སྒྲེན་མོ་རྣམས་ནི། གོས་ཅན་དུ་གྱུར། སྨྱོན་པ་རྣམས་ནི། དྲན་པ་ཐོབ། སྡུག་བསྔལ་ བ་རྣམས་ནི། བདེ་བར་གྱུར། སྦྲུམ་པ་རྣམས་ནི། བདེ་བར་བཙས་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་བྱས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཡུལ་ག་ཡ་དང་ག་ཡ་མགོའི་རི་ག་ལ་བ་དེར་ཉེ་བ་དང༌། སྐྱེས་བུ་དམ་པ་དེ་དག་ཉེ་བར་གྱུར་མ་ཐག་ཏུ་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་དྲ་བས་ཁེབས་བར་ཀུན་ཏུ་སྣང་ངོ༌། །སྟེང་གི་བར་སྣང་ལས་ཀྱང་ལྷའི་པདྨའི་ཆར་མངོན་པར་རབ་ཏུ་ཕབ་བོ། །ལྷའི་ མེ་ཏོག་གི་སྤྲིན་རྣམས་དང༌། ལྷའི་ཤིང་ཏོག་གི་སྤྲིན་རྣམས་དང༌། ལྷའི་ཕྲེང་བའི་སྤྲིན་རྣམས་དང༌། ལྷའི་སྤོས་ཀྱི་སྤྲིན་རྣམས་དང༌། ལྷའི་གོས་ཀྱི་སྤྲིན་རྣམས་དང༌། ལྷའི་ ཕྱེ་མའི་སྤྲིན་རྣམས་དང༌། ལྷའི་ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་གྱི་སྤྲིན་གྱི་ཆར་མངོན་པར་རབ་ཏུ་ཕབ་བོ། །དེ་དག་མངོན་པར་རབ་ཏུ་ཕབ་པས་སེམས་ ཅན་གང་ལ་རེག་པ་དེ་དག་ཐམས་ཅད་རབ་ཏུ་བདེ་བར་གྱུར། ཡུལ་ག་ཡ་དང་ག་ཡ་མགོའི་རི་ལ་ཤིང་ཐ་མལ་པ་དང༌། ས་ཕྱོགས་ཐ་མལ་པ་གང་ཡོད་པ་དེ་དག་ཐམས་ཅད་ཀྱང་ མེད་པར་གྱུར་པར་སྣང་ངོ༌། །ས་ཕྱོགས་དེ་དག་རིན་པོ་ཆེའི་ཤིང་རྣམས་དང༌། དཔག་བསམ་གྱི་ཤིང་རྣམས་དང༌། མེ་ཏོག་གི་ཤིང་རྣམས་དང༌། འབྲས་བུའི་ཤིང་རྣམས་དང༌། ཙནྡན་གྱི་ཤིང་རྣམས་དང༌། ཨ་ག་རུའི་ཤིང་རྣམས་ཀུན་ཏུ་སྣང་སྟེ། དེ་དག་ཀུན་ཏུ་བཟང་པོར་འདུག་པར་གྱུར་ཏོ། །བར་སྣང་ལས་ལྷའི་སིལ་སྙན་དག་ཀྱང་སྒྲ་འབྱིན་ཅིང་སིལ་ སྙན་དེ་དག་ལས་འདི་ལྟ་བུའི་ཚིགས་སུ་བཅད་པ་འདི་དག་ཀྱང་བྱུང་ངོ༌། །ལུམྦིའི་ཚལ་རབ་མཆོག་ཏུ་གང་སྐྱེས་པ། །མཉམ་མེད་གཞར་ཡང་ཉོན་མོངས་དབང་མི་འགྱུར། ། ནམ་མཁའ་མཚུངས་མཉམ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །བྱང་ཆུབ་མཆོག་སུས་བྱང་ཆུབ་ཤིང་དབང་དྲུང༌། །བདུད་ཀྱི་སྡེ་སྟོབས་བཅོམ་ ནས་སངས་རྒྱས་པ། །དྲི་མེད་གཟི་ལྡན་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང༌། །ཆུ་ཟླ་འདྲ་བར་གང་གིས་ ༄༅། །རྟོགས་གྱུར་པ། །བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །ཆོས་རྣམས་སྣ་ཚོགས་འཇའ་དང་འདྲ་བ་དང༌། ། གར་མཁན་ཚོན་འདྲར་གང་གིས་རབ་རྟོགས་པ། །མི་གཡོ་བསོད་ནམས་གཏེར་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །གང་གིས་བསྐལ་པ་བརྒྱ་ ཕྲག་མང་པོར་ནི། །ཐུགས་རྗེའི་ཐུགས་ཀྱི་ཚོགས་ཀུན་རྫོགས་མཛད་པ། །དྲི་མེད་ཟླ་ཞལ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །བྱང་ཆུབ་སེམས་ དཔའ་བྱེ་བ་བརྒྱ་མང་དང༌། །ལྷ་ཡི་ཚོགས་ཀྱིས་དེ་བཞིན་གང་མཆོད་པ། །གཏི་མུག་མུན་བྲལ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །གང་གིས་ མཆོག་གི་ཆོས་ཀྱི་གཏེར་བརྙེས་ཤིང༌། །ཐུགས་རྗེ་ཉིད་ཀྱིས་འཇིག་རྟེན་དག་ལ་བཏང༌། །མཉམ་མེད་ཕན་མཛད་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ ལྷགས༑ ༑གང་ཞིག་ཐུགས་ཞི་རྟག་པར་བྱམས་པའི་ཡིད། །པདྨ་ཆུས་ལྟར་ཉོན་མོངས་མ་གོས་པ། །ཡོན་ཏན་མཆོག་རབ་མངའ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ ལ་བདག་ཅག་ལྷགས། །མཚན་གྱི་མེ་ཏོག་རྒྱས་པ་ཡོངས་སུ་དག་པའི་སྐུ། །དཔེ་བྱད་བཟང་པོའི་འབྲུ་ཆགས་འགྲོ་བའི་འཚོ་བ་གང༌། །ཡལ་ག་མཐའ་ཡས་རིན་ཆེན་ཤིང་ ལ་ཕྱག་འཚལ་དུ། །བདག་ཅག་ཐམས་ཅད་ལྷན་ཅིག་མཆོད་པ་ཐོགས་ཏེ་ལྷགས། །ཚིགས་སུ་བཅད་པ་འདི་དག་བྱུང་མ་ཐག་ཏུ་དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་སྟན་ ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔོན་མ་ཐོས། སྔོན་མ་མཐོང་བའི་སྔ་ལྟས་གདའ་བ་འདི་དག་སུའི་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། ཤར་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་ གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ ཞེས་བྱ་བ་ད་ལྟར་བཞུགས་སོ། །འཚོའོ། །གཞེས་སོ། །ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་པ་དང༌། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་སྐྱེས་ ༄༅། །བུ་དམ་པ་དེ་ཉིད་དང་ལྷན་ཅིག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་པ་དེ་དག་གི་སྔ་ལྟས་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ ཅེས་བཀའ་སྩལ་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་བསྐོར་ཅིང་ མདུན་དུ་བདར་ཏེ་རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བཙལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་ བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་རྒལ་བ་པོ། །ཉོན་མོངས་རྒལ་ལ་ཕྱག་ འཚལ་ལོ། །ཐམས་ཅད་དུ་ཡང་ཐ་ལེ་སྟེ། །ཀུན་ནས་རབ་ཏུ་ལྷན་ནེར་བཞུགས། །ཀུན་ནས་རྣམ་པར་གྲོལ་བ་པོ། །ཕྱག་འཚལ་མི་མཚུངས་མཚུངས་མེད་ལ། །རབ་ཏུ་མི་སྒུལ་ རི་བོ་བཞིན། །གཏིང་ཚོད་ཡངས་པ་རྒྱ་མཚོ་འདྲ། །མུ་སྟེགས་ཀུན་ནས་མི་བསྐྱོད་པ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ལ་ལ་ལ་ནི་ལམ་ཡང་བསྟན། །ལ་ལ་ཡང་དག་ཉིད་ལ་བཀོད། །ལ་ལ་ཡང་དག་མྱ་ ངན་བཟླས། །ལ་ལ་བྱང་ཆུབ་ལུང་ཡང་བསྟན། །བག་ལ་ཉལ་དང་བསམ་པ་མཁྱེན། །ཁྱོད་ཀྱིས་མི་མཁྱེན་ཅི་ཡང་མེད། །དེ་ཕྱིར་འདུལ་བའི་བྱ་བ་རྣམས། །གཟིགས་པས་ཁྱོད་ ཀྱི་བཀའ་འགྲུབ་བོ། །བྱང་ཆུབ་སྙིང་པོར་བཞུགས་པ་ན། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དྲི་མ་སྣ་ཚོགས་གཞན་རྣམས་ཀྱང༌། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །རྒལ་ ནས་སེམས་ཅན་རྣམས་སྒྲོལ་ཞིང༌། །གྲོལ་ནས་སྐྱེ་རྒུ་སྒྲོལ་མཛད་དེ། །སྲིད་པའི་མྱ་ངན་འཁྱམས་པ་ཡི། །འཇིག་རྟེན་ཚོལ་བ་ཁྱོད་ལགས་སོ། །སྲིད་པའི་བཙོན་རར་སེམས་ཅན་ དག །ཡུན་རིང་མི་ཤེས་གཉིད་ལོག་རྣམས། །སད་པར་མཛད་པ་མགོན་པོ་ཁྱོད། །གཉེན་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་སྲས་མཆོག་འདི་དག་ཀྱང༌། །ཐམས་ཅད་བྱང་ཆུབ་ སླད་དུ་ཞུགས། །དམ་པའི་ཆོས་ནི་ཉན་འཚལ་ན། །འདྲེན་པས་དེ་དག་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ་པདྨའི་སྙིང་པོ་ལ་ཕྱོགས་གཅིག་ཏུ་འདུག་གོ །བྱང་ཆུབ་སེམས་ ༄༅། །དཔའ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་གནང་ནས་པདྨའི་སྙིང་པོ་ལ་སོ་སོ་ཅི་རིགས་པར་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ སྐབས་ཕྱེ་ན། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་ གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་རྟག་ཏུ་སྐབས་ཕྱེའི། དེ་བཞིན་གཤེགས་པ་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། དྲིས་པ་ལུང་བསྟན་པ་དེ་དང་དེ་ཉིད་ཀྱིས་ངས་ཁྱོད་ ཀྱི་སེམས་རངས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ ལགས༑ ཇི་ལྟར་ན། བཟོད་པ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། བརྩོན་འགྲུས་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། བསམ་གཏན་ཕུན་སུམ་ཚོགས་པ་རྣམས་ ལགས༑ ཇི་ལྟར་ན། ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། ཐབས་མཁས་པ་རྣམས་ལགས། ཇི་ལྟར་ན། སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ ན༑ སྟོབས་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ས་དང་མཚུངས་པ་ རྣམས་ལགས། ཇི་ལྟར་ན། ཆུ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན། མེ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན། རླུང་མར་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན། ནམ་ མཁའ་དང་མཚུངས་པ་རྣམས་ལགས། ཇི་ལྟར་ན། ཟླ་བ་ལྟ་བུ་རྣམས་ལགས། ཇི་ལྟར་ན། ཉི་མ་ལྟ་བུ་རྣམས་ལགས། ཇི་ལྟར་ན། སེངྒེ་ལྟ་བུ་རྣམས་ལགས། ཇི་ལྟར་ན། དུལ་བ་ རྣམས་ལགས། ཇི་ལྟར་ན། ཅང་ཤེས་པ་རྣམས་ལགས། ཇི་ལྟར་ན། པདྨ་ལྟ་བུ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་རྒྱ་ཆེ་བ་རྣམས་ལགས། ༄༅། །ཇི་ལྟར་ན། སེམས་རྣམ་པར་དག་པ་རྣམས་ལགས། ཇི་ལྟར་ན། སེམས་ནེམ་ནུར་མ་མཆིས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་བློ་རྒྱ་མཚོ་ལྟ་བུ་རྣམས་ལགས། ཇི་ལྟར་ན། བློ་ཞི་བ་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རིག་པའི་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ ན༑ གྲོལ་བའི་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ན། རྣམ་པར་དག་པའི་སྤོབས་པ་ཅན་རྣམས་ལགས། ཇི་ལྟར་ན། སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་སྤོབས་པ་ཅན་ རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཚིག་གཟུང་བ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་བརྗོད་ རྣམས་ལགས། ཇི་ལྟར་ན། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལགས། ཇི་ལྟར་ན། ཆོས་ཀྱི་དབྱིངས་ལ་མཁས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་ སེམས་དཔའ་སྟོང་པ་ཉིད་སྤྱོད་ཡུལ་བ་རྣམས་ལགས། ཇི་ལྟར་ན། མཚན་མ་མེད་པ་ལ་གནས་པ་རྣམས་ལགས། ཇི་ལྟར་ན། སྨོན་ལམ་ལ་གནས་པ་ཐམས་ཅད་དང་བྲལ་བ་རྣམས་ ལགས༑ ཇི་ལྟར་ན། བྱམས་པའི་བདག་ཉིད་ཅན་རྣམས་ལགས། ཇི་ལྟར་ན། སྙིང་རྗེའི་བདག་ཉིད་ཅན་རྣམས་ལགས། ཇི་ལྟར་ན། དགའ་བ་ལ་གནས་པ་རྣམས་ལགས། ཇི་ལྟར་ ན༑ བཏང་སྙོམས་ལ་གནས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་རྣམ་པར་རོལ་པ་རྣམས་ལགས། ཇི་ལྟར་ན། མི་ཁོམ་པ་བརྒྱད་རྣམ་ པར་སྤངས་པ་རྣམས་ལགས། ཇི་ལྟར་ན། བྱང་ཆུབ་ཀྱི་སེམས་ཀྱི་མ་སྟོར་བ་རྣམས་ལགས། ཇི་ལྟར་ན། སྐྱེ་བ་དྲན་པ་རྣམས་ལགས། ཇི་ལྟར་ན། དགེ་བའི་བཤེས་གཉེན་དང་མ་བྲལ་ བ་རྣམས་ལགས། ཇི་ལྟར་ན། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་ཐོབ་ པར་འགྱུར་བ་རྣམས་ལགས། ཇི་ལྟར་ན། ལུས་རྡོ་རྗེ་ལྟར་སྲ་བ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོ་རྣམས་ལགས། ཇི་ལྟར་ན། ལམ་ ལ་མཁས་པ་རྣམས་ལགས། ཇི་ལྟར་ན། ལམ་ལ་ལོག་པར་སྤྱོད་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་མཉམ་པར་བཞག་ པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཕྱག་དར་ཁྲོད་པ་རྣམས་ལགས། ཇི་ལྟར་ན། ཆོས་གོས་གསུམ་པ་རྣམས་ལགས། ཇི་ལྟར་ན། ཕྱིང་པ་ཅན་ རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བསོད་སྙོམས་པ་རྣམས་ལགས། ཇི་ལྟར་ན། སྟན་གཅིག་པ་རྣམས་ལགས། ཇི་ལྟར་ན། ཟས་ཕྱིས་མི་ལེན་པ་ ༄༅། །རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགོན་པ་པ་རྣམས་ལགས། ཇི་ལྟར་ན། ཤིང་དྲུང་པ་རྣམས་ལགས། ཇི་ལྟར་ན། བླ་གབ་མེད་པ་ རྣམས་ལགས། ཇི་ལྟར་ན། དུར་ཁྲོད་པ་རྣམས་ལགས། ཇི་ལྟར་ན། ཙོག་པུས་རྣམས་ལགས། ཇི་ལྟར་ན། གཞི་ཇི་བཞིན་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་རྣལ་འབྱོར་སྤྱོད་པ་རྣམས་ལགས། ཇི་ལྟར་ན། མདོ་སྡེ་འཛིན་པ་རྣམས་ལགས། ཇི་ལྟར་ན། འདུལ་བ་འཛིན་པ་རྣམས་ལགས། ཇི་ལྟར་ན་མ་མོ་འཛིན་པ་རྣམས་ལགས། ཇི་ལྟར་ན། ཆོ་ག་དང༌། སྤྱོད་ཡུལ་དང༌། སྤྱོད་པ་དང༌། སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ལགས། ཇི་ལྟར་ན། སེར་སྣ་དང་ཕྲག་དོག་དང་བྲལ་བ་རྣམས་ལགས། ཇི་ལྟར་ན། སེམས་ཅན་ཐམས་ཅད་ལ་སེམས་ སྙོམས་པ་རྣམས་ལགས། ཇི་ལྟར་ན། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བགྱིད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན། ང་རྒྱལ་བཅོམ་པ་རྣམས་ལགས། ཇི་ལྟར་ན། དད་པ་མང་པ་རྣམས་ལགས། ཇི་ལྟར་ན། ཀུན་རྫོབ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན། དོན་དམ་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན། རྟེན་ཅིང་འབྲེལ་པ་འབྱུང་བ་ལ་མཁས་ པ་རྣམས་ལགས། ཇི་ལྟར་ན། བདག་ཤེས་པ་རྣམས་ལགས། ཇི་ལྟར་ན། འཇིག་རྟེན་ཤེས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་རྣམས་ལགས། ཇི་ལྟར་ན། མངལ་གྱི་དྲི་མས་མ་གོས་པར་སྐྱེ་བ་རྣམས་ལགས། ཇི་ལྟར་ན། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ལ་ ཇི་ལྟར་ན། འཚོ་བ་ཡོངས་སུ་དག་པ་རྣམས་ལགས། ཇི་ལྟར་ན། ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ལགས། ཇི་ལྟར་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བགྱིད་པ་རྣམས་ལགས། ཇི་ལྟར་ན། བཞིན་འཛུམ་ཞིང་ཁྲོ་གཉེར་མ་མཆིས་པ་རྣམས་ལགས། ཇི་ལྟར་ན། མང་དུ་ཐོས་པ་རྣམས་ལགས། ཇི་ལྟར་ན། དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ལགས། ཇི་ལྟར་ན། ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ལགས། ཇི་ལྟར་ན། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བས་བསུ་བ་རྣམས་ལགས། ཇི་ལྟར་ན། བསམ་པ་དང༌། བག་ལ་ཉལ་འཚལ་བ་རྣམས་ ལགས། ཇི་ལྟར་ན། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་ཆོ་ག་འཚལ་བ་རྣམས་ལགས། ཇི་ལྟར་ན། དེས་པ་རྣམས་ལགས། ཇི་ལྟར་ན། འགྲོགས་ན་བདེ་བ་རྣམས་ལགས། ཇི་ལྟར་ན། བསྡུ་བའི་དངོས་པོ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན། ཚུལ་དུ་ཤིས་པ་རྣམས་ལགས། ཇི་ལྟར་ན། གནས་བཅའ་བ་རྣམས་ལགས། ཇི་ལྟར་ན། རྩིའི་རྒྱལ་པོའི་ཤིང་ཆེན་པོ་ལྟ་བུ་རྣམས་ ལགས། ཇི་ལྟར་ན། བསོད་ནམས་བགྱི་བ་ལ་བརྩོན་པ་རྣམས་ལགས། ཇི་ལྟར་ན། སྤྲུལ་པ་ལ་མཁས་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དག ། ༄༅། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྒྲི་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ལེགས་སོ་ལེགས་སོ། །ཡང་རིགས་ཀྱི་བུ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང༌། དེ་ལྟར་དེ་བཞིན་གཤེགས་པ་ལ་ ཁྱོད་འདི་ལྟ་བུའི་དོན་འདྲི་བར་སེམས་པ་ལེགས་སོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས། ལེགས་ སོ༑ ༑ཞེས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ བུ༑ ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམ་སྦྱིན། མི་འཇིགས་ པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ལན་དུ་ཕན་འདོགས་པ་ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། སྙིང་ རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་བརྙས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། མཆོད་པ་དང་རིམ་གྲོའི་སྦྱིན་ པ་ཕུན་སུམ་ཚོགས་པ་རྣམས་ཡིན། མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་བཟང་ཟིང་མེད་པའི་སེམས་ཀྱིས་ཆོས་རྣམས་འཛིན་ཅིང་ཀུན་ཆུབ་པར་ བྱེད་དེ༑ རྙེད་པ་དང་བཀུར་སྟིའི་ཕྱིར་མ་ཡིན། ཤེས་ཀྱི་ཁེ་འདོད་པའི་ཕྱིར་མ་ཡིན། གྲགས་པ་འདོད་པའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་འདི་ལྟར་སེམས་ཅན་འདི་དག་གི་སྡུག་བསྔལ་ཐམས་ ཅད་ཇི་ལྟར་ཟད་པར་བྱ་སྙམ་སྟེ། ཆོས་དེ་དག་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་གཉིས་སུ་མེད་པར་གཞན་དག་ལའང་ཡང་དག་པར་སྟོན་ཏོ། །ཇི་ལྟར་རྒྱལ་པོའམ། བློན་པོ་ཆེན་པོ་ལ་ཡང་ དག་པར་སྟོན་པ་དེ་ལྟར་གདོལ་པའམ། གདོལ་བུ་ལའང་དག་པར་སྟོན་ན། དེ་མ་ཡིན་པ་གྲོང་རྡལ་གྱི་མི་དང༌། ཡུལ་གྱི་མི་གཞན་དག་ལྟ་ཅི་སྨོས། ཆོས་ཀྱི་སྦྱིན་པ་དེས་ཁེངས་པར་ཡང་མི་ འགྱུར་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་འཇིགས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ ༄༅། །ན༑ རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་བདག་གིས་དབྱིག་པ་བོར་བ་དང༌། མཚོན་ཆ་བོར་བ་ཡིན་ཏེ། གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་གཞོག་གོ། དེ་སེམས་ཅན་ཐམས་ཅད་ལ་པར་འདུ་ཤེས་པ་ཡིན། མར་འདུ་ཤེས་པ་ཡིན། བུར་འདུ་ཤེས་པ་ཡིན། གཉེན་བཤེས་སུ་འདུ་ཤེས་པ་ཡིན། ཉེ་དུའམ་སྣག་གི་གཉེན་མཚམས་དག་ ཀྱང་རུང་བར་འདུ་ཤེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་ཀྱང་སྐྱེ་བ་འཕོ་བ་དེ་དང་དེ་དག་ཏུ་སེམས་ཅན་གྱི་རིས་སུ་གང་ཁྱོད་ཀྱི་ཕའམ། མའམ༑ བུའམ། གཉེན་བཤེས་སམ། ཉེ་དུའམ། སྣག་གི་གཉེན་མཚམས་དག་གང་ཡང་རུང་བའི་གནས་སུ་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་མེད་དོ། །ཞེས་གསུངས་སོ་སྙམ་ནས་ དེ་སྲོག་ཆགས་སུ་གྱུར་པ་ཕྲ་མོའི་ཕྱིར་ཡང་བདག་གི་ཤ་དག་གིས་ཀྱང་ཕན་འདོགས་ན། སྲོག་ཆགས་ཆེན་པོ་པ་གཞན་ལ་ལྟ་ཅི་སྨོས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་འཇིགས་ པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ ཅན་གང་མི་དགེ་བའི་ལས་བྱེད་པ་རབ་ཏུ་མཐོང་ན། དེ་དག་ཟང་ཟིང་གིས་སྡུད་ཅིང༌། ཟང་ཟིང་གིས་བསྡུས་ནས་མི་དགེ་བའི་གནས་དེ་ནས་བསླང་སྟེ་དགེ་བའི་གནས་སུ་འགོད་དོ། །དེའང་ འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྦྱིན་པ་ནི། བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་མི་དགེ་བའི་ཆོས་ཕྲག་དོག་དང༌། སེར་སྣ་དང༌། ངན་སེམས་གསུམ་སྤངས་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་བས་ན། བདག་གིས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་ཅིང་སྦྱིན་པ་སྦྱིན་པར་བྱའོ། །སྙམ་སྟེ། དེ་སྦྱིན་པའང་སྦྱིན་ཞིང་སྦྱིན་ པ་དེས་ཁེངས་པར་ཡང་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཟང་ཟིང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས་པ་ལ་མི་རོ། བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པའང་འདོད་པའི་ཕྱིར་སྦྱིན་པ་མི་སྦྱིན། ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། དོན་གྱི་ཕྱིར་མ་ཡིན། གཡོག་ གི་ཕྱིར་མ་ཡིན། འཇིག་རྟེན་གྱི་ཚུལ་གྱིས་ཕྱིར་མ་ཡིན་གྱི། གཞན་དུ་ན་འདི་སྙམ་དུ་སེམས་ཏེ། གང་བྱང་ཆུབ་སེམས་དཔའ་སྦྱིན་པའི་ངང་ཚུལ་ཅན་དུ་འགྱུར་བ་འདི་ནི། ཆོས་ཉིད་ཡིན་ནོ་སྙམ་ སྟེ༑ དེ་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ཕན་བཏགས་པའི་ལན་དུ་ཕན་འདོགས་པ་ཐམས་ཅད་ལ་མི་རེ་བར་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལན་དུ་ཕན་འདོགས་པ་ ལ་མི་རེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ ༄༅། །སྡུག་བསྔལ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། གཅེར་བུ་དང༌། གོས་ངན་པ་དང༌། བགོ་བ་ངན་པ་དང༌། མགོན་མེད་པ་དང༌། དཔུང་གཉེན་མེད་པ་དང༌། སྐྱབས་ མེད་པ་དང༌། གནས་མེད་པ་དང༌། རྟེན་མེད་པ་ལྟ་བུའི་བསོད་ནམས་མེད་པ་དག་མཐོང་ན། དེ་དག་ལ་སྙིང་རྗེ་བའི་སེམས་རབ་ཏུ་བསྐྱེད་ཅིང༌། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གང་ དག་གི་ཕྱིར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ནི། སྡུག་བསྔལ་བ། མགོན་མེད་པ། དཔུང་གཉེན་མེད་པ། སྐྱབས་ མེད་པ༑ གནས་མེད་པ། རྟེན་མེད་པ་འདི་དག་ཡིན་ཏེ། ཀུན་ཏུ་འཁྱམས་ན་ནམ་ཞིག་བདག་སེམས་ཅན་དེ་དག་གི་མགོན་དང༌། དབུང་གཉེན་དང༌། སྐྱབས་དང༌། གནས་དང༌། རྟེན་དུ་ འགྱུར་སྙམ་ནས་དེ་སྙིང་རྗེ་རབ་ཏུ་མི་བཟོད་དེ། བདོག་པ་ཅི་ཡོད་པའི་དངོས་པོས་སེམས་ཅན་དེ་དག་ལ་ཕན་འདོགས་སོ། །ཕན་བཏགས་པའི་མོད་ལ་སྐྱེས་པའི་དགེ་བའི་རྩ་བ་དེས་ ཀྱང་ཁེངས་པར་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་བའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་བསྙེས་པའི་སྦྱིན་པ་ཕུན་སུམ་ ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བོར་བའི་སྦྱིན་པ་མི་སྦྱིན། བརྙས་ཤིང་སྦྱིན་པ་མི་སྦྱིན། གཤེ་ཞིང་སྦྱིན་པ་མི་སྦྱིན། ཉོན་མོངས་ཤིང་སྦྱིན་པ་མི་སྦྱིན། ཕྱུག་པས་རྒྱགས་ཤིང་དྲེགས་ཏེ་སྦྱིན་པ་མི་སྦྱིན། གྲགས་པ་འདོད་ཅིང་སྦྱིན་པ་མི་སྦྱིན། མང་དུ་ཐོས་པས་རྒྱགས་ཤིང་དྲེགས་པས་སྦྱིན་པ་མི་སྦྱིན་གྱི། ཅི་སྦྱིན་པ་དེའང་བསྟི་སྟང་དུ་བྱས་ཤིང་ སྦྱིན་པ་སྦྱིན་པར་བྱེད་དོ། །བཙུན་པར་བྱས་ཤིང་སྦྱིན་པ་སྦྱིན་པར་བྱེད་དོ། །རི་མོར་བྱས་ཤིང་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་བརྙས་པའི་སྦྱིན་པ་ཕུན་སུམ་ ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སློབ་དཔོན་དང༌། མཁན་པོ་དང༌། བླ་མ་ལྟ་བུ་དང༌། ཚངས་པ་ མཚུངས་པར་སྤྱོད་པ་དག་མཐོང་ན། ལུས་ཀྱིས་གུས་པ་དང་བཅས་པ་ཡིན། སེམས་ཀྱིས་རི་མོ་དང་བཅས་པ་ཡིན་ཏེ། དེས་གུས་པ་བསྐྱེད། རི་མོ་བསྐྱེད་ནས་གུས་པར་སྨྲ་བ་དང༌། ཕྱག་ འཚལ་བ་དང༌། བསུ་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པའི་ལས་དག་བྱེད་དོ། །དེ་དག་གི་དགེ་བ་དང་ལྡན་པའི་བྱ་བ་དེ་དང་དེ་དག་ལའང་གྲོགས་སུ་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་ དཔའ་བསྟི་སྟང་གི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་ རྒྱས་དང༌། ཆོས་དང༌། དགེ་འདུན་ལ་བྱ་བ་དག་བྱེད་དེ། ཇི་ལྟར་ན། སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང༌། དེ་བཞིན་གཤེགས་ ༄༅། །པའི་སྐུ་གཟུགས་ལ་སྤོས་དང༌། མེ་ཏོག་གམ། བདུག་གམ། བྱུག་པའམ། སྐྱང་ནུལ་ལམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་བཅོས་པ་དག་གིས་ ཏེ༑ དེ་ལྟར་ན། སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན། ཆོས་ལ་བྱ་བ་དང་བྱེད་ཅེས་ན། དེ་ཆོས་ཉན་ཏོ། །ཀློག་གོ། འཆང་ངོ༌། །ཡི་གེར་འབྲིའོ། །ཁ་ཏོན་བྱེད་དོ། །ཀུན་ཆུབ་པར་བྱེད་དོ། ། སེམས་སོ། །མ་ལོག་པར་སྒོམ་པའི་སྦྱོར་བས་གོམས་པར་བྱེད་དེ། དེ་ལྟར་ན། ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན། དགེ་འདུན་ལ་བྱ་བ་དག་བྱེད་ཅེས་ན། དེ་གོས་དང༌། བསོད་སྙོམས་ དང༌། མལ་ཆ་དང༌། ན་བའི་རྐྱེན་སྨན་དང༌། ཡོ་བྱད་རྣམས་དང༌། ཆུང་དུ་ན་ཆུ་གྲང་མོ་ཁྱོར་གང་ཙམ་ཡང་དགེ་འདུན་ལ་འབུལ་ཏེ། དེ་ལྟར་ན། དགེ་འདུན་ལ་བྱ་བ་དག་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན། སྦྱིན་པ་འདིས་བདག་ལྷའམ་ལྷ་ལ་ལ་ཞིག་ཏུ་ཤོག་ཅིག་ཅེསཱམ། རྒྱལ་པོའམ་རྒྱལ་པོ་ལ་ལ་ཞིག་ཏུ་ཤོག་ཅིག་ཅེས་དེ་ལྟར་སེམས་མི་ སྐྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་གནས་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་འདི་དག་ཇི་སྐད་དུ་བཤད་པ་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། སྦྱིན་པ་ཅི་དང་ཅི་སྦྱིན་ཡང་སྦྱིན་པ་དེ་དང་དེ་ ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ནོ། །དེ་དེ་ལྟར་སོ་སོར་རྟོག་པས་གང་འདི་སྦྱིན་པའི་སྙེས་པ་དང༌། སྦྱིན་པའི་དྲི་མ་དང༌། སྦྱིན་པའི་བར་དུ་གཅོད་པ་དེ་དག་མི་འབྱུང་སྟེ། དེ་ལྟར་སྦྱིན་ རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་ སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་ ཐར་པའི་སྡོམ་པས་བསྡམས་པ་རྣམས་ཡིན། བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་རྣམས་ཡིན། ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་གཟུང་བ་དང་བྲལ་བ་ རྣམས་ཡིན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་རྣམས་ཡིན། ལས་ཀྱིས་འཇིགས་པ་རྣམས་ཡིན། ཁ་ན་མ་ཐོ་བས་འཇིགས་པ་རྣམས་ཡིན། འཇིགས་པར་ལྟ་བ་ རྣམས་ཡིན། ཡང་དག་པར་བླངས་པ་ལ་བརྟན་པ་རྣམས་ཡིན། མི་གནས་པའི་ཚུལ་ཁྲིམས་པ་རྣམས་ཡིན། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་པ་རྣམས་ཡིན་ནོ། ། ༄༅། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་ གཤེགས་པས་མདོ་སྡེའམ། འདུལ་བའམ། གནས་གང་ཡང་རུང་བ་ལ་ལ་དག་ཏུ་བསླབ་པའི་གནས་འདི་དག་གང་བཅས་པ་དེ་དག་སྟོན་པས་བསྟན་པའི་སྙམ་དུ་སེམས་ཏེ། གནས་དེ་དང་དེ་དག་ལ་ཤིན་ཏུ་ལེགས་པར་སློབ་ཀྱི། རིགས་ལ་འདོད་ཆགས་བསམ་ཡིན། ལྟ་བ་ལ་འདོད་ཆགས་པས་མ་ཡིན། འཁོར་བ་ལ་འདོད་ཆགས་པས་མ་ཡིན། གང་ ཟག་གི་སྐྱོན་གྱི་ཕྱིར་བསླབ་པའི་གནས་དེ་དང་དེ་དག་ལ་རི་མོ་མེད་པ་མ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་ ནི༑ བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་ དཔའི་ཡང་དག་པར་སྤྱད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་འདི་དག་གང་བཅས་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ། །ཞེས་རྣམ་པར་དཔྱོད་དོ། །བྱང་ཆུབ་སེམས་ དཔའི་ཡང་དག་པར་སྤྱད་པ་དེ་དག་ནི། གང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་དེ་རྣམས་ཀྱང་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་རྣམས་དད་པར་ འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར་མི་སྨྲ་བ་ཡིན། དུས་མི་ཤེས་པ་མ་ཡིན། ཡུལ་མི་ཤེས་པ་མ་ཡིན། ཚོད་མི་ཤེས་པ་མ་ཡིན་ཏེ། དེ་ སེམས་ཅན་དེ་རྗེས་སུ་བསྲུང་བ་དང༌། བདག་གི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་ཤིང་འཇམ་དཔར་སྨྲ་བ་དང༌། དལ་བུས་སྨྲ་བ་དང༌། འདུ་འཛི་ མི་མང་བ་དང༌། རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང༌། བཞིན་གྱི་མདངས་རབ་ཏུ་དང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་མདོ་སྡེ་དེ་དང་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ བསླབ་པའི་གནས་འདི་དག་གང་བཅས་པའི་གནས་དེ་དག་ལ་གུས་པར་བྱེད་པ་ཡིན། བརྩོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པའི་ སྡོམ་པས་བསྡམས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་གདུང་བ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་ ༄༅། །ཡོངས་སུ་གདུང་བའམ། ཞེ་སྡང་གི་ཡོངས་སུ་གདུང་བའམ། གཏི་མུག་གི་ཡོངས་སུ་གདུང་བའམ། ཉོན་མོངས་པའི་ཡོངས་སུ་གདུང་བ་གང་ཡང་རུང་བ་ལ་ལའམ། ཡོ་ བྱད་ཀྱིས་ཕོངས་པའི་ཡོངས་སུ་གདུང་བ་གང་ཡང་རུང་བ་ལ་ལས་ཡོངས་སུ་གདུང་བར་མི་འགྱུར་ཏེ། དེ་འདོད་ཆགས་ཀྱི་གཉེན་པོ་ལ་རྟེན་ཅིང་འདོད་ཆགས་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤང་ ངོ༌། །འདོད་ཆགས་ཀྱི་གཉེན་པོ་དེ་ནི། གང༌། འདོད་ཆགས་སྐྱེ་བའི་རྐྱེན་དེ་དག་ནི། གང་ཞེ་ན། མི་སྡུག་པ་སྒོམ་པ་ནི། འདོད་ཆགས་ཀྱི་གཉེན་པོའོ། །ཡུལ་གྱི་བཟང་མོ་ནི། འདོད་ ཆགས་སྐྱེ་བའི་རྐྱེན་ཏེ། མི་སྡུག་པ་སྒོམ་པ་དེ་གང་ཞེ་ན། འདི་ལྟ་སྟེ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་ དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། མཆིན་པ་དང༌། གློ་བ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ཕོ་བ་དང༌། སུལ་མང་དང༌། ལོང་ཀ་དང༌། ལྒང་པ་དང༌། མཚེར་པ་དང༌། ཕྱི་ས་ དང༌། མཆི་མ་དང༌། རྡུལ་དང༌། སྣབས་དང༌། ངར་སྣབས་དང༌། ཞག་དང༌། ཆུ་སེར་དང༌། རྐང་དང༌། ཚིལ་དང༌། མཁྲིས་པ་དང༌། བད་ཀན་དང༌། རྣག་ཁྲག་དང༌། ཀླད་པ་དང༌། ཀླད་རྒྱས་དང༌། གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ། ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་བྱིས་པ། བླུན་པོ། མི་ གསལ་བ། མི་མཁས་པ་དེའང་དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱི་སེམས་མི་སྐྱེད་ན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་མི་སྡུག་པ་སྒོམ་པ་མེད་པ་ཡིན་ནོ། །ཡུལ་གྱི་བཟང་མོ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཆགས་པར་འགྱུར་བའི་བུད་མེད་གཟུགས་བཟང་བ། ཡིད་དུ་འོང་བ། མཛེས་པ། མིག་ཏུ་སྡུག་པ། སེམས་འཕྲོག་པ་མཐོང་ཡང་དེས་དེ་ལྟ་བུ་དག་མཐོང་ན་འདི་ལྟར་ཡོངས་སུ་རྟོག་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ཡུལ་ནི། རྨི་ལམ་དང་འདྲ་བ་དག་སྟེ། བྱུང་ནས་མེད་པར་ འགྱུར་བ་ཡིན་ན། མཁས་པའི་རང་བཞིན་ཅན་སུ་ཞིག་རྨི་ལམ་ལྟ་བུའི་ཡུལ་དག་ལ་འདོད་ཆགས་སྐྱེད་པར་བྱེད་ཅེས་གསུངས་སོ་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འདོད་ཆགས་ ཀྱི་གཉེན་པོ་ལ་རྟེན་ཅིང་འདོད་ཆགས་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་ངོ༌། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཞེ་སྡང་གི་གཉེན་པོ་ལ་རྟེན་ཅིང་ཞེ་སྡང་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་ ཞེ་ན༑ འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་པ་མང་བ་ཡིན་ཏེ། དེ་གཞི་གང་དང༌། རྒྱུ་གང་དང༌། རྐྱེན་གང་གིས་ཁྲོ་ཞིང་གནོད་སེམས་སུ་འགྱུར་བ་དང༌། འཁོན་དུ་འཛིན་ པར་འགྱུར་བའི་རྒྱུ་དེ་དག་དང༌། རྐྱེན་དེ་དག་ཡོངས་སུ་སྤངས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཞེ་སྡང་གི་གཉེན་པོ་ལ་རྟེན་ཅིང་ཞེ་སྡང་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་བ་ཡིན་ནོ། །ཇི་ ༄༅། །ལྟར་ན༑ བྱང་ཆུབ་སེམས་དཔའ་གཏི་མུག་གི་གཉེན་པོ་ལ་རྟེན་ཅིང་གཏི་མུག་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་ཞེ་ན། དེ་དེ་ལྟར་ཡོངས་སུ་རྟོག་པས་གཏི་མུག་ དང་བྲལ་བར་འགྱུར་རོ། །གཏི་མུག་དང་བྲལ་བས་འདོད་པ་མ་འབྱོར་ཏམ། ཡོ་བྱད་མ་འབྱོར་ཀྱང་ཡོངས་སུ་ཡི་ཆད་པ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཐམས་ ཅད་ཀྱི་ཡོངས་སུ་གདུང་བ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ གཅིག་པུ་ལྐོག་ཏུ་སོང་སྟེ་རབ་ཏུ་དབེན་པ་ལ་གནས་ཤིང་འདི་ལྟར་བདག་ནི། མ་འདྲེས་པར་གནས་པ་སྟེ། བདག་ནི། རབ་ཏུ་དབེན་པ་ན་འདུག་པའོ། །བདག་ནི། དེ་བཞིན་གཤེགས་ པའི་ཆོས་འདུལ་བ་ལ་ཞུགས་པའོ། །དགེ་སྦྱོང་ངམ། བྲམ་ཟེ་གཞན་དག་ནི། ཀུན་ཀྱང་འདྲེས་པར་གནས་པ། འདུ་འཛི་མང་བ། དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལས་ཉམས་ པའོ་སྙམ་དུ་སེམས་མི་སྐྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལས་ཀྱིས་ འཇིགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་རྣམས་བསོད་ནམས་དག་གུས་པར་བྱའོ། །ཚུལ་ཁྲིམས་གུས་པར་སྲུང་ངོ༌།། ཤེས་རབ་གུས་པར་སྒོམ་མོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་གུས་པར་བྱས་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི། འདོད་པ་དང༌། འཐད་པ་དང༌། དགའ་བ་དང༌། ཡིད་དུ་འོང་བར་ཉམས་སུ་མྱོང་བར་ འགྱུར་རོ། །ཞེས་གསུངས་སོ་སྙམ་དུ་དཔྱོད་དོ། །དེ་དེ་ལྟར་མངོན་པར་ཡིད་ཆེས་པས་མི་དགེ་བའི་ཆོས་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེ་ལྟར་ན། ལས་ཀྱིས་འཇིགས་པ་ཡིན་ནོ། ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བས་འཇིགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་ཕྲ་མོ་ཙམ་དག་ལའང་འཇིགས་པར་ལྟ་ཞིང་སྡིག་པ་ཆུང་ དུའང་ཁྱད་དུ་མི་གསོད་པ་ཡིན་ཏེ། དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་རྣམས་དུག་ཆུང་དུས་ཀྱང་སྐྱེས་བུ་འཆི་བར་འགྱུར་རོ། །དགེ་སློང་རྣམས་དུག་ཆེན་པོས་ཀྱང་ སྐྱེས་བུ་འཆི་བར་འགྱུར་རོ། །དེ་བཞིན་དུ་སྡིག་པ་ཆེན་པོས་ཀྱང་ངན་སོང་རྣམས་སུ་ཕྱིན་པར་བྱེད་དོ། །སྡིག་པ་ཆུང་དུས་ཀྱང་ངན་སོང་རྣམས་སུ་ཕྱིན་པར་བྱེད་དོ། །ཞེས་གསུངས་སོ་སྙམ་ དུ་སེམས་ཏེ། དེ་དེ་ལྟར་ཡོངས་སུ་རྟོག་པས་ཁ་ན་མ་ཐོ་བས་འཇིགས་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བས་འཇིགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་འཇིགས་པར་ལྟ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་རྡལ་གྱི་མི་དང༌། ཡུལ་གྱི་མི་རྣམས་ཀྱིས་ཡིད་བརྟན་དུ་རུང་བ་ཡིན་ཏེ། ༄༅། །བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་རྡལ་གྱི་མི་དང༌། ཡུལ་གྱི་མི་རྣམས་བྱང་ཆུབ་སེམས་དཔའ་དེ་གཅིག་པུ་གཉིས་སུ་མེད་པ་ལ་འགྲོན་བུ་དང༌། གསེར་དང༌། ནོར་ བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་ལ་སོགས་པ་ནོར་དང༌། ཡོ་བྱད་ཀྱི་རྣམ་པ་དག་འདེམས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་བརྣབ་སེམས་ཀྱང་མི་སྐྱེད་ དོ༑ ༑གལ་ཏེ་བྱང་ཆུབ་སེམས་དཔའ་མཆོད་རྟེན་གྱིའམ། དགེ་འདུན་གྱི་དངོས་པོའི་ཕྱིར་ལས་སུ་བསྐོས་ནས་ཡང་དངོས་པོ་དེས་ཀྱང་ཉེ་བར་མི་འཚོ་སྟེ། དེ་འདི་སྙམ་དུ་སེམས་ཤིང་ བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔས་ནི། བདག་གི་ལུས་ལས་ཤ་ཟོས་ཀྱང་བླའི། གཞན་གྱི་ཟས་སམ། སྐོམ་མམ། ཡོ་བྱད་ཀྱི་རྣམ་པ་གང་ཅིའང་རུང་བ་དག་མ་ བྱིན་ལ༑ མ་གནང་བར་སྤྱད་པ་ནི། མི་རུང་ངོ༌། །ཞེས་གསུངས་སོ་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཇིགས་པར་ལྟ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ ཡང་དག་པར་བླངས་པ་ལ་བརྟན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གཙེས་སམ། ནོར་དང༌། འཁྲིག་པའི་ཡན་ལག་ གིས་བརྗོད་ཀྱང་མི་གཡོ་མི་འགྱུར་ཞིང་ཉམས་པར་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་བླངས་པ་ལ་བརྟན་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་མི་གནས་པའི་ཚུལ་ཁྲིམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྲུང་ན། ཚུལ་ཁྲིམས་འདིས་བདག་ལྷར་ཤོག་ཅིག་ཅེའམ། ལྷ་ལ་ལར་ཤོག་ཅིག་ཅེའམ། རྒྱལ་ པོར་ཤོག་ཅིག་ཅེའམ། རྒྱལ་པོ་ལ་ལར་ཤོག་ཅིག་ཅེས་སེམས་མི་བསྐྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལུས་ཀྱིས་ཡོངས་སུ་དག་པ་ཡིན། ངག་དང༌། ཡིད་ཀྱིས་ཡོངས་ སུ་དག་པ་ཡིན་ཏེ། ཇི་ལྟར་ན། ལུས་ཀྱི་ཡོངས་སུ་དག་པ་ཡིན་ཞེ་ན། དེ་གང་ལུས་ཀྱི་ངན་དུ་སྤྱོད་པ་འདི་དག་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། ལུས་ཀྱི་ངན་དུ་སྤྱོད་པ་དེ་དག་ཀྱང་ གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་སྟེ། དེ་ལྟར་ན། ལུས་ཀྱིས་ཡོངས་སུ་དག་པ་ཡིན་ནོ། །ཇི་ལྟར་ན། ངག་གིས་ཡོངས་ སུ་དག་པ་ཡིན་ཞེ་ན། དེ་གང་འདི་དག་ངག་གི་ངན་དུ་སྤྱོད་པ་དེ་དག་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། ངག་གི་ངན་དུ་སྤྱོད་པ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་ དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། ཚིག་ཀྱལ་པ་སྟེ། དེ་ལྟར་ངག་གིས་ཡོངས་སུ་དག་པ་ཡིན་ནོ། །ཇི་ལྟར་ན། ཡིད་ཀྱིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་གང་འདི་དག་ཡིད་ཀྱི་ངན་དུ་ ༄༅། །སྤྱོད་པ་དེ་དག་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། ཡིད་ཀྱི་ངན་དུ་སྤྱོད་པ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་ པར་ལྟ་བའོ། །དེ་ལྟར་ན། ཡིད་ཀྱི་ཡོངས་སུ་དག་པ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་ཅན་ཡིན་ནོ། །རིགས་ ཀྱི་བུ༑ ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཟོད་ པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ནང་གི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཕྱིའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན། ཆོས་ཀྱི་བཟོད་ པ་ཕུན་སུམ་ཚོགས་པ་རྣམས་ཡིན། སངས་རྒྱས་ཀྱིས་གནང་བའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཉི་ཚེ་བ་མ་ཡིན་པའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཐ་ དད་མེད་པའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། དགོས་པ་ལ་མི་ལྟ་བའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། རྣམ་པར་མི་འཁྲུགས་པའི་བཟོད་པ་ཕུན་སུམ་ཚོགས་ པ་རྣམས་ཡིན། སྙིང་རྗེའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། དམ་བཅས་པ་ལས་སྒྲོལ་བར་བྱེད་པའི་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན། རིགས་ཀྱི་བུ། དེ་ལ་ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་ནང་གི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་གང་འདི་དག་ནང་གི་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་ བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་དེ་དག་བཟོད་ཅིང་དང་དུ་ལེན་ལ་ཡོངས་སུ་ཡི་མི་ཆད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ནང་གི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ ལྟར་ན༑ བྱང་ཆུབ་སེམས་དཔའ་ཕྱིའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མ་ལས་སྨོས་པའམ། ཕ་ལས་སྨོས་པའམ། ཉེ་དུ་ལས་སྨོས་པའམ། མཁན་པོ་ལས་སྨོས་པའམ། སློབ་དཔོན་ལས་སྨོས་པའི་ཚིག་གི་ལན་ངན་དུ་བརྗོད་པ་དང༌། ངན་དུ་སྨྲས་པ་ཕ་རོལ་ལས་ཐོས་སམ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ལ་མི་ སྙན་པར་བརྗོད་པ་ཐོས་ན། མི་ཁྲོ་ཞིང་གནོད་པར་མི་སེམས་ལ་འཁོན་དུ་མི་འཛིན་ཏེ། དེ་བཟོད་ཅིང་དང་དུ་ལེན་ལ་གནོད་སེམས་མི་མང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ ཕྱིའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་འདི་དག་མདོ་སྡེ་ ཟབ་མོ་ཟབ་མོ་དག་ལས་དེ་བཞིན་གཤེགས་པས་ཆོས་བསྟན་པ་རྒྱུད་ཆད་པ། མཚམས་སྦྱོར་བ་ལས་རྣམ་པར་གྲོལ་བ་བསྡུར་མེད་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ཐོག་མ་ནས་ཞི་བའོ།། ༄༅། །ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པའོ། །ཞེས་བསྟན་པ་དེ་དག་ཐོས་ཀྱང་མི་འཇིགས། མི་དངང༌། སྐྲག་པར་མི་འགྱུར་ཏེ། ཆོས་འདི་ དག་མ་ཤེས་མ་ཐོས་པར་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་མི་ནུས་སོ། །སྙམ་དུ་སེམས་ཏེ། དེའི་ཕྱིར་གང་ཆོས་འདི་དག་འཛིན་པ་དང༌། སེམས་ པ་དང༌། སྒོམ་པ་དང༌། ཡོངས་སུ་ཀློག་པ་དང༌། མོས་པ་འདི་ནི། ཆོས་ཀྱི་བཟོད་པ་ཞེས་བྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས་གནང་བའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཁྲོ་བའི་བསམ་པ་སྐྱེས་སམ། གནོད་སེམས་ཀྱི་བསམ་ པ་སྐྱེས་ན། འདི་ལྟར་ཁྲོ་བ་འདི་གང་ནས་བྱུང༌། གང་དུ་འགག །གང་ལས་འབྱུང༌། ཇི་ལྟར་འབྱུང༌། ཅིའི་དོན་དུ་འབྱུང་ཞེས་ཡོངས་སུ་རྟོག་སྟེ། དེས་དེ་ལྟར་ཡོངས་སུ་བརྟགས་ན། ཁྲོ་ བའི་སྐྱེ་བའང་ཡང་དག་པར་རྗེས་སུ་མི་མཐོང༌། འགག་པའང་ཡང་དག་པར་རྗེས་སུ་མི་མཐོང༌། གང་ལ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང༌། ཇི་ལྟར་སྐྱེ་བ་དེའང་ཡང་དག་པར་རྗེས་སུ་ མི་མཐོང༌། རྐྱེན་གང་གིས་སྐྱེ་བ་དེའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་དེའི་ཕྱིར་བཟོད་ཅིང་དང་དུ་ལེན་ལ་ཀུན་ནས་ལྡང་བ་མི་མངའ་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་ དཔའ་སངས་རྒྱས་ཀྱིས་གནང་བའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉི་ཚེ་བ་མ་ཡིན་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་ དཔའ་ནི། ཉིན་པར་བཟོད་ལ་མཚན་མོ་མི་བཟོད་པའམ། མཚན་མོ་བཟོད་ལ་ཉིན་པར་མི་བཟོད་པའམ། བདག་གི་ཡུལ་ན་བཟོད་ལ་གཞན་གྱི་ཡུལ་ན་མི་བཟོད་པའམ། གཞན་གྱི་ཡུལ་ན་བཟོད་ ལ་བདག་གི་ཡུམ་ན་མི་བཟོད་པའམ། བཤེས་པ་ལ་བཟོད་ལ་མི་བཤེས་པ་ལ་མི་བཟོད་པའམ། མི་བཤེས་པ་ལ་བཟོད་ལ་བཤེས་པ་ལ་མི་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི། དུས་ཐམས་ཅད་དུའང་བཟོད། ཡུལ་ཐམས་ཅད་དུའང་བཟོད། ཐམས་ཅད་ལའང་བཟོད་པ་ཡིན་ཏེ། འདི་ནི། བྱང་ཆུབ་སེམས་དཔའི་ཉི་ཚེ་བ་མ་ཡིན་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ།། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཐ་དད་པ་མེད་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཕ་དང༌། མ་དང༌། བླ་མ་དང༌། བུ་དང༌། བུ་མོ་དང༌། ཆུང་མ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ལ་བཟོད་ལ། གཞན་ལ་མི་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི། ཐ་ན་གདིལ་པ་གཞོན་ནུ་ཡན་ཆད་ལའང་བཟོད་དེ། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་ཐ་དད་པ་མེད་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགོས་པ་ལ་མི་ལྟ་བའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ ༄༅། །ཆུབ་སེམས་དཔའ་དོན་གྱི་ཕྱིར་བཟོད་པ་མ་ཡིན། འཇིགས་པའི་ཕྱིར་མ་ཡིན། ཕན་ཐོགས་སུ་རེ་བའི་ཕྱིར་མ་ཡིན། འཇིག་རྟེན་གྱི་ཚུལ་གྱིས་མ་ཡིན་ནོ། །ངོ་ཚ་ བས་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི། རྟག་པར་ཡང་བཟོད་པ་མང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དགོས་པ་ལ་མི་ལྟ་བའི་བཟོད་པ་ཕུན་སུམ་ཚོགས་པ་ ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམ་པར་མི་འཁྲུག་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནམ་དེ་ལ་ཁྲོ་བ་སྐྱེད་པའི་རྐྱེན་གང་གིས་ ཟིལ་གྱིས་ནོན་ན། ཁུ་ཚུར་གྱིས་འཚོག་པར་འགྱུར་བའམ། ཐལ་མོས་འཚོག་པར་འགྱུར་བའམ། དབྱིག་པས་རྡེག་པར་འགྱུར་བའམ། མཚོན་གྱིས་འདེབས་པར་འགྱུར་བའམ། མི་གཙིགས་པའི་ཚིག་གིས་ངན་དུ་བརྗོད་པར་འགྱུར་བ་དེ་ལྟ་བུའི་རྐྱེན་མ་བྱུང་གི་བར་དུ་བཟོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི། གལ་ཏེ་ལ་ལ་ཞིག་གིས་བརྡེགས་སམ། བསྡིགས་སམ། སྤྱོས་སམ། བརྒྱད་ན། དེ་ལ་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བདག་ཉིད་ཀྱིས་ལས་འདི་དག་བྱས་ཏེ་བདག་ཉིད་ལ་རྣམ་པར་སྨིན་པར་འགྱུར་རོ། །མས་མ་བྱས། ཕས་མ་བྱས། ཉེ་དུ་དང༌། སྣག་གི་གཉེན་མཚམས་གང་ཡང་རུང་བ་དག་གིས་མ་བྱས་ཏེ། ལས་འདི་དག་བདག་ཉིད་ཀྱིས་བྱས་པས། དེའི་ཕྱིར་བདག་ཉིད་ལ་རྣམ་པར་སྨིན་པར་ འགྱུར་གྱི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་རོ། །དེ་བཞིན་དུ་ནང་གི་ སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་རོ་སྙམ་དུ་སེམས་གཞག་པར་བྱའོ། །དེ་དེ་ ལྟར་མ་ལོག་པར་རྟོག་པས་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་རྣམ་པར་དཀྲུགས་ཀྱང་བཟོད། རྣམ་པར་མ་དཀྲུགས་ཀྱང་བཟོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམ་པར་མི་འཁྲུག་ པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རྒྱལ་པོའམ། བློན་པོ་ ཆེན་པོ་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་བདག་པོར་འགྱུར་ལ། དེ་ལ་སེམས་ཅན་གཞན་དེ་དག་གི་མི་སྙན་པར་བརྗོད་ཀྱང་རུང༌། ཀྱལ་ ཀྱང་རུང༌། གཙེས་ཀྱང་རུང་སྟེ། མི་ཁྲོ་ཞིང་གནོད་སེམས་སུ་མི་བྱེད་ལ། བདག་པོར་གྱུར་པ་ལྟ་བུར་མི་སྟོན་གྱི། གཞན་དུ་ན་དེ་འདི་སྙམ་དུ་སེམས་ཅན་འདི་དག་ནི། བདག་ཉིད་ཀྱིས་བཟུང་ བ་སྟེ༑ སེམས་ཅན་འདི་དག་ནི། བདག་ཉིད་ཀྱིས་ཡོངས་སུ་བསྐྱང་བར་བྱ་བ་ཡིན་ལ། དེ་ལྟར་ཡོངས་སུ་བསྲུང་བ་ན་བརླག་པར་བྱ་བ་ནི། བདག་གི་མི་ཆའོ། །ཞེས་དེ་དེའི་ཕྱིར་སྙིང་རྗེའི་སེམས་ཉེ་ ༄༅། །བར་བཞག་སྟེ་བཟོད་ཅིང་དང་དུ་ལེན་ལ་གནོད་སེམས་མི་མང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དམ་བཅས་པ་ལས་སྒྲོལ་བའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྤྱན་སྔར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་ཏེ་འཁོར་བའི་རྒྱ་མཚོའི་འདམ་དུ་བྱིད་བའི་སེམས་ཅན་རྣམས་བསྒྲལ་བར་བགྱིའོ། །ཞེས་སེངྒེའི་སྒྲ་བསྒྲགས་ཀྱི། དེ་ལྟར་ན། སེམས་ཅན་ཐམས་ཅད་བསྒྲལ་བ་དང༌། སེམས་ཅན་ཐམས་ཅད་དགྲོལ་བ་དང༌། སེམས་ཅན་ཐམས་ཅད་དུལ་བ་དང་ཞི་བ་ལ་རབ་ཏུ་བཀོད་པར་བརྩོན་པ་ལ་བདག་ཉིད་ཁྲོ་བ་མང་བ་དང༌། གནོད་སེམས་མང་བ་དང༌། མི་བཟོད་ པ་མང་བ་དང༌། ཕོག་སྙ་བྱེད་པ་ནི། བདག་གི་མི་ཆའོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྨན་པ་ཐུར་མ་ཅན་ཞིག་ཡོད་ལ། སེམས་ཅན་རྣམས་ཀྱང་རབ་རིབ་ ཀྱིས་ལྡོངས་པར་གྱུར་ནས་སྨན་པ་དེས་འདི་སྙམ་དུ་བདག་གིས་སེམས་ཅན་འདི་དག་གི་རབ་རིབ་ཀྱི་སྐྱོན་བསལ་བར་བྱའོ། །ཞེས་བསམ་ལ། དེ་ནས་སྨན་པ་དེ་བདག་ཉིད་ཀྱང་ལྡོངས་ པར་གྱུར་ན། རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། ཇི་ག་སྨན་པ་དེས་སེམས་ཅན་དེ་དག་གི་རབ་རིབ་ཀྱི་སྐྱོན་ཐམས་ཅད་བསལ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས། དེ་མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟར་འཇིག་རྟེན་མི་ཤེས་པའི་རབ་རིབ་ཀྱིས་ལྡོངས་པའི་གཏི་མུག་གི་དྲི་མ་ ཤེས་རབ་ཀྱི་མིག་གིས་བསལ་བར་འདོད་ལ། བདག་ཉིད་ཀྱང་མི་ཤེས་པའི་རབ་རིབ་ཀྱིས་ལྡོངས་ན་བདག་གི་མི་ཆའོ་སྙམ་དུ་སེམས་ཏེ། དེ་དེའི་ཕྱིར་བཟོད་ཅིང་དང་དུ་ལེན་ལ་གནོད་སེམས་ མི་མང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དམ་བཅས་པ་ལས་སྒྲོལ་བར་བྱེད་པའི་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ ཆུབ་སེམས་དཔའ་བཟོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན། བམ་པོ་གཉིས་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་ དཔའ་བརྩོན་འགྲུས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་ལྟ་བུའི་བརྩོན་འགྲུས་ཅན་རྣམས་ཡིན། མི་འཕྲོག་པའི་བརྩོན་འགྲུས་ཅན་རྣམས་ཡིན། མཐའ་ གཉིས་དང་བྲལ་བའི་བརྩོན་འགྲུས་ཅན་རྣམས་ཡིན། རླབས་པོ་ཆེའི་བརྩོན་འགྲུས་ཅན་རྣམས་ཡིན། འབར་བའི་བརྩོན་འགྲུས་ཅན་རྣམས་ཡིན། རྒྱུན་དུ་ཆུད་པའི་བརྩོན་འགྲུས་ཅན་ ༄༅། །རྣམས་ཡིན། རྣམ་པར་དག་པའི་བརྩོན་འགྲུས་ཅན་རྣམས་ཡིན། ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ཅན་རྣམས་ཡིན། མི་བརྙས་པའི་བརྩོན་འགྲུས་ཅན་རྣམས་ ཡིན༑ སྙེམས་པ་མེད་པའི་བརྩོན་འགྲུས་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། རྡོ་རྗེ་ལྟ་བུའི་བརྩོན་འགྲུས་ཅན་རྣམས་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་ཅན་ཕྱི་ཁམས་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བ་དང༌། མ་རྒལ་བ་བསྒྲལ་བ་དང༌། མ་གྲོལ་བ་དགྲོལ་བ་དང༌། དབུགས་མ་ཕྱིན་པ་དབུགས་ དབྱུང་བ་དང༌། མངོན་པར་རྫོགས་པར་སངས་མ་རྒྱས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡིན་ཏེ། དེ་དེ་ལྟར་བརྩོན་འགྲུས་བརྩམས་ཤིང་ གནས་པའི་དྲུང་དུ་བདུད་སྡིག་ཅན་འོངས་ནས་བྱང་ཆུབ་སེམས་དཔའ་དེ་ལ་རིགས་ཀྱི་བུ། འདི་ལྟ་བུའི་བརྩོན་འགྲུས་ཐོང་ཞིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ངས་ཀྱང་སེམས་ཅན་གྱི་ ཁམས་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བ་དང༌། མ་རྒལ་བ་བསྒྲལ་བ་དང༌། མ་གྲོལ་བ་དགྲོལ་བ་དང༌། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང༌། མངོན་ པར་རྫོགས་པར་སངས་མ་རྒྱས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བའི་ཕྱིར་བརྩོན་འགྲུས་འདི་ལྟ་བུ་བརྩམས་ཏེ། དེ་ནི། རྫུན་དང་འདྲིད་པའི་ཆོས་ཅན། བྱིས་པའི་སྐྱེ་བོ་ སླུ་བའོ༑ ༑རིགས་ཀྱི་བུ། ངས་ནི། སེམས་ཅན་བརྩོན་འགྲུས་བརྩམས་པ་གཅིག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་ ཤེས་སོ༑ ༑རིགས་ཀྱི་བུ། ངས་ནི། སེམས་ཅན་བྱེ་བ་དུ་མ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་ངས་ཤེས་ཀྱི། རིགས་ཀྱི་བུ། ཁྱོད་ཀྱིས་དེའི་ ཕྱིར་བརྩོན་འགྲུས་ཟློག་ཅིག །དོན་མེད་པར་ཉོན་མོངས་པ་ལ་སྟེན་པ་པོར་གྱུར་ཏ་རེ་ཞེས་དད་པ་དང་བྲལ་བར་བྱེད་ཅིང་ཀྱལ་ཀ་བྱེད་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུད་སེམས་ཏེ། ཀྱེ་ མ་འདི་ནི། བདུད་སྡིག་ཅན་བདག་ལ་ཀྱལ་ཀ་བྱེད་པར་འདོད་དོ་སྙམ་སྟེ། དེས་དེ་ལྟར་ཤེས་ནས་བདུད་སྡིག་ཅན་དེ་ལ་འདི་སྐད་དུ། སྡིག་ཅན། ཁྱོད་བྱ་བ་ཉུང་དུ་གྱིས་ཤིག །འཇིག་རྟེན་གྱི་ བསྐོ་ཤམ་གྱིས་ཁྱོད་ལ་ཅི་ཞིག་བྱ། སྡིག་ཅན། བཅོམ་ལྡན་འདས་ཀྱིས་ཀྱང་ལས་བདག་གིར་བྱ་བ་ནི། འཇིག་རྟེན་ཡིན་ཏེ། ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ། །ལས་ཀྱི་སྐྱེ་གནས་པའོ། །ལས་ ལ་རྟེན་པའོ། །ཞེས་གསུངས་ཏེ། སྡིག་ཅན། ཁྱོད་ཀྱང་ལས་བདག་གིར་བྱ་བ་ཡིན་ཏེ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་རྟེན་པ་ཡིན་གྱི། སྡིག་ཅན། ཁྱོད་གང་ནས་ འོངས་པའི་ལམ་ནས་སོང་ཞིག །ང་ལ་ཀྱལ་ཀ་བྱས་པས་ཁྱོད་ཡུན་རིང་པོར་དོན་མེད་པ་དང༌། གནོད་པ་དང༌། སྡུག་བསྔལ་བར་གྱུར་ཏ་རེ་ཞེས་བསྒོའོ། །བདུད་སྡིག་ཅན་དེའང་བདག་གི་སེམས་ནི། ༄༅། །སེམས་ཀྱི་ཚོར་བར་རིག་ནས་ཡིབས་ཡིབས་ཏེ་དེ་ཉིད་དུ་མི་སྣང་བར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་དམ། བདུད་ཀྱི་རིས་ཀྱི་ལྷ་ ཐམས་ཅད་ཀྱིས་ཀྱལ་ཀ་བྱས་ཏེ་དད་པ་དང་དབྲལ་བར་བྱས་ཀྱང་མི་འགྱུར། མི་འཛུམ། ཞུམ་པར་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་བརྩོན་འགྲུས་ཅན་ ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་འཕྲོག་པའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་རྣམ་པ་ཇི་ལྟ་བུས་ཡུན་རིང་ པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་གྲངས་སུའང་ཉེ་བར་མི་འགྲོ་།ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུའི་ བར་དུའང་ཉེ་བར་མི་འགྲོ་ན། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལྟ་ཅི་སྨོས་ཏེ། དེའི་སེམས་འབྱུང་བ་རེ་རེ་ལ་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ཡོངས་སུ་འཛིམ་ཅིང༌། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྤོང་བ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་འཕྲོག་པའི་བརྩོན་འགྲུས་ཅན་ ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཐའ་གཉིས་དང་བྲལ་བའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཧ་ཅང་བརྟུན་ངས་པའམ། ཧ་ཅང་ཞན་པའི་བརྩོན་ འགྲུས་མི་རྩོམ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་བརྟུན་ངས་པའི་བརྩོན་འགྲུས་ནི། ཡབ་ཡབ་པོར་འགྱུར། ཧ་ཅང་ཞན་པ་ནི། ལེ་ལོར་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཐའ་གཉིས་ དང་བྲལ་བའི་བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རླབས་པོ་ཆེའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་བརྩོན་འགྲུས་རྩོམ་ སྟེ༑ དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བར་བདག་གི་ལུས་ཀྱང་དེ་དང་འདྲ་བར་འགྱུར། གང་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་སྣང་བ་དང༌། འོད་འདོམ་གང་པ་དང༌། མཚན་ དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཐོགས་པ་མེད་ཅིང་མཐའ་ཡས་པ་དང༌། སངས་རྒྱས་ཀྱི་ཆེ་བ་ཉིད་དང༌། སངས་རྒྱས་ཀྱི་ཆེ་བ་ཁྱུ་མཆོག་དེའང་བདག་ལའང་ཡོད་ པར་འགྱུར་རོ། །ཞེས་བརྩོན་འགྲུས་རྩོམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རླབས་པོ་ཆེའི་བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འབར་བའི་བརྩོན་ འགྲུས་ཅན་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གསེར་རམ། ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ་ནི། ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། དེ་ནི། ཨ་ལ་ལ་ འབར་བའི་གསེར་རོ། །ཨ་ལ་ལ་འབར་བའི་ནོར་བུ་རིན་པོ་ཆེ་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱང་བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ་ ༄༅། །ཡིན་ནོ༑ ༑བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་དེ་དག་གང་ཞེ་ན། ལེ་ལོ་ནི། བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ནོ། །སྙོམ་ལས་ནི། བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ ནོ༑ ༑ཟས་ལ་ཚོད་མི་ཤེས་པ་ནི། བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ནོ། །བདག་མི་ཤེས་པ་ནི། བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ནོ། །ཚུལ་བཞིན་མ་ཡིན་པ་ནི། བརྩོན་འགྲུས་ཀྱི་དྲི་མ་དང་ སྐྱོན་ནོ༑ ༑འདུ་འཛི་ནི། བརྩོན་འགྲུས་ཀྱི་དྲི་མ་དང་སྐྱོན་ཏེ། དེ་དག་ནི། བརྩོན་འགྲུས་ཀྱི་དྲི་མ་དང༌། བརྩོན་འགྲུས་ཀྱི་སྐྱོན་ཞེས་བྱའོ། །དེ་དག་ནི། བྱང་ཆུབ་སེམས་དཔའ་ལ་མེད་ པ་ཡིན་ཏེ། དེའི་ཕྱིར་བརྩོན་འགྲུས་དེ་འབར་ཞིང་དྲི་མ་མེད་པ་དང༌། འོད་གསལ་ཞིང་ཡོངས་སུ་དག་པ་དང༌། ཡོངས་སུ་བྱང་བ་ཡིན་ནོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་འབར་བའི་ བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྒྱུན་དུ་ཆུད་པའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཐམས་ཅད་དུ་བརྩོན་ འགྲུས་རྩོམ་སྟེ། ཅི་ནས་ཀྱང་ལུས་སྐྱོ་བར་མི་འགྱུར་བ་དང༌། སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་རྩོམ་པ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྒྱུན་དུ་ཆུད་པ་ཞེས་བྱ་སྟེ། དེ་ ལྟར་ན༑ བྱང་ཆུབ་སེམས་དཔའ་རྒྱུན་དུ་ཆུད་པའི་བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་བརྩོན་འགྲུས་ཅན་ཡིན་ཞེ་ན། དེ་ལྟར་རྒྱུན་དུ་ ཆུད་པའི་བརྩོན་འགྲུས་ཅན་དེའི་གང་སྡིག་པ་མི་དགེ་བའི་ཆོས་བྱང་ཆུབ་ཀྱི་ལམ་གྱི་བར་དུ་གཅོད་པ་གནོད་པ་དང་ལྡན་པ་དེ་དག་སྤངས་པ་ཡིན། གང་ཡང་འདི་དག་དགེ་བའི་ཆོས་མྱ་ངན་ལས་འདས་པ་ དང་མཐུན་པ། བྱང་ཆུབ་ཀྱི་ལམ་གྱི་ཚོགས་དང་མཐུན་པ། བྱང་ཆུབ་ཀྱི་ཕྱོགས་བྱང་ཆུབ་ཏུ་འབྲང་བ་དེ་དག་འཕེལ་བ་དང༌། རྒྱས་པ་དང༌། ཡངས་པར་འགྱུར་ཏེ། དེ་ལ་མི་དགེ་བའི་སེམས་སྐྱེ་བ་ ཕྲ་ཞིང་ཆུང་བ་འགའ་ཡང་མི་སྐྱེ་ན། ཆེ་བ་ལྟ་ཅི་སྨོས་ཏེ། དེ་ནི། རྣམ་པར་དག་པའི་བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་བརྩོན་འགྲུས་ཅན་ཡིན་ ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཐུན་མོང་མ་ཡིན་པའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཕྱོགས་བཅུ་ཀུན་ཏུ་འཇིག་ རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་མནར་མེད་པའི་མེའི་ཕུང་པོ་ཆེན་པོས་བྱུར་བུར་གང་པར་གྱུར་ལ། འཇིག་རྟེན་གྱི་ཁམས་དེ་དག་འདས་པ་ན་སེམས་ཅན་གཅིག་ཅིག་སྡུག་ བསྔལ་ཞིང་སྐྱབས་མེད། མགོན་མེད་དེ། གནས་མེད། རྟེན་མེད་པ་ཞིག་ཡོད་ནའང་སེམས་ཅན་གཅིག་པོ་དེའི་དོན་གྱི་ཕྱིར་མེའི་ཕུང་པོ་དེ་ལ་རྐང་གིས་འབོགས་ཏེ་འཇིག་རྟེན་གྱི་ཁམས་ དེ་དག་འདས་ནས་སེམས་ཅན་གཅིག་པོ་དེ་དག་ཐར་པར་བྱ་བར་བདག་སྤྲོ་ན། སྡུག་བསྔལ་ཕལ་པ་ལྟ་ཅི་ཞིག་སྨོས་སྙམ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཉན་ཐོས་ ༄༅། །དང༌། རང་སངས་རྒྱས་ཐམས་ཅད་དང༌། མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཞེས་བྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཐུན་མོང་མ་ཡིན་པའི་ བརྩོན་འགྲུས་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་བརྙས་པའི་བརྩོན་འགྲུས་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མིར་གྱུར་པས་ནི། བྱང་ ཆུབ་ཐོབ་པར་དཀའ་སྟེ། བདག་གི་བརྩོན་འགྲུས་འདི་ནི། ཆུང་ཤིང་ཞན་ལ་བདག་ཀྱང་ལེ་ལོ་ཅན་ཏེ། བྱང་ཆུབ་ནི། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བསྐལ་པ་མང་པོ། །བསྐལ་པ་ བརྒྱ་ཕྲག་མང་པོ། །བསྐལ་པ་སྟོང་ཕྲག་མང་པོ། །བསྐལ་པ་བརྒྱ་སྟོང་ཕྲག་མང་པོར་སྒྲུབ་དགོས་པས་བདག་ནི། དེ་ལྟ་བུའི་ཁུར་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་སྐྱེད་དེ། བྱང་ ཆུབ་སེམས་དཔས་ནི། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང༌། གང་མངོན་ པར་རྫོགས་པར་འཚང་རྒྱ་བ་དེ་དག་དང༌། གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང་ཚུལ་འདི་འདྲ་བ་དང༌། ལམ་འདི་འདྲ་བ་དང༌། བརྩོན་འགྲུས་འདི་འདྲ་བས་ མངོན་པར་རྫོགས་པར་སངས་རྒྱས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་ བར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། བདག་ཀྱང་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ་འབད་དོ། ། བདག་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ་ལ་ནི། སེམས་ཅན་དམྱལ་བ་ན་གནས་ཀྱང་བླའི། བདག་ལ་ཕན་པར་བརྩོན་ན་མྱ་ངན་ལས་འདས་པ་ནི། མ་ཡིན་ནོ་སྙམ་དུ་སེམས་ བསྐྱེད་པར་བྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་བརྙས་པའི་བརྩོན་འགྲུས་ཅན་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྙེམས་པ་མེད་པའི་བརྩོན་འགྲུས་ཅན་ ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་ན་བརྩོན་འགྲུས་དེའི་རོ་མྱང་བར་མི་བྱེད་དེ། བརྩོན་འགྲུས་དེས་གཞན་ལ་མི་སྨོད། བདག་ལ་མི་བསྟོད་དེ། དེ་འདི་སྙམ་དུ་ ཤེས་རབ་དང་ལྡན་པའི་རང་བཞིན་ཅན་སུ་ཞིག་བདག་གི་ལས་ལ་བརྩོན་པས་གཞན་ལ་སྨོད་སྙམ་དུ་སེམས་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྙེམས་པ་མེད་པའི་ བརྩོན་འགྲུས་ཅན་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ ༄༅། །ན༑ བྱང་ཆུབ་སེམས་དཔའ་བསམ་གཏན་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱིས་བརྟན་པ་རྣམས་ཡིན། སྐྱོ་བ་ མང་བ་རྣམས་ཡིན། བརྩོན་འགྲུས་བརྩམས་པ་རྣམས་ཡིན། མང་དུ་ཐོས་པ་རྣམས་ཡིན། མ་ལོག་པར་གདམས་ངག་སྒོམ་པ་ལ་བརྩོན་པ་རྣམས་ཡིན། ཆོས་ཀྱི་རྗེས་སུ་མཐུན་ པའི་ཆོས་ལ་ཞུགས་པ་རྣམས་ཡིན། དབང་པོ་རྣོ་བ་རྣམས་ཡིན། སེམས་ལ་མཁས་པ་རྣམས་ཡིན། ཞི་གནས་དང་ལྷག་མཐོང་ལ་མཁས་པ་རྣམས་ཡིན། དེ་ལ་མ་ཞེན་པ་རྣམས་ ཡིན་ནོ༑ །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྟན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་ཤིན་ཏུ་ བསགས་ཤིང་ཚེ་རབས་ཐ་དད་པ་དང་དེ་དག་ཏུ་སྤྱད་པ་ལེགས་པར་སྤྱད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ཏེ། དེ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་ པོ་ལྟ་བུའམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་གང་དང་གང་དུ་སྐྱེས་ཀྱང་ཁྱིམ་དེའི་མི་དད་པ་ཡིན་ཏེ། དེ་སྐྱེས་ནས་ཀྱང་ རྒྱུ་དེ་དག་དང༌། རྐྱེན་དེ་དག་དེ་བས་ཀྱང་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་ཏེ། དགེ་བའི་བཤེས་གཉེན་རྣམས་དང་མི་འབྲལ་བ་ཡིན། དགེ་བའི་བཤེས་གཉེན་དེ་དག་ཀྱང་ གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་དག་གམ། བྱང་ཆུབ་སེམས་དཔའ་དག་གོ །དེ་སྐྱེས་ནས་སྔོན་དགེ་བའི་རྩ་བ་ལ་གོམས་པས་འདི་ལྟར་དཔྱོད་དེ། ཀྱེ་མ་སྐྱེ་རྒུ་འདི་ནི། སྡུག་བསྔལ་བའོ། །ཀྱེ་མ་སྐྱེ་རྒུ་འདི་ནི། ཉམ་ཐག་པའོ། །ཀྱེ་མ་སྐྱེ་རྒུ་འདི་ནི། ན་བའོ། །ཀྱེ་མ་སྐྱེ་རྒུ་འདི་ནི། མི་གནས་པའོ། །ཀྱེ་མ་སྐྱེ་རྒུ་འདི་ནི། ཡུན་རིང་པོ་ནས་ནད་པར་གྱུར་པའོ། །ཀྱེ་མ་སྐྱེ་ རྒུ་འདི་ནི། གཏི་མུག་གིས་ལྡོངས་པའོ། །དེའང་འདོད་པའི་རྒྱུ་དང་འདོད་པའི་ཕྱིར་ཏེ། དེ་བས་ན། འཇིག་རྟེན་གནས་པ་དེ་ལྟ་བུ་ལ་བདག་གིས་འདོད་པ་རྣམས་ལ་བསྟེན་པ་ནི། བདག་གི་མི་ ཆའི༑ འདོད་པ་ཞེས་བྱ་བ་འདི་ནི། ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་གྲངས་དུ་མར་འདོད་པ་རྣམས་ཀྱི་ཉེས་པ་འདི་ལྟ་སྟེ། འདོད་པ་ རྣམས་ནི། གསལ་ཤིང་ལྟ་བུའོ། །འདོད་པ་རྣམས་ནི། མཚོན་ཤག་ཏི་ལྟ་བུའོ། །འདོད་པ་རྣམས་ནི། རལ་གྲིའི་སོ་ལྟ་བུའོ། །འདོད་པ་རྣམས་ནི། སྤུ་གྲིའི་སོ་ལྟ་བུའོ། །འདོད་པ་རྣམས་ནི། སྤྲུལ་གྱི་མགོ་ལྟ་བུའོ། །འདོད་པ་རྣམས་ནི། དབུ་བ་རྡོས་པ་ལྟ་བུའོ། །འདོད་པ་རྣམས་ནི། རུལ་པའོ། །འདོད་པ་རྣམས་ནི། དྲི་ང་བའོ། །ཞེས་གསུངས་སོ་སྙམ་སྟེ། དེ་དེ་ལྟར་སྐྱོ་ནས་སྐྲ་དང་ ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ཡང་དག་པར་རབ་ཏུ་འབྱུང་ངོ༌། །དེ་རབ་ཏུ་བྱུང་ནས་མ་ཐོབ་པ་ཐོབ་པར་བྱ་བ་དང༌། ཁོང་དུ་མ་ཆུད་པ་ ༄༅། །ཁོང་དུ་ཆུད་པར་བྱ་བ་དང༌། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡིན་ནོ། །དེ་དེའི་རྒྱུ། དེ་དེའི་རྐྱེན་དེ་དེའི་གཞིས་ཀུན་རྫོབ་ཀྱི་ བདེན་པའི་ཚུལ་དུ་བཤད་པ་དང༌། དོན་དམ་པའི་བདེན་པའི་ཚུལ་དུ་བཤད་པ་ཐོས་པ་འཛིན་ཏོ། །དེ་གཉིས་ཀ་ལའང་མཁས་པས་གདམས་ངག་ཡང་དག་པར་སྒོམ་མོ། །གདམས་ངག་ མ་ལོག་པར་སྒོམ་པ་ལ་བརྩོན་པས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་འཇུག་སྟེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེའང་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་ པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ ངེ་འཛིན་ཏོ། །དེས་ལ་མ་ཁོང་དུ་ཆུད་པས་དབང་པོ་རྣོ་བ་དང༌། དབང་པོ་གསལ་བ་དང༌། དེ་ཤེས་པའི་དབང་པོ་ཅན་ཡིན་ནོ། །དེ་དབང་པོ་རྣོ་ཞིང་དབང་པོ་གསལ་ལ་དེ་ཤེས་པའི་དབང་ པོ་ཅན་ཡིན་པས། དབེན་པ་མང་བ་ཡིན་ཏེ། དེ་འདུ་བ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ངོ༌། །འདུ་འཛི་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ངོ༌། །སྨྲ་བ་ལ་དགའ་བ་དང༌། འདོད་ པའི་རྣམ་པར་རྟོག་པ་དང༌། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང༌། གཙེ་བའི་རྣམ་པར་རྟོག་པ་དང༌། ལྷ་ལ་རྣམ་པར་རྟོག་པ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ངོ༑ །ཤེས་ཀྱི་ཁེ་ འདོད་པ་དང༌། གྲགས་པ་འདོད་པ་དང༌། རྙེད་པ་འདོད་པ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་སེམས་ལ་འདི་སྙམ་ དུ་བདག་གིས་སེམས་འདི་ཅི་དགེ་བ་ལ་སྤྱོད་དམ། དེ་སྟེ་མི་དགེ་བའམ། འོན་ཏམ་ལུང་དུ་མ་བསྟན་པའམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་དཔྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་ དགའ་བ་དང༌། རངས་པ་དང༌། མོས་པ་སྐྱེད་དོ། །དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་ བ་དང༌། རྟོག་པ་མང་བ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤང་བ་ལ་བརྩོན་པ་ཡིན་ནོ། །མི་དགེ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །དེ་ ལ་འདོད་ཆགས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་པོ་དང༌། ཆུང་དུའོ། །དེ་ལ་འདོད་ཆགས་ཆེན་པོ་གང་ཞེ་ན། གང་ལུས་ཐམས་ཅད་དུ་ཁྱབ་སྟེ་སེམས་ཀུན་ནས་བཟུང་ཞིང་ གནས་པ་དང༌། གང་གིས་དེ་ལ་གཞོལ་ཞིང་འདོད་ཆགས་དང་བྲལ་བའི་སེམས་མི་འཐོབ་པ་སྟེ། དེ་ལ་གཞོལ་བ་དེ་ལ་ངོ་ཚ་བ་དང༌། འཛེམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ཏེ། ཇི་ལྟར་ན། ངོ་ཚ་བ་དང༌། འཛེམ་པ་ཐམས་ཅད་དུ་ཐམས་ཅད་མེད་པ་ཡིན་ཞེ་ན། དེ་གཅིག་པུ་ལྐོག་ཏུ་སོང་སྟེ། དེ་ཉིད་རྗེས་སུ་རྣམ་པར་སེམས། དེ་ཉིད་རྗེས་སུ་རྣམ་པར་རྟོག་ཅིང༌། དེ་ཉིད་ལེགས་ ༄༅། །པར་ཤིན་ཏུ་སྨོན་པ་དང༌། དེ་ཉིད་ལའང་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན། དེ་ལ་ངོ་ཚ་བ་མེད་པ་ཡིན་ནོ། །ཇི་ལྟར་ན། འཛེམ་པ་མེད་པ་ཡིན་ཞེ་ན། དེའི་རྒྱུ། དེའི་རྐྱེན་ དེའི་གཞིས་ཕ་མའམ། བླ་མ་ལྟ་བུ་གཞན་དག་དང་རྩོད་ཅིང་ཕྱིར་ཟློག་པ་དང༌། རྒོལ་པར་བྱེད་ཅིང་དེས་ངོ་མི་ཚ་ལ་ཡོན་ཏན་དུ་ལྟ་བ་ཡིན་ཏེ། དེ་ལྟར་ན། དེ་ལ་ངོ་ཚ་བ་མེད་པ་ཡིན་ཏེ། དེ་ དེའི་རྒྱུ༑ དེའི་རྐྱེན། དེའི་གཞིས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ནི། འདོད་ཆགས་ཆེན་པོ་ཞེས་བྱའོ། །དེ་ལ་འདོད་ཆགས་འབྲིང་པོ་གང་ཞེ་ན། གང་གིས་འདོད་ཆགས་ རྣམས་ལ་སྟེན་པར་གྱུར་ན་བྱ་བ་གྲུབ་ཀྱི་བར་དུ་སྟེན་གྱི། བྱ་བ་གྲུབ་ནས་འདོད་ཆགས་དང་བྲལ་བའི་སེམས་འཐོབ་པ་དང༌། འགྱོད་པ་འཐོབ་པ་དང༌། སེམས་ལ་མི་ཆ་བ་འཐོབ་ པ་སྟེ༑ དེ་ནི། འདོད་ཆགས་འབྲིང་པོ་ཞེས་བྱའོ། །དེ་ལ་འདོད་ཆགས་ཆུང་དུ་གང་ཞེ་ན། གང་གིས་འདོད་པ་རྣམས་བསྙེན་པར་གྱུར་ཀྱང་མ་ནམས་པ་དང༌། བྱུགས་པ་དང༌། ལུས་ཀྱིས་ རེག་པ་ཙམ་མམ། ཚིག་ཏུ་སྨྲ་བ་ཙམ་མམ། མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་བ་དེ་ནི། འདོད་ཆགས་ཆུང་དུ་ཞེས་བྱའོ། །མདོར་ན་འཚོ་བའི་ཡོ་བྱད་ཐམས་ཅད་ལ་ཆགས་པའི་ སེམས་སུ་གྱུར་པ་སྟེ། དེ་ནི། འདོད་ཆགས་ཞེས་བྱའོ། །དེ་ལ་ཞེ་སྡང་གང་ཞེ་ན། ཞེ་སྡང་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་པོ་དང༌། ཆུང་དུའོ། །དེ་ལ་ཞེ་སྡང་ ཆེན་པོ་གང་ཞེ་ན། ཞེ་སྡང་གི་རྣམ་པ་གང་གིས་ཞེ་སྡང་ཞིང་རྔ་མ་འཁྲུགས་གཏུམ་པར་གྱུར་ནས་མཚམས་མེད་པ་ལྔ་ལས་གང་ཡང་རུང་བ་ལ་ལ་བྱེད་པའམ། དམ་པའི་ཆོས་སྤོང་བ་གང་བྱས་པ་ལ་ མཚམས་མེད་པ་ལྔ་བསྡོམས་ཀྱང་གྲངས་སུའང་ཉེ་བར་མི་འགྲོ་།ཆ་དང༌། བགྲང་བ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོ་བ་དེ་ལྟ་བུ་བྱེད་དོ། །དེ་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ལུས་ཞིག་ནས་སེམས་ ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེ་ཞིང༌། གལ་ཏེ་བརྒྱ་ལམ་ན་མིར་སྐྱེ་ནའང་ནག་ཅིང་མིག་དམར་ལ་གཏུམ་ཞིང་གནོད་སེམས་མང་བར་འགྱུར་ཏེ། དེ་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ཡང་སེམས་ཅན་ དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི། ཞེ་སྡང་ཆེན་པོ་ཞེས་བྱའོ། །དེ་ལ་ཞེ་སྡང་འབྲིང་པོ་གང་ཞེ་ན། གང་གིས་ཞེ་སྡང་བར་གྱུར་ཏེ་སྡིག་པ་མི་དགེ་བའི་ལས་བྱས་ན་མྱུར་བ་མྱུར་བ། སྐྱེན་པ་སྐྱེན་ པ༑ ལ་གོར་ལ་གོར་དུ་འགྱོད་ཅིང་དེའི་གཉེན་པོ་ལའང་སྟེན་པ་སྟེ། དེ་ནི། ཞེ་སྡང་འབྲིང་པོ་ཞེས་བྱའོ། །དེ་ལ་ཞེ་སྡང་ཆུང་དུ་གང་ཞེ་ན། གང་གིས་ཞེ་སྡང་བར་གྱུར་ནས་ཚིག་ཙམ་དང༌། མི་སྙན་པ་ ཙམ་དང༌། ངན་དུ་བརྗོད་པ་ཙམ་གྱིས་མི་དགེ་བའི་ལས་གསོག་པ་སྟེ། དེའང་དེ་ལ་བརྒྱལ་བར་འགའ་འབྱུང་སྟེ། བྱུང་ནའང་དེའི་སྐད་ཅིག། ཡུད་ཙམ། དེའི་ཐང་གཅིག་ལ་གཉེན་པོ་ལ་སྟེན་པ་ སྟེ༑ དེ་ནི། ཞེ་སྡང་ཆུང་དུ་ཞེས་བྱའོ། །དེ་ལ་གཏི་མུག་གང་ཞེ་ན། གཏི་མུག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆེན་པོ་དང༌། འབྲིང་པོ་དང༌། ཆུང་དུའོ། །གང་དེ་ལ་གཏི་མུག་ཆེན་པོ་གང་ ༄༅། །ཞེ་ན། གང་ཇི་སྐད་དུ་སྨོས་པའི་གནས་དེ་དག་ལ་ཉེས་ཀྱང་དགའ་ཞིང་མྱ་ངན་དུ་མི་བྱེད། སྨྲེ་སྔགས་མི་འདོན། འགྱོད་པ་མེད་པ་ཡིན་ཏེ། དེ་ནི། གཏི་མུག་ཆེན་པོ་ ཞེས་བྱའོ། །དེ་ལ་གཏི་མུག་འབྲིང་པོ་གང་ཞེ་ན། གང་གིས་མི་དགེ་བའི་ལས་ལ་ལ་བྱས་ཀྱང་ལ་གོར་ལ་གོར་དུ་འགྱོད་ཅིང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དྲུང་དུ་འཆགས་ཤིང་ མི་འཆབ་ལ། དེ་ཡོན་ཏན་དུའང་མི་ལྟ་བ་ཡིན་ཏེ། འདི་ནི། གཏི་མུག་འབྲིང་པོ་ཞེས་བྱའོ། །དེ་ལ་གཏི་མུག་ཆུང་དུ་གང་ཞེ་ན། གང་གིས་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་པ། བཅས་ པའི་ཁ་ན་མ་ཐོ་བ་བསླབ་པ་ཀུན་སྤྱད་པའི་ལམ་གཉིས་གསུམ་ལས་འདའ་བ་སྟེ། དེ་ནི། གཏི་མུག་ཆུང་དུ་ཞེས་བྱའོ། །དེ་ལའང་བྱང་ཆུབ་སེམས་དཔའ་སེམས་ཕྱིར་ཟློག་པ་ལ་ མཁས་པ་ཡིན་ཏེ། དེ་དེ་ལྟར་སེམས་ལ་མཁས་པ་ལ། གང་འདོད་པ་རྣམས་ལ་དགའ་བ་དང༌། འདོད་པ་རྣམས་ལ་མོས་པ་དང༌། འདོད་པ་རྣམས་ལ་ལྷག་པར་ཆགས་པ་དེ་ལྟ་བུ་མེད་པ་ ཡིན་ཏེ༑ དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་ལ་མཁས་པའི་ཕྱིར་རོ། །འོན་ཏེ་ལུང་དུ་མ་བསྟན་པ་ལ་སྤྱོད་ན། དེ་ལ་དྲན་པ་དང་ལྡན་ཞིང་ནན་ཏན་དུ་བྱེད་ལ། དེ་བརྟག་པ་ལ་བརྩོན་པ་ ཡིན་ཏེ། དེ་ལ་ཇི་ལྟར་ན་ལུང་དུ་མ་བསྟན་པ་ལ་སྤྱོད་པ་ཡིན་ཞེ་ན། གང་གི་ཚེ་སེམས་ཕྱི་རོལ་ཏུའང་མི་རྒྱུ། ནང་དུའང་མི་རྒྱུ། དགེ་བ་ལའང་མི་སྤྱོད། མི་དགེ་བ་ལའང་མི་སྤྱོད། ལྷག་ མཐོང་བའང་མི་སྤྱོད། ཞི་གནས་ཀྱང་མི་འཛིན་ཅིང་ཞུམ་ལ་གཉིད་ཀྱིས་ནོན་པར་གནས་པ་སྟེ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཉལ་ཉལ་བ་ལས་སད་པ་མིག་གཉིད་ཀྱིས་བསྒྲིབས་པའི་སེམས་མི་ གསལ་བ་དེ་བཞིན་དུ་དེའི་ཚེ་སེམས་ལ་མི་གསལ་བར་འགྱུར་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་གཟེངས་བསྟོད་པ་དང༌། རབ་ཏུ་དགའ་བར་བྱ་བ་དང༌། ཡང་དག་པར་གཞག་པ་ལ་ མཁས་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་ཡིན་ནོ། །དེ་དེ་ལྟར་སེམས་ལ་མཁས་པའི་ཆོས་འདི་དག་ནི། སྒྱུ་མ་ལྟ་བུའོ། །ཆོས་འདི་དག་ནི། རྨི་ལམ་ལྟ་བུའོ།། ཆོས་འདི་དག་ནི། དགེ་བའོ། །ཆོས་འདི་དག་ནི། མི་དགེ་བའོ། །ཆོས་འདི་དག་ནི། འབྱུང་བའོ། །ཆོས་འདི་དག་ནི། མི་འབྱུང་བའོ། །ཞེས་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་འདི་སྙམ་དུ་ ཆོས་འདི་དག་ཐམས་ཅད་ནི། སེམས་ལ་གནས་པ། སེམས་ལས་བྱུང་བ། སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཤིན་ཏུ་བཅིལ། ཤིན་ཏུ་བཏུལ། ཤིན་ཏུ་ཁོང་དུ་ཆུད་པར་བྱས་ན། ཆོས་ དེ་དག་ཐམས་ཅད་ཀྱང་ཤིན་ཏུ་བཅིལ་བ་དང༌། ཤིན་ཏུ་བཏུལ་བ་དང༌། ཤིན་ཏུ་ཁོང་དུ་ཆུད་པར་འགྱུར་ཏེ། དེས་ཆོས་རྣམས་དེ་ལྟར་མཐོང་བས། དེའི་རྒྱུ། དེའི་རྐྱེན། དེའི་གཞིས་སེམས་ ཞི་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་སེམས་ཉིད་ལ་སེམས་འདོགས་སོ། །སེམས་ཉིད་ཀྱིས་སེམས་ཞི་བར་བྱེད་དོ། །སེམས་ཉིད་ལ་སེམས་རབ་ཏུ་བཞག་གོ །དེ་དེ་ལྟར་ཞི་བ་ལ་ ༄༅། །བརྩོན་པས་སེམས་རྩེ་གཅིག་ཏུ་འགྱུར་ཏེ། རྩེ་གཅིག་ཏུ་རེད་ནས་མཉམ་པར་གཞོག་གོ །སེམས་མཉམ་པར་བཞག་པ་ལ་དབེན་པ་ལས་སྐྱེས་པའི་དགའ་ བ་མངོན་དུ་འགྱུར་ཏེ། དེ་ཡིད་དགའ་བར་གྱུར་ནས་འདོད་པ་ལས་དབེན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་ སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་ཅིང་དགའ་བ་དང༌། བདེ་བའི་ རོའང་མྱང་བར་མི་བྱེད་དེ། མི་རྟག་གོ་སྙམ་ནས་བསམ་གཏན་དང་པོ་ལས་སེམས་སྐྱེད་དོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ཆགས་པ་མེད་པའི་ཡིད་དུ་གྱུར་པས་ནང་ཡོངས་ སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ ཏེ་གནས་སོ། །དེ་དགའ་བ་དང་སྡུག་བསྔལ་བ་ཡིན་པར་ཁོང་དུ་ཆུད་པར་བྱེད་དེ། སྡུག་བསྔལ་ལོ་སྙམ་ནས་བཏང་སྙོམས་ལ་གནས་པ་ཡིན། བཏང་སྙོམས་ལ་གནས་པས་དྲན་ པ་དང་ལྡན་ཞིང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་ དེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བསམ་གཏན་གསུམ་པ་གཏོང་ངོ་སྙམ་ནས་བསམ་གཏན་བཞི་པ་ལ་སེམས་གཏོང་སྟེ། དེ་བསམ་གཏན་ བཞི་པ་ཐོབ་པས་བདག་ཏུ་འཛིན་པ་ཕྱིར་ལྡོག་གོ །བདག་ཏུ་འཛིན་པ་ཕྱིར་ལྡོག་པས་བདེ་བའང་སྤོང༌། སྡུག་བསྔལ་བའང་སྤོང་སྟེ། དེ་བདེ་བའང་སྤངས། སྔ་ནས་སྡུག་བསྔལ་ཡང་སྤངས་ ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བའང་ནུབ་པས་བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་བཏང་སྙོམས་དང༌། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་ གནས་སོ། །དེ་བདག་གི་ལུས་དང་ནམ་མཁའི་ལུས་སུ་གཅིག་ཏུ་མོས་པར་བྱེད་དེ། དེ་དེ་ལྟར་མོས་པས་གཟུགས་ཀྱི་འདུ་ཤེས་ལས་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་འདས་པ་ཡིན། ཐོགས་པའི་འདུ་ཤེས་ཀྱང་ནུབ་པ་ཡིན། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ལས་ཡང་དག་པར་འདས་ནས་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་ ༄༅། །དག་པར་འདས་ནས་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་ འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེའི་གོང་ན་གང་སེམས་ཀྱི་མཚན་མ་མེད་པ། རྒྱུ་པ་ཐམས་ཅད་འགགས་པ། སྒྲིབ་པ་ཐམས་ ཅད་དང་བྲལ་བ་འདི་ནི། འགོག་པའོ། །ཞེས་བྱ་བ་སྟེ། དེ་ནི། ཤེས་པར་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་གི །དེ་ལ་མངོན་པར་དགའ་བའི་རྟེན་གྱི་གནས་ མི་སྐྱེད་དོ། །དེ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། མི་གཉིས་པ་ཤིན་ཏུ་བསྒོམས་ པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་གཉིས་པ་དང༌། དེ་བཞིན་དུ་གསུམ་པ་དང༌། དེ་བཞིན་དུ་བཞི་པ་ དང༌། བླ་དང༌། འོག་དང༌། གྲའི་འཇིག་རྟེན་འདི་དག་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་ པ༑ རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། མི་གཉིས་པ། ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང༌། དགའ་ བ་དང་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། ཆེན་པོར་གྱུར་པ། ཚད་མེད་པ། མི་གཉིས་པ་ཤིན་ཏུ་བསྒོམས་པས་ཕྱོགས་ གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་གཉིས་པ་དང༌། དེ་བཞིན་དུ་གསུམ་པ་དང༌། དེ་བཞིན་དུ་བཞི་པ་དང༌། བླ་དང༌། འོག་དང༌། གྲའི་འཇིག་རྟེན་འདི་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། ཆེན་པོར་གྱུར་པ། ཚད་མེད་པ། མི་གཉིས་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་མངོན་པར་ཤེས་པ་ལྔ་སྐྱེད་དོ། །དེ་ལའང་མ་ཞེན་པ་ཡིན་ཏེ། གོང་དུའང་བྱང་ཆུབ་ཀྱི་ཚོགས་ ཡོངས་སུ་རྫོགས་པར་བྱེད་པའི་ཆོས་རྣམས་ཡོངས་སུ་ཚོལ་ལོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསམ་གཏན་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ལ་མཁས་པ་རྣམས་ཡིན། ལས་ཀྱི་ རྣམ་པར་སྨིན་པ་ལ་མཁས་པ་རྣམས་ཡིན། འདུས་བྱས་ལ་མཁས་པ་རྣམས་ཡིན། འཁོར་བའི་རྒྱུན་ལ་མཁས་པ་རྣམས་ཡིན། འཁོར་བ་ལྡོག་པ་ལ་མཁས་པ་རྣམས་ཡིན། ཉན་ཐོས་ ༄༅། །དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་རྣམས་ཡིན། ཐེག་པ་ཆེན་པོ་ལ་མཁས་པ་རྣམས་ཡིན། བདུད་ཀྱི་ལས་ཡོངས་སུ་སྤངས་པ་ལ་མཁས་པ་རྣམས་ ཡིན༑ མ་ལོག་པའི་ཤེས་རབ་ཅན་རྣམས་ཡིན། མཉམ་པ་མེད་པའི་ཤེས་རབ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བདག་མེད་པ་ལ་ མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་གཟུགས་ལ་རྟོག །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་ པར་ཤེས་པ་རྣམས་ལ་རྟོག་སྟེ། དེ་གཟུགས་ལ་རྟོག་པ་ན་གཟུགས་ཀྱི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགག་པ་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས། ཀུན་འབྱུང་བ་མི་དམིགས། འགོག་པ་མི་དམིགས་སོ། །དེའང་དོན་དམ་པར་ཡིན་གྱི་ཐ་སྙད་ཀྱི་ རང་བཞིན་ནི། མ་ཡིན་ཏེ། དེས་དོན་དམ་པའི་རང་བཞིན་གང་ཡིན་པ་དང༌། ཐ་སྙད་ཀྱི་རང་བཞིན་གང་ཡིན་པའི་རང་བཞིན་དེ་གཉིས་ཀའང་བརྗོད་པའི་རང་བཞིན་མི་དམིགས་ ཏེ༑ དེའི་ཕྱིར་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་དེ། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་རྩོལ་ཞིང་འབད་ལ་བརྩོན་འགྲུས་རྩོམ་སྟེ། རིགས་ ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བདག་མེད་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལས་ཀྱི་རྣམ་པར་སྨིན་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔའ་འདི་ལྟར་དཔྱོད་དེ། འཇིག་རྟེན་གནས་པ་འདི་ནི། གར་མཁན་གྱི་ཚོན་དང་འདྲ་བ། དྲི་ཟའི་གྲོང་ཁྱེར་ལྟ་བུ་རང་བཞིན་གྱིས་སྟོང་ལ་སེམས་ཅན་འདི་དག་ཀྱང་སེམས་ཅན་ མ་ཡིན་ནོ། འོན་ཀྱང་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པས་དེ་དག་དེའི་ཕྱིར་ལ་མ་ཁོང་དུ་ཆུད་པ་མི་འཐོབ་བོ། །དེ་དག་ནི། འདི་སྙམ་དུ་གལ་ཏེ་བདག་གམ། སེམས་ཅན་ནམ། སྲོག་ གམ། སྐྱེ་བོའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་མེད་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའང་མེད་པར་འགྱུར་རོ་སྙམ་ དུ་སེམས་མོད་ཀྱི། སེམས་ཅན་མེད་དུ་ཟིན་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ནི། མངོན་ནོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་ཅན་དེའང་མེད་ལ། ཇི་ལྟར་དགེ་བ་དང༌། མི་ དགེ་བའི་ལས་ཀྱི་རྣམ་པར་སྨིན་པའང་མངོན་ཏེ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལས་ཀྱི་རྣམ་པར་སྨིན་ པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཀྱི་ཆོས་རྣམས་ཡང་དག་པའི་ཤེས་ ༄༅། །རབ་ཀྱིས་རྟོག་པར་བྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། འདུས་བྱས་ཀྱི་ཆོས་འདི་དག་མི་གནས་པ། གཡོ་བ་ཟིལ་པའི་ཐིགས་པ་ལྟ་བུ། རི་བོའི་འབབ་ཆུ་ལྟ་བུ་ཡིན་ ཏེ༑ དེ་ལ་མཁས་པ་སུ་ཞིག་འདི་ལྟ་བུའི་ཆོས་རྣམས་ལ་ཞེན་པ་དང༌། ཆགས་པར་བྱེད་པའམ། དེ་དག་མེད་པར་གྱུར་པས་མྱ་ངན་དུ་བྱེད་སྙམ་ནས་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་སྐྱེ་བ་ དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་ལ་སེམས་གཏོང་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ འཁོར་བའི་རྒྱུན་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི། མ་རིག་པས་ལྡོངས་པ། འཁོར་བ་ལ་ཕྱོགས་པ། སྲིད་པའི་ཞགས་པས་བཅིངས་པ་སྟེ། ལེན་པ་ཉེ་བར་ལེན་ཏོ། །དེ་ལེན་པའི་རྒྱུས་དགེ་བ་དང༌། མི་དགེ་བའི་ལས་མངོན་པར་འདུ་བྱེད་དེ། དེ་དགེ་བ་དང༌། མི་དགེ་བའི་ལས་མངོན་ པར་འདུ་བྱེད་པ་དང་ལྡན་པས་སྲིད་པར་ཡང་མཚམས་སྦྱོར་བར་འགྱུར་ཏེ། དེའི་རྒྱུ་ལས་སྐྱེ་བར་འགྱུར་རོ། །སྐྱེ་བ་ཡོད་པས་རྒ་བར་འགྱུར་རོ། །རྒ་བའི་ཆོས་ཅན་ནི། འཆི་བར་འགྱུར་ རོ༑ ༑འཆི་བ་ལས་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྒྱུན་ཆགས་པ་ཉིད་དུ་འགྱུར་ཏེ། དེ་ལྟར་ན། སྡུག་བསྔལ་གྱི་ཕུང་ པོ་ཆེན་པོ་འབའ་ཞིག་པོ་དེ་ཟོ་ཆུན་རྒྱུད་མོའི་འཁོར་ལོ་ལྟར་འཁོར་བའི་འཁོར་ལོའི་རྒྱུད་དུ་འགྱུར་རོ་སྙམ་སྟེ། དེའང་བྱང་ཆུབ་སེམས་དཔས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུན་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་བ་ལྡོག་པ་ལ་མཁས་པ་ཡིན་ཞེ་ན། འདི་ ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། མ་རིག་པ་མེད་པར་གྱུར་པས་འདུ་བྱེད་ལ་ཞེན་པར་མི་འགྱུར། འདུ་བྱེད་ལ་ཞེན་པ་མེད་པར་གྱུར་པས་རྣམ་པར་ཤེས་པར་མི་འགྱུར། རྣམ་པར་ ཤེས་པ་མེད་པར་གྱུར་པས་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་མེད་པར་འགྱུར་རོ། །སྲེད་པ་མེད་པར་གྱུར་པས་ལེན་པ་མི་འབྱུང་སྟེ། ལེན་པ་ མེད་པས་སྲིད་པར་ཡང་མཚམས་སྦྱོར་བ་མེད་པར་འགྱུར། སྲིད་པར་ཡང་མཚམས་སྦྱོར་བ་མེད་པར་གྱུར་པས། སྐྱེ་བར་མི་འགྱུར། སྐྱེ་བ་མེད་པར་གྱུར་པས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་ སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་རྒྱུན་ཆད་པར་འགྱུར་ཏེ། དེའང་བྱང་ཆུབ་སེམས་དཔའ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་བ་ལྡོག་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ ༄༅། །མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཆོས་འདིས་ནི། རྒྱུན་དུ་ཞུགས་པར་འགྱུར་རོ། །འདིས་ནི། ལན་གཅིག་ཕྱིར་འོང་བར་ འགྱུར་རོ། །འདིས་ནི། ལན་གཅིག་ཕྱིར་མི་འོང་བར་འགྱུར་རོ། །འདིས་ནི། དགྲ་བཅོམ་པ་ཟག་པ་ཟད་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཆད་པའང་མཚམས་སྦྱོར་བ་མེད་པ། མྱ་ངན་ལས་ འདས་པ་ལ་ཡང་དག་པར་གཞོལ་བར་འགྱུར་རོ། །ཆོས་འདིས་ནི། རང་སངས་རྒྱས་བསེ་རུ་ལྟ་བུ་གཅིག་པུ་སྤྱོད་པར་འགྱུར་རོ་སྙམ་སྟེ། དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡང་ དག་པའི་ཤེས་རབ་ཀྱིས་རབ་ཏུ་རྟོགས་པར་བྱེད་དེ། ཆོས་འདི་དག་མངོན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་གྱི་ཁམས་བདག་གིས་བཟུང་བདག་ གིས་སེངྒེའི་སྒྲ་བསྒྲགས་ཏེ་སེམས་ཅན་འཁོར་བའི་འབྲོག་དགོན་པ་ན་གནས་པ་ཐམས་ཅད་སྒྲོལ་ལོ། །ཞེས་དམ་བཅས་ལ། གཅིག་པུ་འཁོར་བའི་འབྲོག་དགོན་པ་ནས་འབྱུང་ བ་ནི༑ བདག་གི་མི་ཆེའོ་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་ པོ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལའང་སློབ་ལ་སློབ་པའང་མི་དམིགས། བསླབ་པའི་ལམ་ཡང་མི་དམིགས་སོ། །གང་སློབ་པ་དེའང་ མི་དམིགས་སོ། །དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ཆད་པར་ལྟ་བར་མི་ལྟུང་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ བདུད་ཀྱི་ལས་སྤོང་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མི་དགེ་བའི་གྲོགས་པོ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། མི་ཆ་བའི་ཡུལ་ལ་གནས་པ་དང༌། འཇིག་ རྟེན་རྒྱང་ཕན་པའི་གསང་ཚིག་ལ་རྟེན་ཅིང་སྒོམ་པ་དང༌། རྙེད་པ་དང༌། བཀུར་སྟི་དང༌། མཆོད་པ་དང༌། རིམ་གྲོ་ལ་ཆེད་ཆེར་འཛིན་པ་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ངོ༌། །ཉེ་བའི་ཉོན་ མོངས་པ་གཞན་གང་བྱང་ཆུབ་ཀྱི་ལམ་གྱི་བར་ཆད་དུ་འགྱུར་བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་ཞིང་དེ་དག་གི་གཉེན་པོ་ལའང་སྟེན་ཏོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ བདུད་ཀྱི་ལས་ཡོངས་སུ་སྤང་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མ་ལོག་པའི་ཤེས་རབ་ཅན་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཇིག་རྟེན་པའི་གཙུག་ལག་ དང༌། གསང་ཚིག་དང༌། བཟོའི་གནས་ཐམས་ཅད་ལ་ཤེས་རབ་གཏོང་སྟེ། དེའང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ཤེས་ཀྱི་ཁེ་འདོད་པ་དང༌། གྲགས་པ་འདོད་པ་ དང༌། རྙེད་པ་དང༌། བཀུར་སྟི་འདོད་པའི་ཕྱིར་མ་ཡིན་གྱི། དེ་བཞིན་གཤེགས་པའི་བསྟན་པའི་ཆེ་བ་ཉིད་བརྗོད་པའི་ཕྱིར་ཏེ། དེ་ལ་ཡོན་ཏན་དུ་བལྟ་བའི་ཕྱིར་ནི། མ་ཡིན་ནོ། །གཞན་དུ་ན་དེ་འདི་ ༄༅། །སྙམ་དུ་སེམས་ཏེ། གསུང་རབ་འདི་ནི། དམ་པ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་འདུལ་བའོ་སྙམ་ནས་དེ་དེ་ལ་ཡོན་ཏན་དུ་ལྟ་བས་མུ་སྟེགས་ཅན་ གཞན་གྱི་ལྟ་བ་ཅན་དུ་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མ་ལོག་པའི་ཤེས་རབ་ཅན་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཉམ་པ་མེད་པའི་ཤེས་ རབ་ཅན་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་རྒུའི་དགེ་སྦྱོང་དང་བྲམ་ཟེར་བཅས་པ། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་ནང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་གང་དེ་དང་ཤེས་རབ་མཉམ་པ་དེ་ལྟ་ བུའི་སེམས་ཅན་སེམས་ཅན་གྱི་རིས་ལ་མེད་དེ། དེ་ནི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་རྒུའི་དགེ་སྦྱོང་དང་བྲམ་ཟེར་བཅས་པ། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་ནང་ན་ཤེས་རབ་ཀྱི་བྱེ་བྲག་གིས་ཟིལ་གྱིས་མནན་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཉམ་པ་མེད་པའི་ཤེས་རབ་ཅན་ཡིན་ནོ། །རིགས་ ཀྱི་བུ༑ ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཐབས་ མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་བསྔོ་བའི་ཐབས་མཁས་པ་རྣམས་ཡིན། མུ་སྟེགས་ཅན་རྣམ་པར་ཟློག་པའི་ཐབས་མཁས་པ་རྣམས་ཡིན། ཡུལ་ལས་ རྣམ་པར་ཟློག་པའི་ཐབས་མཁས་པ་རྣམས་ཡིན། འགྱོད་པ་ཡིད་ལ་གཅགས་པ་སེལ་བའི་ཐབས་མཁས་པ་རྣམས་ཡིན། སེམས་ཅན་ལ་དཔུང་གཉེན་བྱེད་པའི་ཐབས་མཁས་པ་རྣམས་ཡིན། སེམས་ཅན་འཚོ་བའི་ཐབས་མཁས་པ་ཉེ་བར་སྦྱོར་བ་ལ་མཁས་པ་རྣམས་ཡིན། ལེན་པའི་ཐབས་མཁས་པ་རྣམས་ཡིན། གནས་ནས་གནས་སུ་སློང་བའི་ཐབས་མཁས་པ་རྣམས་ཡིན། ཡང་དག་པར་འཛིན་དུ་འཇུག་པ་དང༌། གཟེངས་བསྟོད་པ་དང༌། ཤིན་ཏུ་དགའ་བར་བྱེད་པའི་ཐབས་མཁས་པ་རྣམས་ཡིན། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་ཐབས་ མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བའི་ཐབས་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་གང་འདི་དག་ མེ་ཏོག་གི་རྣམ་པའམ། འབྲས་བུའི་རྣམ་པ་ང་ཡིར་བྱ་བ་མེད་པ། ཡོངས་སུ་བཟུང་བ་མེད་པ་དེ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ འབུལ་ལོ། །དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་གང་འདི་དག་བདུག་པའི་ཤིང་ངམ། སྤོས་ཀྱི་ཤིང་ངམ། རིན་པོ་ཆེའི་ཤིང་ངམ། ༄༅། །དཔག་བསམ་གྱི་ཤིང་ངམ། མེ་ཏོག་གི་ཤིང་ངམ། འབྲས་བུའི་ཤིང་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་ སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་མདོ་སྡེ་རྣམས་ལས་ མཆོད་པ་དང༌། རིམ་གྲོ་བྱ་བ་གང་འདི་དག་རྒྱ་ཆེན་པོ་རྒྱ་ཆེ་བ་དག་ཉན་ཅིང་དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ ལ་ཡོངས་སུ་བསྔོའོ། །གང་ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་མ་ཡིན་པའི་སེམས་ཅན་དག་དགེ་བའི་ལས་རྣམས་བྱེད་ཅིང་བྱང་ཆུབ་ཀྱི་ཚོགས་རྣམས་ཡོངས་སུ་ རྫོགས་པར་བྱེད་པ་དེ་དག་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་སྟེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་ པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ། བདུག་པའམ། སྤོས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་ངང་ཚུལ་ངན་པའི་དྲི་ང་བ་བསལ་བ་ དང༌། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པར་ཡོངས་སུ་བསྔོའོ། །དེ་ཕྱག་དར་དང༌། ཞལ་ཞལ་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་ པ་དང༌། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ། །དེ་མེ་ཏོག་གི་གདུགས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་གདུང་བ་མེད་པར་ བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་གཙུག་ལག་ཁང་གི་ནང་དུ་འགྲོ་ན། འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཟུད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ ན༑ འདི་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་འདོན་ཏོ་སྙམ་དུ་སེམས་བསྐྱེད་དོ། །དེ་གནས་ཁང་གི་སྒོ་འབྱེད་ན། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདེ་ འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ་སྙམ་དུ་སེམས་བསྐྱེད་དོ། །དེ་སྒོ་གཅོད་ན། འདི་ལྟར་ངན་འགྲོ་ཐམས་ཅད་ཀྱི་སྒོ་རྣམས་གཅད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་འདུག་ན། འདི་ལྟར་སེམས་ ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་གློ་གཡས་པས་ཉལ་ན། འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདས་པས་ཡོངས་ སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་བསྐྱེད་དོ། །དེ་དེ་ནས་ལྡང་ན། འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙམ་དུ་སེམས་བསྐྱེད་དོ། ། དེ་ལུས་ཀྱི་ཆེད་ལ་འགྲོ་ན། འདི་ལྟར་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་སུ་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེ་དེར་འདུག་ན། འདི་ལྟར་སེམས་ཅན་ཐམས་ ༄༅། །ཅད་ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྔུ་དབྱུང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་བཀྲུ་བཤལ་བྱེད་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་ མོངས་པའི་དྲི་མའི་སྐྱོན་རྣམས་བཀྲུའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལག་པ་བསྙལ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལ་ལོ་སྙམ་དུ་སེམས་ བསྐྱེད་དོ། །དེ་རྐང་པ་འཁྲུ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་སོ་ཤིང་ཟ་ན། འདི་ལྟར་སེམས་ ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སུ་བསྔོའོ། ། དེ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན། འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་ཤོག་ཅིག་སྙམ་དུ་སེམས་བསྐྱེད་དེ། རིགས་ ཀྱི་བུ༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྔོ་བའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་རྣམ་པར་ཟློག་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། མུ་སྟེགས་ཅན་སྤྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་ལ་སོགས་པའི་མུ་སྟེགས་ཅན་གྱི་གནས་པ་དེ་དང་དེ་དག་ཏུ་འཕྲུལ་པ་དག་ མངོན་པར་སྤྲུལ་ཏེ། དེ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་བྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སེམས་ཅན་འདི་རྣམས་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་བདག་གིས་ སླར་སློབ་དཔོན་གྱི་ཚུལ་གྱིས་གདུལ་བར་མི་ནུས་པས་སློབ་མར་ཁས་བླང་ངོ་སྙམ་སྟེ། དེ་དག་གི་ཁྲོད་དུ་རབ་ཏུ་འབྱུང་ངོ༌། །དེ་རབ་ཏུ་བྱུང་ནས་ཇི་ལྟར་སྤྱོད་པ་དང༌། སྤྱོད་ཡུལ་དང༌། མང་དུ་ཐོས་པ་ དང༌། སྤྱོད་པ་དམན་ཚེགས་ཀྱིས་ཀྱང་མུ་སྟེགས་ཅན་གཞན་དེ་དག་ཟིལ་གྱིས་གནོན་པ་དེ་ལྟ་དེ་ལྟ་བུར་རྩོལ་ལོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །དེ་དག་གི་ནང་ན་སློབ་དཔོན་དང་བླ་མ་ལྟ་ བུར་བཀུར་བར་འགྱུར། ཚིག་གཟུང་ཞིང་ངག་མི་གཅོག་པར་འགྱུར་ཏེ། དེ་ཀྱེ་སེམས་ཅན་དེ་དག་ཉེ་བར་གྱུར་པའོ་སྙམ་དུ་ཤེས་ནས་གྲོགས་པོ་དག། འདི་ནི། སྐྱོ་བ་དང༌། འདོད་ཆགས་དང་ བྲལ་བ་དང༌། འགོག་པར་འགྱུར་བའི་ལམ་མ་ཡིན་ནོ། །ཞེས་མུ་སྟེགས་ཅན་དེ་དག་གི་མ་ལེགས་པ་བརྗོད་པར་འགྱུར་ཏེ། དེས་མུ་སྟེགས་ཅན་གཞན་དེ་དག་གནས་དེ་རྣམས་ལས་བསླང་ནས་ དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་འགོད་དོ། །དེ་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་གི་གན་དུ་ཚངས་པར་སྤྱོད་པ་སྤྱོད་དོ། །དེ་ཚངས་པར་སྤྱད་པ་སྤྱོད་ཅིང་ཆོས་དེ་ཐོབ་པར་ བྱ་བའི་ཕྱིར་སྤྱོད་ཅིང་རྩོལ་ལོ། །འབད་དོ། །རྩོལ་ཞིང་འབད་པས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་སྒྲུབ་སྟེ། ཅི་ནས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་ ༄༅། །པ་གཞན་དེ་དག་པས་ཆེས་མཆོག་ཏུ་འགྱུར་བ་དང༌། ཆེས་འབར་བར་འགྱུར་བ་དང༌། སློབ་དཔོན་གྱི་མཆོག་ཏུ་འགྱུར་བ་དང༌། མཁས་པར་བཀུར་བར་ འགྱུར་བ་དེ་ལྟར་སྒྲུབ་བོ། །དེས་སེམས་ཅན་དེ་རྣམས་ཡོངས་སུ་སྨིན་པའི་དུས་དང༌། ཚོད་ཤེས་ནས་གྲོགས་པོ་དག། ལམ་འདི་ནི། སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་ པར་འགྱུར་པའི་ལམ་མ་ཡིན་ནོ། །ཞེས་བསམ་གཏན་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དེ་དག་གི་མ་ལེགས་པ་བརྗོད་པ་ཡིན་ཏེ། དེས་སེམས་ཅན་དེ་དག་གནས་དེ་ལས་ བསླང་ནས་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་རབ་ཏུ་འགོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་རྣམ་པར་ཟློག་པའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡུལ་ལས་རྣམ་པར་ཟློག་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གང་རབ་ཏུ་འདོད་ཆགས་ཅན་རབ་ཏུ་འདོད་ཆགས་ མང་པའི་སེམས་ཅན་རྣམས་མཐོང་ན། དེས་དེ་དག་གདུལ་བའི་ཐབས་གཞན་མེད་དོ་སྙམ་ནས་དེས་དེ་དག་གི་དྲུང་དུ་བུད་མེད་སྤྲུལ་པ་བཟང་མོ་བལྟ་ན་སྡུག་པ་བུད་མེད་ཐམས་ཅད་ ཀྱི་མཆོག་དག་སྤྲུལ་ཏེ། སེམས་ཅན་དེ་རྣམས་དེ་དག་ལ་རབ་ཏུ་ཆགས་པར་རིག་ནས་སྤྲུལ་པའི་བུད་མེད་དེ་མ་ལ་དེ་ཉིད་དུ་འཆི་བའི་དུས་བྱེད་དུ་འཇུག་གོ །དེའང་སྐད་ཅིག་དེ་ཉིད་དང༌། ཡུད་ཙམ་དེ་ཉིད་དང༌། ཐང་གཅིག་དེ་ཉིད་ལ་རུལ་ཅིང་དྲི་ང་བ་དང་འཇིགས་པར་འགྱུར་ཏེ། དེ་དག་གིས་ཀྱང་དེ་མཐོང་ནས་དངངས་སྐྲག་སྐྱོ་བར་རེད་དེ། བདག་ཅག་འདི་འདྲ་བའི་དྲིང་བའི་ནང་ ནས་གནག་ཐར་པར་བྱེད་པ་སུ་ཞིག་ཡོད་ཅེས་ཉམ་ཐག་པར་འགྱུར་རོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་གི་མདུན་དུ་འདུག་སྟེ། དེ་བྱང་ཆུབ་གསུམ་ལས་གང་ཡང་རུང་བའི་བྱང་ ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟར་སེམས་ཅན་དེ་དག་ལ་ཆོས་སྟོན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡུལ་ལས་རྣམ་པར་ཟློག་པའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་འགྱོད་པ་ཡིད་ལ་གཅགས་པ་སེལ་བའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སུ་མཚམས་མེད་པའི་ལས་བྱེད་པའམ། མི་དགེ་བའི་ལས་བྱེད་པ་ མཐོང་ན། དེའི་གན་དུ་སོང་སྟེ་ཀྱེ་སྐྱེས་བུ། ཅིའི་ཕྱིར་ཡིད་མི་བདེ་ཞིང་མི་དགའ་བར་གནས་ཞེས་དེ་སྐད་ཟེར་རོ། །དེས་ཀྱང་སྨྲས་པ། རིགས་ཀྱི་བུ། བདག་གིས་མཚམས་མེད་པའི་ལས་བྱས་པས་ དེའི་ཕྱིར་བདག་ལ་ཡུན་རིང་པོར་གནོད་པ་དང༌། ཕན་པ་མེད་པ་དང༌། སྡུག་བསྔལ་བར་མི་འགྱུར་གྲང་ཞེས་ཡིད་མི་བདེ་ཞིང་མི་དགའ་བར་གནས་སོ། །དེའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་ སྡོམ་པ་འཛིན་དུ་འཇུག་གོ །ཉེས་པའང་འཆགས་སུ་འཇུག་གོ །དེ་ལ་ཆོས་བསྟན་པ་ཟབ་མོ་ཟབ་མོའང་བྱེད་དེ། དེ་སྟེ་འགྱོད་པ་མི་གཏོང་ན། དེའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ ༄༅། །འདི་ལྟ་སྟེ། རྫུ་འཕྲུལ་ལམ། སེམས་ཀུན་བསྟེན་པས་ཡང་དག་པར་ཡིད་ཆེས་པ་སྐྱེད་དོ། །དེ་ནས་སེམས་ཅན་དེ་ཡང་དག་པར་ཡིད་ཆེས་པ་སྐྱེས་ནས་བྱང་ ཆུབ་སེམས་དཔའ་དེ་ལ་དགའ་བ་དང༌། མོས་པ་དང༌། རངས་པ་རྙེད་པར་འགྱུར་རོ། །དེ་དག་དགའ་བ་དང༌། མོས་པ་དང༌། རངས་པ་རྙེད་པས་དེ་ཆོས་བསྟན་དུ་རུང་བར་འགྱུར། བྱང་ཆུབ་ སེམས་དཔའ་དེ་དག་དང་མཐུན་པ་འཛིན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་དེའི་མདུན་དུ་འདི་ལྟ་སྟེ། ཕ་མར་སྤྲུལ་པ་མངོན་པར་སྤྲུལ་ཏེ་འདི་སྐད་ཟེར་རོ། །ཀྱེ་སྐྱེས་བུ། ཁྱོད་ལྟོས་ལ་འགྱོད་པ་ཆོད་ཅིག །ངའང་ཁྱོད་ཀྱི་གྲོགས་ཏེ། ལས་འདི་ལྟ་བུས་སུའང་ཤིན་ཏུ་སེམས་ཅན་དམྱལ་བར་འགྲོ་བའམ། དོན་ཐམས་ཅད་ལས་ཉམས་པར་འགྱུར་བ་མེད་ དོ༑ ༑ལས་དེ་ཡེ་ཤེས་ཀྱིས་བསལ་དུ་མི་ནུས་པའང་མ་ཡིན་ནོ། །ཞེས་དེ་སྐད་སྨྲས་ནས་ཕ་མ་སྲོག་དང་ཕྲལ་ལོ། །སྲོག་དང་ཕྲལ་ནས་ཀྱང་རྫུ་འཕྲུལ་དེ་སྟོན་ཏོ། །དེ་ནས་སེམས་ཅན་དེ་འདི་ སྙམ་དུ་སེམས་ཏེ། རྫུ་འཕྲུལ་དང་ལྡན་པས་ཀྱང་ཕ་མ་སྲོག་དང་ཕྲལ་ན། བདག་འདྲ་བ་ལྟ་ཅི་ཞིག་སྨོས་སྙམ་མོ། །བྱང་ཆུབ་སེམས་དཔའ་དེའང་དེའི་ཚེ་སེམས་ཅན་དེ་ལ་ཅི་ནས་ཀྱང་ དེའི་ལས་དེ་སྦྲང་མའི་འདབ་མ་འདྲ་བར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ཆོས་སྟོན་པར་བྱེད་དོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་འགྱོད་པ་ཡིད་ལ་གཅགས་པ་སེལ་བའི་ཐབས་མཁས་ པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དཔུང་གཉེན་བྱེད་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་གང་ཆོས་བསྟན་པར་རུང་ཞིང་ནུས་པ་ དག་མཐོང་ལ། དེ་དག་ཀྱང་ཤིན་ཏུ་མི་དགེ་བའི་ལས་བྱེད་པར་གྱུར་ན། དེ་དག་གདུལ་བའི་ཐབས་སུ་བྱང་ཆུབ་སེམས་དཔས་འཕྲུལ་པ་དག་མངོན་པར་སྤྲུལ་ཏེ། དེ་ལ་སེམས་ཅན་གང་རྣམས་ རྒྱལ་པོས་འདུལ་བར་འགྱུར་བ་དེ་དག་ལ་རྒྱལ་པོར་སྤྲུལ་པ་མངོན་པར་སྤྲུལ་པར་བྱེད་དོ། །སེམས་ཅན་གང་རྣམས་བློན་པོ་ཆེན་པོས་འདུལ་བར་འགྱུར་པ་དེ་དག་ལ་བློན་པོ་ཆེན་པོར་སྤྲུལ་པ་ མངོན་པར་སྤྲུལ་པར་བྱེད་དོ། །སེམས་ཅན་གང་རྣམས་བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་མིས་འདུལ་བར་འགྱུར་བ་དེ་དག་ལ་བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་མིར་སྤྲུལ་པ་དང༌། སེམས་ཅན་གང་རྣམས་ལྷས་འདུལ་བ་དེ་དག་ལ་ལྷར་སྤྲུལ་པ་དང༌། གང་ལག་ན་རྡོ་རྗེས་འདུལ་བ་དེ་དག་ལ་ལག་ན་རྡོ་རྗེར་སྤྲུལ་པ་མངོན་པར་སྤྲུལ་པར་བྱེད་དོ། །སེམས་ ཅན་གང་རྣམས་འཇིགས་པས་འདུལ་བར་འགྱུར་བ་དེ་དག་ལ་འཇིགས་པ་སྟོན། སེམས་ཅན་གང་རྣམས་བརྡེགས་པ་དང༌། བསྡིགས་པ་དང༌། བཅད་པ་དང༌། བཅིང་བས་གདུལ་བ་དེ་དག་ བ་དེ་འདྲ་བར་སྟོན། སེམས་ཅན་གང་རྣམས་དེས་པས་འདུལ་བ་དེ་དག་ལ་དེས་པས་འདུལ། སེམས་ཅན་གང་རྣམས་མཚམས་མེད་པ་བྱེད་འདོད་པ་དང༌། བྱང་ཆུབ་སེམས་དཔའ་དག་ལ་ ༄༅། །བརྒྱད་པར་འདོད་པ་དེ་དག་ཐབས་སྣ་ཚོགས་ཀྱིས་བཟློག་ཅིང་ཟིལ་གྱིས་གནོན་པར་བྱེད། ཕྱོགས་གཞན་དུའང་བསྐོར་བར་བྱེད་དོ། །མཚམས་མེད་པར་འགྱུར་ བའི་དངོས་པོ་སྦས་ཏེ། དེ་འདྲ་བར་དེའི་མདུན་དུ་སྤྲུལ་པ་སྟོན་ཏོ། །ཡང་ན་སེམས་ཅན་དམྱལ་བ་སྟོན་ཏོ། །མངོན་པར་ཤེས་པ་མ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཚེའི་མཚན་མ་ཤེས་པ་ནི། བྱེད་འདོད་པ་དང༌། གསོད་འདོད་པའི་སེམས་ཅན་དེ་དག་མཐོང་ནས་སྙིང་རྗེ་ཆེན་པོའི་སེམས་སྐྱེས་ཏེ། དེ་ཡང་འདི་སྙམ་དུ། ཀྱེ་མ་སེམས་ཅན་འདི་རྣམས་ནི། ཕུང་བར་འདོད་པའོ། །ཀྱེ་ མ་སེམས་ཅན་འདི་རྣམས་ནི། བརླག་པར་འདོད་པའོ་སྙམ་དུ་སེམས་ཤིང༌། དེ་དག་དེས་ལག་མཐིལ་དུ་སྐྱུ་རུ་རའི་འབྲུ་བཞག་པ་ལྟར་མཐོང་ནས་མི་དགའ་བའི་སེམས་ཆེན་པོ་བསྐྱེད་ དེ༑ དེའང་འདི་སྙམ་དུ་སེམས་སོ། །བདག་སེམས་ཅན་གཅིག་གི་ཕྱིར་ཡང་སེམས་ཅན་དེ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་བཞག་པའི་བར་ དུ་མནར་མེད་པའི་སྡུག་བསྔལ་བསྐུར་བར་བཟོད་ན། སེམས་ཅན་འདི་རྣམས་ཀྱང་མི་དགེ་བའི་ལས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འདོད་པ་ཐབས་གཞན་ གྱིས་ནི༑ བཟློག་པར་མི་ནུས་ཏེ། སེམས་ཅན་དེ་རྣམས་ཚེའང་ཐུང༌། དད་པའང་མེད་པ་དག་ཅིག་ལ་ཡུལ་གཞན་དུ་བསྐོར་བའམ། ཟིལ་གྱིས་མནན་པར་བྱ་བ་དེ་ལྟ་བུའི་དབང་ནི། བདག་ལ་ མེད་ན༑ སེམས་ཅན་འདི་རྣམས་མི་དགེ་བའི་ལུས་ཞིག་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་མི་འགྱུར་གྲང༌། དེའི་ཕྱིར་སྙིང་རྗེའི་སེམས་ཉེ་བར་བཞག་ནས་ལས་བདག་ གིར་བྱ་བ་དང་འདྲ་བར་བྱས་ནས་སེམས་ཅན་དེ་རྣམས་ལ་བྱམས་པས་ཁྱབ་པར་བྱས་ཏེ། ཐབས་གཞན་གྱིས་མི་ནུས་ནས་ཆད་པ་རབ་ཀྱིས་འཆོས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ ལ་དཔུང་གཉེན་བྱེད་པའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་འཚོ་བའི་ཐབས་ཉེ་བར་སྦྱོར་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ ཅན་གང་རྣམས་འཕགས་པའི་ཆོས་འདུལ་བ་ཤེས་པར་མི་ལྕོགས་མི་ནུས་ཏེ། ཟས་དང་གོས་ལྷུར་འཛིན་ཅིང་དེ་ཁོ་ནས་ཆོག་པར་རྩི་བ་མཐོང་ན། དེ་རྣམས་ལ་བྱང་ཆུབ་སེམས་དཔའ་ཡི་གེ་ དང༌། གཙུག་ལག་དང༌། རྒྱ་དང༌། གྲངས་དང༌། ཤོད་ཐབས་ལ་སོགས་པའི་ལས་དགེ་བ་དང་ལྡན་པ་དག་སྟོན་ཏེ། མི་དགེ་བ་དང་ལྡན་པ་མི་སྟོན་ཏོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ ཅན་འཚོ་བའི་ཐབས་ཉེ་བར་སྦྱོར་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལེན་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཕུང་པོ་རི་རབ་ ཙམ་ཐོབ་ནའང་ལེན་ཏེ། དངོས་པོ་ངན་པ་ཞིག་ཐོབ་ནའང་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཏེ། སེམས་ཅན་འདི་དག་ནི། སེར་སྣ་ཅན། བརྐམ་པ། འདོད་པས་འཁོལ་བ། འཇུངས་པ་ ༄༅། །ཡིན་ཏེ༑ དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ཆུའི་ཕུང་པོ་ཆེན་པོས་ནོན་པ་བཞིན་དུ་འཁོར་བའི་རྒྱ་མཚོར་འབྱུང་ནུབ་བྱེད་པ་དེ་དག་ལ་དེ་ནི། ཡུན་རིང་པོར་དོན་ དང༌། ཕན་པ་དང༌། བདེ་བར་འགྱུར་རོ་སྙམ་སྟེ། དེ་བླངས་ནས་བདག་གིར་མི་བྱེད། ཆགས་པའི་སེམས་མི་བསྐྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དག་ལ་བྱ་བ་བྱེད་དོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལའང་ཕན་པར་བྱེད་དོ། །སྦྱིན་པའི་བདག་པོ་དེའང་གཟེངས་བསྟོད་པ་དང༌། ཤིན་ཏུ་དགའ་བར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལེན་པའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གནས་ནས་གནས་སུ་སློང་བའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ ཆུབ་སེམས་དཔའ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ལྕོགས་ཤིང་ནུས་པ་ཞིག་ལ། དེའང་ཉན་ཐོས་དང༌། རང་ སངས་རྒྱས་ཀྱི་ཐེག་པ་ཐོབ་པར་རྩོལ་ཞིང་འབད་དེ་བརྩོན་འགྲུས་རྩོམ་པ་མཐོང་ན། དེ་གནས་དེ་ནས་བསླང་སྟེ་ཐ་ན་འཁོར་དབྱེ་བའང་བྱས་ནས་ཐེག་པ་ཆེན་པོ་ལ་འཇོག་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གནས་ནས་གནས་སུ་སློང་བའི་ཐབས་མཁས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་འཇུག་པ་དང༌། གཟེངས་བསྟོད་པ་དང༌། ཤིན་ཏུ་དགའ་བར་བྱེད་པའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་འཇུག །བྱང་ཆུབ་ཀྱི་ སེམས་བསྐྱེད་པའི་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ། ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པ་དག་ནི། བརྩོན་འགྲུས་ལ་འཇོག །སེམས་ཅན་གང་རྣམས་བསླབ་བ་ཀུན་སྤྱོད་པ་ ཕྲ་མོ་ལས་འགལ་བ་དག་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་སེམས་ཅན་ཀུན་ཁེབས་ཤིང་འཁོད་དེ། དགའ་མགུ་རངས་པའང་མི་རྙེད་པ་དེ་དག་ལ་དེ་ཅི་ནས་ཀྱང་གནས་དེ་ནས་ལྡང་བ་དེ་ལྟ་དེ་ལྟ་བུར་ ཆོས་སྟོན་པར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་འཇུག་པ་དང༌། གཟེངས་བསྟོད་པ་དང༌། ཤིན་ཏུ་དགའ་བར་བྱེད་པའི་ཐབས་མཁས་པ་ཡིན་ནོ། །རིགས་ཀྱིས་ བུ༑ ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་ཐབས་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་ འགྱུར་ཏེ། རྙེད་པ་ཆུང་ཡང་ཆོས་རྙེད་པས་ཆོག་པར་འཛིན་པ་ཡིན། དེ་གཅིག་པུ་ལྐོག་ཏུ་སོང་སྟེ་རབ་ཏུ་དབེན་པར་གནས་ནས་དེ་འདི་ལྟར་སེམས་ཏེ། མ་ལ་བདག་གིས་དེ་བཞིན་གཤེགས་པ་ ལ་མཆོད་པ་དང༌། རིམ་གྲོ་བྱ་བ་བསམ་མོ་སྙམ་ནས་དེ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་རྣམ་པ་སྣ་ཚོགས་སེམས་ཏེ། དེ་ལྟར་དེའི་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ ༄༅། །ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། དེ་ལ་གང་མཆོད་པ་དང༌། རིམ་གྲོ་བྱ་བ་མངོན་པར་ བྱེད་པ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མཆོད་པ་དང༌། རིམ་གྲོ་བྱ་བ་དེ་ལ་གང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་སྐྱེ་བ་འདི་ནི། དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །མཆོད་པ་དང༌། རིམ་གྲོ་བྱ་བ་དེ་དག་ལ་གང་སེམས་མངོན་པར་མོས་ཤིང་ཤིན་ཏུ་དགའ་བ་འདི་ནི། དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མཆོད་པ་དང༌། རིམ་གྲོ་བྱ་བ་དེ་ལ་ གང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་སྐྱེ་བ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཆོད་པ་དང༌། རིམ་གྲོ་བྱ་བ་དེ་ཉིད་ལ་གང་ཉེ་བར་རྟོག་པ་འདི་ནི། དེའི་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །མཆོད་པ་དང༌། རིམ་གྲོ་བྱ་བ་དེ་དག་ཉིད་ལ་གང་སྣ་ཚོགས་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་ཐབས་མཁས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ ཐབས་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མི་དམན་ པའི་སྨོན་ལམ་པ་རྣམས་ཡིན། མ་ཞུམ་པའི་སྨོན་ལམ་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སྨོན་ལམ་པ་རྣམས་ཡིན། སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་ བསྔགས་པའི་སྨོན་ལམ་པ་རྣམས་ཡིན། བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པའི་སྨོན་ལམ་པ་རྣམས་ཡིན། གཞན་གྱི་དྲིང་མི་འཇོག་པའི་སྨོན་ལམ་པ་རྣམས་ཡིན། མཐའ་ཡས་པའི་སྨོན་ ལམ་པ་རྣམས་ཡིན། མི་སྐྲག་པའི་སྨོན་ལམ་པ་རྣམས་ཡིན། ཡོངས་སུ་མི་སྐྱོ་བའི་སྨོན་ལམ་པ་རྣམས་ཡིན། ལེགས་པར་ཡོངས་སུ་རྫོགས་པའི་སྨོན་ལམ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་དམན་པའི་སྨོན་ལམ་པ་ཡིན་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སྲིད་པའི་བདེ་བ་འདོད་ཅིང་སྨོན་ལམ་མི་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་མི་དམན་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མ་ཞུམ་པའི་སྨོན་ལམ་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི། ཁམས་གསུམ་ལས་སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པར་སྨོན་ལམ་མི་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མ་ཞུམ་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སྨོན་ལམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་ཅན་གྱི་ཁམས་ཇི་སྙེད་པ་མ་ལུས་པར་དེ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ ༄༅། །ནས་བདག་ཕྱིས་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་སྨོན་ལམ་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པའི་སྨོན་ལམ་པ་ཡིན་ཞེ་ན། འདི་ལ་ བྱང་ཆུབ་སེམས་དཔའ་འདི་ལྟར་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ་མཐར་གྱིས་བྱང་ཆུབ་ ཀྱི་སྤྱོད་པ་སྤྱོད་དུ་བཙུད་ནས་བྱང་ཆུབ་ཀྱི་སྙིང་པོར་འདུག་པ་རྣམས་ལ་མཆོད་པ་དང༌། བཀུར་སྟི་བྱའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་པ་གདབ་བོ། །ཡོངས་སུ་མྱ་ངན་ལས་ འདའ་བ་རྣམས་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་བཞུགས་སུ་གསོལ་ཞེས་སྨོན་ལམ་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་ བསྔགས་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པའི་སྨོན་ལམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི། འདི་ལྟར་ བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་ཅི་ནས་ཀྱང་བདུད་ཀྱི་སྒྲའམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་འབྱུང་བར་མི་འགྱུར་བ་དེ་ལྟར་བདག་གིས་བྱའོ། ། དེས་སྨོན་ལམ་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གཞན་གྱི་དྲིང་མི་འཇོག་ པའི་སྨོན་ལམ་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི། གཞན་གྱི་དྲིང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི། བྱང་ཆུབ་སེམས་དཔའ་ནི། བདག་ཉིད་ ཀྱིས་ཤེས་རབ་ཀྱིས་དཔྱད་དེ། སེམས་ཅན་གྱི་ཁམས་སྡུག་བསྔལ་བ་ལ་བལྟས་ནས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་ དཔའ་གཞན་གྱི་དྲིང་མི་འཇོག་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་སྨོན་ལམ་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི། འདི་ལྟ་སྟེ། བྱང་ཆུབ་ ཀྱི་ཚོགས་རྣམས་ཀྱི་ཕྱོགས་འགའ་ཞིག་བཟུང་ནས་ཉི་ཚེ་བའི་སྨོན་ལམ་མི་འདེབས་ཀྱི། བྱང་ཆུབ་སེམས་དཔའ་ནི། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་ བཙུགས་ཏེ་སེམས་མི་སྐྱོ་བར་བྱས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་བལྟས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཕྱོགས་བཅུ་ན་གནས་པ་དང༌། གང་དག་དཀའ་བ་སྤྱོད་པ་ ལ་གནས་པ་དང༌། གང་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་དང༌། སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་རྣམས་ལ་སྙིང་ ༄༅། །ཐག་པ་ནས་བསམ་སྟེ། དེ་དག་གིས་ཆོས་བསྟན་པ་ཇི་སྙེད་པ་དེ་དག་ལ་མོས་པར་བྱེད་དོ། །མོས་པར་གྱུར་ནས་རྗེས་སུ་ཡི་རང་ངོ༌། །རྗེས་སུ་ཡི་རང་ནས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཐའ་ཡས་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་སྐྲག་པའི་སྨོན་ ལམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡིན་ཡང་ཆོས་ཟབ་མོ་ཟབ་མོ་རྣམས་ཐོས་པ་དང༌། སངས་རྒྱས་ཀྱི་ཆེ་བ་ཟབ་མོ་ཐོས་པ་དང༌། བྱང་ཆུབ་སེམས་དཔའི་རྣམ་ པར་རོལ་པ་ཟབ་མོ་ཐོས་པ་དང༌། ཐབས་མཁས་པའི་ཚུལ་ཟབ་མོ་ཐོས་ཀྱང་མི་སྐྲག། རབ་ཏུ་མི་སྐྲག །ཤིན་ཏུ་མི་སྐྲག་པར་མི་བྱེད་དོ། །དེ་འདི་སྙམ་དུ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མཐའ་ ཡས༑ སངས་རྒྱས་ཀྱི་ཡུལ་ཀྱང་མཐའ་ཡས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའང་མཐའ་ཡས་ཏེ། དེ་ནི། བདག་འདྲ་བས་ཤེས་པར་མི་ ནུས་ཀྱི༑ སངས་རྒྱས་ཉིད་ཀྱིས་མཁྱེན་གྱི་བདག་གིས་མི་ཤེས་སོ་སྙམ་དུ་སེམས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་སྐྲག་པའི་སྨོན་ལམ་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ ཡོངས་སུ་མི་སྐྱོ་བའི་སྨོན་ལམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དམུ་རྒོད་གདུལ་དཀའ་བར་རིག་སྟེ། དེ་རྣམས་ཀྱིས་ཡི་ཆད་ནས་འདི་ལྟ་བུའི་དམུ་རྒོད་འདི་ལྟ་བུར་ གདུལ་དཀའ་བའི་སེམས་ཅན་འདི་དག་གིས་ཆོག་གོ། ཞེས་ཏེ། དེའི་ཕྱིར་ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པར་གྱུར་ཏེ་གང་ན་སེམས་ཅན་འདི་ལྟ་བུ་དག་གི་མིང་ཡང་མི་ཐོས་པའི་འཇིག་རྟེན་ གྱི་ཁམས་ཡོངས་སུ་དག་པར་སྨོན་ལམ་མི་འདེབས་སོ། །སེམས་ཅན་གྱི་དོན་ལ་མ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ནི། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་ཡང་མི་འགྱུར་ ཏེ༑ དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གང་རྣམས་ངན་པ། བརྩོན་འགྲུས་ཆུང་བ། བླུན་པོ་གླེན་པ། ལུག་ལྟར་ལྐུག་པའི་ རང་བཞིན་ཅན། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། སེམས་ཅན་གྱི་ཁམས་མ་ལུས་པ་དེ་ལས་བསྙིགས་པ། སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱིས་སྤངས་པར་གྱུར་པ་ཡོད་པ་དེ་དག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འདུས་པར་གྱུར་ལ། བདག་གིས་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཏུ་བཅུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་པའི་སེམས་བསྐྱེད་པ་རེ་རེ་ལའང་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོའོ།། སངས་རྒྱས་ཐམས་ཅད་ཀྱང་དེའི་བསྔགས་པ་གསུང་བར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་ ༄༅། །པར་རྫོགས་པར་འཚང་རྒྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་མི་སྐྱོ་བའི་སྨོན་ལམ་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ ལེགས་པར་ཡོངས་སུ་རྫོགས་པའི་སྨོན་ལམ་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་བདུད་ཀྱི་དཔུང་གཞོམ་པ་དང༌། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང༌། ཡང་དེ་ལས་འདས་པར་སྨོན་ལམ་མི་འདེབས་པ་འདི་ནི། ལེགས་པར་ཡོངས་སུ་རྫོགས་པའི་སྨོན་ལམ་ པ་ཞེས་བྱའོ། །འདི་ལྟ་སྟེ། དཔེར་ན། མར་རམ། འབྲུ་མར་གྱི་སྣོད་ཁ་ད་ཆད་དུ་གང་སྟེ། ལྷག་པར་རྡུལ་ཕྲ་རབ་ཙམ་གྱི་ཐིགས་པའང་མི་ཤོང་ན། དེའི་ཕྱིར་ཨེ་མའོ་སྣོད་གང་བ། ཨེ་ མའོ་སྣོད་ཤིན་ཏུ་གང་བ་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སྨོན་ལམ་ལེགས་པར་ཡོངས་སུ་རྫོགས་པའི་ཕྱིར་སྨོན་ ལམ་མ་རྫོགས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་དོ། །དེ་བས་ན། ལེགས་པར་ཡོངས་སུ་རྫོགས་པའི་སྨོན་ལམ་ཞེས་བྱ་སྟེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ ལྟ་སྟེ༑ ཟིལ་གྱིས་མི་ནོན་པའི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། མི་ཚུགས་པའི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། བསོད་ནམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ ཡིན༑ ཤེས་རབ་ཀྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། འཁོར་གྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། དབང་གི་ སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། གཟུངས་ཀྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། རྣམ་པར་མི་འཁྲུགས་པའི་ཕྱིན་གྱི་རླབས་ཀྱི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན། བཀའ་མི་གཅོག་པའི་སྟོབས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཟིལ་གྱིས་མི་ནོན་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ ཀྱི་བུ༑ འདི་ལ་བྱང་ཆུབ་སེམས་དཔའ་ཕ་རོལ་རྒོལ་བ་ཀུན་གྱིས་ཟིལ་གྱིས་མི་ནོན་པ་ཡིན་ཏེ། དེ་ལྟར་ན། ཟིལ་གྱིས་མི་ནོན་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་ སེམས་དཔའ་མི་ཚུགས་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དེའི་སྟོབས་ལ་གང་སྟོབས་ཀྱིས་ཐུབ་པའི་སེམས་ཅན་དེ་ལྟ་བུ་སེམས་ཅན་གྱི་རིས་ན་ མེད་དེ༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་ཚུགས་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ༄༅། །འདི་ལ་བྱང་ཆུབ་སེམས་དཔས་མ་བསྒྲུབས་པའི་བསོད་ནམས་ཀྱི་ཚོགས་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་དེ་གང་ཡང་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔས་དེ་བཞིན་གཤེགས་པའི་ཡེ་ཤེས་མ་གཏོགས་པར་སངས་རྒྱས་ཀྱི་ཆོས་གང་ཡང་ཡང་དག་པའི་ཤེས་རབ་ཀྱིས་མ་མཐོང་བ་དང༌། མངོན་དུ་མ་བྱས་པ་དང༌། ཁོང་དུ་མ་ཆུད་ པ་དེ་དག་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གྱི་སྟོབས་ཕུན་སུམ་ཚོགས་པ་ ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་འཁོར་ཚུལ་ཁྲིམས་ཉམས་པ་མ་ཡིན། ལྟ་བ་ཉམས་པ་མ་ཡིན། ཆོ་ག་ཉམས་པ་མ་ཡིན། འཚོ་བ་ཉམས་པ་མ་ཡིན་གྱི། བྱང་ཆུབ་སེམས་ དཔའི་འཁོར་ནི། བྱང་ཆུབ་སེམས་དཔའ་མཚུངས་པར་སྤྱོད་པ་རྣམས་ཉིད་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཇིག་རྟེན་པའི་རྫུ་འཕྲུལ་གྱི་ཡུལ་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རྫུ་འཕྲུལ་ གྱི་ཡུལ་ཐམས་ཅད་ཟིལ་གྱིས་གནོན་ཏེ། དེའང་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་མཆོག་གིས་ཟིལ་གྱིས་གནོན་ཏོ། །དེ་འདོད་ན་ཛམྦུའི་གླིང་སྐྲ་ཉག་མ་གཅིག་གི་རྩེ་མོ་ལ་འཇོག་གོ །དེ་བཞིན་ དུ་གླིང་བཞི་པ་དང༌། སྟོང་གི་འཇིག་རྟེན་གྱི་ཁམས་དང༌། སྟོང་གཉིས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་དེ་བཞིན་ནོ། །དེ་འདོད་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་གཅིག་ལ་འཇོག་གོ །དེ་བཞིན་དུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། བཞི་བཅུ་ དང༌། ལྔ་བཅུ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་གཅིག་ལ་འཇོག་ཀྱང་རྡུལ་ཕྲ་རབ་དེ་ལ་གང་བ་དང༌། བྲི་བར་ ཡང་མི་མངོན་ཏེ། འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱང་ཕན་ཚུན་དུ་འདྲེས་པར་མི་འགྱུར། སེམས་ཅན་དེ་རྣམས་ལ་གནོད་པར་ཡང་མི་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྫུ་ འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དབང་གི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདོད་ན་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱིན་གྱིས་རློབ་བོ། །དེ་འདོད་ན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་རིན་པོ་ཆེ་རྣམ་པ་སྣ་ ༄༅། །ཚོགས་ཀྱིས་ཡོངས་སུ་གང་བར་བྱིན་གྱིས་རློབ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དབང་གི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་གཟུངས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་དག་ན་སངས་རྒྱས་བཅོམ་ལྡན་འདས་ ཇི་སྙེད་ཅིག་དོན་ཐ་དད་པ་དང༌། ཚིག་དང་ཡི་གེ་ཐ་དད་པ་དང༌། བརྗོད་པ་ཐ་དད་པ་དང༌། ཚུལ་ཐ་དད་པའི་ཆོས་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་སྐད་ཅིག་ཡུད་ཙམ་ཐང་གཅིག་ གཅིག་ལ་ཐམས་ཅད་འཛིན་པར་བྱེད། ཁོང་དུ་ཆུད་པར་བྱེད། སྒོམ་པར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་རྣམ་པར་མི་འཁྲུགས་པའི་བྱིན་གྱི་རླབས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ མ་གཏོགས་པར་བྱང་ཆུབ་སེམས་དཔས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་གང་རྣམ་པར་འཁྲུག་པར་བྱེད་པའི་སེམས་ཅན་དེ་ལྟ་བུ་སེམས་ཅན་གྱི་རིས་ན་མེད་དེ། དེ་ལྟར་ན། བྱང་ ཆུབ་སེམས་དཔའ་རྣམ་པར་མི་འཁྲུགས་པའི་བྱིན་གྱི་རླབས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བཀའ་མི་གཅོག་པའི་སྟོབས་ ཕུན་སུམ་ཚོགས་པ་ཡིན་ཞེ་ན། ཐབས་མཁས་པ་མ་གཏོགས་པར་གང་བྱང་ཆུབ་སེམས་དཔའི་བཀའ་གཅོག་པའི་སེམས་ཅན་དེ་ལྟ་བུ་སེམས་ཅན་གྱི་རིས་ན་མ་མཐོང་སྟེ། རིགས་ཀྱི་བུ། དེ་ ལྟར་ན༑ བྱང་ཆུབ་སེམས་དཔའ་བཀའ་མི་གཅོག་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྟོབས་ཕུན་སུམ་ཚོགས་པ་ རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པའི་ཡེ་ཤེས་ ཕུན་སུམ་ཚོགས་པ་རྣམས་ཡིན། ཆོས་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། ཉི་ཚེ་བ་མ་ཡིན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། ཏིང་ངེ་འཛིན་གྱི་སྤྱོད་ ཡུལ་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། བྱིན་གྱི་རླབས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། མི་འཕྲོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། སེམས་ཅན་ ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཡེ་ ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཟག་ལ་ ༄༅། །བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔས་ཕུང་པོ་རྣམས་སྐྱེ་བ་ཡང་དག་པར་མཐོང༌། འཇིག་པ་དང༌། འགོག་ པའང་ཡང་དག་པར་མཐོང་ངོ༌། །དེས་ཕུང་པོ་སྐྱེ་བ་རྣམས་སྙིང་པོ་མེད་པ་དང༌། བྱེད་པ་མེད་པ་དང༌། གསོག་ཏུ་ཡང་དག་པར་མཐོང༌། ཕུང་པོ་འགག་པ་རྣམས་འཇིག་པར་ཡང་དག་པར་མཐོང་ སྟེ༑ དེ་འདི་སྙམ་དུ་ཕུང་པོ་འདི་དག་ནི། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་བདག་ཏུ་འཛིན་ པ་ལ་མངོན་པར་ཞེན་པ་འདི་དག་ནི། འདི་ལྟར་བདག་ཅག་གི་ཕུང་པོ་རྣམས་བདག་གོ །བདག་ཅག་གི་ཕུང་པོ་རྣམས་ལ་བདག་ཡོད་དོ། །བདག་ཅག་གི་བདག་ལ་ཕུང་པོ་རྣམས་ཡོད་ དོ༑ ༑བདག་ཅག་གི་བདག་ནི། ཕུང་པོ་ཅན་ནོ་སྙམ་སྟེ། དེ་དག་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པས་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་པས་མགལ་མེའི་འཁོར་ ལོ་ལྟར་འཁོར་བར་འཁྱམས་མོ་སྙམ་དུ་སེམས་ཤིང༌། དེ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གང་ ཟག་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་ སེམས་དཔས་ཆོས་ལ་སྒྲོ་འདོགས་པ་དང༌། ཆོས་ལ་སྐུར་པའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདི་སྙམ་དུ་གློ་བུར་དུ་བྱུང་བའི་ཆོས་ལ་ཀུན་བརྟགས་པའི་མིང་གདགས་ཏེ། ཆོས་དེའང་དེའི་ངོ་བོ་ཉིད་མ་ཡིན། ཡི་གེ་དེ་དག་ཀྱང་དེའི་ངོ་བོ་ཉིད་མ་ཡིན་མོད་ཀྱི། འདི་ནི། མིང་ཙམ་དང༌། ཐ་སྙད་ཙམ་དུ་བྱའི། འདི་ལ་མངོན་པར་ཞེན་པར་མི་བྱའོ། །གློ་བུར་དུ་བྱུང་བའི་ ཆོས་དེའང་ཐམས་ཅད་དུ་ཐམས་ཅད་མེད་པ་མ་ཡིན་ཏེ། གཞན་གྱི་རྐྱེན་དང༌། གཞན་གྱི་རྐྱེན་ལ་སྡོད་པ་དང༌། གཞན་གྱི་རྐྱེན་རྣམས་ཀྱིས་འབྱུང་ཞིང་རྐྱེན་དང་བྲལ་ན་འགག་པའི་ཆོས་འདི་ནི། ཡོད་དོ༑ ༑ཞེས་དེ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་ པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉི་ཚེ་བ་མ་ཡིན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཉི་ཚེ་བའི་ཡེ་ཤེས་སྐད་ཅིག་གཅིག་ལ་འཇུག་ཅིང་ སྐད་ཅིག་གཉིས་པ་ལ་མི་འཇུག་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་ཡེ་ཤེས་མཐོང་བ་ནི། སྐད་ཅིག་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ ཉི་ཚེ་བ་མ་ཡིན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་ ༄༅། །སེམས་དཔས་ཉན་ཐོས་ཀྱི་ཏིང་ངེ་འཛིན་རྣམས་ཀྱང་རབ་ཏུ་ཤེས། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམས་ཀྱང་རབ་ཏུ་ཤེས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ རྣམས་ཀྱང་རབ་ཏུ་ཤེས། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་རྣམས་ཀྱང་རབ་ཏུ་ཤེས་སོ། །དེས་ཏིང་ངེ་འཛིན་གང་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གང་ལ་ཉན་ཐོས་སྤྱོད་པ་དེའང་རབ་ ཏུ་ཤེས༑ ཏིང་ངེ་འཛིན་གང་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གང་ལ་རང་སངས་རྒྱས་སྤྱོད་པ་དེའང་རབ་ཏུ་ཤེས། ཏིང་ངེ་འཛིན་གང་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གང་ལ་བྱང་ཆུབ་ སེམས་དཔའ་སྤྱོད་པ་དེའང་རབ་ཏུ་ཤེས། དེས་ཏིང་ངེ་འཛིན་གང་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གང་ལ་དེ་བཞིན་གཤེགས་པས་སྤྱོད་པ་དེའང་རབ་ཏུ་ཤེས་ཏེ། དེ་བཞིན་གཤེགས་ པས་སྐབས་ཕྱེ་ན་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི། རབ་ཏུ་ཤེས་ཀྱི། རྣམ་པར་སྨིན་པས་གྲུབ་པའི་རང་གི་ཡེ་ཤེས་ཀྱིས་ནི། མ་ཡིན་ནོ། །ཏིང་ངེ་འཛིན་གཞན་རྣམས་ནི། རྣམ་ པར་སྨིན་པས་གྲུབ་པའི་རང་གི་ཡེ་ཤེས་ཀྱིས་རབ་ཏུ་ཤེས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་བྱིན་གྱི་རླབས་ཀྱང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། རང་སངས་ རྒྱས་ཀྱི་བྱིན་གྱི་རླབས་ཀྱང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱང་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། སེམས་ཅན་དེ་མ་ཡིན་པ་གཞན་དག་ལྟ་ཅི་སྨོས་ཏེ། དེ་ ལྟར་ན༑ བྱང་ཆུབ་སེམས་དཔའ་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་འཕྲོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་ བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི། མུ་སྟེགས་ཅན་ཐམས་ཅད་དང༌། བདུད་ཐམས་ཅད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་ སེམས་དཔའ་མི་འཕྲོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བའི་ཡེ་ཤེས་ཕུན་སུམ་ཚོགས་ པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཡོངས་སུ་དག་ཅིང་རྙོག་པ་མེད་པས་སེམས་ཅན་གྱི་ཁམས་ལ་རྣམ་པར་ལྟ་སྟེ། དེས་དེ་ན་སེམས་ཅན་ལ་ལ་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དག་དང༌། ལ་ལ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པ་དག་དང༌། ལ་ལ་བྱང་ཆུབ་ཀྱི་སེམས་བསྒྲུབས་པ་དག་དང༌། ལ་ལ་བྱང་ཆུབ་ཀྱི་སེམས་མ་བསྒྲུབས་པ་དག་དང༌། ལ་ལ་ས་ དང་པོ་ལ་གནས་པ་དག་དང༌། ལ་ལ་ས་བཅུའི་བར་ལ་གནས་པ་དག་དང༌། ལ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དག་དང༌། ལ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་ ༄༅། །འཁོར་ལོ་རབ་ཏུ་བསྐོར་བ་དག་དང༌། ལ་ལ་བྱ་བ་ཀུན་བྱས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དག་དང༌། ལ་ལ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བ་ དག་དང༌། ལ་ལ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བ་དག་དང༌། ལ་ལ་བདེ་འགྲོར་སྐྱེ་བ་དག་མཐོང་ངོ༌། །དེ་ལྟར་ན། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ ལྟ་སྟེ༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལྷུན་གྱིས་ གྲུབ་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་པའམ། འགྲེང་བའམ། འདུག་པའམ། འགྲོ་བའམ། འོང་བ་ན་ལྷུན་གྱིས་གྲུབ་ཅིང་ཡེ་ཤེས་འབྱུང་ སྟེ༑ འདི་ལྟ་སྟེ། དཔེར་ན། མི་གཉིད་ཀྱིས་ལོག་པའི་དབུགས་འབྱུང་བ་དང༌། རྡུབ་པ་དག་ལྷུན་གྱིས་འགྲུབ་ཅིང་འབྱུང་ངོ༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་དེའང་དེ་བཞིན་དུ་བལྟའོ། ། ཡེ་ཤེས་དེའང་ཐམས་ཅད་དུ་མི་ཆགས་པར་འཇུག་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་མཚན་ཉིད་མཚུངས་པར་ཡང་རབ་ཏུ་ཤེས། མཚན་ ཉིད་གཅིག་པར་ཡང་རབ་ཏུ་ཤེས། མཚན་ཉིད་དུ་མར་ཡང་རབ་ཏུ་ཤེས། སྒྱུ་མའི་མཚན་ཉིད་དུའང་རབ་ཏུ་ཤེས། ཡང་དག་པ་མ་ཡིན་པར་ཡོངས་སུ་བཏགས་པའི་མཚན་ཉིད་དུའང་རབ་ཏུ་ ཤེས་ཏེ༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་ པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཡེ་ཤེས་འཇིག་རྟེན་ཐམས་ཅད་ལས་འདས་པ་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཕུན་སུམ་ ཚོགས་པ་རྣམས་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན། བམ་པོ་གསུམ་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ས་དང་མཚུངས་པ་རྣམས་ཡིན་ནོ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཡངས་ཤིང་ཚད་མེད་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་རྣམས་ཡིན། གནོད་པ་དང་ལན་དུ་ཕན་འདོགས་པ་དང་བྲལ་བ་རྣམས་ཡིན་།ཆོས་ ཀྱི་སྤྲིན་ཆེན་པོ་ཀུན་ཟེད་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་རྣམས་ཡིན། དགེ་བའི་ཆོས་ས་བོན་གྱི་གཞིར་གྱུར་པ་རྣམས་ཡིན། རིན་པོ་ཆེའི་སྣོད་དུ་གྱུར་པ་རྣམས་ ༄༅། །ཡིན༑ རྩི་ཆེན་པོའི་སྣོད་དུ་གྱུར་པ་རྣམས་ཡིན། མི་སྒུལ་བ་རྣམས་ཡིན། མི་དངང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ ཡངས་ཤིང་ཚད་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། ཐམས་ཅད་དུ་ཡངས་ཤིང་ཚད་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟ་སྟེ། བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཀུན་ཏུ་ཡངས་ཤིང་ཚད་མེད་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡངས་ཤིང་ཚད་མེད་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། འདི་ལྟར་ཡོ་བྱད་རྣམ་པ་དེ་དང་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་ གྱུར་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་སོགས་པ་བྱང་ཆུབ་ཀྱི་ ཚོགས་རྣམས་དང༌། ཕན་པར་འགྱུར་བའི་ཡོ་བྱད་རྣམ་པ་དུ་མ་དེ་དང་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གནོད་པ་དང་ལན་དུ་ཕན་འདོགས་པ་དང་བྲལ་བ་ཡིན་ཞེ་ན། འདི་ལྟ་སྟེ། རིགས་ཀྱི་བུ། དཔེར་ན། ས་ཆེན་ པོ་ནི༑ གནོད་པས་ཀྱང་ཁོང་ཁྲོ་བར་མི་འགྱུར། ཕན་པས་ཀྱང་ཆགས་པར་མི་འགྱུར་ཏེ། དེ་ལ་གཉིས་སུ་འདུ་ཤེས་པའང་མི་འབྱུང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གནོད་པ་དག་ གིས་ཁོང་ཁྲོ་བར་མི་འགྱུར། ཕན་པ་དག་གིས་ཀྱང་ཆགས་པར་མི་འགྱུར་ཏེ། དེ་ནི། སེམས་ཅན་དེ་དག་ལ་ཆགས་པ་དང༌། ཁོང་ཁྲོ་བའང་མི་སྐྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གནོད་ པ་དང་ལན་དུ་ཕན་འདོགས་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྤྲིན་ཆེན་པོ་ཀུན་ཟེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། སྤྲིན་ཆེན་ པོ་ལས་འབབ་པའི་ཆུ་ཀླུང་ཆེན་པོ་ཀུན་ཟེད་དེ། བཟོད་ཅིང་ཀུན་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར་པ་ཆེན་པོ་རང་ ཏུ་ཕབ་པ་ཀུན་ཟེད་ཅིང་བཟོད་ལ་འཛིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྤྲིན་ཆེན་པོ་ཀུན་ཟེད་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་གནས་ སུ་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། སེམས་ཅན་ཐམས་ཅད་འགྲོ་བ་དང༌། འོང་བའི་གནས་སུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་འགྲོ་དང༌། མྱ་ངན་ལས་འདས་པར་འགྲོ་བའི་གནས་སུ་གྱུར་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་པ་ ༄༅། །ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ཀྱི་ས་བོན་གྱི་གཞིར་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་བོན་ཐམས་ཅད་ནི། ས་ ཆེན་པོའི་གཞིར་གྱུར་པ་ལས་སྐྱེའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་ཀྱི་ས་བོན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་གཞིར་གྱུར་པ་ལས་སྐྱེ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ཀྱི་ས་བོན་གྱི་གཞིར་གྱུར་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྣོད་དུ་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ ན༑ ས་ཆེན་པོ་ནི། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྣོད་ཡིན་ཏེ། ས་ཆེན་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀུན་སྣང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་རིན་པོ་ཆེ་རྣམ་པ་སྣ་ ཚོགས་ཀྱི་སྣོད་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ཡོན་ཏན་རིན་པོ་ཆེ་སྣ་ཚོགས་ཀུན་སྣང་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྣོད་དུ་གྱུར་པ་ཡིན་ནོ། །ཇི་ ལྟར་ན༑ བྱང་ཆུབ་སེམས་དཔའ་རྩི་ཆེན་པོའི་སྣོད་དུ་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྩི་ཆེན་པོ་གང་དག་ནད་རྣམ་པ་སྣ་ཚོགས་ཞི་བར་འགྱུར་བ་དག་ཀྱང་ས་ ཆེན་པོ་ལ་གནས་ཏེ་འཇིག་རྟེན་ན་སྣང་ངོ༌། །དེ་བཞིན་དུ་གང་དག་གིས་ཉོན་མོངས་པའི་ནད་རྣམ་པ་སྣ་ཚོགས་པ་རྣམས་ཞི་བར་འགྱུར་བའི་ཆོས་ཀྱི་རྩི་ཆེན་པོ་རྣམས་ཀྱང་བྱང་ཆུབ་ སེམས་དཔའ་ལ་གནས་ཤིང་འཇིག་རྟེན་དུ་སྣང་བར་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྩི་ཆེན་པོའི་སྣོད་དུ་གྱུར་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་སྒྲུལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། འདི་ལྟར་ཤ་སྦྲང་དང༌། སྦྲང་བུ་དང༌། རླུང་དང༌། ཉི་མ་དང༌། སྦྲུལ་གྱིས་རེག་པའི་སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བ་ཡིན་ནོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལས་བྱུང་བའི་ཕྱི་ནང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་སྒུལ་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་སྒུལ་བ་ ཡིན་ནོ༑ ༑རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མི་དངང་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི། གླང་པོ་ཆེའི་རྒྱལ་པོ་དང༌། རི་དྭགས་ཀྱི་རྒྱལ་པོ་རྣམ་པ་ སྣ་ཚོགས་ཀྱི་སྒྲ་ཐོས་ཀྱང་མི་སྐྲག །རབ་ཏུ་མི་སྐྲག། ཤིན་ཏུ་མི་སྐྲག། སྐྲག་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱི་སྒྲ་ཐོས་ན་མི་ སྐྲག །རབ་ཏུ་མི་སྐྲག །ཤིན་ཏུ་མི་སྐྲག །སྐྲག་པར་མི་འགྱུར་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་དངང་བ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ས་ཆེན་པོ་དང་མཚུངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆུ་དང་མཚུངས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་ ༄༅། །སྟེ༑ དགེ་བའི་ཆོས་ལ་གཞོལ་བ་རྣམས་ཡིན། དཀར་པོའི་ཆོས་ཐམས་ཅད་སྐྱེད་པ་རྣམས་ཡིན། དགའ་བ་དང་དད་པ་དང་རངས་པའི་གཤེར་བ་ཅན་རྣམས་ ཡིན༑ ཉོན་མོངས་པའི་རྩ་བའི་རྒྱུད་ཐམས་ཅད་སྲུལ་བ་རྣམས་ཡིན། དང་ཞིང་རྙོག་པ་མེད་དེ་གསལ་བ་རྣམས་ཡིན། ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱེད་པ་རྣམས་ ཡིན༑ འདོད་པ་ལ་སྲེད་པ་ཟློག་པ་རྣམས་ཡིན། ཟབ་ཅིང་གཏིང་དཔག་དཀའ་བ་རྣམས་ཡིན། མཐོ་དམའ་འགེངས་པ་རྣམས་ཡིན། ཉོན་མོངས་པའི་རྡུལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ལ་གཞོལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། གཞོལ་བར་འགྲོ་བ་ དང༌། གཞོལ་བར་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དགེ་བའི་ཆོས་ལ་གཞོལ་ཞིང་དགེ་བའི་ཆོས་ཀྱི་ཕྱིར་རྒྱུ་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དགེ་ བའི་ཆོས་ལ་གཞོལ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དཀར་པོའི་ཆོས་ཐམས་ཅད་སྐྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། རྩྭ་དང༌། ཤིང་གེལ་པ་ དང༌། རྩི་དང༌། ནགས་ཚལ་ཐམས་ཅད་སྐྱེད་དེ། སྐྱེས་པ་རྣམས་ཀྱང་ཕྱིར་ཞིང་རྒྱས་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཏིང་ངེ་འཛིན་གྱི་ཆུས་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་ཐམས་ཅད་རྣམ་པར་སྐྱེད་དོ། །སྐྱེས་པ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་དུ་གྱུར་གྱི་བར་དུ་ཕྱིར་ཞིང་རྒྱས་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་དུ་གྱུར་པ་དག་ གིས་སངས་རྒྱས་ཀྱི་ཆོས་ཀྱི་འབྲས་བུ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་རྣམས་འཚོ་བར་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དཀར་པོའི་ཆོས་ཐམས་ཅད་སྐྱེད་པ་ཡིན་ནོ། ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགའ་བ་དང༌། དད་པ་དང༌། རངས་པའི་གཤེར་བ་ཅན་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། ངོ་བོ་ཉིད་ཀྱིས་གཤེར་བ་ཅན་ཡིན་ཏེ། གཞན་ ཡང་གཤེར་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ངོ་བོ་ཉིད་ཀྱིས་དགའ་བ་དང༌། དད་པ་དང༌། རངས་པའི་གཤེར་བ་ཅན་ཡིན་ཏེ། སེམས་ཅན་གཞན་ཡང་དགའ་བ་དང༌། དད་ པ་དང༌། རངས་པའི་གཤེར་བ་ཅན་དུ་བྱེད་དོ། །དེ་ལ་དགའ་བ་ནི། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བའོ། །དད་པ་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་བརྟེན་པའོ། །རངས་པ་ནི། གང་སེམས་དག་པ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དགའ་བ་དང༌། དད་པ་དང༌། རངས་པའི་གཤེར་བ་ཅན་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་རྩ་བའི་རྒྱུན་ཐམས་ ཅད་སྲུལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། ཤིང་གི་རྣམ་པ་དང༌། རྩྭའི་རྣམ་པའི་རྩ་བ་དག་གི་རྒྱུན་ཐམས་ཅད་སྲུལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྒོམ་ ༄༅། །པ་ལ་གནས་པའི་ཏིང་ངེ་འཛིན་གྱི་ཆུས་ཉོན་མོངས་པའི་རྩ་བའི་རྒྱུན་ཐམས་ཅད་སྲུལ་ཏེ། ཇི་ལྟར་ན། ཉོན་མོངས་པའི་རྩ་བའི་རྒྱུན་འདི་དག་གི་མིང་ཡང་མི་ཤེས་པ་ དང༌། ཉོན་མོངས་པའི་དྲི་ང་བའི་བག་ཆགས་ཀྱང་མེད་པར་འགྱུར་བ་དེ་ལྟ་བུར་སྲུལ་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་རྩ་བའི་རྒྱུན་ཐམས་ཅད་སྲུལ་བ་ཡིན་ ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དང་ཞིང་རྙོག་པ་མེད་དེ་གསལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། རང་བཞིན་གྱིས་དང་ཞིང་རྙོག་པ་མེད་དེ་གསལ་ལོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་བཞིན་གྱིས་དང་ཞིང་རྙོག་པ་མེད་དེ་གསལ་བ་ཡིན་ནོ། དེ་ལ་བག་ལ་ཉལ་བ་དང༌། ཀུན་ནས་ལྡང་བ་དང་བྲལ་བས་ན། དང་བའོ། །འདོད་ ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང་བྲལ་བས་ན། རྙོག་པ་མེད་པའོ། །དབང་པོ་རབ་ཏུ་དང་བས་ན། གསལ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དང་ཞིང་རྙོག་པ་མེད་དེ་གསལ་ བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། ས་ཆེན་པོ་དཔྱིད་ཀྱི་ཚ་བས་ གདུངས་པ་དང༌། དེ་ལས་གཞན་ཡང་སེམས་ཅན་རྣམས་དཔྱིད་ཀྱི་ཚ་བས་གདུངས་པ་རྣམས་རབ་ཏུ་ཞི་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉོན་མོངས་པས་གདུངས་ པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཆོས་ཀྱི་ཆུས་རབ་ཏུ་ཞི་བར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་འདོད་པ་ལ་སྲེད་པ་ཟློག་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ནི། སྐོམ་པས་ཉེན་པའི་སེམས་ཅན་རྣམས་ཀྱི་སྐོམ་པ་རྣམ་པར་ཟློག་གོ །དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡུལ་ལ་སྲེད་པས་ཉེན་པའི་སེམས་ཅན་ཉེན་པར་གྱུར་པ་དག་ལ་གང་གིས་སེམས་ཅན་དེ་དག་གི་ཡུལ་ལ་སྲེད་པ་ཟློག་པར་འགྱུར་བ་དེ་ལྟ་བུའི་ཆོས་ ཀྱི་ཆར་མངོན་པར་འབེབས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འདོད་པ་ལ་སྲེད་པར་ཟློག་པར་བྱེད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུའི་འཇིངས་ནི། ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཡང་དག་པར་གྲུབ་པའང་འདི་ལྟ་སྟེ། བདུད་ ཐམས་ཅད་དང༌། མུ་སྟེགས་ཅན་ཐམས་ཅད་ཀྱིས་གཏིང་དཔག་དཀའ་ཞིང་ཟབ་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་ དཔའ་མཐོ་དམའ་འགེངས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུའི་ཀླུང་ནི། སོའི་ཕྱོགས་མཐོ་དམའ་འགེངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་ཆུའི་ ༄༅། །ཀླུང་གིས་སེམས་ཅན་གྱི་ཁམས་མཐོ་དམའ་འགེངས་ཏེ། ཇི་ལྟར་ན། ཆུས་འགེངས་པ་ལྟར་སེམས་ཅན་ལ་གནོད་པ་བྱེད་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ གྱི༑ སེམས་ཅན་དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཆོས་ཀྱི་ཆུ་ཀླུང་འབེབས་ཤིང་དེ་དག་ལ་གནོད་པར་མི་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཐོ་དམའ་འགེངས་པ་ཡིན་ནོ།། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་རྡུལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུས་ནི། སའི་ཕྱོགས་སྐམ་ཞིང་རྡུལ་འཐུལ་ བ་ཐམས་ཅད་སྣུམ་པར་བྱེད་ཅིང༌། རྡུལ་དེ་དག་ཞི་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་སེམས་རྩུབ་པ་རྣམས་འདི་ལྟ་སྟེ། ཤེས་རབ་ལ་གནས་པའི་ ཏིང་ངེ་འཛིན་གྱི་ཆུས་སེམས་སྣུམ་པར་བྱེད་ཅིང་སེམས་ཅན་དེ་དག་གི་ཉོན་མོངས་པའི་རྡུལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ རྡུལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆུ་དང་མཚུངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ ལྡན་ན༑ བྱང་ཆུབ་སེམས་དཔའ་མེ་དང་མཚུངས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པའི་ཕྱག་དར་ཁུང་ཐམས་ཅད་ཀྱང་སྲེག་པར་བྱེད། སངས་རྒྱས་ཀྱི་ཆོས་ རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། ཉོན་མོངས་པའི་འདམ་ཐམས་ཅད་ཀྱང་སྐེམ་པར་བྱེད། མེའི་ཕུང་པོ་དང་འདྲ་བ་རྣམས་ཡིན། སྣང་བར་གྱུར་པ་རྣམས་ཡིན། སྐྲག་པར་བྱེད་པ་རྣམས་ ཡིན༑ དབུགས་འབྱིན་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་རྣམས་ཡིན། མཆོད་པར་བྱ་བ་རྣམས་ཡིན། མི་བརྙས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཕྱག་དར་ཁུང་ཐམས་ཅད་སྲེག་ཅེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མེ་ནི། ཕྱག་དར་ཁུང་དང༌། རྩྭ་དང༌། ཤིང་གེལ་པ་དང༌། རྩི་དང༌། སྡོང་པོ་ཐམས་ཅད་སྲེག་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱིས་བག་ལ་ཉལ་དང༌། ཀུན་ནས་ལྡང་བ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ ཉོན་མོངས་པའི་ཕྱག་དར་ཁུང་ཐམས་ཅད་སྲེག་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་ཕྱག་དར་ཁུང་ཐམས་ཅད་སྲེག་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་ཅེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མེ་ནི། ལོ་ཏོག་དང༌། རྩི་དང༌། སྡོང་བུའི་རྣམ་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱིས་ནང་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པའང་ཇི་ལྟར་འཇིག་པར་མི་འགྱུར་བ་དེ་ལྟར་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ ༄༅། །ན༑ སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་འདམ་ཐམས་ཅད་སྐེམ་པར་བྱེད་ཅེ་ན། རིགས་ ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། མེ་ནི། ཆུ་བྲན་གྱི་འདམ་ཐམས་ཅད་སྐེམ་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱིས་ཟག་པའི་ཉོན་མོངས་པའི་འདམ་ཐམས་ ཅད་སྐེམ་པར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་འདམ་ཐམས་ཅད་སྐེམ་པར་བྱེད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མེའི་ཕུང་པོ་དང་འདྲ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེམས་ཅན་གྲང་བའི་ནད་ཀྱིས་ཉེན་པ་རྣམས་ཀྱི་གྲང་བ་མེད་པར་བྱ་བའི་ཕྱིར་མེའི་ཕུང་པོ་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉོན་མོངས་ པའི་གྲང་བའི་ནད་ཀྱིས་བཏབ་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་གྲང་བའི་ནད་མེད་པར་བྱ་བའི་ཕྱིར་ཤེས་རབ་ཀྱིས་རབ་ཏུ་དྲོ་བར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མེའི་ ཕུང་པོ་དང་འདྲ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྣང་བར་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གངས་ཀྱི་རྩེ་མོའམ། རི་བིན་དའི་རྩེ་མོ་ལ་མེའི་ཕུང་པོ་ ཆེན་པོ་འབར་ན། དེས་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སྣང་བར་བྱེད། དཔག་ཚད་གཉིས་ཁོ་ར་ཁོར་ཡུག་དང༌། དཔག་ཚད་གསུམ་ཁོ་ར་ཁོར་ཡུག་ཏུའང་སྣང་བར་བྱེད་དོ། །དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡེ་ཤེས་ཀྱི་སྣང་བས་དཔག་ཚད་བརྒྱར་ཡང་ཁྱབ་པར་བྱེད། དཔག་ཚད་སྟོང་དུའང་ཁྱབ་པར་བྱེད། དཔག་ཚད་སྟོང་ཕྲག་བརྒྱར་ཡང་ཁྱབ་པར་བྱེད་པ་ ནས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པའི་བར་དུའང་ཁྱབ་པར་བྱས་ནས་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་དེ། ཡེ་ཤེས་ཀྱི་སྣང་བ་དེས་མི་ཤེས་པའི་ མུན་པ་མུན་ནག་ཐམས་ཅད་རྣམ་པར་སེལ་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྣང་བར་གྱུར་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྐྲག་པར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རི་དྭགས་ཁྲོ་བོའམ། རི་དྭགས་ཀྱི་རྒྱལ་པོ་ཁྲོ་བོས་མེའི་ཕུང་པོ་ཆེན་པོ་མཐོང་ན། སྐྲག། རབ་ཏུ་སྐྲག། ཤིན་ཏུ་སྐྲག་པར་གྱུར་ཅིང༌། འདི་ལྟ་སྟེ། མེའི་འཇིགས་པས་ སྐྲག་པས་གནས་དེ་རིང་བ་བས་ཀྱང་ཤིན་ཏུ་རིང་བར་སྤོང་ངོ༌། །དེ་བཞིན་དུ་བདུད་རྣམས་སམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མཐོང་ན། སྐྲག། རབ་ཏུ་སྐྲག ། ཤིན་ཏུ་སྐྲག་པར་གྱུར་ཅིང༌། འདི་ལྟ་སྟེ། གཟི་བརྗིད་ཆུང་པའི་ཕྱིར་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་ཡང་མི་ཐོས་ན་མཐོང་བ་ལྟ་སྨོས་ཀྱང་ཅི་སྨོས་པར་རིང་བ་བས་ཀྱང་ ཤིན་ཏུ་རིང་བར་སའི་ཕྱོགས་དེ་ཡོངས་སུ་སྤོང་ངོ༌། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྐྲག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དབུགས་འབྱིན་པ་ཡིན་ཞེ་ན། ༄༅། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་འབྲོག་དགོན་པར་འཁྱམས་པ་ལས་མེའི་ཕུང་པོ་ཆེན་པོ་མཐོང་སྟེ། དེ་དེ་ལོགས་སུ་སོང་བ་དང༌། དེས་དེ་ ན་གྲོང་ངམ། རྫིའུ་བྲང་མཐོང་ན། དེ་ཤུགས་ཕྱིན་ཏེ་རབ་ཏུ་དབུགས་ཕྱིན་ནས་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་ འབྲོག་དགོན་པར་འཁྱམས་པའི་སེམས་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མཐོང་ན་ཤུགས་ཕྱིན་པར་འགྱུར། རབ་ཏུ་དབུགས་ཕྱིན་པར་འགྱུར། ཉོན་མོངས་པའི་འཇིགས་ པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དབུགས་འབྱིན་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་ གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མེ་ནི། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་སྟེ། ཇི་ལྟར་ན། རྒྱལ་པོ་ལ་ཕན་པར་ཉེ་བར་གནས་པ་ལྟར་གདོལ་ བུ་ལའང་དེ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཡིན་ཏེ། ཇི་ལྟར་རྒྱལ་པོ་ལ་ཕན་པར་ཉེ་བར་གནས་པ་ལྟར་གདོལ་བུ་ ལའང་དེ་བཞིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་བ་ཡིན་ཞེ་ན། རིགས་ ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། མེ་ལ་ནི། བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་རྣམས་ཀྱིས་མཆོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འདི་ལྟ་སྟེ། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་སྟོན་པར་འདུ་ཤེས་པས་མཆོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་བ་ཡིན་ནོ། །ཇི་ལྟར་ན། མི་བརྙས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མེ་སྟག་ཆུང་དུའང་ཚིག་པའི་བདག་ཉིད་ཡིན་པས་ན་མི་བརྙས་པ་ཡིན་ནོ། །དེ་བཞིན་དུ་མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཐུ་ སྟོབས་མ་རྙེད་པ་ཐེག་པ་ཆེན་པོ་ལ་ལས་དང་པོ་པའང་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་བརྙས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང༌། ཀླུ་དང༌། གནོད་སྤྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་འདི་རིང་པོ་མི་ཐོགས་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་ཁོང་དུ་ཆུད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་བརྙས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མེ་དང་མཚུངས་པ་ རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རླུང་མར་ལྟ་བུ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་མེད་པར་སྤྱོད་པ་དང༌། སྤྱོད་ཡུལ་ཀུན་མུ་མེད་ ༄༅། །པ་དང༌། སེམས་ཅན་ང་རྒྱལ་གྱིས་སྙེམས་པའི་རྩེ་མོ་འཐོར་ཞིང་འཇིག་ལ་རབ་ཏུ་སྙིལ་བར་བྱེད་པ་དང༌། ཆོས་ཀྱི་ཆར་སྤྲིན་ཆེན་པོ་ཀུན་ནས་སྐྱེད་པ་དང༌། འགྲོ་བ་ ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ་དང༌། སེམས་ཅན་ཐམས་ཅད་ལ་ཆོས་དཀར་པོ་ལས་མཐུན་པར་འགྱུར་བའི་དབུགས་འབྱུང་བ་དང༌། རྡུབ་པའི་སྲོག་ཉེ་བར་ སྦྱོར་བ་དང༌། ཆོས་ཀྱི་ཆར་སྤྲིན་དཔག་ཏུ་མེད་པ་ཀུན་འཛིན་པ་དང༌། ཆོས་རྣམ་པ་ཐ་དད་པའི་གཞལ་མེད་ཁང་ཆེན་པོའི་བཀོད་པ་རྣམ་པར་དབྱེ་བ་ཐམས་ཅད་རྣམ་པར་འབྱེད་ཅིང་ཡོངས་ སུ་འགོད་པ་དང༌། འཁོར་གྱི་དཀྱིལ་འཁོར་དཔག་བསམ་གྱི་ཤིང་ལས་ཤིན་ཏུ་བྱུང་བའི་ཆོས་ཀྱི་གཏམ་ཡང་དག་པར་གདོན་མི་ཟ་བའི་མེ་ཏོག་ཡིད་དུ་འོང་བའི་ཆར་རྟག་ཏུ་མངོན་པར་ འབེབས་པ་དང༌། བསྐལ་པ་གྲངས་མེད་པར་དཀར་པོའི་དཀྱིལ་འཁོར་ཡོངས་སུ་བསགས་པའི་ཏིང་ངེ་འཛིན་དང༌། རྣམ་པར་ཐར་པ་དང༌། གཟུངས་ཀྱི་སྒོ་རྒྱ་མཚོ་དང༌། རི་རབ་དང༌། འོད་ དང༌། ཟླ་བ་དང༌། ཉི་མ་དང༌། ཆོས་ཀྱི་ཚུལ་དང༌། ནགས་ཚལ་དང༌། ཁང་པ་དང༌། དགེ་བའི་འཁོར་ཡུག་གི་རི་ལ་སོགས་པས་ཡོངས་སུ་བསྐོར་བའི་སེམས་ཅན་གྱི་ཁམས་ཀྱི་དཀྱིལ་ འཁོར་ན་འདུལ་བ་ཡོངས་སུ་སྨིན་པ་མང་པོ་ཡང་དག་པར་གནས་པ་བླ་ན་མེད་ཅིང་ལུས་མེད་པའི་གནས་འཕོ་བར་འཇིག་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་རབ་ཏུ་གཏོང་བའི་ཕྱིར་ རོ༑ ༑རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གནས་མེད་པར་སྤྱོད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། ཐམས་ཅད་དུ་ཐོགས་པ་མེད་ཅིང་གནས་མེད་ རྟེན་མེད་དེ། གཟུགས་མེད་ཀྱང་ནགས་ཚལ་དང༌། ཁང་པ་དང༌། གཞལ་མེད་ཁང་དང༌། རི་རབ་དང༌། རྒྱ་མཚོ་ལ་སོགས་པ་ཐམས་ཅད་ལ་རང་གི་དགོས་པ་བྱེད་པར་སྣང་ངོ༌། །དེ་བཞིན་དུ་བྱང་ ཆུབ་སེམས་དཔའི་རླུང་མར་ཡང་ཆོས་ཐམས་ཅད་ལ་ཀུན་ཏུ་མི་གནས་པ་ཡིན་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆོད་རྣམས་དང༌། གཟུགས་དང༌། ཚོར་བ་དྣག། འདུ་ཤེས་དང༌། འདུ་བྱེད་ དང༌། རྣམ་པར་ཤེས་པ་དང༌། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་ པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། མིག་གི་སྐྱེ་མཆེད་ དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། ༄༅། །རེག་བྱའི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་ལ་མི་གནས་པ་ཡིན། འཇིག་རྟེན་པའི་ཆོས་རྣམས་དང༌། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ དང༌། ལྷ་དང༌། མི་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། འཁོར་ལོས་བསྒྱུར་བ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དག་ཏུ་འགྱུར་པ་དང༌། དབང་ཕྱུག་ཆེན་པོ་དག་ ཏུ་འགྱུར་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དག་ཏུ་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་ས་རྣམས་དང༌། ཐམས་ཅད་མཁྱེན་པ་ཉིད་དག་ལའང་གནས་པར་མི་བྱེད་དེ། དེ་ ཐམས་ཅད་ལ་མི་གནས་པས་དངོས་པོ་དང༌། དངོས་པོ་མེད་པ་དང༌། གཅིག་པ་དང༌། ཐ་དད་པ་དང༌། དེ་བཞིན་ཉིད་ལ་སོགས་པར་རློམ་སེམས་ཀྱི་རྣམ་པ་དུ་མར་མ་གྱུར་ཅིང་ དམིགས་པ་མེད་ལ་རྣམ་པར་ཐར་པ་སྒྲིབ་པ་མེད་པའི་སྤྱོད་ཡུལ་དང་ལྡན་པས། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ལ་སོགས་པའང་བྱེད་ལ། ཕྱོགས་བཅུ་མཐའ་ ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མྱུར་ཐུག་པའི་བསྐལ་པར་ཐམས་ཅད་དུའང་རྒྱུ་ལ། ཆོས་ཀྱི་ལུས་ཀྱིས་མི་སྣང་བའང་ཡིན་ཞིང་མི་རྟོག །རྣམ་པར་མི་རྟོག་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གནས་མེད་པར་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་ སེམས་དཔའ་སྤྱོད་ཡུལ་ཀུན་ཏུ་མུ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ཏུ་རེག་པར་བྱེད་དེ། གཡོབ་ ཅིང་རྒྱུའོ། །རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་ཆོས་མུ་མེད་པ་དག་ཀུན་རྫོབ་དང༌། དོན་དམ་པར་ཀུན་ནས་མཐོང་ཞིང་རྒྱས་པར་བྱེད། རིག་པར་བྱེད། རྣམ་པར་ འགོད་ཅིང་སྟོན་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དག་དང༌། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དག་དང༌། འགྲོ་བ་ཐམས་ཅད་ཀྱི་གནས་དག་ཏུ་ཡིད་ ཀྱི་མགྱོགས་པ་དང་ལྡན་ཞིང༌། ཕྱོགས་བཅུ་ཐམས་ཅད་ཀྱི་མཐར་ཐུག་པའི་སྤྱོད་ཡུལ་བར་གྱུར་ནས་རྒྱུ་ཞིང་འགྲོ་སྟེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ཀུན་ཏུ་ མུ་མེད་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ང་རྒྱལ་གྱིས་སྙེམས་པའི་རྩེ་མོ་འཐོར་ཞིང་འཇིག་ལ་རབ་ཏུ་སྙིལ་བར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་ བུ༑ འདི་ལྟ་སྟེ། དཔེར་ན། རླུང་མར་ནི། རི་དང༌། ཁྱིམ་དང༌། ནགས་ཚལ་གྱི་རྩེ་མོ་དག་ཏུ་འདུད་པར་བྱེད། རབ་ཏུ་རྙིལ་བར་བྱེད། རྣམ་པར་འཇིག་པར་བྱེད། འཐོར་བར་བྱེད། མི་སྣང་བར་ བྱེད་དོ༑ ༑དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་སེམས་ཅན་ང་རྒྱལ་དང༌། རློམ་སེམས་དང༌། དྲེགས་པ་དང༌། འཇིག་ཚོགས་ལ་ལྟ་བའི་རྩེ་མོས་སྙེམས་པ་རྣམས་གཟུགས་ ༄༅། །དང༌། དར་ལ་བབ་པ་དང༌། ལོངས་སྤྱོད་དང༌། དབང་དང༌། སྟོབས་དང༌། ཚེ་དང༌། ནད་མེད་པ་དང༌། འཚོ་བ་དང༌། བཟོ་དང༌། ཐོས་པ་དང༌། ཡིད་གཞུངས་པ་ དང༌། གཡོག་དང༌། སྨྲ་མཁས་པ་དང༌། དཔལ་ཆེ་བའི་དྲེགས་པས་མྱོས་པ་དག་དང༌། ཡང་དག་པའི་ནན་ཏན་གྱིས་བདག་བསྟོད་པ་རྣམས་ལ་དེ་དག་ཁྱད་ཞུགས་པའི་ཕུན་སུམ་ ཚོགས་པ་བསྟན་པ་དང༌། ཆོས་བསྟན་པས་ང་རྒྱལ་ཆོམ་པར་བྱེད་ཅིང་དགེ་བ་དྲི་མ་མེད་པ་ལ་སྦྱོར་བར་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ང་རྒྱལ་གྱིས་སྙེམས་ པའི་རྩེ་མོ་འཐོར་ཞིང་འཇིག་ལ་རབ་ཏུ་རྙིལ་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྦྲིན་ཆེན་པོ་ཀུན་ནས་སྐྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། ཕྱོགས་བཞི་ནས་སྦྲིན་གྱི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་ཅན་དང༌། ཟབ་ཅིང་གསལ་ལ་མཉེན་ཞིང་འཇམ་པའི་འབྲུག་སྒྲ་རྒྱ་མཚོའི་དབྱངས་ཅན། གླུ་རོལ་སྣ་ཚོགས་ཀྱི་སྒྲ་འབྱིན་ཅིང་ཡིད་དུ་འོང་བའི་དབྱངས་རྗེས་སུ་གྲག་པ། གློག་གི་ཕྲེང་བའི་རྒྱན་གྱིས་རྣམ་པར་བརྒྱན་པ་གང་དག་གིས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ སྟོང་ཕྲག་བརྒྱ་དག་ཀུན་ནས་ཡོངས་སུ་ཁེབས་པར་བྱས་ཏེ་འགྲོ་བ་ཐམས་ཅད་དགའ་བ་དང༌། ལོ་ཏོག་དང༌། སྡོང་པོ་ཡོངས་སུ་བསྐྱེད་པའི་ཕྱིར་ཆར་གྱི་རྒྱུན་ཆེན་པོ་རྟག་ཏུ་རྒྱུན་མི་ཆད་པར་ མངོན་པར་འབེབས་པའི་སྦྲིན་ཆེན་པོ་ཀུན་ནས་སློང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་ལུས་སྣ་ཚོགས་ཀྱི་སྤྲིན་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ། ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱེད་པ། འོད་ཟེར་ཁ་དོག་མཐའ་ཡས་བའི་གློག་གི་ཕྲེང་བའི་རྒྱུན་འབྱུང་བ། ཡང་དག་པ་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འབྲུག་སྒྲ་ཡན་ལག་ སྟོང་ཕྲག་དྲུག་ཅུ་པ་སྒྲོག་པ། སྙིང་རྗེ་ཆེན་པོའི་རླུང་མར་གྱིས་ཡང་དག་པར་མཐོ་བ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་འགྲོ་བ་ཐམས་ཅད་ཀྱི་ནམ་མཁའ་ཁྱབ་པར་བྱེད་པ་དག་གི་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཀུན་ནས་ཁེབས་པར་བྱས་ཤིང་ངན་སོང་དང་མི་ཁོམ་པ་ལ་སོགས་པ་ནས་སེམས་ཅན་རྣམས་རྣམ་པར་བསླང་སྟེ་རྣམ་པ་ཐམས་ཅད་དུ་མཚན་དང༌། དཔེ་བྱད་ བཟང་པོ་དང༌། འོད་ཀྱི་དཀྱིལ་འཁོར་སྣང་བར་རྣམ་པར་དག་པའང་བྱིན་གྱིས་བརླབས་ཏེ། བཀོད་པ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དག་ཀྱང་བྱིན་གྱིས་བརླབས་ནས་ ལྷ་དང་མི་དགའ་བ་དང༌། མགུ་བ་དང༌། རངས་པ་མཆོག་ཏུ་གྱུར་པ། དགའ་བ་དང་བདེ་བ་མཆོག་ཐོབ་པ་དང་ལྡན་པ་རྣམས་ཀྱི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་དཀར་པོའི་ ལོ་ཏོག་དང༌། རྩི་ཆེན་པོ་དང༌། སྡོང་པོ་ཐམས་ཅད་རྣམ་པར་སྐྱེད་པ་དང༌། ཐམས་ཅད་དུ་སྐྱིད་པར་ཆོས་ཀྱི་དབང་བསྐུར་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་དང༌། དགའ་བར་ ༄༅། །བྱེད་པ་དང༌། རྒུད་པ་རབ་ཏུ་ཞི་བར་བྱེད་པའི་ཆོས་ཀྱི་ཆར་ཆེན་པོ་མངོན་པར་འབེབས་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྦྲིན་ཆེན་པོ་ ཀུན་ནས་སྐྱེད་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་དྲི་ཞི་མ་པོའི་ཆར་གྱི་རྒྱུན་གྱི་སྙིང་པོ་ཅན་ལྡང་ན། སེམས་ཅན་རྣམས་ཀྱི་གདུང་བ་ཡོངས་སུ་ཞི་བར་བྱས་ཤིང་ལུས་ཤིན་ཏུ་སིམ་པ་དང༌། བསིལ་བར་བྱེད་དོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ངན་འགྲོ་དང༌། ངན་པར་ལྟ་བ་དང༌། ཉེས་བྱས་དང༌། ཐེ་ཚོམ་དང༌། ཕོངས་པ་མི་ཟད་པ་དང༌། ཡུལ་ལ་སྲེད་པ་དང༌། སྡུག་པ་དང༌། མི་སྡུག་པ་དང་བྲལ་ཞིང་ཕྲད་པ་དང༌། ནད་རྣམས་བཅིལ་ནས་དམ་པ་མ་ཡིན་པའི་ཆོས་ལ་སྲེད་པ་ལ་སོགས་པའི་གདུང་ བདག་དམ་པའི་ཆོས་ཀྱི་ཆར་དང་འདྲེས་པའི་བླ་ན་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། སྨོན་ལམ་དང༌། མཐོང་བ་དང༌། རེག་པ་དང༌། འགྲོགས་པ་དང༌། བསྟན་པ་དོན་ཡོད་པ་ ལ་སོགས་པས་རབ་ཏུ་ཞི་བར་བྱེད་དེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་ཅིང་ཉོན་མོངས་པ་མེད་པའི་ ས་ལ་འགོད་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཆོས་དཀར་པོ་ལས་མཐུན་པར་གྱུར་པའི་དབུགས་འབྱུང་བ་དང༌། རྡུབ་པའི་སྲོག་ཉེ་བར་ སྦྱོར་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དབུགས་འབྱུང་བ་དང༌། རྔུབ་པའི་རླུང་གི་མཐུས་སེམས་ཅན་ཐམས་ཅད་འཚོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་མངོན་པར་ བསྒྲུབ་པ་དང༌། བྱང་ཆུབ་སེམས་དཔས་བསྟབས་པའི་ཆོས་དཀར་པོའི་རླུང་མར་ཉེ་བར་སྤྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པས་ཀྱང་སེམས་ཅན་ཐམས་ཅད་དགའ་བར་འགྱུར་ རོ༑ ༑རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རླུང་མར་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདི་ལྟ་སྟེ། རྡོ་རྗེའི་དཀྱིལ་འཁོར་རྣམས་དང༌། ཁོར་ཡུག་རི་དག་དང༌། ཁོར་ཡུག་ རི་ཆེན་པོ་རྣམས་དང༌། གླིང་ཆེན་པོ་བཞི་ཡོངས་སུ་འཛིན་པའི་གསེར་གྱི་དཀྱིལ་འཁོར་རྣམས་དང༌། རྒྱ་མཚོ་རིན་པོ་ཆེའི་འབྱུང་གནས་དང་བཅས་པ་རྣམས་དང༌། རི་རབ་དང༌། རི་རབ་ཆེན་ པོ་དང༌། དེ་མ་ཡིན་པའི་རིན་པོ་ཆེའི་རི་དང༌། གངས་དང༌། རི་སྤོས་ཀྱི་ངད་ལྡང་བ་དང༌། གྲོང་རྡལ་དང༌། ནགས་ཚལ་དང༌། གཞལ་མེད་ཁང་དག་དང༌། ཛམྦུའི་གླིང་དག་དང༌། གླིང་ཆེན་པོ་ བཞི་དག་དང༌། སྟོང་དག་དང༌། སྟོང་གཉིས་པ་དག་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་དག་དང༌། བཀོད་པ་རྣམ་པར་ཕྱེ་བ་སྣ་ཚོགས་མངོན་པར་སྒྲུབ་བོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ ༄༅། །རླུང་མར་ཡང་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཕུན་སུམ་ཚོགས་པ་ཉེ་བར་སྒྲུབ་བོ། །སྐྱེད་དོ། །ཡོངས་སུ་གཞོག་གོ། དེ་ལ་ཇི་ལྟར་ གངས་ཀྱི་རི་ཕུན་སུམ་ཚོགས་པ་དེ་ལྟར་ནི། འཇིག་རྟེན་པའི་བསོད་ནམས་ཕུན་སུམ་ཚོགས་པ་རྣམས་བལྟའོ། །ཇི་ལྟར་གླིང་ཆེན་པོ་བཞི་བ་དང་རི་རབ་ཕུན་སུམ་ཚོགས་པ་དེ་ལྟར་ན་ནི། ཉན་ ཐོས་ཀྱི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །ཇི་ལྟར་སྟོང་གི་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །ཇི་ལྟར་སྟོང་ གཉིས་པའི་འཇིག་རྟེན་གྱི་ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་རྣམས་བལྟའོ། །ཇི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ཕུན་སུམ་ཚོགས་པ་དེ་ལྟར་ནི། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་དབྱིངས་ཀྱི་མཐར་གཏུགས་པ། ཤིན་ ཏུ་རྣམ་པར་དག་པར་གྲགས་པ་མཆོད་པ་ལ་དམིགས་པ་ཐམས་ཅད་ལ་ཡང་དག་པར་གནས་པ་རྣམས་ཀྱིས་ཐམས་ཅད་མངོན་དུ་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་བསོད་ནམས་ བརྒྱ་པའི་མཚན་དང་ལྡན་པ་རྟག་ཏུ་མཉམ་པར་བཞག་པ་ཕུན་སུམ་ཚོགས་པ་རྣམས་བལྟའོ། །དེ་ལ་རྒྱ་མཚོ་ལྟར་ནི། ཏིང་ངེ་འཛིན་གྱི་རྒྱ་མཚོ་རྣམས་བལྟའོ། །གླིང་དང༌། བར་གྱི་གླིང་ དང༌། རི་གཞན་དང༌། གླིང་ཆེན་པོ་བཞི་པ་ལ་སོགས་པ་ལྟར་ནི། སྦྱོར་བ་དང༌། གཟུངས་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སློབ་མའི་དགེ་འདུན་ལ་སོགས་པ་བལྟའོ། །གྲོང་རྡལ་དང༌། ནགས་ཚལ་དང༌། གཞལ་མེད་ཁང་ལྟར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་བཀོད་པ་རྣམས་བལྟའོ། །དཔག་བསམ་ཤིང་གི་ནགས་ཚལ་ལྟར་ནི། ས་དང༌། ཕ་རོལ་ཏུ་ཕྱིན་ བ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། མངོན་པར་ཤེས་པ་དང༌། རིག་པ་དང༌། ཡེ་ཤེས་སྣང་བ་དང༌། དབང་དང༌། བྱང་ཆུབ་སེམས་དཔའ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་དང༌། སྙིང་རྗེ་ཆེན་པོ་ལ་སོགས་པ་དབང་སྒྱུར་བ་དམ་པ་ཕུན་སུམ་ཚོགས་པའི་ཆོས་རྣམས་བལྟའོ། །རིགས་ཀྱི་བུ། དེ་ལ་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་བསོད་ནམས་བརྒྱ་པའི་མཚན་གང་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཡོངས་སུ་བརྟག་པ་བཟུང་སྟེ་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་ གངྒཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་དག་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྟོང་གསུམ་ཕྲག་བཅུའི་འཁོར་ལོས་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ་ དེ་ལྟ་བུའི་འཁོར་ལོས་བསྒྱུར་བའི་དངོས་པོ་ཉིད་དང་ལྡན་པའི་སེམས་ཅན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་དེ་བསྡོམས་པ་དང༌། འཁོར་ལོས་བསྒྱུར་བ་ཆེན་པོ་གཅིག་ཅིག་ལྡན་ ༄༅། །པར་གྱུར་ཏེ། རྣམ་གྲངས་དེས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་འདས་ཏེ། དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་སྙེད་ ཅིག་འཁོར་ལོས་བསྒྱུར་བའི་དངོས་པོ་དེ་འདྲ་བ་ཉིད་དང་སོ་སོར་ལྡན་པར་གྱུར་ལ། སྔ་མ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའི་ཁམས་ཀྱི་མཐས་ གཏུགས་པ་དག་ན་སེམས་ཅན་ཡོད་དོ་ཅོག་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་བསྒྱུར་བའི་དངོས་པོ་དེ་ལྟ་བུ་ཤ་སྟག་དང་སོ་སོར་ལྡན་པར་གྱུར་ཏེ། དེ་བཞིན་དུ་བགྲང་བ་དེ་སྙེད་ ཀྱིས་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་གཏོགས་པའི་སེམས་ཅན་རྣམས་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའི་བརྒྱ་བྱིན་ཤ་སྟག་ཏུ་གྱུར་ལ། ཕྱོགས་བཅུའི་ཕྱོགས་རེ་རེའི་ འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་དུ་གཏོགས་པའི་བརྒྱ་བྱིན་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་དེ་དང་བརྒྱ་བྱིན་གཅིག་ཅིག་ལྡན་པར་གྱུར་ཏེ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་བ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན་སེམས་ཅན་གང་ཇི་སྙེད་འཁོད་པ་དེ་ཐམས་ཅད་བརྒྱ་བྱིན་དེ་དང་འདྲ་བ་ ཤ་སྟག་ཏུ་གྱུར་ལ། བགྲང་བ་དེ་ཉིད་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ ཚངས་པ་ཆེན་པོར་གྱུར་ལ། བསོད་ནམས་དེ་ཐམས་ཅད་གཅིག་ཏུ་བསྡོམས་པ་དང་ཚངས་པ་ཆེན་པོ་གཅིག་ཅིག་ལྡན་པར་གྱུར་ལ། ཚངས་པ་ཆེན་པོ་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་ བཞིན་དུ་གྱུར་ཏེ། སྔ་མ་བཞིན་དུ་བགྲང་བ་དེ་ཉིད་ཀྱིས་ཉན་ཐོས་དག་དང༌། རང་སངས་རྒྱས་དག་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ཐོབ་པ། འོད་ཟེར་གྱི་སྦྲིན་ཆེན་པོའི་དབང་བསྐུར་བས་ དབང་བསྐུར་བ། དབང་བཅུ་ཐོབ་པ་ཤ་སྟག་ཏུ་གྱུར་ཏེ། དེ་ལྟར་རིགས་ཀྱི་བུ། དེ་ལྟ་བུའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་དང༌། ནམ་མཁའི་དབྱིངས་ སུ་གཏོགས་པའི་དུས་གསུམ་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་པ་དེ་དུས་གསུམ་གྱི་ནམ་མཁའི་དབྱིངས་སུ་གཏོགས་པ་དང༌། འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ནི། རྡུལ་ཕྲ་རབ་བརྒྱར་བསྒྱུར་བས། དེ་བཞིན་གཤེགས་པའི་བ་སྦུའི་ཁུང་བུ་གཅིག་མངོན་པར་འགྲུབ་བོ། །བ་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་ པའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་སྟོང་གྲངས་མེད་པ་བཅུར་བསྒྱུར་བས། དཔེ་བྱད་བཟང་པོ་བརྒྱད་ཅུ་ལས་དཔེ་བྱད་བཟང་པོ་རེ་རེ་མངོན་པར་འགྲུབ་བོ། །དཔེ་བྱད་བཟང་པོར་གཏོགས་པའི་ བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་བརྗོད་དུ་མེད་པ་བཅུར་བསྒྱུར་བས། དེ་བཞིན་གཤེགས་པའི་མཚན་ཉི་ཤུ་རྩ་དགུ་ལས་མཚན་རེ་རེ་མངོན་པར་འགྲུབ་བོ། །དེའང་བརྗོད་དུ་མེད་པ་ ༄༅། །བཅུར་བསྒྱུར་བས། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཟླ་བ་ཉ་སྟེ་དྲི་མ་མེད་པའི་དཀྱིལ་འཁོར་སྟོང་པས་ཀྱང་ལྷག་པར་མཛེས་པའི་འོད་ དང་ལྡན་པ་མངོན་པར་འགྲུབ་བོ། །དེའང་བརྗོད་དུ་མེད་པ་སྟོང་ཕྲག་བཅུར་བསྒྱུར་བས། དེ་བཞིན་གཤེགས་པའི་སྤྱི་གཙུག་འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་ཤིང་བལྟར་ མི་སྣང་བ་གཙུག་ཏོར་གྱིས་ཡོངས་སུ་བརྒྱན་པ་མངོན་པར་འགྲུབ་བོ། །དེའང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་བསྒྱུར་བས། དེ་བཞིན་ གཤེགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་སྟོང་ཕྲག་དྲུག་ཅུ་པ་དམིགས་པ་ཐམས་ཅད་ལས་གསུང་གི་སྒྲ་མཐའ་ཡས་པར་འབྱུང་བ་ལྷུན་གྱིས་གྲུབ་པས་སེམས་ཅན་ ཐམས་ཅད་བསམ་པ་ཡོངས་སུ་སིམ་པར་གྱུར་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གོ་བར་བྱེད་པ་མངོན་པར་འགྲུབ་སྟེ། རིགས་ཀྱི་བུ། འདི་ནི། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་བསོད་ནམས་བརྒྱ་པའི་མཚན་ཅེས་བྱའོ། །རིགས་ཀྱི་བུ། དེ་ལྟར་དེ་བཞིན་གཤེགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་དང་ལྡན་ཞིང་ཀུན་ཏུ་རྒྱས་ པར་བྱེད་པ་བཀོད་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཡིན་ཏེ། རིགས་ཀྱི་བུ། ཡོངས་སུ་བརྟག་པ་བཟུང་ན། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ གྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ས་བཅུ་པ་ཆོས་ཀྱི་སྦྲིན་ལ་གནས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལུས་ དང༌། ངག་དང༌། ཡིད་ཀྱི་རྒྱན་འཆང་བ། དབང་བཅུ་ལ་དབང་སྒྱུར་བ་ཤ་སྟག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་ཏུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཛམྦུ་ཆུ་བོའི་ གསེར་ལས་བྱས་པའི་སྣོད་རིན་པོ་ཆེ་སྣ་ཚོགས་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པ་ནམ་མཁའི་ཚད་ཙམ་གངྒཱའི་ཀླུང་གི་བྱེ་མ་སྙེད་སོ་སོ་ནས་ཐོགས་ཏེ་ཕྱི་མའི་མཐར་ཐུག་པའི་བསྐལ་པར་ཡོངས་ སུ་བཀང་ཞིང་སྐད་ཅིག་སྐད་ཅིག་ཏུ་བླངས་ཤིང་ཁྱེར་ཡང་བ་སྤུའི་ཁུང་བུ་གཅིག་ཏུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་གང་བའམ་འབྲི་བར་མི་མངོན་ཏེ། རིགས་ཀྱི་བུ། དེ་ལྟར་དེ་བཞིན་ གཤེགས་པའི་བསོད་ནམས་བརྒྱའི་མཚན་ནི། བསམ་གྱིས་མི་ཁྱབ་བོ། །དེ་ལ་ས་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ས་དང༌། རབ་ཏུ་དགའ་བ་དང༌། དྲི་མ་ མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཅན་དང༌། ཤིན་ཏུ་དཀའ་རྒྱལ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྦྲིན་དང༌། སངས་ རྒྱས་ཀྱི་ས་ཀུན་ཏུ་འོད་དེ། བཅུ་གཉིས་པོ་དེ་ནི། དེ་དག་གོ། དེ་ལ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བྱིས་པའི་སྤྱོད་པ་དང༌། ལོག་པའི་ནན་ཏན་ ༄༅། །ཐམས་ཅད་ལས་ཡང་དག་པར་འདས་པ། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ ཐམས་ཅད་དང་ཁྱད་ཞུགས་པའི་འགྲོ་བ་ཐམས་ཅད་ལས་མངོན་པར་འཕགས་པ། རྣམ་པ་ཐམས་ཅད་དུ་དཔལ་དང་ལྡན་པའི་ལུས་དང༌། ངག་དང༌། ཡིད་ཀྱི་རྒྱན་གྱིས་བརྒྱན་པ། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་སྣང་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ། སྒྲིབ་པ་མེད་པའི་སྟོབས་ཀྱི་ཤུགས་འཆང་བ། འཇིག་རྟེན་གྱི་ཁམས་གྲངས་མེད་པར་སྐད་ ཅིག་རེ་རེ་ལ་འགྲོ་ཞིང་འོང་ན་དྲི་ཞིམ་པོ་དང༌། འོད་ཟེར་གྱི་དྲ་བའི་ཚོགས་ཆེན་པོ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འབྱུང་བའི་པདྨས་རྐང་པ་ཡོངས་སུ་བརྟན་པ། སྟོང་ གི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་དང་མཉམ་པའི་སྟན་གྱི་རྒྱན་དང་ལྡན་པ། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་ནོན་པའི་ལྷག་མཐོང་རྣམ་པར་བསྒོམས་པས་ཐོགས་པ་མེད་ཅིང་ཡིད་ དུ་འོང་བའི་དམིགས་པའི་མཚན་མ་ཆེན་པོ་བཅུ་ལ་སོགས་པ་གྲངས་མེད་པའི་ལྟས་བཟང་པོ་མཐོང་བ། ཕྱིར་མི་ལྡོག་པ། ཕྱོགས་ཀྱི་ནགས་ཚལ་ཐིབས་པོ་མཐའ་ཡས་པ་ཐམས་ཅད་དུ་ འོད་ཀྱི་དྲ་བ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འགྱེད་པས་ཞིང་དཔག་ཏུ་མེད་པའི་རྒྱན་བྱེད་པ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་སྙེད་ཀྱི་བདག་ གི་གཟུགས་བརྙན་གྱིས་དབང་བསྐུར་བ། ཡང་དག་པར་ནོན་པའི་དབང་དང་བྱིན་གྱི་རླབས་ལ་མཁས་པ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་རིན་པོ་ཆེའི་ཆར་གྱི་སྣང་བའི་ སྒོ་དཔག་ཏུ་མེད་པ་ཐམས་ཅད་གཏན་པ་མེད་པར་ཀུན་ཏུ་རྒྱས་པར་འགེངས་པའི་མཆོད་སྦྱིན་ཆེན་པོའི་སྤྲིན་གཏོང་བ་ལྷུར་བྱེད་པ། བལྟ་ན་བཟང་ཞིང་ཡིད་དུ་འོང་ལ་མཛེས་ཤིང་དགེ་ལ་འགྲོ་ བ་ཐམས་ཅད་མི་མཐུན་པ་མེད་ཅིང་དོན་ཡོད་པར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རབ་ཏུ་གཡོ་བར་བྱེད་ཅིང་འགྲོ་བ། ངན་འགྲོ་ལ་ སོགས་པ་ལས་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྐྱོབ་པ། མཐའ་ཡས་པའི་སངས་རྒྱས་མཆོད་པ་དང་ཆོས་ཀྱི་སྒོ་འཛིན་ནུས་པ། ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་ཐར་པ་དང༌། མངོན་པར་ཤེས་པ་དང༌། རིག་པ་གྲངས་མེད་པས་རྣམ་པར་རོལ་པ། ཆོས་མཐའ་ཡས་པ་ལ་དགའ་ཞིང་མོས་པས་ཟང་ཟིང་མེད་པར་ཕྱི་མའི་མཐའི་བསྐལ་པའི་མཐར་ཐུག་པར་རྣམ་པར་ མི་རྟོག་ཅིང་ལྷུན་གྱིས་གྲུབ་པའི་དགའ་བའི་ཤུགས་ཀྱི་སྣང་བ་ཐོབ་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐེར་འབུམ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་ཞུགས་པའི་སྒོམ་པ་སྣ་ཚོགས་ཡོངས་ སུ་རྫོགས་ལ། གཞན་གྱི་དོན་གྱི་ནན་ཏན་ཚར་ཕྱིན་པའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབས་པར་གྲུབ་པའི་སྔོན་གྱི་སྦྱོར་བ་བརྒྱ་སྟོང་ཕུན་སུམ་ཚོགས་པའི་མོས་པ་ ༄༅། །ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཆོས་ཉིད་ཀྱིས་ས་དང་པོ་དེ་མ་ཐག་ཏུ་འཐོབ་པར་གང་གནས་པ་དེ་ནི། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ སའོ༑ ༑རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། མིའི་ཁ་དོག་ལས་འདས་ལ། ལྷའི་ཁ་དོག་ནི། མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ འཇིག་རྟེན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི༑ འདས་པ་ཡིན། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི། མ་ཐོབ་པ་ཡིན་ནོ། །སངས་རྒྱས་ཀྱིས་ཀུན་ཏུ་ འོད་ནི༑ མཐའ་དང་དབུས་མེད་པ་མ་ལུས་པ་དྲི་མ་མེད་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་སྟེ། ཀུན་ཏུ་ཤིན་ཏུ་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཐོབ་པར་བྱེད་པའི་ མཚན་ཉིད་དོ། །དེ་ལ་ཏིང་ངེ་འཛིན་རྣམས་གང་ཞེ་ན། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རིན་ཆེན་ཀུན་ཏུ་ འཕགས་དང༌། ཤིན་ཏུ་གནས་པ་དང༌། མི་སྒུལ་བ་དང༌། ཕྱིར་མི་ལྡོག་པ་དང༌། རིན་ཆེན་འབྱུང་གནས་དང༌། ཉི་མའི་འོད་ཀྱི་གཟི་བརྗིད་དང༌། དོན་ཐམས་ཅད་གྲུབ་པ་དང༌། ཡེ་ཤེས་ སྒྲོན་མ་དང༌། ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ནི། མཐའ་ ཡས་སོ༑ ༑གཟུངས་ནི། བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། དབང་བསྐུར་ལྡན་དང༌། ཡེ་ཤེས་ལྡན་དང༌། སྒྲ་དབྱངས་རྣམ་པར་དག་པ་དང༌། མི་ཟད་པའི་ཟ་མ་ཏོག་དང༌། འཁྱིལ་པ་ མཐའ་ཡས་དང༌། རྒྱ་མཚོ་མཐའ་ཡས་དང༌། རྒྱ་མཚོའི་ཕྱག་རྒྱ་དང༌། པདྨ་བཀོད་པ་དང༌། ཆགས་པ་མེད་པའི་སྒོར་འཇུག་པ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་པར་གདོན་མི་ཟ་བ་ལ་འཇུག་པ་ དང༌། སངས་རྒྱས་ཀྱི་རྒྱན་གྱི་བྱིན་གྱིས་བརླབས་པ་དང༌། ཁ་དོག་མཐའ་ཡས་པ་དང༌། སངས་རྒྱས་ཀྱི་སྐུའི་ཁ་དོག་རྫོགས་པ་མངོན་པར་སྒྲུབ་པའི་གཟུངས་ཏེ། དེ་དག་ལ་སོགས་པ་སྔ་མ་ བཞིན་ནོ། །མངོན་པར་ཤེས་པ་ནི། དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ལྷའི་མིག་དང༌། ལྷའི་རྣ་བ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང༌། རྫུ་ འཕྲུལ་མངོན་པར་ཤེས་པའི་ཤེས་པ་དང༌། གང་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་སྟེ། དྲུག་པོ་དེ་དག་གོ །དབང་ནི། བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེའི་ཚད་བསྐལ་པ་ གྲངས་མེད་པ་དཔག་ཏུ་མེད་པར་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་ངེས་པར་རྟོག་ཅིང་འཇུག་པའི་ཚུལ་གྱིས་སེམས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀོད་པའི་རྒྱན་དུ་མས་བརྒྱན་པར་བྱིན་གྱིས་རློབ་པ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་དང༌། དུས་ཇི་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པ་ ༄༅། །སྟོན་པས་ལས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ ཀྱི་ཞིང་ཡོངས་སུ་གང་བ་སྟོན་པས་མོས་པ་ལ་དབང་བ་དང༌། དུས་དང་ཞིང་གང་དུ་འདོད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའི་སྨོན་ལམ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་མཐའ་ཡས་པ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། ཆོས་ཀྱི་སྒོ་སྣང་བ་མཐའ་དང་དབུས་མེད་པ་ཡོངས་སུ་སྟོན་པས་ཆོས་ལ་དབང་བ་ དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། མ་འདྲེས་པ་དང༌། མཚན་དང༌། དཔེ་བྱད་བཟང་པོ་དང༌། མངོན་པར་རྫོགས་པར་ བྱང་ཆུབ་པ་དང༌། དུས་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྫུལ་ཤིན་ཏུ་ཕྲ་བའི་གྲངས་ལ་སོགས་པ་སྐད་ཅིག་གཅིག་ལ་ཡོངས་སུ་ཤེས་པ་རྣམས་ཐམས་ ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་སྨོན་པས་ཡེ་ཤེས་ལ་དབང་བ་སྟེ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་དབང་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། བསམ་པའི་སྟོབས་དང༌། ལྷག་པའི་བསམ་པའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། ཤེས་རབ་ ཀྱི་སྟོབས་དང༌། སྨོན་ལམ་གྱི་སྟོབས་དང༌། སྤྱོད་པའི་སྟོབས་དང༌། ཐེག་པའི་སྟོབས་དང༌། རྣམ་པར་འཕྲུལ་པའི་སྟོབས་དང༌། བྱང་ཆུབ་ཀྱི་སྟོབས་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ སྟོབས་ཏེ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའི་སྟོབས་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་གང་ཞེ་ན། འདི་ལྟ་སྟེ། གཟུངས་ཀྱིས་ཐོས་པ་འཛིན་ཅིང་དོན་ བསྟན་པ་ལ་མི་འཇིགས་པ་དང༌། བདག་མེད་པ་ཁོང་དུ་ཆུད་པས་གཞན་གྱིས་གཙེ་བའི་མཚན་མ་མི་འབྱུང་ཞིང་རང་བཞིན་གྱི་སྤྱོད་ལམ་སྨད་དུ་མེད་པའི་ལས་གསུམ་ཡོངས་སུ་དག་པའི་སྲུང་བ་ ཆེན་པོ་ཕུན་སུམ་ཚོགས་པའི་མི་འཇིགས་པ་དང༌། ཆོས་བཟུང་བ་ཡུན་དུ་མི་བརྗེད་པ་དང༌། ཐབས་དང་ཤེས་རབ་མཐར་ཕྱིན་པས་སེམས་ཅན་སྒྲོལ་ཞིང་དད་པ་སྟོན་པ་དང༌། དགེ་བའི་བར་ཆད་དུ་ མི་འགྱུར་བའི་མི་འཇིགས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་ཉམས་ཤིང་ཐེག་པ་གཞན་གྱིས་མི་འབྱུང་བར་དབང་ཡོངས་སུ་རྫོགས་པ་དང༌། སེམས་ཅན་གྱི་དོན་རྣམ་པ་ཐམས་ ཅད་དུ་ཡང་དག་པར་ཐོབ་པར་བྱ་བ་ལ་མི་འཇིགས་པ་སྟེ། བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའི་མི་འཇིགས་པ་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ ན༑ འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི། མ་བསྟན་པའི་སྦྱིན་པ་ཅན་རྣམས་ཡིན། མ་བསྟན་པའི་ཚུལ་ཁྲིམས་ཅན་རྣམས་དང༌། མ་བསྟན་པའི་བཟོད་པ་ཅན་རྣམས་དང༌། མ་བསྟན་ ༄༅། །པའི་བརྩོན་འགྲུས་ཅན་རྣམས་དང༌། མ་བསྟན་པའི་བསམ་གཏན་ཅན་རྣམས་དང༌། མ་བསྟན་པའི་ཤེས་རབ་ཅན་རྣམས་དང༌། བསྡུ་བའི་དངོས་པོས་སེམས་ ཅན་ཐམས་ཅད་སྡུད་པ་རྣམས་དང༌། ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་རྣམས་དང༌། ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པའི་མཆོག་གིས་ འབྱུང་བ་སྟོན་པ་རྣམས་དང༌། ཐེག་པ་ཆེན་པོ་ལས་མ་ཉམས་པ་རྣམས་དང༌། མྱ་ངན་ལས་འདས་པའི་སྒོ་སྟོན་པ་རྣམས་དང༌། ཟུང་དང་སྣྲེལ་གཞིའི་རྒྱུད་ལ་མཁས་པ་རྣམས་དང༌། ཡེ་ཤེས་སྔོན་དུ་འགྲོ་བའི་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན་པར་འཕགས་པ་རྣམས་དང༌། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཀྱི་མཐའ་ དགེ་བ་བཅུ་དང་ལྡན་པ་རྣམས་དང༌། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་རྣམས་དང༌། འགྲོ་བ་ ཐམས་ཅད་མངོན་པར་དགའ་བར་སྟོན་པ་རྣམས་དང༌། བྱིས་པ་དང༌། ཉན་ཐོས་མི་ཟད་པ་ཇི་སྙེད་ཅིག་གི་ནང་ནའང་དགེ་བ་མང་པོའི་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བསྟེན་ པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་ཉམས་པ་རྣམས་དང༌། ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་བཙལ་ པ་བསྟན་པ་ལས་མི་ལྡོག་པ་རྣམས་ཏེ། བཅོ་བརྒྱད་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་ལས་ཀྱི་རྒྱུའི་རྣམ་པར་སྨིན་པ་ལེན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་ མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་ལྡང་བ་ཐམས་ཅད་མཁྱེན་ པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། བཅུ་པོ་དེ་དག་ནི། དེ་བཞིན་ གཤེགས་པའི་སྟོབས་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ ཐམས་ཅད་ཟད་པར་ཤེས་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང༌། ཕུན་སུམ་ཚོགས་པ་ཐམས་ ༄༅། །ཅད་ཐོབ་པར་འགྱུར་བའི་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་སྟེ། བཞི་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མི་འཇིགས་པ་རྣམས་སོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང༌། ཅ་ཅོ་མེད་པ་དང༌། བསྙེལ་བ་མེད་པ་དང༌། སེམས་མཉམ་པར་མ་ བཞག་པ་མེད་པ་དང༌། ཐ་དད་པའི་འདུ་ཤེས་མེད་པ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང༌། མོས་པ་ཉམས་པ་མེད་པ་དང༌། བརྩོན་འགྲུས་ཉམས་པ་མེད་པ་དང༌། དྲན་པ་ཉམས་པ་མེད་པ་དང༌། ཏིང་ངེ་འཛིན་ཉམས་པ་མེད་པ་དང༌། ཤེས་རབ་ཉམས་པ་མེད་པ་དང༌། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང༌། འདས་པའི་དུས་ལ་མ་ཆགས་མ་ཐོགས་ པའི་ཡེ་ཤེས་མཐོང་བ་འཇུག་པ་དང༌། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང༌། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་ བ་འཇུག་པ་དང༌། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་ འབྲང་བ་དང༌། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། བཅོ་བརྒྱད་པོ་དེ་དག་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །དེ་ལ་དེ་བཞིན་ གཤེགས་པའི་སྙིང་རྗེ་ཆེན་པོ་གང་ཞེ་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ནི། རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་ མེད་པ་དག་ཏུ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་འབྱུང་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བདག་མེད་པ་ན་སེམས་ཅན་རྣམས་ནི། བདག་མེད་པར་མ་མོས་པས་ དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། སེམས་ཅན་མེད་པ་ན་སེམས་ཅན་རྣམས་ནི། སེམས་ཅན་དུ་སྨྲའོ། །ཞེས་སེམས་ཅན་རྣམས་ ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། སྲོག་མེད་པ་ན་སེམས་ཅན་རྣམས་ནི། སྲོག་ཏུ་སྨྲའོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་ རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། གང་ཟག་མེད་པ་ན་སེམས་ཅན་རྣམས་ནི། གང་ཟག་ལ་གནས་པའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ ཐམས་ཅད་ནི། མེད་པ་ན་སེམས་ཅན་རྣམས་ནི། ཡོད་པར་ལྟའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། གནས་མེད་པ་ན་སེམས་ཅན་ རྣམས་ནི། གནས་ལ་རྟེན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། གཞི་མེད་པ་ན་སེམས་ཅན་རྣམས་ནི། གཞི་ལ་དགའོ། །ཞེ་ ༄༅། །སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། ང་ཡིར་བྱ་བ་མེད་པ་ན་སེམས་ཅན་རྣམས་ནི། ང་ཡིར་བྱ་བ་ལ་བརྟེན་ ཏོ༑ ༑ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། བདག་པོ་མེད་པ་ན་སེམས་ཅན་རྣམས་ནི། ཡོངས་སུ་བཟུང་བ་ལ་བརྩོན་ནོ། །ཞེས་ སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། དངོས་པོ་མེད་པ་ན་སེམས་ཅན་རྣམས་ནི། དངོས་པོ་ལ་བརྟེན་ཏོ། །ཞེས་སེམས་ཅན་རྣམས་ལ་ དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་མ་སྐྱེས་པ་ན་སེམས་ཅན་རྣམས་ནི། སྐྱེ་བ་ལ་བརྟེན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་ པོ་སྐྱེའོ༑ ༑ཆོས་ཐམས་ཅད་ནི། མ་འཕོས་མ་བྱུང་བ་ན་སེམས་ཅན་རྣམས་ནི། འཆི་འཕོ་དང༌། སྐྱེ་བ་ལ་བརྟེན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་ནི། ཀུན་ནས་ཉོན་མོངས་པ་ན་སེམས་ཅན་རྣམས་ནི། ཀུན་ནས་ཉོན་མོངས་སོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ ཅད་ནི༑ འདོད་ཆགས་དང་བྲལ་བ་ན་སེམས་ཅན་རྣམས་ནི། འདོད་ཆགས་པར་བྱེད་དོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ ཅད་ནི༑ ཞེ་སྡང་དང་བྲལ་བ་ན་སེམས་ཅན་རྣམས་ནི། ཞེ་སྡང་བར་བྱེད་དོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། གཏི་མུག་ དང་བྲལ་བ་ན་སེམས་ཅན་རྣམས་ནི། གཏི་མུག་པར་གྱུར་ཏོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། འོང་བ་མེད་པ་ན་ སེམས་ཅན་རྣམས་ནི། འོང་བ་ལ་གནས་པའོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། འགྲོ་བ་མེད་པ་ན་སེམས་ཅན་ རྣམས་ནི། འགྲོ་བ་ལ་གནས་སོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། མངོན་པར་འདུ་བྱེད་པ་མེད་པ་ན་སེམས་ཅན་ རྣམས་ནི། མངོན་པར་འདུ་བྱེད་པ་ལ་སྤྱོད་དོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། སྤྲོས་པ་མེད་པ་ན་སེམས་ཅན་ རྣམས་ནི། སྤྲོས་པ་ལ་དགའོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། སྟོང་པ་ན་སེམས་ཅན་རྣམས་ནི། ལྟ་བ་ལ་ཞེན་ཏོ། ། ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། མཚན་མ་མེད་པ་ན་སེམས་ཅན་རྣམས་ནི། མཚན་མའི་སྤྱོད་ཡུལ་ཅན་ནོ། །ཞེས་ ༄༅། །དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། སྨོན་པ་མེད་པ་ན་སེམས་ཅན་རྣམས་ནི། སྨོན་ལམ་ལ་སྤྱོད་ དོ༑ ༑ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐ་ བའི་སྐྱོན་ལ་ཞུགས་པར་གཟིགས་ནས་དེ་དག་ལ་གནོད་སེམས་ཀྱི་ཐ་བའི་སྐྱོན་སྤོང་བའི་ཕྱིར་ཆོས་བསྟན་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་ པོ་སྐྱེའོ༑ ༑ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ། ལམ་གོལ་བ་ལ་གནས་པ་ཡིན་གྱི། དེ་དག་ཡང་དག་པའི་ལམ་དུ་གཟུད་པར་བྱའོ། ། ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། བརྐམ་ཞིང་འདོད་པའི་ཟིལ་གྱིས་ནོན་པ་སྟེ། ཆོག་མི་ཤེས་ཤིང་གཞན་གྱི་ ནོར་ལ་འཕྲོག་པ་ཡིན་གྱི། དེ་དག་འཕགས་པའི་ནོར་དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་པ་དང༌། ཤེས་རབ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའི་ནོར་ལ་འགོད་ དོ༑ ༑ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི། བུ་སྨད་དང༌། ཁྱིམ་དང༌། ནོར་དང༌། འབྲུ་ལ་སྲེད་པས་འཁོར་བ་སྟེ། སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱི། དེ་དག་ལ་ཤིན་ཏུ་མི་རྟག་པར་བསྟན་པར་བྱའོ། །ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། ། ཀྱེ་མ་སེམས་ཅན་འདི་དག་ནི། མི་རིགས་པས་འཚོ་སྟེ། གཅིག་ལ་གཅིག་འདྲིད་པར་གནས་པ་ཡིན་གྱི། དེ་དག་ལ་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི། ཆོག་མི་ཤེས་པ་སྟེ། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་སྤྱོད་ཀྱང་བདག་ ཅག་ནི༑ ཆོག་ཤེས་པའོ། །སྙམ་དུ་འཛིན་གྱི། དེ་དག་ལ་གང་འདི་སྡུག་བསྔལ་ཤིན་ཏུ་ཞི་ཞིང་བདེ་བའི་མྱ་ངན་ལས་འདས་པས་ཤིན་ཏུ་ཆོག་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་ བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི། ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་ཤིན་ཏུ་ཉོན་མོངས་པ་ལ་རྟག་ཏུ་དགའ་བ་ཡིན་གྱི། དེ་དག་ལས་ཕྱུང་ ཞིང་ཁམས་གསུམ་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི། རྒྱུས་ ཉེ་བར་གནས་པའི་མཚན་ཉིད་ཡིན་ན། དེ་ལ་སེམས་ཅན་རྣམས་ནི། འཕགས་པའི་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་ཀྱི། དེ་དག་ལ་རྣམ་པར་གྲོལ་བ་ལྷུར་བླང་བའི་ཕྱིར་བརྩོན་འགྲུས་ ༄༅། །བརྩམ་པར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །སེམས་ཅན་རྣམས་ནི། ཆགས་པ་མེད་པའི་ཡེ་ཤེས་རྣམ་ ཁྱད་པར་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དམན་པ་ཚོལ་བ་ཡིན་གྱི། དེ་དག་ལ་གང་འདི་ སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་བློ་མོས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེ་སྟེ། རིགས་ཀྱི་བུ། རྣམ་ པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་ན། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །དེ་བས་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ལ་གནས་པ་ ཞེས་བྱ་སྟེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་སེམས་ཅན་དག་ལ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྙིང་རྗེ་ཆེན་པོ་སྐྱེ་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི། བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོས་རྒྱས་པ་ཕྱིར་མི་ལྡོག་པ་སེམས་ཅན་གྱི་དོན་ལ་བརྩོན་པར་རིག་པར་བྱའོ། །སྙིང་རྗེ་ཆེན་པོའི་ཆོས་ཀྱི་ སྒོའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སྲོག་ཆགས་ བརྒྱ་སྟོང་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །རིགས་ཀྱི་བུ། དེ་ ལྟར་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་སྒྱུར་གྱི་ཆོས་ཀྱི་རྣམ་པར་འགོད་པ་ན་དཔག་ཏུ་མེད་གྲངས་མེད་དེ། དེ་དག་གི་ཕྱི་མའི་ མཐའི་མུར་ཐུག་པའི་བསྐལ་པར་དེ་བཞིན་གཤེགས་པས་བསྟན་ཀྱང་མཐའ་མེད་ན། སེམས་ཅན་རྣམས་ཀྱི་དགའ་བ་དང༌། དད་པ་དང༌། རངས་པ་བསྐྱེད་པའི་ཕྱིར་ཕྱོགས་ཙམ་ཞིག་ བསྟན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཆོས་དཀར་པོ་ལས་མཐུན་པར་འབྱུང་བའི་དབུགས་འབྱུང་བ་དང༌། རྡུབ་པའི་སྲོག་ཉེ་བར་སྦྱོར་བ་ལ་མཁས་པ་ ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྤྲིན་དཔག་ཏུ་མེད་པ་ཀུན་འཛིན་ནུས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། རླུང་གི་དཀྱིལ་འཁོར་མུ་ མེད་ཅིང་རྒྱ་ཆེ་ལ་བརྟན་ཞིང་སྲ་བས་འཇིག་རྟེན་གྱི་ཁམས་འཇིག་པ་དང་འབྱུང་བ་ཆར་སྤྲིན་དང་བཅས་པ། རྒྱ་མཚོ་དང༌། གླིང་ཆེན་པོ་བཞི་པར་བཅས་པ། རི་རབ་དང༌། རི་བཏང་བཟུང་དང༌། རི་བཏང་བཟུང་ཆེན་པོ་དང༌། གངས་དང༌། ཁོར་ཡུག་རི་དང༌། ཁོར་ཡུག་གི་རི་ཆེན་པོ་དང༌། རི་སྤོས་ཀྱི་དད་ལྡང་བ་དང༌། གྲོང་རྡལ་དང༌། འབབ་ཆུ་དང༌། ནགས་ཚལ་དང༌། གཞལ་མེད་ཁང་ ༄༅། །གི་རྣམ་པར་བཅས་པ་དག་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་གཟུངས་ཀྱི་རླུང་མར་གྱི་དཀྱིལ་འཁོར་མུ་མེད་པས་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲིན་གྱིས་ཕབ་པའི་གཏན་པ་མེད་པའི་ཆོས་ཀྱི་ཆར་གྱི་རྒྱུན་ཆེན་པོ་ཐམས་ཅད་ཡོངས་སུ་འཛིན་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འབྱུང་ བའི་ཚེ་ཇི་སྐད་དུ་བརྗོད་པའི་རི་རབ་དང༌། རྒྱ་མཚོ་དང༌། གླིང་ཆེན་པོ་བཞི་པ་དང༌། རི་བཏང་བཟུང་དང༌། རི་བཏང་བཟུང་ཆེན་པོ་དང༌། གངས་དང༌། ཁོར་ཡུག་རི་དང༌། ཁོར་ཡུག་རི་ཆེན་ པོ་དང༌། རི་སྤོས་ཀྱི་ངད་ལྡང་བ་དང༌། གྲོང་རྡལ་དང༌། འབབ་ཆུ་དང༌། ནགས་ཚལ་དང༌། གཞལ་མེད་ཁང་གི་རྣམ་པ་ལྟ་བུ་བསོད་ནམས་བརྒྱ་བའི་མཚན་དང༌། ས་དང༌། ཕ་རོལ་ཏུ་ཕྱིན་ པ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། མངོན་པར་ཤེས་པ་དང༌། དབང་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། མ་འདྲེས་པ་དང༌། སྙིང་རྗེ་ཆེན་ པོ་ལ་སོགས་པ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་འཛིན་ཏོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཕུང་པོ་བརྒྱ་ སྟོང་མུ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་ཡོངས་སུ་འཛིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཆར་སྤྲིན་དཔག་ཏུ་མེད་པ་ཀུན་འཛིན་ནུས་ པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་ཐ་དད་པའི་གཞལ་མེད་ཁང་ཆེན་པོའི་བཀོད་པ་རྣམ་པར་དབྱེ་བ་ཐམས་ཅད་རྣམ་པར་འབྱད་ཅིང་ཡོངས་སུ་འགོད་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། གཞལ་མེད་ཁང་དགོད་པའི་རྣམ་པར་དབྱེ་བ་སྣ་ཚོགས་ཐམས་ཅད་ཀུན་ནས་གཞོག་པར་བྱེད། རྣམ་པར་འབྱེད་པར་བྱེད་དེ། ནགས་ཚལ་ དང༌། ཤིང་དང༌། ཡལ་ག་དང༌། འདབ་མ་དང༌། ལྡུམ་བུ་དང༌། མྱུ་གུ་དང༌། མེ་ཏོག་དང༌། འབྲས་བུ་དང༌། ལོ་མ་དང༌། སྡོང་པོ་ལ་སོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དང༌། ཉིང་ ལག་རྣམ་པར་དབྱེ་བ་སྣ་ཚོགས་རྟག་ཏུ་རྒྱུན་མི་ཆད་པར་ཡོངས་སུ་གཞོག་ཅིང་རྣམ་པར་འབྱེད་དེ་གསལ་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་སོ་སོ་ཡང་དག་པར་རིག་ པ་དང༌། སྤོབས་པའི་ཡེ་ཤེས་མ་ཐོགས་མ་ཆགས་ཤིང་མཐའ་ཡས་པས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྒོ་སྣ་ཚོགས་ནས་ཡོངས་སུ་གཞོག་ པར་བྱེད། རྣམ་པར་འབྱེད་པར་བྱེད། སྣང་བར་བྱེད། ཡོངས་སུ་སྟོན་པར་བྱེད། ཐོབ་པར་བྱེད་ཅིང་རྣམ་པ་འདི་དག་འདི་ལྟ་སྟེ། ཆོས་འདི་དག་ནི། ངན་སོང་སྒྲུབ་པའོ། །འདི་དག་ནི། བདེ་འགྲོ་ སྒྲུབ་པའོ། །འདི་དག་ནི། བདག་པོ་སྒྲུབ་པའོ། །འདི་དག་ནི། སེམས་ཅན་དམྱལ་བ་སྒྲུབ་པའོ། །འདི་དག་ནི། བྱོལ་སོང་གི་སྐྱེ་གནས་སྒྲུབ་པའོ། །འདི་དག་ནི། གཤིན་རྗེའི་འཇིག་རྟེན་སྒྲུབ་པའོ། ། ༄༅། །འདི་དག་ནི། མི་སྒྲུབ་པའོ། །འདི་དག་ནི། ལྷ་སྒྲུབ་པའོ། །འདི་དག་ནི། འཁོར་ལོས་བསྒྱུར་བ་སྒྲུབ་པའོ། །དེ་བཞིན་དུ་མདོར་བསྡུས་ཏེ། འདི་དག་ནི། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་སྒྲུབ་པའོ། །འདི་དག་ནི། གཟུགས་དང༌། གཡོག་དང༌། ཡིད་གཞུངས་པ་དང༌། དཔལ་ཆེན་པོ་སྒྲུབ་པའོ། །འདི་དག་ནི། རིག་པའོ། །འདི་དག་ནི། སྒྱུ་རྩལ་ཏོ། ། འདི་དག་ནི། བཟོའི་གནས་སོ། །འདི་དག་ནི། གཙུག་ལག་སྣ་ཚོགས་ལ་རྣམ་པ་ཐམས་ཅད་དུ་མཁས་པའོ། །འདི་དག་ནི། ཉན་ཐོས་ཀྱི་ཐེག་པ་སྟེ། ཉན་ཐོས་སུ་འགྱུར་བའོ། །འདི་དག་ནི། རང་སངས་རྒྱས་ཀྱི་ཐེག་པ་སྟེ། རང་སངས་རྒྱས་སུ་འགྱུར་བའོ། །འདི་དག་ནི། ཐེག་པ་ཆེན་པོ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བདག་དང༌། གཞན་གྱི་དོན་ཡང་དག་པར་ཐོབ་ པར་བྱེད་པ། ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའོ། །དེ་བཞིན་དུ་མདོར་བསྡུས་ཏེ། འདི་དག་ནི། ས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། རིག་ པ་རྣམས་དང༌། དབང་རྣམས་དང༌། གཟུངས་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། སོ་སོ་ཡང་དག་ པར་རིག་པ་རྣམས་དང༌། མ་འདྲེས་པ་རྣམས་སོ། །ཞེས་རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་ནི། དེ་དག་ལ་སོགས་པ་རྣམ་པ་ཚད་མེད་པས་གཟུངས་པདྨ་བཀོད་པ་ལ་སོགས་པ་ལ་ མཁས་པའི་ཆོས་བཀོད་པ་རྣམ་པར་བཀོད་པ་དག་བྱེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་ཐ་དད་པའི་གཞལ་མེད་ཁང་ཆེན་པོའི་བཀོད་པ་རྣམ་པར་དབྱེ་བ་ཐམས་ཅད་རྣམ་པར་འབྱེད་ཅིང་ཡོངས་སུ་ འགོད་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་དཔག་བསམ་གྱི་ཤིང་ལས་ཤིན་ཏུ་བྱུང་བའི་ཆོས་ཀྱི་གཏམ་ཡང་དག་པར་གདོན་མི་ཟ་བའི་མེ་ཏོག་ཡིད་དུ་འོང་བའི་ཆར་ རྟག་ཏུ་མངོན་པར་འབེབས་པ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། དཔག་བསམ་གྱི་ཤིང་གི་ནགས་ཚལ་དག་ལས་གང་གིས་ལྷ་དང་མི་རྣམས་ཤིན་ཏུ་དགའ་བ་དང༌། ཡིད་བདེ་བ་སྐྱེས་ནས་མྱ་ངན་མེད་པར་རྣམ་པར་རྩེ་བ་དང༌། ཉམས་བདེ་ཞིང་ཡོངས་སུ་སྤྱོད་དེ། རྟག་ཏུ་རྒྱུན་མི་ཆད་པར་ཁ་དོག་དང༌། སྟོབས་དང༌། མཐུ་དང༌། ཡིད་བདེ་བ་ལས་ཡོངས་སུ་མི་ཉམས་ པ་དེ་ལྟ་བུའི་སྤོས་དང༌། མེ་ཏོག་དང༌། རྒྱན་དང༌། གོས་དང༌། རྔ་དང༌། སིལ་སྙན་ལ་སོགས་པ་ཕུན་སུམ་ཚོགས་པའི་ཆར་མངོན་པར་འབེབས། ཡོངས་སུ་སྐྱོད་ཅིང་འབྱིན་པར་བྱེད་དོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ནས་སེམས་ཅན་དག་ལ་གང་ གིས་སེམས་ཅན་དེ་དག་རྟག་ཏུ་རྒྱུན་མི་ཆད་པར་ཆོས་ཀྱི་དགའ་བ་ལ་མོས་ཤིང་འདུན་པ་དང༌། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་དང༌། གཟི་དང་ལྡན་པ་དང༌། ཡོངས་སུ་སྐྱོ་ ༄༅། །བར་མི་འགྱུར་བ་དང༌། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཉམས་སུ་མྱོང་བར་བྱེད་པ་དང༌། མི་ཉམས་པའི་ཆོས་ཅན་དུ་འགྱུར་བ་དང༌། ཤེས་རབ་ཀྱིས་སྣང་ བར་གྱུར་པས་རྟག་ཏུ་ཁྱད་པར་གྱི་རྣམ་པར་འདོད་པར་འགྱུར་བའི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། འདི་ལྟ་བུ་འདས་པ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། ཆོས་རྨད་དུ་བྱུང་བ་དང༌། གཏན་ལ་བབ་པར་བསྟན་པ་དག་དང་ལྡན་པའི་དམ་པའི་ཆོས་རིན་པོ་ཆེའི་ མེ་ཏོག་ལ་སོགས་པའི་ཆར་མངོན་པར་འབེབས་སོ། །ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་དང༌། སྣེལ་ཞི་དང༌། སྤྱིའུ་ཚུགས་ཀྱི་རྒྱུད་ལ་སོགས་པའི་གཏམ་རྣམ་པར་གདོན་མི་ ཟ་བ་ཉེ་བར་སྒྲུབ་བོ། །ཐ་སྙད་ཀྱི་དམིགས་པ་ཐམས་ཅད་ལ་བདག་མེད་པ་ཞི་ཞིང་རྣམ་པར་དག་པའི་ཆོས་ཉིད་བརྗོད་ཅིང་སྟོན་ལ་རྣམ་པར་དག་པར་བྱེད་དོ། །ཆོས་ཐམས་ཅད་སྟོན། ཀུན་ཏུ་ཡང་ དག་པར་གཞོལ་བ་ཡོངས་སུ་སྟོན་ཏོ། །སྒྱུ་མའི་རྣམ་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་ཉེ་བར་སྦྱོར་རོ། །ཡེ་ཤེས་སྒྱུ་མ་རྣམ་པར་རྒྱས་པར་བྱེད་དེ། ཆོས་ཐམས་ཅད་ལ་དགའ་བར་རྩེ་བའི་ རྣམ་པར་འཕྲུལ་པ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་རྒྱས་པར་བྱེད་དོ། །དྲི་བ་ཐམས་ཅད་ཀྱི་ལུང་བསྟན་པས་ཚིམ་པར་བྱེད་དོ། །མཐའ་དང་དབུས་མེད་པའི་རྫུ་འཕྲུལ་ལ་མཁས་པར་བྱེད་ དོ༑ ༑དེ་ལྟར་ན། བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་དཔག་བསམ་གྱི་ཤིང་ལས་ཤིན་ཏུ་བྱུང་བའི་ཆོས་ཀྱི་གཏམ་ཡང་དག་པར་རྣམ་པར་གདོན་མི་ཟ་བའི་མེ་ཏོག་ཡིད་དུ་འོང་བའི་ཆར་ རྟག་ཏུ་མངོན་པར་འབེབས་པ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པར་དཀར་པོའི་དཀྱིལ་འཁོར་ཡོངས་སུ་བསགས་པ། ཏིང་ངེ་འཛིན་དང༌། རྣམ་པར་ཐར་པ་དང༌། གཟུངས་ཀྱི་སྒོ་རྒྱ་མཚོ་དང༌། རི་རབ་དང༌། རི་རབ་དང༌། འོད་དང་ཟླ་བ་དང༌། ཉི་མ་དང༌། ཆོས་ཀྱི་ཚུལ་དང༌། ནགས་ཚལ་དང༌། ཁང་པ་དང༌། དགེ་བའི་ཁོར་ཡུག་རི་ལ་སོགས་པས་ཡོངས་སུ་བསྐོར་བའི་སེམས་ཅན་གྱི་ འཁོར་གྱི་དཀྱིལ་འཁོར་ན་གདུལ་བ་ཡོངས་སུ་སྨིན་པ་མང་པོ་ཡང་དག་པར་གནས་པ། བླ་ན་མེད་ཅིང་ལུས་མེད་པའི་གནས་འཕོ་བར་འཇིག་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་ཡོངས་སུ་གཏོང་བ་ཡིན་ ཞེ་ན༑ རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རླུང་མར་ནི། བསྐལ་པའི་མཐར་ཐུག་སྟེ་འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་དུས་ན་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རི་རབ་དང༌། ཁོར་ཡུག་རི་དང༌། རྒྱ་མཚོ་ལ་སོགས་པར་བཅས་པ་ཀུན་ནས་འཇིག་ཅིང་རྣམ་པར་འཐོར་བ་དང༌། རྨེག་མེད་པར་བྱེད་ཅིང་ནམ་མཁའི་རང་བཞིན་དུ་བྱེད་པ་དེ་ལྟ་ བུའི་སྟོབས་ཀྱི་ཤུགས་ཐོགས་པ་མེད་པར་ལྡང་ངོ༌། །རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རླུང་མར་ཡང་བསྐལ་པ་མང་པོར་བསགས་པའི་སེམས་ཅན་བསོད་ནམས་དང༌། ཡེ་ཤེས་ ༄༅། །སྣ་ཚོགས་རྣམ་པར་བཀོད་པའི་རི་མཐོན་པོ་དང་ལྡན་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཤུགས་དང༌། རྫུ་འཕྲུལ་དང༌། རྣམ་པར་འཕྲུལ་པ་ཆེན་པོ་ཡོངས་ སུ་བསྟན་པ་དང༌། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་རབ་ཏུ་བསྐོར་བའི་སྒྲ་སྐད་ཀྱི་དབྱངས་རབ་ཏུ་བསྒྲགས་པས་ཆོས་ཀྱི་ཕུང་པོའི་རླུང་གི་དཀྱིལ་འཁོར་གང་གིས་འདུལ་བ་ཆོས་སྣང་ བའི་ལྷག་མཐོང་དང་ལྡན་པ། བཟོད་པར་མི་ནུས་པའི་འདུ་བྱེད་ཀྱི་སྟོབས་ཐམས་ཅད་མཉམ་པར་གཞོག་པ། ཚུལ་བཞིན་ཡིད་ལ་བྱས་ནས་ཡང་དག་པར་སེམས་ནང་དུ་གནས་པའི་ཏིང་ངེ་ འཛིན་ཕུན་སུམ་ཚོགས་པ་ལ་བརྟེན་ཏེ་སྲིད་པ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་འདུ་བྱེད་ཀྱི་ལུས་ཐམས་ཅད་བཤིག་ཅིང་རྣམ་པར་གཏོར་ཏེ་ལུས་མེད་པར་བྱས་ནས་ཡང་ དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་རྣམ་པར་བཤིག་སྟེ། འཇིག་རྟེན་ཐམས་ཅད་ལས་ཡོངས་སུ་འདས་པ་བསམ་གྱིས་མི་ཁྱབ་ཅིང་གཟུགས་མེད་པའི་བསོད་ནམས་ཕུན་སུམ་ ཚོགས་པ་དང༌། གཟུགས་ཐམས་ཅད་ཡོངས་སུ་བསྟན་པ་རྣམ་པར་གཞིག་པས་གནས་གྱུར་པ་རྣམ་པར་དག་པ་ཕྱི་མའི་མཐའི་མུར་ཐུག་པར་གནས་པ། རྣམ་པ་ཐམས་ཅད་དུ་མཐའ་དང་ བྲལ་བ་རྣམས་ཐོབ་པར་བྱེད་པ་དེ་ལྟ་བུ་ཀུན་ནས་རབ་ཏུ་གཏོང་སྟེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པར་དཀར་པོའི་དཀྱིལ་འཁོར་ཡོངས་སུ་བསགས་ པ༑ ཏིང་ངེ་འཛིན་དང༌། རྣམ་པར་ཐར་པ་དང༌། གཟུངས་ཀྱི་སྒོ་རྒྱ་མཚོ་དང༌། རི་རབ་དང༌། འོད་དང༌། ཟླ་བ་དང༌། ཉི་མ་དང༌། ཆོས་ཀྱི་ཚུལ་དང༌། ནགས་ཚལ་དང༌། ཁང་པ་དང༌། དགེ་བའི་འཁོར་ཡུག་རི་ ལ་སོགས་པས་ཡོངས་སུ་བསྐོར་བའི་སེམས་ཅན་གྱི་འཁོར་གྱི་དཀྱིལ་འཁོར་གདུལ་བ་ཡོངས་སུ་སྨིན་པ་མང་པོ་ཡང་དག་པར་གནས་པ། བླ་ན་མེད་ཅིང་ལུས་མེད་པའི་གནས་འཕོ་བ་དང༌། འཇིག་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་རབ་ཏུ་གཏོང་བ་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རླུང་མེད་ལྟ་བུ་རྣམས་ཡིན་ནོ། །དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་དེ་ལྟར་བཅོམ་ལྡན་འདས་ཀྱིས་རྣམས་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང་སེམས་ ཅན་རླབས་པོ་ཆེ་རྣམས་ཡོངས་སུ་ཚིམ་པར་འགྱུར་བའི་ཆོས་ཀྱི་ཚུལ་བཅུ་པོ་འདི་བསྟན་པ། བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །བཅོམ་ལྡན་འདས། ལྷ་དང༌། མི་གང་ལ་ལ་ཆོས་འདི་དག་ལ་མོས་ཤིང་ནན་ཏན་བགྱིད་ན། དེ་དག་ཐམས་ཅད་ཇི་སྐད་དུ་གསུངས་པའི་ཕུན་སུམ་ཚོགས་པ་བདེ་བ་དང་བཅས་པ། ཡིད་བདེ་བ་དང་བཅས་པར་ཐོབ་པར་འགྱུར་ཏེ། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ལ་སོགས་པ་ཞིག་བགྱིད་ནའང་གཞན་གྱི་དོན་ལ་གཞོལ་ཞིང་ཚེ་འདི་དང༌། ཚེ་རབས་གཞན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་ ༄༅། །འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་གང་དེ་ལྟ་བུའི་ཆོས་རྣམས་ལ་ནན་ཏན་དུ་བྱེད་ པ་དེ་དག་ནི། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང༌། ཀུན་ཏུ་རྣམ་པར་བལྟས་པ་དང༌། མི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྤངས་པ་དང༌། དགེ་བའི་ཆོས་ཐམས་ཅད་དང་ ལྡན་པ་དང༌། འཇིག་རྟེན་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། །གང་སྤོང་བའི་སྐྱེས་བུ་གླེན་པ་དེ་དག་ནི། མུན་པ་ནས་མུན་པར་གཞོལ་བ་སྟེ། སྡུག་བསྔལ་ཐམས་ཅད་ལ་བརྟེན་པའོ། །ལྷ་ དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མྱ་ངན་དུ་བྱ་བའོ། །འཕགས་པ་དཀོན་མཆོག་སྤྲིན། བམ་པོ་བཞི་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ ཆུབ་སེམས་དཔའ་ནམ་མཁའ་དང་མཚུངས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དྲི་མ་མེད་པ་རྣམས་ཡིན། མ་ཆགས་པ་རྣམས་ཡིན། ཞི་བ་རྣམས་ཡིན། ཤེས་རབ་མཐའ་ ཡས་པ་རྣམས་ཡིན། ཡེ་ཤེས་མཐའ་ཡས་པ་རྣམས་ཡིན། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་རྣམས་ཡིན། ཆོས་ཐམས་ཅད་ནི། ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་དུ་མོས་ པ་རྣམས་ཡིན། སོ་སོར་མི་རྟེན་པ་རྣམས་ཡིན། མཚན་མའི་སྤྱོད་ཡུལ་ལས་འདས་པ་རྣམས་ཡིན། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་ དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་དང་མཚུངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་དང་མཚུངས་པ་རྣམས་ཡིན་ ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་གཟུགས་རྣམས་ལ་ཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་ཡང་མི་འགྱུར་བ་དང༌། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ སྒྲ་རྣམས་དང༌། དྲི་རྣམས་དང༌། རོ་རྣམས་དང༌། རེག་བྱ་རྣམས་དང༌། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ཆོས་རྣམས་ལ་ཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་ཡང་མི་འགྱུར་བ་དང༌། རྙེད་ པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པས་ཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་མི་འགྱུར་བ་སྟེ། རིགས་ཀྱི་ བུ༑ ཆོས་བཅུ་པོ་དེ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་དང་མཚུངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཟླ་བ་དང་འདྲ་བ་རྣམས་ཡིན་ ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ་དང༌། མཐོང་ན་དགའ་བ་རྣམས་ཡིན། ཆོས་དཀར་པོ་རྣམས་སྐྱེ་བར་བྱེད་པ་དང༌། ཆོས་ནག་པོ་རྣམས་བྲི་ བར་བྱེད་པ་དང༌། རབ་ཏུ་བསྔགས་པ་རྣམས་ཡིན། ལུས་ཡོངས་སུ་དག་པ་རྣམས་ཡིན། བཞོན་པ་མཆོག་ལ་ཞོན་པ་རྣམས་ཡིན། རྟག་ཏུ་བརྒྱན་པ་རྣམས་ཡིན། ཆོས་ཀྱི་དགའ་བ་ལ་མོས་ ༄༅། །ཤིང་འདུན་པ་རྣམས་ཡིན། འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་ སིམ་པར་བྱེད་པ་ནས་ཇི་ལྟར་ན་འཕྲུལ་ཆེ་ཞིང་མཐུ་ཚེ་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་ཤར་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་བསིལ་བ་དང༌། ཡིད་ དུ་འོང་བས་རབ་ཏུ་སིམ་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ནའང་འདི་ལྟ་སྟེ། ཉོན་མོངས་པའི་གདུང་བ་ཐམས་ཅད་དང་བྲལ་བ་དང༌། དགའ་བ་དང༌། དད་པ་དང༌། རངས་པ་དང༌། ཡིད་དུ་འོང་བས་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་ཤར་ན་འདི་ལྟ་སྟེ། ཞི་བ་དང༌། དང་བ་དང༌། སེམས་ཤིན་ ཏུ་དགའ་བར་བྱེད་པས་སེམས་ཅན་ཐམས་ཅད་མཐོང་ན་དགའ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ནའང་འདི་ལྟ་སྟེ། དབང་པོ་རྣམ་པར་གསལ་བ་དང༌། སེམས་ཀྱི་ རྒྱུད་དང་བ་དང༌། སྤྱོད་པ་དང༌། སྤྱོད་ལམ་དང༌། ཡོན་ཏན་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་མཐོང་ན་དགའ་ཞིང་ཡིད་དུ་འོང་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་ཡར་གྱི་ངོ་ལ་ཟླ་བ་ཉ་སྟེ། རྣམ་པ་ཐམས་ཅད་དུ་རྒྱས་ཀྱི་བར་དུ་ཉི་མ་རེ་རེ་ཞིང་འཕེལ་ལོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་ཐོག་མ་ སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཉི་མ་རེ་རེ་ཞིང་ཆོས་དཀར་པོ་རྣམས་འཕེལ་ཞིང་ཡོངས་སུ་རྫོགས་པར་འགྱུར་ཏེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་རྣམ་པ་ ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་མར་གྱི་ངོ་ལ་དཀྱིལ་འཁོར་ཁ་དོག་དང༌། སྣང་བ་དང༌། ཆུ་ཞེང་ཡང་ཡོངས་སུ་འབྲི་སྟེ། བཅོ་ལྔ་ལ་ཇི་ལྟར་རྣམ་པ་ཐམས་ ཅད་དུ་ཐམས་ཅད་མི་མངོན་པ་དེ་ལྟར་འབྲིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་ནམ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་གྱུར་པ་དེ་ན་དེའི་མི་དགེ་བའི་ཆོས་རྣམས་ཐམས་ ཅད་དུ་ཐམས་ཅད་རབ་ཏུ་འབྲི་སྟེ། ཇི་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བ་དེ་ལྟར་རབ་ཏུ་འབྲིའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་ཤར་ན་བྲམ་ཟེ་ དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་རྣམས་ཀྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་ཤར་ ནའང་ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་རབ་ཏུ་བསྔགས་པར་བྱ་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་ཟླ་བའི་ལུས་འདི་ལྟར་རང་གི་བསོད་ ནམས་ཀྱི་ལས་རྣམ་པར་སྨིན་པས་གྲུབ་པ་ནི། ཡོངས་སུ་དག་སྟེ། རྙོག་པ་མེད་ཅིང་དང་བ་དང༌། གསལ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་ལུས་ཀྱང་འདི་ལྟ་སྟེ། ཆོས་ཉིད་ ༄༅། །ཀྱིས་མངོན་པར་གྲུབ་པ། རྫུས་ཏེ་སྐྱེས་པ། ཕ་མའི་བཙོག་པ་དང༌། མེར་མེར་པོ་ལས་བྱུང་བ་མ་ཡིན་ཏེ། ཡོངས་སུ་དག་ལ་རྙོག་པ་མེད་ཅིང་དང་བ་དང༌། གསལ་བ་ཡིན་ ནོ༑ ༑རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་ཟླ་བ་ནི། བཞོན་པ་མཆོག་ལ་ཞོན་ཏེ་གླིང་བཞིར་སྣང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་བྱང་ཆུབ་སེམས་དཔའི་ ཐེག་པ་མཆོག་ལ་ཞོན་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་ཟླ་བ་ནི། རྟག་ཏུ་བརྒྱན་ཅིང་རྒྱན་མ་རྙིངས་པ་ ཡིན་ནོ༑ ༑དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་འདི་ལྟར་ཡོན་ཏན་གྱི་རྒྱན་རྣམས་ཀྱིས་རྟག་ཏུ་བརྒྱན་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་ཟླ་བ་ནི། རྟག་ཏུ་རྒྱུན་ མི་ཆད་པར་ལྷའི་འདོད་པའི་དགའ་བ་ལ་མོས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་རྟག་ཏུ་རྒྱུན་མི་ཆད་པར་ཆོས་ཀྱི་དགའ་བ་ལ་མོས་ཤིང་འདུན་པ་ཡིན་གྱི། འདོད་པས་ དགའ་བ་ལ་དགའ་བ་མ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་བུ་ཟླ་བ་ནི། འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བའང་འདི་ལྟ་སྟེ། བསོད་ ནམས་ཆེན་པོ་དང༌། ཡེ་ཤེས་ཆེན་པོས་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ལུས་རབ་ཏུ་སིམ་པར་བྱེད་པ་ནས་ འཕྲུལ་ཆེ་ཞིང་མཐུ་ཆེ་བའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཟླ་བ་དང་འདྲ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་ དཔའ་ཉི་མ་དང་འདྲ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་མུན་པ་སེལ་བ་རྣམས་ཡིན། འདུལ་བའི་སེམས་ཅན་རྣམ་པར་འབྱེད་པ་རྣམས་ཡིན། ཕྱོགས་བཅུ་ཐམས་ཅད་དུ་ ལྷན་ནེར་བྱེད་པ་རྣམས་ཡིན། དགེ་བའི་ཆོས་མངོན་པར་ཤར་བ་རྣམས་ཡིན། དེ་དག་གི་ཟག་པ་ནུབ་པར་འགྱུར་བ་རྣམས་ཡིན། སྣང་བར་བྱེད་པ་རྣམས་ཡིན། མུ་སྟེགས་ཅན་ངན་པའི་ལུགས་ རྣམས་ཟིལ་གྱིས་མནན་ཏེ་འདུག་པ་རྣམས་ཡིན། མཉམ་པ་དང་མི་མཉམ་པ་ཀུན་སྟོན་པ་ཡིན། ཆོས་དཀར་པོའི་ལས་ཀྱི་མཐའ་ཐམས་ཅད་འབྱུང་བར་བྱེད་པ་རྣམས་ཡིན། སྐྱེ་བོ་དགེ་བར་ དགའ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མ་རིག་པའི་མུན་པ་སེལ་བ་ནས་ཇི་ལྟར་སྐྱེ་བོ་དགེ་བ་དགའ་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་ སྟེ༑ དཔེར་ན། ཉི་མ་ཤར་ན་མུན་པ་མུན་ནག་ཐམས་ཅད་རྣམ་པར་སེལ་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་མ་རིག་པའི་མུན་པ་ཐམས་ཅད་རྣམ་པར་སེལ་ཏོ། །རིགས་ ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་པདྨ་རྣམ་པར་འབྱེད་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་གདུལ་བའི་སེམས་ཅན་གྱི་པདྨ་རྣམ་པར་འབྱེ་བར་བྱེད་དོ། ། ༄༅། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་ཕྱོགས་བཅུ་ཐམས་ཅད་དུ་ལྷན་ནེར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ན་འང་ཕྱོགས་བཅུ་ཐམས་ ཅད་དུ་ཤེས་རབ་ཀྱི་གཟི་བརྗིད་དང༌། ཡེ་ཤེས་ཀྱི་འོད་ཟེར་གྱིས་རབ་ཏུ་ལྷན་ནེར་བྱེད་ཀྱང་སེམས་ཅན་རྣམས་ལ་གནོད་པར་མི་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་ དུ་ཉི་མའི་འོད་ཟེར་དག་ནམ་སྣང་བ་དེའི་ཚེན་ཤར་ཅེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ནམ་སྣང་བ་དེའི་ཚེ་ན་དགེ་བའི་ཆོས་རྣམས་ཤར་ཅེས་ བྱའོ༑ ༑རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་དུ་ཉི་མའི་སྣང་བ་ནམ་མེད་པར་གྱུར་པ་དེའི་ཚེ་ན་ནུབ་ཅེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་རྣམས་ ཐམས་ཅད་དུ་ཐམས་ཅད་ནམ་མེད་པར་གྱུར་པ་དེའི་ཚེ་ན་ཟག་པ་ཟད་ཅེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་ཛམྦུའི་གླིང་གི་སེམས་ཅན་རྣམས་ལ་སྣང་བར་བྱེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བར་བྱེད་ཅིང༌། གཏི་མུག་གི་མུན་པའི་རབ་རིབ་ཀྱིས་ཁེབས་པ་རྣམ་པར་སེལ་ཏོ། །རིགས་ ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་འོད་ཐམས་ཅད་ཀྱི་འོད་མེད་པར་བྱེད་ཀྱང་ཉི་མ་ནི། ངས་འོད་ཐམས་ཅད་ཀྱི་འོད་མི་སྣང་བར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཆོས་ཉིད་ ཐོབ་པས་འོད་མེད་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་མུ་སྟེགས་ཅན་ངན་པའི་འོད་དང༌། མུ་སྟེགས་ཅན་ངན་པའི་ལུགས་ཐམས་ཅད་འོད་མེད་པར་འགྱུར་ མོད་ཀྱི། བྱང་ཆུབ་སེམས་དཔའི་ཉི་མ་ནི། ངས་འདི་དག་འོད་མེད་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཆོས་ཉིད་ཐོབ་པས་འོད་མེད་པར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ ན༑ ཉི་མ་ཤར་ན་ཛམྦུའི་གླིང་གི་མི་རྣམས་ལ་མཉམ་པ་དང་མི་མཉམ་པ་ལེགས་པར་སྟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་ བས་མཉམ་པ་དང་མི་མཉམ་པ་ལེགས་པར་སྟོན་ཏོ། །རིགས་ཀྱི་བུ། མཉམ་པ་ཞེས་བྱ་བ་འདི་ནི། འཕགས་པའི་ལམ་གྱི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ། མི་མཉམ་པ་ཞེས་བྱ་བ་འདི་ནི། ལམ་ ངན་པའི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་རྨོ་རྐོ་བའི་ལས་ཀྱི་མཐའ་ཐམས་ཅད་འབྱུང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ཤར་ནའང་དགེ་བའི་ཆོས་ ལས་ཀྱི་མཐའ་ཐམས་ཅད་འབྱུང་ངོ༌། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་སྐྱེ་བོ་དགེ་བ་ནི། དགའ་བར་འགྱུར་ལ། མི་སྲུན་པའི་རང་བཞིན་ཅན་དག་མི་དགའ་བར་འགྱུར་རོ། །དེ་ བཞིན་དུ་བྱང་ཆུབ་སེམས་དཔའི་ཉི་མ་ཤར་ནའང་སྐྱེ་བོ་དགེ་བ་རྣམས་དང༌། མཁས་པ་རྣམས་དང༌། ཤེས་རབ་ཀྱི་རང་བཞིན་ཅན་རྣམས་ནི། དགའ་བར་འགྱུར་ལ། ལམ་ངན་པར་ཞུགས་པ་ ༄༅། །རྣམས་དང༌། མི་སྲུན་པའི་རང་བཞིན་ཅན་རྣམས་དང༌། བྱིས་པའི་རང་བཞིན་ཅན་རྣམས་དང༌། ཤེས་རབ་འཆལ་བའི་རང་བཞིན་ཅན་རྣམས་དང༌། འཁོར་བ་ ལ་མངོན་པར་དགའ་བ་རྣམས་དང༌། མྱ་ངན་ལས་འདས་པ་ལས་ཕྱིར་ཕྱོགས་པ་རྣམས་ནི། མི་དགའ་བར་འགྱུར་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་མ་རིག་ པའི་མུན་པ་སེལ་བ་ནས་སྐྱེ་བོ་དགེ་བ་དགའ་བའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཉི་མ་དང་འདྲ་བ་རྣམས་ཡིན་ནོ། །རིགས་ཀྱི་ བུ༑ ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེངྒེ་དང་འདྲ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བག་མི་ཚ་བ་རྣམས་ཡིན། མི་བརྟབས་པ་རྣམས་ཡིན། མི་ཟློག་པ་ རྣམས་ཡིན། སེངྒེའི་སྒྲ་སྒྲོག་པ་རྣམས་ཡིན། མི་འཇིགས་པ་རྣམས་ཡིན། ནགས་ཚལ་དང༌། ནགས་ཚལ་གྱི་འདབས་ན་རྒྱུ་བ་རྣམས་ཡིན། རིའི་ཕུག་ན་གནས་པ་རྣམས་ཡིན། ལེན་པ་མེད་པ་རྣམས་ཡིན། བདག་གི་བརྩོན་འགྲུས་དང༌། སྟོབས་དང༌། མཐུ་ཐོབ་པས་བདུད་ཀྱི་སྡེ་རབ་ཏུ་འཇོམས་པ་རྣམས་ཡིན། དགེ་བའི་ཆོས་ཀྱི་ལོ་ཐོག་སྲུང་བ་རྣམས་ཡིན་ནོ། ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བག་མི་ཚ་བ་ནས་དགེ་བའི་ཆོས་ཀྱི་ལོ་ཐོག་སྲུང་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། གར་འགྲོ་ ཡང་བདག་དང་འདྲ་བ་མེད་པར་མཐོང་བས་བག་མི་ཚ་ཞིང་མི་སྐྲག་པར་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་བདག་དང་འདྲ་བ་མེད་པར་མཐོང་བས་གར་འགྲོ་བར་པག་མི་ཚ་ ཞིང་མི་སྐྲག་པར་འགྲོའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། ཝ་ཐམས་ཅད་ཀྱི་སྒྲས་མི་བརྟབས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་ཕ་རོལ་གྱི་རྒོལ་བ་ཐམས་ ཅད་ཀྱིས་བརྩད་པས་བརྒལ་བྱང་མི་བརྟབས་ཤིང་རྒོད་པ་དང༌། ཞུམ་པར་མི་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། བསྐུགས་ན་ཕྱིར་མི་ལྡོག་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེངྒེའང་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་བསྐུགས་ན་མི་ཟློག་ཅིང་མི་ཞུམ་པར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། སྒྲ་གང་གིས་རི་དྭགས་ཕྲ་མོ་ཐམས་ཅད་ དང༌། ཝ་ཐམས་ཅད་ཕྱོགས་བཅུར་འབྱེར་བར་འགྱུར་བ་དེ་ལྟ་བུར་སྒྲོག་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་བདག་མེད་པའི་སེངྒེའི་སྒྲ་གང་གིས་བདག་ཏུ་འཛིན་པ་ལ་མངོན་པར་ ཆགས་པའི་གཞན་མུ་སྟེགས་ཅན་གྱི་རི་དྭགས་རྣམས་དང༌། གཞན་མུ་སྟེགས་ཅན་གྱི་ཝ་ཐམས་ཅད་ཕྱོགས་བཅུར་འབྱེར་བར་འགྱུར་བ་དེ་ལྟ་བུ་སྒྲོག་སྟེ། བྱང་ཆུབ་སེམས་དཔའ་སེངྒེ་ནི། བདག་ཏུ་འཛིན་པ་ལས་བཟློག་པར་བྱ་བ་དང༌། སེམས་ཅན་གཞན་དག་གདུལ་བའི་དབང་དུ་བྱ་བ་མ་གཏོགས་པར་དེ་དག་ལ་གནོད་པ་བྱ་བའི་ཕྱིར་བདག་མེད་པའི་སེངྒེའི་སྒྲ་མི་སྒྲོག་གོ །རིགས་ཀྱི་ ༄༅། །བུ༑ འདི་ལྟ་སྟེ། དཔེར་ན། སེངྒེ་ནི། ཀུན་ཏུ་ལྟའང་མི་འཇིགས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་སྤྱོད་པ་ཡོངས་སུ་དག་པའི་ནན་ཏན་ལ་ལྟའང་མི་ འཇིགས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། རང་བཞིན་གྱིས་ནགས་ཚལ་དང༌། ནགས་ཚལ་གྱི་འདབས་ན་རྒྱུ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་ རང་བཞིན་གྱིས་དབེན་པ་ལ་མངོན་པར་ཕྱོགས་ཤིང་ནགས་ཚལ་དང༌། ནགས་ཚལ་གྱི་འདབས་ན་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། རིའི་ཕུག་ན་གནས་པ་ཡིན་ ནོ༑ ༑དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་ཡེ་ཤེས་ཀྱི་བྲག་རིའི་ཕྱུག་[?] ན་གནས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། མི་ལེན་པར་འགྲོ་བ་ཡིན་ནོ། །དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེངྒེའང་ཉོན་མོངས་པའི་ཁུར་ཐམས་ཅད་པོར་ཞིང་ལེན་པ་མེད་པར་འགྲོ་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སེངྒེ་ནི། གཅིག་བུ་གཉིས་སུ་མེད་པ་ བདག་གི་བརྩོན་འགྲུས་དང༌། སྟོབས་དང༌། མཐུ་ཐོབ་པས་ཕ་རོལ་གྱི་སྡེ་འཇོམས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་གཅིག་པུ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་སྙིང་པོ་ལ་ འདུག་ནས་བདག་གི་བརྩོན་འགྲུས་དང༌། སྟོབས་དང༌། མཐུ་ཐོབ་པས་བདུད་ཀྱི་སྡེ་འཇོམས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གྲོང་གི་འདབས་གང་ན་སེངྒེ་རྒྱུ་བ་དེར་རི་དྭགས་ཕྲ་མོ་ དག་གིས་ལོ་ཐོག་རྣམས་ཆུད་མི་གཟོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེངྒེའང་ཡུལ་དང་ཡུལ་གྱི་ཕྱོགས་གང་ན་འདུག་པ་དེར་མུ་སྟེགས་ཅན་གྱི་རི་དྭགས་ཕྲ་མོ་དག་གིས་དགེ་བའི་ཆོས་ ཀྱི་ལོ་ཐོག་ཆུད་མི་གཟོན་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བག་མི་ཚ་བ་ནས་དགེ་བའི་ཆོས་ཀྱི་ལོ་ཐོག་སྲུང་བའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེངྒེ་དང་འདྲ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འདུལ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ བརྟན་པ་རྣམས་ཡིན། བྱང་ཆུབ་ཀྱི་སེམས་བྱི་དོར་ཤིན་ཏུ་བྱས་པ་རྣམས་ཡིན། དབང་པོ་བསྡམས་པ་རྣམས་ཡིན། ལམ་དུ་ཞུགས་པ་རྣམས་ཡིན། ཁུར་ཆེན་པོ་འཁྱེར་ཕོད་པ་རྣམས་ཡིན། སེམས་ཅན་གྱི་དོན་རྣམས་ལ་ཡོངས་སུ་མི་སྐྱོ་བ་རྣམས་ཡིན། ཡང་དག་པས་འཚོ་བ་རྣམས་ཡིན། ཚུལ་འཆོས་པ་དང༌། ཁ་གསག་གི་རྙེད་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། གཡོ་སྒྱུ་དང་ བྲལ་བ་རྣམས་ཡིན། དྲང་བའི་རང་བཞིན་ཅན་པས་དྲང་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འདུལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཅང་ཤེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་སྒོམ་པ་མང་བས་རྣལ་འབྱོར་སྤྱོད་པ་རྣམས་ཡིན། སྒྲིབ་པ་མེད་ཅིང་ཀུན་ནས་ ༄༅། །ལྡང་བ་ཐམས་ཅད་དང་བྲལ་བས་ལམ་གྱི་རྒྱུན་མ་བཅད་པ་རྣམས་ཡིན། དེ་བཞིན་གཤེགས་པའི་བཀའ་མི་གཅོག་པས་བཀའ་བཞིན་བྱེད་པ་རྣམས་ཡིན། ཆོས་ཀྱི་ དབྱིངས་ཀྱི་ཚུལ་རྟོགས་པས་ཆོས་ཐམས་ཅད་ཀྱི་ཚུལ་མཉམ་པ་ཉིད་ཁོང་དུ་ཆུད་པ་རྣམས་ཡིན། དམའ་བ་དམའ་བའི་ཡིད་ཀྱིས་གདོལ་བུ་ལྟར་འཇིག་རྟེན་ན་སྤྱོད་པ་རྣམས་ཡིན། རྟག་ ཏུ་རྒྱུན་མི་ཆད་པར་བསོད་སྙོམས་བླང་བར་འདུ་ཤེས་ཉེ་བར་བཞག་པས་ང་རྒྱལ་དང༌། རྒྱགས་པ་དང༌། དྲེགས་པ་དང་བྲལ་བ་རྣམས་ཡིན། འདི་ལྟར་དེ་མངོན་སུམ་དུ་ཤེས་པའི་ཕྱིར་སངས་ རྒྱས་ཀྱི་ཆོས་ཐམས་ཅད་ལ་ནེམ་ནུར་མེད་པ་རྣམས་ཡིན། ཆོས་རང་གིས་རིག་པའི་ཕྱིར་ཐེ་ཚོམ་མེད་པ་རྣམས་ཡིན། རང་གིས་ལམ་མཐོང་བས་གཞན་གྱིས་མི་བཀྲི་ཞིང་ཕ་རོལ་གྱི་དྲིང་ མི་འཇོག་པ་རྣམས་ཡིན། རབ་ཏུ་ཞུགས་པས་འཇིག་རྟེན་ན་སྦྱིན་པའི་གནས་སུ་གྱུར་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཅང་ཤེས་ པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་པདྨ་དང་འདྲ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མ་གོས་པ་རྣམས་ཡིན། སྡིག་པ་ཆུང་ངུའང་ ལྷན་ཅིག་མི་གནས་པ་རྣམས་ཡིན། ཚུལ་ཁྲིམས་ཀྱི་དྲི་ཞིམ་པ་རྣམས་ཡིན། གཙང་བ་རྣམས་ཡིན། བཞིན་འཛུམ་པ་རྣམས་ཡིན། མི་རྩུབ་པ་རྣམས་ཡིན། མཐོང་ན་བཀྲ་ཤིས་པ་ རྣམས་ཡིན། བློ་རྣམ་པར་བྱེ་བ་རྣམས་ཡིན། བློ་ཡོངས་སུ་སྨིན་པ་རྣམས་ཡིན། ཤིན་ཏུ་ཡོངས་སུ་བཟུང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་མ་གོས་པ་ ཡིན་པ་ནས་ཇི་ལྟར་ན། ཤིན་ཏུ་ཡོངས་སུ་བཟུང་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། ཆུའི་ནང་ནས་བྱུང་ཡང་མ་ཆགས་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཁོར་བའི་ཆུ་ལས་འབྱུང་ཡང་མི་ཆགས་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཐབས་དང༌། ཤེས་རབ་ཀྱི་ཆོས་ཉིད་ཐོབ་ པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། འཁོར་བ་ན་སྤྱོད་ཀྱང་འཁོར་བའི་ཉེས་པ་དག་གིས་མི་གོས་ཏེ། དེའི་ཐབས་དེ་ནི། ཤེས་རབ་ཀྱིས་ཡང་དག་པར་ཟིན་པ་ཡིན་ནོ། ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ལ་ནི། ཆུའི་ཐིགས་པ་ཆུང་ངུའང་མི་ཆགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྡིག་པ་ཆུང་ངུའང་མི་ཆགས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ ན༑ སའི་ཕྱོགས་གང་དུ་པདྨ་སྐྱེས་པར་གྱུར་པའི་སའི་ཕྱོགས་དེ་དྲིས་ཁྱབ་པར་འདུག་གོ །དེ་བཞིན་དུ་ཡུལ་དང་ཡུལ་གྱི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེ་ཐམས་ཅད་ཚུལ་ ཁྲིམས་ཀྱི་དྲིས་ཁྱབ་པར་འདུག་གོ །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། སའི་ཕྱོགས་གར་སྐྱེས་པའི་ས་ཕྱོགས་དེ་གཙང་ཞིང་བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་ ༄༅། །མི་ཐམས་ཅད་ཀྱང་འདུ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གར་སྐྱེས་ཀྱང་རུང་འདི་ལྟ་སྟེ། ཚུལ་ཁྲིམས་དང༌། གཙང་སྦྲ་ཀུན་སྤྱོད་པས་གཙང་བ་ཡིན་ཏེ། ལྷ་ དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་རྣམས་འདུ་བ་རྣམས་ཡིན། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། ཁ་བྱེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་ཡིད་དུ་འོང་བས་འཛུམ་པ་ལྟ་བུར་སྣང་ངོ༌། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྲོ་གཉེར་མེད་ཅིང་དབང་པོ་ཤིན་ཏུ་དང་བས་བཞིན་རྟག་ཏུ་འཛུམ་པ་ཡིན་ནོ། ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། རང་བཞིན་གྱིས་འཇམ་ཞིང་མི་རྩུབ་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་བཞིན་གྱིས་འཇམ་ཞིང་དལ་གྱིས་སྨྲ་བ་ ཡིན༑ མི་བརླང་ཞིང་མུ་ཅོར་མི་སྨྲ་བའི་རང་བཞིན་ཅན་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། རྨི་ལམ་དང༌། ལྟས་དང༌། ཡུད་ཙམ་དག་ལ་མཐོང་ནའང་འདི་ལྟ་སྟེ། དོན་ འགྲུབ་པའི་ཕྱིར་བཀྲ་ཤིས་ཤིང་རབ་ཏུ་བསྔགས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཐོང་བའང་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་དུས་ཐམས་ ཅད་དུའང་བཀྲ་ཤིས་ཤིང་རབ་ཏུ་བསྔགས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། ནམ་རྒྱས་པ་དེ་ན་རྣམ་པར་བྱེ་བ་ཞེས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ ནམ་ཤེས་རབ་དང་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་རྒྱས་པ་དེ་ན་བློ་རྣམ་པར་བྱེ་བ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། ནམ་ཡོངས་སུ་སྨིན་པར་གྱུར་པ་དེ་ནི་བལྟས་ན་ མིག་གི་དབང་པོ་ཚིམ་པར་བྱེད། མཉན་ན་རྣ་བའི་དབང་པོ་ཚིམ་པར་བྱེད། རྣམས་ན་སྣའི་དབང་པོ་ཚིམ་པར་བྱེད། མྱངས་ན་ལྕེའི་དབང་པོ་ཚིམ་པར་བྱེད། རེག་ན་ལུས་ཀྱི་དབང་པོ་ ཚིམ་པར་བྱེད། སེམས་རབ་ཏུ་དགའ་བས་ཡིད་ཀྱི་དབང་པོ་ཚིམ་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་ཤེས་རབ་ཀྱི་སྣང་བ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ་ན་ བལྟས་ན་མིག་གི་དབང་པོ་རྣམ་པར་དག་པར་བྱེད། མཉན་ན་རྣ་བའི་དབང་པོ་རྣམ་པར་དག་པར་བྱེད། ཚུལ་ཁྲིམས་དང་ཡོན་ཏན་གྱི་དྲི་མ་ནམས་ན་སྣའི་དབང་པོ་རྣམ་པར་དག་པར་ བྱེད༑ མྱངས་ན་ལྕེའི་དབང་པོ་རྣམ་པར་དག་པར་བྱེད། རེག་པ་དང་བསྙེན་བཀུར་བྱས་ན་ལུས་ཀྱི་དབང་པོ་རྣམ་པར་དག་པར་བྱེད། ཡོན་ཏན་བརྗོད་པ་རྣམ་པར་བསམ་པས་ཡིད་ཀྱི་དབང་ པོ་རྣམ་པར་དག་པར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པདྨ་ནི། སྐྱེ་བའི་ཚེ་འདི་ལྟ་སྟེ། མི་དང༌། མི་མ་ཡིན་པ་དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་ ༄༅། །སེམས་དཔའ་ཡང་སྐྱེ་བའི་ཚེ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་མ་ཡིན་པ་གཞན་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ དག་གིས་ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། །རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མ་གོས་པ་ནས་ཤིན་ཏུ་ཡོངས་སུ་བཟུང་བའི་བར་དུ་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་ དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་པདྨ་དང་འདྲ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་རྒྱ་ཆེ་བ་རྣམས་ཡིན་ནོ། །བཅུ་ གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡང་དག་པར་སྒྲུབ་བོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །ཞེས་ སེམས་རྒྱ་ཆེར་བསྐྱེད་དོ། །སེམས་ཅན་ཐམས་ཅད་གདུལ་ལོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །བྱང་ཆུབ་ཀྱི་སྙིང་པོར་འདུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་དུ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་ དམ༑ ཚངས་པའམ། སུས་ཀྱང་ཆོས་དང་ལྡན་པར་སྔོན་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་ པར་སོང་སྟེ་སེམས་ཅན་གྱི་དོན་བྱ་བའི་དངོས་པོ་དེ་དང་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱའོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །ཤེས་རབ་ཀྱི་གྲུ་སྦྱར་ཏེ་སེམས་ཅན་རྣམས་འཁོར་བའི་རྒྱ་ མཚོ་ལས་བསྒྲལ་ལོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །མགོན་མེད་པ་དང༌། སྐྱབས་མེད་པ་དང༌། གནས་མེད་པ་དང༌། རྟེན་མེད་པ་དང༌། དཔུང་གཉེན་མེད་པ་དང༌། ཉོན་མོངས་པའི་སེམས་ཅན་ རྣམས་ཀྱི་གཉེན་བྱའོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པས་སྐྱེ་རྒུའི་ནང་དུ་སངས་རྒྱས་ཀྱི་ཁྱུ་མཆོག་ཉིད་བསྟན་ཏོ། །སངས་རྒྱས་ཀྱི་སེངྒེའི་སྒྲ་སྒྲོག་གོ །སངས་རྒྱས་ཀྱི་རྣམ་པར་རོལ་པས་རྣམ་པར་རྩེའོ། །གླང་པོ་ཆེན་ པོའི་བལྟ་བས་བལྟ་བར་བྱའོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །སངས་རྒྱས་ཀྱི་ཆེ་བས་སེམས་ཅན་རྣམས་གདུལ་བར་བྱའི། སྤྱོད་པ་ངན་པས་མ་ཡིན། དཀའ་བར་སྤྱོད་པས་མ་ཡིན། ཞན་པའི་སྤྱོད་པས་མ་ཡིན། ཞུམ་པའི་སྤྱོད་པས་མ་ཡིན་ནོ། །ཞེས་སེམས་རྒྱ་ཆེར་བསྐྱེད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་རྒྱ་ཆེ་བ་ རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་མི་གཡོ་བས་བསམ་པ་ ༄༅། །ཕུན་སུམ་ཚོགས་པ་རྣམས་ཡིན། འདི་ལྟ་སྟེ། བསམ་པ་ལ་སྒྱུ་མེད་པས་བསམ་པ་ཤིན་ཏུ་གནས་པ་རྣམས་ཡིན། འདི་ལྟ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ཡིད་ལ་བྱེད་པ་མི་ བསྐྱེད་པ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང༌། བརྩོན་པ་ཆུང་བའི་ཡིད་ལ་བྱེད་པ་མི་སྤྱོད་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་རྣམས་ ཡིན༑ འདི་ལྟ་སྟེ། ཉོན་མོངས་པའི་དྲི་མ་དང་བྲལ་བས་དྲི་མ་ཐམས་ཅད་དང་བྲལ་བ་རྣམས་ཡིན། འདི་ལྟ་སྟེ། སྒྱུ་མའི་སྤྱོད་ལམ་དང་བྲལ་བས་ལུས་ཀྱི་ཚུལ་འཆོས་པ་དང་བྲལ་བ་རྣམས་ ཡིན༑ འདི་ལྟ་སྟེ། ཡང་དག་པའི་དོན་ཀུན་སྟོན་པས་ངག་གི་ཚུལ་འཆོས་པ་དང་བྲལ་བ་རྣམས་ཡིན་ནོ། །འདི་ལྟ་སྟེ། ལུས་ཀྱིས་འདུ་འཛི་མེད་པ་དང༌། ངག་གིས་འདོད་པ་ཆུང་བ་དང༌། སེམས་ཀྱིས་སྨོན་པ་མེད་པའི་ཕྱིར་སེམས་ཀྱི་ཚུལ་འཆོས་པ་དང་བྲལ་པ་རྣམས་ཡིན། ཅུང་ཟད་བྱས་པའང་ཆུད་མི་གཟོན་ན་མང་པོ་ལྟ་ཅི་སྨོས་ཏེ། བྱས་པ་གཟོ་བ་རྣམས་ཡིན། བྱས་པ་ ཚོར་བ་རྣམས་ཡིན་ཏེ། དགོས་པ་བྱས་པ་ལ་མི་སྨོད། མི་སྐྱུད། ཡོན་ཏན་མ་ཡིན་པར་མི་ལྟ་སྟེ། གཞན་དུ་ན་ཅུང་ཟད་བྱས་པའང་ཚོར་ཞིང་དེ་ལ་བསྟོད་པར་བྱེད། གཟེངས་བསྟོང་པར་ བྱེད༑ ཡང་དག་པར་དགའ་བར་བྱེད། རབ་ཏུ་བསྔགས་པར་བྱེད། དེ་ལ་ཡོན་ཏན་དུ་ལྟ་བ་ཡིན་ནོ། །ཇི་ལྟར་ལྟ་བ་དེ་ལྟར་བྱེད་པ་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ངག་ གིས་སྙན་པར་སྟོན་ཅིང་སེམས་ཀྱིས་མི་མཐུན་པར་སེམས་པ་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ངག་གིས་བསྟོད་ཅིང་སེམས་ཀྱིས་ངན་དུ་བྱ་བའི་སྦྱོར་བ་མི་བྱེད། བྱང་ཆུབ་སེམས་དཔའ་ རྣམས་ངག་གིས་འཇམ་པར་སྨྲ་ཞིང་སེམས་ཀྱིས་ཞེ་ལ་ནོན་ཏེ་ཤར་གཉེར་བ་རྣམས་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ལུས་ཀྱིས་དེས་པ་སྟོན་ཅིང་སེམས་ཀྱིས་འཁོན་གྱི་མདུད་པར་འཛིན་ པ་རྣམས་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ལུས་ཀྱིས་རི་མོར་བྱ་བ་སྟོན་ཅིང་སེམས་ཀྱིས་བརྙས་པར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཚུལ་མི་འཆོས། ཁ་གསག་མི་བྱེད་ འཇུངས་པ་དང་ཕྲག་དོག་གིས་ཀུན་ཏུ་གླགས་པ་མ་ཡིན། སྒྱུ་དང་གཡོས་མི་སྤྱོད། བྱང་ཆུབ་སེམས་དཔའ་རྣམས་འཐབ་སྨྱན་མི་བྱེད། ཕན་ཚུན་དུ་བར་འཇུག་པ་མ་ཡིན་གྱི། བྱང་ཆུབ་སེམས་ དཔའ་རྣམས་ནི། ལུས་ཀྱིས་ཀྱང་རི་མོ་བསྐྱེད་པ་ཡིན། ངག་གིས་ཀྱང་ཡང་དག་པའི་དོན་སྨྲ་བ་ལས་སུ་རུང་བའང་སྒྲུབ་བོ། །བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་བསྟན་ པ་ལ་སྐུར་བའི་ཕྱིར་ཞུགས་པ་མ་ཡིན་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་བ་དང་བྲལ་བ་རྣམས་ཡིན་ནོ། །ཇི་ལྟར་ན། དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་པ་མ་བཏབ་པ་ ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་དག་གྱོན་ནས་ཡང་དག་པར་དད་པས་དེ་ ༄༅། །བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ༌། །དེ་རབ་ཏུ་འབྱུང་བ་ན་རྒྱལ་པོས་མནར་བ་མེད་པར་རབ་ཏུ་འབྱུང༌། རྐུན་པོས་གཙེ་བ་མེད་པ་དང༌། བུ་ལོན་གྱིས་ གཙེ་བ་མེད་པ་དང༌། འཇིགས་པས་གཙེ་བ་མེད་པ་དང༌། འཚོ་བ་མེད་པའི་འཇིགས་པས་སྐྲག་པ་མེད་པར་རབ་ཏུ་འབྱུང་ངོ༌། །དེ་དང་དེ་རབ་ཏུ་བྱུང་ནས་དགེ་བ་ཅི་ཡིན་ཞེས་ཚོལ་བ་ཡིན་ཏེ། དེ་ དགེ་བ་ཅི་ཡིན་ཞེས་ཚོལ་བ་ཡིན་པས་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར་བྱེད། སྟེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་དག་ལས་ཆོས་ཀྱང་ཉན་ཏོ། །ཐོས་ནས་ཀྱང་ནན་ཏན་ བྱེད༑ ང་རྒྱལ་གྱི་ཟིལ་གྱིས་གནོན་པ་ཡིན་ཏེ། དེ་ང་རྒྱལ་དང་བྲལ་བས་མ་ལོག་པར་འཛིན་པ་ཡིན། མ་ལོག་པར་འཛིན་པས་ལམ་ཤིན་ཏུ་རྟོགས་པ་ཐོབ་བོ། །དེ་ལམ་ཤིན་ཏུ་རྟོགས་པས་ ཆོས་ཉིད་ཐོབ་བོ། །ཆོས་ཉིད་ཐོབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། དེ་ལྟར་ན། དེ་བཞིན་གཤེགས་པའི་བསྟན་པ་ལ་སྐུར་བ་མ་བཏབ་པ་ཡིན་ནོ།། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ ནེམ་ནུར་མེད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའི་གསང་བ་ལ་མངོན་པར་དད། དེ་བཞིན་གཤེགས་པའི་གསུང་གི་གསང་བ་དང༌། དེ་བཞིན་ གཤེགས་པའི་ཡིད་ཀྱི་གསང་བ་དང༌། བྱང་ཆུབ་སེམས་དཔའ་ཡང་དག་པར་སྒྲུབ་པ་དང༌། བྱང་ཆུབ་དང༌། དེ་བཞིན་གཤེགས་པ་འབྱུང་བ་དང༌། ཐེག་པ་གཅིག་གི་ཚུལ་བསྟན་པ་དང༌། ཚུལ་ སྣ་ཚོགས་བསྟན་པ་དང༌། དེ་བཞིན་གཤེགས་པའི་གསུང་སྒྲའི་དབྱངས་ཟབ་མོ་དང༌། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་བ་ལ་མངོན་པར་དད་དོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། དེ་བཞིན་གཤེགས་པའི་སྐུའི་གསང་བ་ལ་མངོན་པར་དད་པ་ནས་ཇི་ལྟར་ན། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་བ་ལ་མངོན་པར་དད་པའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སོ། །གང་འདི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང༌། ཞི་བའི་སྐུ་དང༌། མི་མཉམ་པ་དང་མཉམ་པའི་སྐུ་དང༌། ཚད་མེད་པའི་སྐུ་དང༌། ཕལ་ལ་མེད་པའི་སྐུ་དང༌། རྡོ་རྗེའི་སྐུ་ཞེས་བྱ་བ་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་གསང་བ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ལ་མངོན་པར་དད་ ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་དེ་བཞིན་གཤེགས་པའི་གསུང་གི་གསང་བ་དེ་བཞིན་གཤེགས་པ་ནི།མ་མངོན་སུམ་དུ་ལུང་སྟོན་པ་དང༌། གསང་སྟེ་ལུང་སྟོན་པ་དང༌། ལྡེམ་པོ་དག་ ༄༅། །གིས་ཀྱང་སེམས་ཅན་རྣམས་ལ་ལུང་སྟོན་མོད་ཀྱི། དེ་བཞིན་གཤེགས་པ་ལ་འཁྲུལ་པའམ། ཅ་ཅོ་མེད་དེ། དེའི་ཕྱིར་དེ་ལ་བརྫུན་དུ་སྨྲ་བའི་ཉེས་པ་མི་འབྱུང་ ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི། སྐྱོན་ཐམས་ཅད་སྤངས་པ། དྲི་མ་ཐམས་ཅད་སྤངས་པ། རྡུལ་ཐམས་ཅད་སྤངས་པ། ཡོངས་སུ་གདུང་བ་ཐམས་ཅད་དང་བྲལ་བ། ཉོན་མོངས་པ་མེད་པ། དབང་དུ་གྱུར་བ། ཞི་བ། དང་བ། ཡོངས་སུ་དག་པ། རྙོག་པ་མེད་པ། རྣམ་པར་གསལ་བ་སྟེ། གང་དེ་བཞིན་གཤེགས་པ་རྣམས་ལ་འཁྲུལ་པའམ། ཅ་ཅོ་ འབྱུང་བ་དེ་ནི། གནས་མ་ཡིན་ཞིང་སྐབས་མེད་དོ། །ཞེས་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད། ཐེ་ཚོམ་མེད་ དེ། དེ་ལྟར་ན། དེ་བཞིན་གཤེགས་པའི་གསུང་གི་གསང་བ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡིད་ཀྱི་གསང་བ་ལ་མངོན་པར་ དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་དེ་བཞིན་གཤེགས་པའི་ཡིད་ཀྱི་གསང་བ་དེ་བཞིན་གཤེགས་པས་ཅི་དགོངས་པའི་དོན་གང་སེམས་དང་འགྲོགས་པ། སེམས་ལ་ གནས་པ་དེ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གྱུར་པ་མ་གཏོགས་པར་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སེམས་ ཅན་ཐམས་ཅད་ཀྱིས་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཟབ་ཅིང་གཏིང་དཔག་དཀའ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ ལས་ཤིན་ཏུའངྶ་པ། དཔག་ཏུ་མེད་པ། རྒྱ་ཆེ་བ། ཡངས་པ། ནམ་མཁའི་དབྱིངས་དང་མཚུངས་པ། རྟོག་གེ་ཐམས་ཅད་ཀྱི་ཡུལ་ལས་འདས་པར་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད། ཐེ་ཚོམ་མེད་པ་ཡིན་ཏེ། དེ་ལྟར་ན། དེ་བཞིན་གཤེགས་པའི་ཡིད་ཀྱི་གསང་བ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཡང་དག་པར་སྒྲུབ་པ་ལ་མངོན་པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་ལྟ་སྟེ། བྱང་ཆུབ་ཀྱི་རྒྱུ། བྱང་ཆུབ་ཀྱི་གཞི། བྱང་ཆུབ་ཀྱི་ཕྱིར་བྱང་ ཆུབ་སེམས་དཔའ་དེ་དག་སེམས་ཅན་གྱི་དོན་ལ་མངོན་དུ་ཕྱོགས་པ་དང༌། སེམས་ཅན་གྱི་བྱ་བ་དང༌། སེམས་ཅན་གྱི་བྱེད་པ་དང༌། ཡོངས་སུ་མི་སྐྱོ་བ་དང༌། མི་སྐྲག་པ་དང༌། ཁུར་ཆེན་པོ་ཁྱེར་ བ་དང༌། མཐུ་བརྟེན་པ་དང༌། རྟུལ་བ་བརྟན་པ་དང༌། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་མཐར་གྱིས་ཡང་དག་པར་སྒྲུབ་པ་དང༌། ཐོགས་པ་མེད་པའི་བློ་ དང༌། མཐའ་ཡས་པའི་བློ་དང༌། མི་མཉམ་པ་དང་མཉམ་པའི་བློ་དང༌། ཕལ་ལ་མེད་པའི་བློ་དང༌། བརྩོན་འགྲུས་བརྟན་པ་དང༌། གོ་ཆ་བརྟན་པ་དང༌། དམ་བཅས་པ་ལ་བརྟན་པ་དང༌། དམ་བཅས་ ༄༅། །པ་ལས་མི་གཡོ་བ་དང༌། དམ་བཅས་པ་ཕལ་ལ་མེད་པ་དེ་དག་ཐམས་ཅད་རིམ་གྱིས་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་ཡོངས་སུ་རྫོགས་པར་འགྱུར་རོ། ། ཞེས་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་བསླུ་བའོ་སྙམ་སྟེ། གནས་འདི་ལ་དེ་ནེམ་ནུར་མེད། ཐེ་ཚོམ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡང་དག་ པར་སྒྲུབ་པ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་དང༌། དེ་བཞིན་གཤེགས་པ་འབྱུང་བ་ལ་མངོན་པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་བྱང་ ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་ལྷའི་མིག་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྒྲིབ་པ་མེད་པ་འཐོབ་བོ། །ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་ གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང༌། རྫུ་འཕྲུལ་གྱི་རྣམ་པ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པ་དང༌། དུས་གསུམ་པ་སྐད་ཅིག་གཅིག་དང་ལྡན་པས་ཤེས་པ་ཆགས་པ་མེད་པ། ཐོགས་པ་མེད་པ། སྒྲིབ་པ་མེད་པ་འཐོབ་བོ། །དེའི་ཕྱིར་སེམས་ཅན་གྱི་ཁམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་སྟེ། སེམས་ཅན་འདི་རྣམས་ནི། ལུས་ཀྱི་ངན་དུ་སྤྱོད་པ་དང་ ལྡན་པ༑ ངག་གི་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་རྣམས་ཏེ། ལོག་པར་ལྟ་བའི་ལས་དང༌། ཆོས་ ཡང་དག་པར་བླངས་པའི་ཕྱིར་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ། །སེམས་ཅན་འདི་རྣམས་ནི། ལུས་ཀྱི་ ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་རྣམས་ཏེ། ཡང་དག་པར་ལྟ་བའི་ལས་དང༌། ཆོས་ཡང་དག་པར་བླངས་པའི་ཕྱིར་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེའོ་སྙམ་ནས་དེ་ལྟར་ཡང་ དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ལ་ལྟ་སྟེ། སེམས་ཅན་གྱི་ཁམས་དེ་ཉིད་ཀྱང་དགེ་བ་དང༌། མི་དགེ་བའི་ལས་རྣམས་ལ་རྣམ་པར་ལྟའོ། །དེའང་འདི་སྙམ་དུ་སེམས་ཏེ། སྔོན་ བདག་བྱང་ཆུབ་སེམས་དཔའི་སྦྱད་པ་སྤྱོད་པས་གང་འདི་ལྟར་བདག་ཉིད་རྣམ་པར་སངས་རྒྱས་ནས་གཞན་ཡང་རྣམ་པར་སངས་རྒྱས་པར་བྱའོ། །ཞེས་དམ་བཅས་པའི་བདག་གི་སྨོན་ལམ་ དེ་ཡོངས་སུ་རྫོགས་སོ། །བདག་གི་བྲང་པ་དེ་ཡོངས་སུ་རྫོགས་སོ་སྙམ་མོ། །ཞེས་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་སྙམ་སྟེ། གནས་འདི་ལ་ནེམ་ ནུར་མེད། ཐེ་ཚོམ་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་དེ་རྣམ་པར་སངས་རྒྱས་པ་དེ་ནི། བྱང་ཆུབ་ཅེས་བྱའོ། །བདག་ཉིད་རྣམ་པར་སངས་རྒྱས་པས་དེས་ན། རྫོགས་པར་སངས་རྒྱས་ ༄༅། །ཞེས་བྱའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་དང༌། དེ་བཞིན་གཤེགས་པ་འབྱུང་བ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ གཅིག་གི་ཚུལ་བསྟན་པ་ལ་མངོན་པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་ཐེག་པ་ནི། གཅིག་ཁོ་ན་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཐེག་པའོ། །ཞེས་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ། །འདི་ནི། དེ་བཞིན་པའོ། །མ་ནོར་པའོ། །གཞན་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་གཞན་རྣམས་ཀྱང་འདི་ལས་བྱུང་ ངོ༌། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཛམྦུ་གླིང་ན་གང་གླིང་ཡོད་པ་རྣམས་མིང་གིས་ཐ་དད་པར་ཤེས་མོད་ཀྱི། འོན་ཀྱང་དེ་དག་ནི། ཛམྦུའི་གླིང་དུ་འདུའོ། །ཛམྦུའི་གླིང་ལ་བརྟེན་ཏོ།། ཛམྦུའི་གླིང་གི་གྲངས་སུ་འགྲོའོ། །དེའི་ཕྱིར་གླིང་གཅིག་ཁོ་ན་སྟེ། དེ་ནི། ཛམྦུའི་གླིང་ངོ༌། །དེ་བཞིན་དུ་ཐག་པ་ཐམས་ཅད་ནི། དེ་བཞིན་གཤེགས་པའི་ཐེག་པར་འདུའོ། །དེ་བཞིན་གཤེགས་ པའི་ཐེག་པ་ལ་གནས་སོ། །དེ་བཞིན་གཤེགས་པའི་ཐེག་པ་ལས་བྱུང་ངོ༌། །དེའི་ཕྱིར་ཐེག་པ་གཅིག་ཁོ་ན་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་ཐེག་པའི་སྙམ་སྟེ། གནས་འདི་ལ་དེ་ ནེམ་ནུར་མེད། ཐེ་ཚོམ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཐེག་པ་གཅིག་གི་ཚུལ་བསྟན་པ་ལ་མངོན་པར་དད་དོ། །ཇི་ལྟར་ན། ཚུལ་སྣ་ཚོགས་བསྟན་པ་ལ་མངོན་པར་དད་ ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་མདོ་སྡེ་དེ་དང་དེ་དག་ལས་དེ་བཞིན་གཤེགས་པའི་ཚུལ་སྣ་ཚོགས་བཤད་པ་ཐོས་པ་འདི་ནི། ཡང་དག་པའི། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་[?] དེ་ཅིའི་ཕྱིར་ཞེ་ན། འདུལ་བའི་དབང་གི་ཕྱིར་དེ་བཞིན་གཤེགས་པ་དད་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད། ཐེ་ཚོམ་མེད་དེ། དེ་[?] ལྟར་ན། བྱང་ཆུབ་སེམས་དཔའ་ཚུལ་སྣ་ཚོགས་བསྟན་པ་ལ་མངོན་པར་དད་དོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གསུང་སྒྲའི་དབྱངས་ཟབ་མོ་ལ་མངོན་ པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་དེ་དེ་བཞིན་གཤེགས་པའི་གསུང་སྒྲའི་དབྱངས་ཟབ་མོ་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ། །དེ་ཅིའི་ཕྱིར་ ཞེ་ན། དགེ་བའི་རྩ་བ་ཆུང་ངུའི་ལྷའི་བུ་རྣམས་ཀྱི་དབྱངས་ཀྱང་ཟབ་ཅིང་སྙན་པ་ཡིན་ན། བསྐལ་པ་བརྒྱ་སྟོང་དུ་མར་དགེ་བའི་རྩ་བ་བསྒྲུབས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྟ་ཅི་སྨོས་ སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད། ཐེ་ཚོམ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གསུང་སྒྲའི་དབྱངས་ཟབ་མོ་ལ་མངོན་པར་དད་དོ། །རིགས་ཀྱི་བུ། ཇི་ ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་བ་ལ་མངོན་པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །གང་འདི་དེ་བཞིན་གཤེགས་པས་བསམ་པ་དང༌། བག་ལ་ ༄༅། །ཉལ་མཁྱེན་ཏེ། སེམས་ཅན་མོས་པ་ཐ་དད་པ་དང༌། འདུལ་བ་ཐ་དད་པ་རྣམས་ལ་གསུང་སྒྲའི་དབྱངས་གཅིག་བརྗོད་པས་ཐེ་ཚོམ་གཅོད་ཅིང་ཡོངས་སུ་སྨིན་པ་ ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འདུལ་ལོ། །སེམས་ཅན་རྣམས་ཀྱང་སོ་སོ་ནས་དེ་བཞིན་གཤེགས་པ་བདག་ལ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་བདག་ལ་ཆོས་སྟོན་ཏོ་སྙམ་ བྱེད་ཀྱང་དེ་བཞིན་གཤེགས་པ་ནི། མི་རྟོག །རྣམ་པར་མི་རྟོག་གོ །ཞེས་ཐོས་པ་འདི་ནི། ཡང་དག་པའོ། །འདི་ནི། དེ་ཁོ་ནའོ། །འདི་ནི། མི་སླུ་བའོ་སྙམ་སྟེ། གནས་འདི་ལ་དེ་ནེམ་ ནུར་མེད། ཐེ་ཚོམ་མེད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་བ་ལ་མངོན་པར་དད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ ན༑ བྱང་ཆུབ་སེམས་དཔའ་སེམས་ནེམ་ནུར་མེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བློ་རྒྱ་མཚོ་དང་མཚུངས་པ་རྣམས་ཡིན་ནོ། །བཅུ་གང་ ཞེ་ན༑ འདི་ལྟ་སྟེ། རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་རྣམས་ཡིན། ཟབ་ཅིང་གཏིང་དཔག་དཀའ་བ་རྣམས་ཡིན། རྒྱ་ཆེ་ཞིང་ཚད་མེད་པ་རྣམས་ཡིན། བགས་ཀྱིས་གཞོལ་བ་རྣམས་ ཡིན༑ ཉོན་མོངས་པའི་རོ་དང་ལྷན་ཅིག་མི་འདུག་པ་རྣམས་ཡིན། རོ་གཅིག་པ་རྣམས་ཡིན། ཆུ་བོ་ཀུན་ཟད་པ་རྣམས་ཡིན། དུས་ལས་མི་ཡོལ་བ་རྣམས་ཡིན། འབྱུང་པོ་མང་པོའི་ གནས་སུ་གྱུར་པ་རྣམས་ཡིན། མི་ཟད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ཡིན་པ་ནས་ཇི་ལྟར་ན་མི་ཟད་པའི་བར་དུ་ ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ཛམྦུའི་གླིང་གི་མི་ཐམས་ཅད་ཀྱིས་རིན་པོ་ཆེ་བླང་བས་མི་ཟད་དོ། །དེ་ བཞན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཡོན་ཏན་རིན་པོ་ཆེ་བླང་བས་མི་ཟད་དོ། །རིགས་ཀྱི་བུ། འདི་ ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཡང་དག་པར་གྲུབ་པའང་ཟབ་ཅིང་སེམས་ཅན་ཐམས་ཅད་ཀྱིས་ གཏིང་དཔག་དཀའ་ཞིང་ཟབ་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། འདི་ལྟ་སྟེ། ཆུ་ཚད་མེད་པས་ན། ཡངས་ཤིང་རྒྱ་ཆེ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ཡང་འདི་ལྟ་སྟེ། བློ་ཚད་མེད་པས་ན། ཡངས་ཤིང་རྒྱ་ཆེ་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། བགས་ཀྱིས་གཞོལ། བགས་ཀྱིས་འབབ། བགས་ཀྱིས་ བབ་བོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ། ཐམས་ཅད་མཁྱེན་པ་ཉིད་ལ་བབ་བོ། །རིགས་ཀྱི་བུ། འདི་ལྟ་སྟེ་ ༄༅། །དཔེར་ན། རྒྱ་མཚོ་ཆེན་པོ་ནི། ཤི་བའི་རོ་དང་ལྷན་ཅིག་མི་འདུག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། རྒྱ་མཚོ་ཆེན་པོའི་ཆོས་ཉིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ ཡང་ཉོན་མོངས་པའི་རོ་དང་མི་དགེ་བའི་གྲོགས་པོ་རྣམས་དང་ལྷན་ཅིག་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། བྱང་ཆུབ་སེམས་དཔའ་ཆོས་ཉིད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོར་ཆུ་བོ་ཇི་སྙེད་བབ་པ་དེ་ཐམས་ཅད་ཀྱང་རོ་གཅིག་པ་ཡིན་ཏེ། འདི་ལྟ་སྟེ། ལན་ཚྭའི་རོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་དཀར་པོ་རྣམས་ཇི་སྙེད་སྡུད་པ་དེ་ དག་ཐམས་ཅད་རོ་གཅིག་པ་ཡིན་ཏེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་རོའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། ཆུ་བོ་ཚད་མེད་པ་ཀུན་ཟེད་ཀྱང་དེ་ལ་བྲི་བའམ། གང་བར་ཡང་མི་མངོན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་ཆུ་བོ་ཚད་མེད་པ་ཀུན་ཟེད་ཀྱང་དེ་ལ་བྲི་བའམ། གང་བར་མི་མངོན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། དུས་ལས་མི་ཡོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གདུལ་བར་བྱ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་ལས་མི་ཡོལ་ལོ། །རིགས་ཀྱི་ བུ༑ འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། འབྱུང་པོ་མང་པོའི་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་དང༌། ཆོས་དཀར་པོ་ཐམས་ཅད་ཀྱི་ གནས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱིས་ཆུ་བཅུས་ཀྱང་མི་ཟད་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ ཐམས་ཅད་ལ་ཆོས་སྟོན་པ་མི་ཟད་པ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ནས་མི་ཟད་པའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བློ་རྒྱ་མཚོ་དང་མཚུངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བློ་ཞིབ་པ་རྣམས་ཡིན་ནོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། འབྱུང་བ་ཚོལ་བ་ལ་མཁས་པ་རྣམས་ཡིན། ཆོས་ཐམས་ཅད་བརྟག་པ་ལ་མཁས་པ་རྣམས་ཡིན། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་པ་རྣམས་ཡིན། ཆོས་ ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་ཁོང་དུ་ཆུད་པ་རྣམས་ཡིན། ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ལ་མཁས་པ་རྣམས་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་ཅིང་གཏིང་དཔག་དཀའ་བ་ ལ་མཁས་པ་རྣམས་ཡིན། ལས་བསམ་གྱིས་མི་ཁྱབ་པ་ལ་མཁས་པ་རྣམས་ཡིན། སྨད་པའི་དོན་ཤེས་པ་རྣམས་ཡིན། དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་རྣམས་ཡིན། དེ་ཁོ་ན་ལ་ མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་འབྱུང་བ་ཚོལ་བ་ལ་མཁས་པ་ཡིན་པ་ནས་ཇི་ལྟར་ན། དེ་ཁོ་ན་ལ་མཁས་པའི་བར་དུ་ཡིན་ཞེ་ན། འདི་ལ་ ༄༅། །བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་རོ། །རབ་ཏུ་འབར་རོ། །ཀུན་ཏུ་ རབ་ཏུ་མཆེད་ཅིང་འབར་རོ། །ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། ཞེ་སྡང་གི་དུ་བ་འཁྲིགས་པའི་དུ་བ་འཚུབ་པས་རྣམ་པར་རྨོངས་སོ། །ཀྱེ་མའོ་འཇིག་རྟེན་གནས་པ་ འདི་ནི། འདི་ལྟ་སྟེ། གཏི་མུག་གི་མུན་པས་མུན་ནག་ཏུ་གྱུར་ཏོ་སྙམ་མོ། །དེ་འདི་ལྟར་སེམས་ཅན་འདི་དག་ཇི་ལྟར་འབྱུང་བར་འགྱུར་སྙམ་སེམས་ཏེ། དེ་དེ་དག་གི་འབྱུང་བ་ཡོངས་སུ་ ཚོལ་ཞིང་ཆོས་ཐམས་ཅད་ལ་རྟོག་གོ། །ཆོས་ཐམས་ཅད་ལ་བརྟགས་པས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུང་ པས་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་རྣམས་སྒྱུ་མའི་མཚན་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཆོས་ཐམས་ ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་རྣམ་པར་སེམས་སོ། །དེ་ རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་རྣམ་པར་སེམས་པས་ལས་བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་རྟོག་སྟེ། དེ་འདི་སྙམ་དུ་དངོས་པོ་མེད་པའི་ཆོས་རྣམས་ལ་ལས་སྣང་བ་ནི། ངོ་ མཚར་ཏོ་སྙམ་དུ་སེམས་སོ། །དེ་ལྟར་ན། བློ་ཞིབ་མོ་དང་ལྡན་པས་སངས་རྒྱས་རྣམས་སམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་ཙམ་གྱིས་དོན་ཤེས་སོ། །དེས་དོན་ཤེས་པས་དོན་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་སོ། །དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་དེ་ཁོ་ན་མཐོང་ངོ༌། །དེ་ཁོ་ན་མཐོང་བས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ནས་ ཐར་པར་བྱེད་དོ། །རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་འབྱུང་བ་ཚོལ་བ་ལ་མཁས་པ་ནས་དེ་ཁོ་ན་ལ་མཁས་པའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ ན༑ བྱང་ཆུབ་སེམས་དཔའ་བློ་ཞིབ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རིག་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བདག་མེད་པར་འཇོག་གོ །ཆོས་ཐམས་ཅད་སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། གང་ཟག་མེད་པ་དང༌། བྱེད་པ་པོ་དང་ཚོར་བ་པོ་མེད་པ་དང༌། ཤེས་པ་ པོ་དང་མཐོང་བ་པོ་མེད་པ་དང༌། གསོག་གསོ་བ་སྟེ་དབང་ཕྱུག་མེད་པ་དང༌། སྟོང་པ། ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པ་དང༌། རྐྱེན་ལས་བྱུང་བར་འཇོག་སྟེ། རིགས་ཀྱི་བུ། དེ་ ལ་ཆོས་ཐམས་ཅད་བདག་མེད་ཅེས་བྱ་བ་འདི་ནི། རིགས་པའོ། །འདི་ནི། ཆོས་ཉིད་དང་མཐུན་པའོ། །ཆོས་ཐམས་ཅད་སེམས་ཅན་མེད་པ་སྲོག་མེད་པ་ཞེས་བྱ་བ་འདི་ནི། རིགས་པའོ། །འདི་ནི། ༄༅། །ཆོས་ཉིད་དང་མཐུན་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་གསོ་བ་མེད་པ་དང༌། གང་ཟག་མེད་པ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་མེད་པ་དང༌། ཤེས་པ་པོ་དང༌། མཐོང་ བ་པོ་མེད་པ་དང༌། གསོག་གསོབ་སྟེ་དབང་ཕྱུག་མེད་པ་དང༌། སྟོང་པ། ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པ་དང༌། རྐྱེན་ལས་བྱུང་བའོ། །ཞེས་བྱ་བ་འདི་ནི། རིགས་པའོ། ། འདི་ནི། ཆོས་ཉིད་དང་མཐུན་པའོ། །རིགས་ཀྱི་བུ། གང་ཆོས་ཉིད་དང་མཐུན་པ་དེ་ནི། རིགས་པའོ། །གང་ཆོས་ཉིད་དང་མི་འགལ་བ་དེ་ནི། རིགས་པའོ། །གང་ཆོས་ཉིད་ལས་མི་འཁྲུལ་བ་དེ་ ནི༑ རིགས་པའོ། །གང་ཆོས་ཉིད་ལ་འབབ་པ་དེ་ནི། རིགས་པའོ། །གང་ཆོས་ཉིད་སྟོན་པ་དེ་ནི། རིགས་པའོ། །དེའང་དེ་དག་སྤོབས་པས་ན། དེའི་ཕྱིར་རིགས་པར་སྤོབས་པ་རྣམས་ཤེས་ པར་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དེ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རིག་པའི་སྤོབས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་ དཔའ་གྲོལ་བའི་སྤོབས་པ་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྤོབས་པ་ཐོགས་པ་མེད་པ་རྣམས་ཡིན། སྤོབས་པ་རྒྱུན་ཆགས་པ་རྣམས་ཡིན། སྤོབས་པ་མི་ཟད་པ་རྣམས་ ཡིན༑ སྤོབས་པ་མི་བརྟབས་པ་རྣམས་ཡིན། སྤོབས་པ་མ་ཞུམ་པ་རྣམས་ཡིན། སྤོབས་པ་མི་སྐྲག་པ་རྣམས་ཡིན། སྤོབས་པ་ཕལ་ལ་མེད་པ་རྣམས་ཡིན། སྤོབས་པ་ཟིལ་གྱིས་མི་ ནོན་པ་རྣམས་ཡིན། སྤོབས་པ་མཐའ་ཡས་པ་རྣམས་ཡིན། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་གྲོལ་བའི་སྤོབས་པ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདར་ འདར་པོ་མེད་པའི་སྤོབས་པ་ཅན་རྣམས་ཡིན། མི་འཁྲུལ་པའི་སྤོབས་པ་ཅན་རྣམས་ཡིན། མི་ཞན་པའི་སོབས་པ་ཅན་རྣམས་ཡིན། ཡེང་ཡེང་པོ་མེད་པའི་སྤོབས་པ་ཅན་རྣམས་ཡིན། དེ་དག་ གི་སྤོབས་པ་དོན་དང་བྲལ་བ་མ་ཡིན། ཚིག་འབྲུ་དང་བྲལ་བ་མ་ཡིན། སྦྱོར་བ་དང་བྲལ་བ་མ་ཡིན། དུས་དང་བྲལ་བ་མ་ཡིན། རྩུབ་པ་མ་ཡིན། མི་གསལ་བའི་སྤོབས་པ་ཅན་མ་ཡིན་ནོ། ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། འདར་འདར་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་གྱིས་འཇིགས་པའི་བག་ཚ་བ་དང་བྲལ་བའི་ཕྱིར་རོ། །བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྤོབས་པ་ནི། འཁྲུལ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་བརྟན་ཞིང་མི་མཐུན་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། ཞན་པ་མ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། འཇིགས་པ་མེད་པའི་ཕྱིར་ཏེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། འཁོར་གྱི་ནང་དུ་ཕྱིན་ན་མི་འཇིགས་མི་སྐྲག་སྟེ། སེངྒེ་ལྟར་འཇིགས་པ་མེད་ཅིང་མི་སྐྲག་མི་དངང་བ་ ༄༅། །ཡིན་ནོ༑ ༑བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། ཡེང་ཡེང་པོ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །རིགས་ཀྱི་བུ། ཉོན་མོངས་པ་ དང་བཅས་པའི་སྤོབས་པ་ནི། ཡེང་ཡེང་བོར་འགྱུར་བ་ཡིན་ཏེ། ཉོན་མོངས་པ་མེད་པའི་ནི། མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། དོན་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཐོབ་པའི་ཕྱིར་ཏེ། རིགས་ཀྱི་བུ། ཆོས་ཉིད་མ་ཐོབ་པ་རྣམས་ཀྱི་དོན་དང་བྲལ་བར་འགྱུར་གྱི། ཆོས་ཉིད་ཐོབ་པ་རྣམས་ཀྱི་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ ནི༑ ཚིག་འབྲུ་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཙུག་ལག་ཐམས་ཅད་ལ་འཇིགས་པ་མེད་པའི་ཕྱིར་ཏེ། རིགས་ཀྱི་བུ། གཙུག་ལག་གི་ཕྱོགས་འགའ་ཤེས་པ་རྣམས་ཀྱི་ནི། ཚིག་ འབྲུ་དང་བྲལ་བར་འགྱུར་གྱི། གཙུག་ལག་ཐམས་ཅད་ལ་འཇིགས་པ་མེད་པ་རྣམས་ཀྱི་ནི། མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། སྦྱོར་བ་དང་བྲལ་བ་མ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། སྦྱོར་བ་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཕྱིར་ཏེ། རིགས་ཀྱི་བུ། སྦྱོར་བ་ལ་མི་མཁས་པ་རྣམས་ཀྱི་ནི། སྦྱོར་བ་དང་བྲལ་བར་འགྱུར་གྱི། སྦྱོར་བ་མཐའ་ཡས་པ་དང་ལྡན་ པ་རྣམས་ཀྱི་ནི། མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། གང་ཕྱིས་སྨྲ་བར་བྱ་བ་དེ་སྔར་སྨྲ་བའམ། གང་སྔར་སྨྲ་བར་བྱ་བ་ཕྱིས་སྨྲ་བ་ལྟ་བུར་དུས་དང་བྲལ་བ་མ་ཡིན་ ནོ༑ ༑དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི། དུས་ཤེས་པ་ཡིན། ཚོད་ཤེས་པ་ཡིན། སྐབས་ཤེས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། རྩུབ་པ། ཡིད་དུ་མི་འོང་བ། མི་སྙན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངག་གི་གནས་ངན་ལེན་དང་བྲལ་བའི་ཕྱིར་ཏེ། རིགས་ཀྱི་བུ། གནས་ངན་ལེན་དང་བཅས་པ་རྣམས་ཀྱི་སྤོབས་པ་ནི། རྩུབ་པ་ཡིན་གྱི། གནས་ངན་ལེན་དང་ བྲལ་བ་རྣམས་ཀྱི་ནི། མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི། མི་གསལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དབང་པོ་རྣོ་བའི་ཕྱིར་རོ། །རིགས་ཀྱི་བུ། དབང་པོ་རྟུལ་པོ་རྣམས་ཀྱི་སྤོབས་ པ་མི་གསལ་བ་ཡིན་གྱི། དབང་པོ་རྣོན་པོ་རྣམས་ཀྱི་ནི། མ་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །རིགས་ ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་མགུ་བར་བྱེད་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དཔེར་ན། འཇམ་པར་སྨྲ་བ་རྣམས་ ཡིན། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་རྣམས་ཡིན། དོན་དུ་སྨྲ་བ་རྣམས་ཡིན། ཆོས་སུ་སྨྲ་བ་རྣམས་ཡིན། མཚུངས་པར་སྨྲ་བ་རྣམས་ཡིན། མི་ངོམ་པ་རྣམས་ཡིན། བརྙས་པ་དང་བྲལ་བ་ རྣམས་ཡིན། ཉོན་མོངས་པར་འགྱུར་བ་མེད་པ་རྣམས་ཡིན། འཁྲུག་པ་མེད་པ་རྣམས་ཡིན། སྤོབས་པ་སྣ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་འཇམ་པར་སྨྲ་བ་ནི། ༄༅། །འཇམ་པར་སྨྲ་བས་སེམས་ཅན་རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་ཡིན་ཏེ། མདངས་བཟང་པོས་སེམས་ཅན་ རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་དོན་དུ་སྨྲ་བ་ནི། ཚིག་རན་པས་སེམས་ཅན་རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཆོས་སུ་སྨྲ་བ་ནི། ཕན་པར་སྨྲ་བས་ སེམས་ཅན་རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་མཚུངས་པར་སྨྲ་བ་ནི། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཆོས་སྟོན་པས་སེམས་ཅན་རྣམས་མགུ་བར་བྱེད་དོ། ། བྱང་ཆུབ་སེམས་དཔའ་མི་ངོམ་པ་ནི། ང་རྒྱལ་དང་དྲེགས་པ་དང་རྒྱགས་པ་དང་བྲལ་ཞིང་སྤྱོད་པ་མཚུངས་པས་སེམས་ཅན་རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་བརྙས་པ་ དང་བྲལ་བ་ནི། རི་མོར་བྱས་ཤིང་ཆོས་བསྟན་པས་སེམས་ཅན་རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཉོན་མོངས་པར་འགྱུར་བ་མེད་པ་ནི། ངང་ཚུལ་དེས་པས་སེམས་ཅན་ རྣམས་མགུ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་འཁྲུག་པ་མེད་པ་ནི། བཟོད་པ་མང་བས་སེམས་ཅན་རྣམས་མགུ་བར་བྱེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སྤོབས་པ་སྣ་ ཚོགས་ཅན་ནི། དགའ་བའི་ཚིག་གིས་སེམས་ཅན་རྣམས་མགུ་བར་བྱེད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་མགུ་བར་ བྱེད་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚིག་གཟུང་བར་བྱེད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ རྣམས་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ལ་ཆོས་མི་སྟོན་ཏོ། །ཞེ་འགྲས་པ་རྣམས་ལ་མ་ཡིན། ཀླན་ཀ་ཚོལ་བ་རྣམས་ལ་མ་ཡིན། མུ་སྟེགས་ཅན་རྣམས་ལ་མ་ཡིན། རི་མོ་མེད་པ་རྣམས་ ལ་མ་ཡིན། མ་དད་པ་མེད་པ་རྣམས་ལ་མ་ཡིན། གཡོ་དང་སྒྱུས་གླགས་པ་རྣམས་ལ་མ་ཡིན། འཚོ་བའི་བསམ་པ་ཅན་རྣམས་ལ་མ་ཡིན། རྙེད་པ་དང༌། བཀུར་སྟི་དང༌། ཕྲག་དོག་དང༌། སེར་ སྣས་གླགས་པ་རྣམས་ལ་མ་ཡིན། སེམས་ཅན་གླེན་པ་རྨོངས་པ་ལུག་ལྟར་ལྐུག་པའི་རང་བཞིན་ཅན་རྣམས་ལ་ཆོས་མི་སྟོན་ཏེ། རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ རྣམས་ལ་ཆོས་ཀྱི་སེར་སྣའང་མེད། ཆོས་ལ་སློབ་དཔོན་འཆབ་པའང་མེད། སེམས་ཅན་རྣམས་ལ་རི་མོར་མི་བྱེད་པའང་མེད། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པའང་མེད་མོད་ཀྱི། སེམས་ ཅན་འདི་དག་ནི། དེ་བཞིན་གཤེགས་པའི་ཆོས་འདུལ་བའི་སྣོད་དུ་མ་གྱུར་པའོ། །ཞེས་བཏང་སྙོམས་སུ་གནས་པ་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ གསོལ་པ། བཅོམ་ལྡན་འདས། འོ་ན་སེམས་ཅན་ཅི་འདྲ་བ་རྣམས་ལ་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཆོས་སྟོན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ༄༅། །སེམས་ཅན་དད་པ་རྣམས་ལ་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཆོས་སྟོན་ཏོ། །སེམས་ཅན་དགེ་བའི་རྩ་བ་སྨིན་པ་རྣམས་དང༌། སྣོད་དུ་གྱུར་པ་ རྣམས་དང༌། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་རྣམས་དང༌། གཡོ་མེད་པ་རྣམས་དང༌། སྒྱུ་མེད་པ་རྣམས་དང༌། སྤྱོད་ལམ་མི་འཆོས་པ་རྣམས་དང༌། རྙེད་པ་དང༌། བཀུར་སྟི་ལ་ཆགས་པ་དང་ བྲལ་བ་རྣམས་དང༌། བསམ་པ་ཕུན་སུམ་ཚོགས་པ་རྣམས་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་དང༌། ཚུལ་བཟང་པོ་དང་ལྡན་པ་རྣམས་དང༌། ལེགས་པར་སྟོན་ ནུས་པ་རྣམས་དང༌། དབང་པོ་རྣོ་བ། གང་བཤད་པའི་དོན་རིག་པར་འགྱུར་བ་དེ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པར་འགྱུར་བ། དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་ བཞིན་བྱེད་པར་འགྱུར་བའི་སེམས་ཅན་དེ་ལྟ་བུ་དག་ལ་རིགས་ཀྱི་བུ། སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཆོས་སྟོན་ཏོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ ལྡན་ན། བྱང་ཆུབ་སེམས་དཔའ་ཚིག་གཟུང་བར་འགྱུར་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་རྗོད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་ཆོས་སྟོན་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང༌། ཡང་དག་པར་སྒྲུབ་པའང་མི་དམིགས་སོ། །ཕ་རོལ་ཏུ་ཕྱིན་པ་ཡང་དག་ པར་བསྒྲུབ་པའི་ཕྱིར་ཆོས་སྟོན་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པའང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ཡང་དག་པར་བསྒྲུབ་པའི་ཕྱིར་ཆོས་སྟོན་ཀྱང་བྱང་ཆུབ་ཡང་དག་པར་སྒྲུབ་ པའང་མི་དམིགས་སོ། །ཉོན་མོངས་པ་སྤོང་བའི་ཕྱིར་ཆོས་སྟོན་ཀྱང་ཉོན་མོངས་པ་སྤང་བའང་མི་དམིགས་སོ། །སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པའི་ཕྱིར་ཆོས་སྟོན་ཀྱང་སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པའང་མི་དམིགས་སོ། །རྒྱུན་ཏུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཀྱང་རྒྱུན་དུ་ ཞུགས་པ་ཡང་མི་དམིགས་སོ། །ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའང་མི་དམིགས། ཕྱིར་མི་འོང་བའི་འབྲས་བུའང་མི་དམིགས་སོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ ཆོས་སྟོན་ཀྱང་དགྲ་བཅོམ་པ་དང༌། དགྲ་བཅོམ་པའི་འབྲས་བུའང་མི་དམིགས་སོ། །རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་ཀྱང་རང་སངས་རྒྱས་དང༌། རང་སངས་རྒྱས་ཀྱི་ འབྲས་བུའང་མི་དམིགས་སོ། །བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་ཆོས་སྟོན་ཀྱང་བདག་ཏུ་འཛིན་པའང་མི་དམིགས་སོ། །ལས་ཀྱི་རྣམ་པར་སྨིན་པའང་འཇོག་མོད་ཀྱི། ལས་ དང་ལས་ཀྱི་རྣམ་པར་སྨིན་པའང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་གང་མིང་གང་གིས་བརྗོད་པ་དེ་མིང་དེས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི། ཡི་ ༄༅། །གེའི་རང་བཞིན་མ་ཡིན། ཡི་གེ་རྣམས་ནི། ཆོས་ཀྱི་རང་བཞིན་མ་ཡིན་མོད་ཀྱི། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན། ཐ་སྙད་ལ་བརྟེན། བརྟག་པ་ལ་བརྟེན་ཏེ། མིང་མེད་པའི་ ཆོས་རྣམས་ལ་མིང་དུ་འཇོག་སྟེ། མིང་དེའང་གསོག་གོ །གསོབ་བོ། །གང་གསོག་དང་གསོབ་དེ་ལ་དོན་དམ་པ་མེད་དོ། །གང་ལ་དོན་དམ་པ་མེད་པ་དེ་རྫུན་ཏེ། སླུ་བའི་ཆོས་སོ། །གང་རྫུན་ ཞིང་སླུ་བའི་ཆོས་དེ་ནི། བྱིས་པའི་སྐྱེ་བོ་སླུ་བའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་རྗོད་པ་རྣམས་ཡིན་ནོ། །འཕགས་པ་དཀོན་མཆོག་ སྤྲིན། བམ་པོ་ལྔ་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རིགས་ཀྱི་བུ། འདི་ལ་བྱང་ཆུབ་ སེམས་དཔའ་རྣམས་ཆོས་ཀྱི་རྗེས་སུའང་འབྲང་ལ་གཟུགས་ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་འདོད་པའི་ཁམས་ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་གཟུགས་ཀྱི་ཁམས་ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་ འབྲང་ལ་གཟུགས་མེད་པའི་ཁམས་ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་ཆོས་ལས་ཀྱང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་ཆོས་ལས་འདའ་བར་ཡང་མི་འབྱུང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་སེམས་ཅན་གྱི་ཕྱིར་ཡང་མི་འབྲང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་ཆད་པར་ལྟ་བའི་ཕྱིར་ཡང་མི་འབྲང༌། ཆོས་ཀྱི་རྗེས་སུའང་འབྲང་ལ་ལམ་ལས་ཀྱང་མི་འབྱུང་སྟེ། དེ་ ནི། ཐབས་མཁས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕྱིར་རོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་ དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཅན་རྣམས་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ རྣམས་ཡིན། བརྩོན་འགྲུས་བརྩམས་པ་རྣམས་ཡིན། སྒྲིབ་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། ཤིན་ཏུ་ཡོངས་སུ་དག་པ་རྣམས་ཡིན། གདམས་ངག་ལ་རི་མོ་དང་བཅས་པ་རྣམས་ཡིན། སྟོང་པ་ཉིད་ལ་སྒོམ་པ་མང་པ་རྣམས་ཡིན། དམིགས་པར་ལྟ་བ་དང་བྲལ་བ་རྣམས་ཡིན། ལམ་དུ་ཞུགས་པ་རྣམས་ཡིན། དེ་ཁོ་ན་མཐོང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་ དཔའ་ཤེས་རབ་དང་ལྡན་པ་ནི། དགེ་བའི་བཤེས་གཉེན་ཚོལ་ཏེ། དེས་དགེ་བའི་བཤེས་གཉེན་མཐོང་ནས་དགའ་ཞིང་རངས་ཏེ། དེ་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་དེ་ལ་བརྟེན་ཏེ་གནས་སོ། །དེ་ ལ་དགེ་བའི་བཤེས་གཉེན་ལ་བརྟེན་པས་ན། མི་དགེ་བའི་ཆོས་ཐམས་ཅད་སྤང་བ་དང༌། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡིན་ནོ། ། ༄༅། །བརྩོན་འགྲུས་བརྩམས་པས་ན། སྒྲིབ་པ་ཐམས་ཅད་ནུབ་པར་འགྱུར་རོ། །སྒྲིབ་པ་མེད་ཅིང་ལམ་གྱི་རྒྱུན་མ་བཅད་པས་ཤིན་ཏུ་ཡོངས་སུ་དག་ཅིང་ལུས་དང་ངག་དང་ཡིད་ ཀྱི་གནས་དན་ལེན་དང་བྲལ་བར་འགྱུར་རོ། །དེ་ཤིན་ཏུ་ཡོངས་སུ་དག་པས་གདམས་ངག་ལ་རི་མོ་དང་བཅས་པ་ཡིན་ནོ། །དེ་གདམས་ངག་ལ་རི་མོ་དང་བཅས་པས་སྟོང་པ་ཉིད་ལ་སྒོམ་པ་ མང་བ་ཡིན་ནོ། །སྟོང་པ་ཉིད་ལ་སྒོམ་པ་མང་བས་དམིགས་པའི་ལྟ་བར་མི་འགྱུར་རོ། །དེ་དམིགས་པའི་ལྟ་བ་དང་བྲལ་བས་ལམ་དུ་འཇུག་གོ །དེ་ལམ་དུ་ཞུགས་པས་དེ་ཁོ་ན་མཐོང་ངོ༌།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། དེ་ཁོ་ན་ཞེས་བགྱི་བ་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ བུ༑ འདི་ལྟ་སྟེ། དེ་ཁོ་ན་ཞེས་བྱ་བ་འདི་ན། ཡང་དག་པའི་དོན་གྱི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། ཡང་དག་པ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ། གང་མི་སླུ་བ་དེ་ནི། ཡང་དག་པའོ། །གསོལ་པ། བཅོམ་ལྡན་འདས། མི་སླུ་བ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །གསོལ་པ། བཅོམ་ལྡན་འདས། དེ་བཞིན་ཉིད་ཅེས་བགྱི་བ་འདི་ནི། ཅི་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་འདི་ནི། སོ་སོ་རང་གིས་རིག་པ་ཡིན་ཏེ། འདི་ནི། ཡི་གེ་དག་གིས་[?] གདམས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི། ཡི་གེ་ཐམས་ཅད་ལས་ཡང་ དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པ། མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱི་སོ་སོ་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ་དང་རྣམ་པར་དག་པ། གྱ་ནོམ་པ། མཆོག་དམ་པ། ཕུལ། རྟག་པ། བརྟན་པ། ཐེར་ཟུག །མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་ནི། ༄༅། །འདུག་པ་ཁོ་ནའོ། །རིགས་ཀྱི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་དག་ཆོས་ཉིད་འདི་ཐོབ་ནས་སེམས་ཅན་དེ་དག་ཀྱང་ཆོས་ཉིད་འདི་ཁོ་ན་ལ་རབ་ཏུ་དགོད་དོ་སྙམ་ སྟེ༑ དོན་གང་གི་ཕྱིར་འབད་ཅིང་རྩོལ་བ་དང༌། བརྩོན་འགྲུས་རྩོམ་པ་དང༌། དཀའ་བ་བརྒྱ་དག་བྱེད་པ་རིགས་ཀྱི་བུ། དེ་ནི། དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། ། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །གཉིས་སུ་མེད་པའི་དབྱིངས་ཞེས་བྱའོ། །བྱང་ཆུབ་ སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཆོས་འདི་ཇི་ལྟར་མངོན་དུ་བགྱི། ཇི་ལྟར་ཁོང་དུ་ཆུད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ རིགས་ཀྱི་བུ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་མངོན་དུ་བྱའོ། །རང་གིས་རིག་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བས་གསོལ་པ། བཅོམ་ལྡན་འདས། གང་ཤེས་རབ་ཀྱིས་མངོན་དུ་བགྱིས་པ་དེ་རང་གིས་རིག་པ་ཁོང་དུ་ཆུད་པ་ཉིད་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ༑ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱིས་ནི། ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ༌། །ལུས་ཀྱིས་ནི། མངོན་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་གསོལ་པ༑ བཅོམ་ལྡན་འདས། རིགས་ཀྱི་བུ། གང་གིས་ཐོས་པ་ལས་བྱུང་བའམ། བསམ་པ་ལས་བྱུང་བའི་ཤེས་པས་ཆོས་ཁོང་དུ་ཆུད་པར་གྱུར་པ་དེ་རང་གིས་རིག་པ་ མ་ལགས་སམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མ་ཡིན་ཏེ། ཐོས་པ་ཙམ་མམ། བསམ་པ་ཙམ་གྱིས་ནི། རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ། །རིགས་ཀྱི་བུ། དེ་ལྟ་བས་ན། དཔེ་ཉོན་ཅིག་ རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། འབྲོག་ཆེན་པོའི་དཔྱིད་ཀྱི་ཟླ་བ་ཐ་མ་ལ་མི་ལ་ལ་ཞིག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འགྲོ་བ་དེ་ནས་མི་གཞན་ཞིག་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་འོངས་ཏེ། དེའང་ དཔྱད་ཀྱི་ཚ་བས་ཡོངས་སུ་གདུངས་པར་གྱུར་ནས་སྐོམ་གྱིས་ཉེན་པ་དེ་ཤར་ཕྱོགས་ནས་འོངས་པའི་མི་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ། ཁོ་བོ་དཔྱིད་ཀྱི་ཚ་བས་ཡོངས་སུ་གདུངས་ ཏེ་སྐོམ་གྱིས་ཉེན་ན། མཚོའམ། ལྟེང་ཀའམ། རྫིང་གང་ཆུ་བསིལ་བ་དང་རྙོག་པ་མེད་པ། གསལ་བས་གང་བ་ཡོད་དེ། གང་དུ་བདག་ཚ་བ་དང༌། སྐོམ་པ་རབ་ཏུ་ཞི་བར་འགྱུར་བའི་ལམ་ བདག་ལ་སྟོན་ཅིག་ཅེས་ཟེར་ན། ཤར་ཕྱོགས་ནས་འོངས་པའི་མི་དེའང་ལམ་ཤེས་པ། ལམ་མཁས་པ། ལམ་མཐོང་བ། ལམ་གྱི་མཚན་མ་མཐོང་བ་ཞིག་ཡིན་ཏེ། དེས་དེ་ན་ཆུའི་ཉེས་པ་དང་ བྲལ་བའི་ཆུ་སྔོན་ཆད་མཐོང་ལ། སྔོན་མྱངས་ཤིང་སྔོན་ཡང་ཞུགས་པ་ཡིན་ཏེ། དེས་མི་དེ་ལ་འདི་སྐད་དུ་ཀྱེ་གྲོགས་པོ། ལམ་འདི་ནས་ལམ་ཁ་བྲག་མཐོང་གི་བར་དུ་སོང་ལ། ཀྱེ་ ༄༅། །སྐྱེས་བུ༑ ཁྱོད་ཀྱིས་གཡོན་གྱི་ལམ་འོར་ཏེ་གཡས་ཀྱི་ལམ་ནས་ནགས་ཚལ་སྔོན་པོ་དང༌། ནགས་ཚལ་དེའི་དབུས་ནས་མཚོའམ། ལྟེང་ཀའམ། རྫིང་བུ་ཆུ་ བསིལ་ཞིང་དང་ལ་རྙོག་པ་མེད་པ་གསལ་བས་གང་བ་མཐོང་གི་བར་དུ་སོང་ལ་དེར་སྐྱེས་བུ་ཁྱོད་སྐོམ་པ་དང༌། ཚ་བ་མེད་པར་བྱོས་ཤིག་ཅེས་ཟེར་ན། རིགས་ཀྱི་བུ། དེ་ཇི་སྙམ་དུ་ སེམས༑ དཔྱིད་ཀྱི་ཚ་བས་ཡོངས་སུ་གདུངས་ཏེ་སྐོམ་གྱིས་ཉེན་པའི་མི་དེས་ཆུ་ཐོས་མ་ཐག་དང༌། བསམ་པ་ཙམ་གྱིས་ཚམ་མེད་པར་འགྱུར་རམ། སྐོམ་པ་དང་ཡང་བྲལ་བར་ འགྱུར་རམ། ཆུ་དེའི་བསིལ་བའང་རང་གིས་རིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས། མི་དེ་ནམ་དེར་ཕྱིན་ནས་དེས་ཆུ་དེར་ ཞུགས་ཏེ་འཚལ་བར་གྱུར་པ་དེའི་ཚེ་མི་དེའི་ཚ་བ་དེ་མ་མཆིས་པར་འགྱུར་རོ། །སྐོམ་པ་དང་ཡང་བྲལ་བར་འགྱུར་རོ། །དེས་བསིལ་བའང་རང་གིས་རིག་པར་འགྱུར་རོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རིགས་ཀྱི་བུ། ཐོས་པ་ཙམ་དང༌། བསམ་པ་ཙམ་གྱིས་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་སོ། །དེ་ལ་རིགས་ཀྱི་བུ། འབྲོག་ཅེས་བྱ་བ་དེ་ནི། འཁོར་བའི་འབྲོག་གི་ཚིག་བླ་དྭགས་སོ། །མི་དཔྱིད་ཀྱི་ཚ་བས་ཡོངས་སུ་གདུངས་ཤིང་སྐོམ་གྱིས་ཉེན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། ཉོན་མོངས་ པའི་གདུང་བས་ཡོངས་སུ་གདུངས་ཤིང་ཡུལ་གྱི་སྲེད་པས་ཉེན་པའི་སེམས་ཅན་རྣམས་ཀྱི་ཚིག་བླ་དྭགས་སོ། །ལམ་ཤེས་པའི་མི་ཞེས་བྱ་བ་འདི་ནི། བྱང་ཆུབ་སེམས་དཔའ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པ། ཆོས་མྱོང་བ། ཆོས་རང་གིས་རིག་པ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཆུ་བསིལ་ཞིང་དང་ལ་རྙོག་པ་མེད་པ་གསལ་བ་ཞེས་བྱ་བ་འདི་ནི། དོན་དམ་པའི་ཆོས་ཉིད་ཀྱི་ཚིག་བླ་དྭགས་སོ། །ཡང་རིགས་ཀྱི་བུ། དཔེ་ཉོན་ཅིག །རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པས་ཚེའི་ཚད་བསྐལ་པར་ བཞུགས་ཏེ་ཛམྦུའི་གླིང་གི་མི་རྣམས་ཀྱི་མདུན་དུ་འདི་ལྟ་སྟེ། ལྷའི་བདུད་རྩི་དྲི་ཞིམ་པ་དང༌། གཙང་བ་དང༌། གྱ་ནོམ་པ་དང༌། ཤིན་ཏུ་ཞིམ་པ་དང༌། རེག་ན་བདེ་བ་ལས་ བརྩམས་ཏེ་བསྔགས་པ་བརྗོད་ན། རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་གིས་ལྷའི་བདུད་རྩི་དེའི་བསྔགས་པ་རང་གིས་རིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟ་བས་ན། ཁྱོད་ཀྱིས་རྣམ་གྲངས་འདིས་ཇི་ལྟར་ཐོས་པ་ཙམ་མམ། བསམ་པ་ཙམ་གྱིས་ རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ། །རིགས་ཀྱི་བུ། ཡང་དཔེ་ཉོན་ཅིག །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་གིས་ཤིང་ཐོག་ ༄༅། །གི་རྣམ་པ་སྔོན་སེམས་ཅན་སུས་ཀྱང་མ་མྱངས་པ་ཞིག་མྱངས་པར་གྱུར་ལ། དེས་མི་གཞན་ཞིག་གི་མདུན་དུ་ཤིང་ཐོག་གི་རྣམ་པ་དེའི་བསྔགས་པ་འདི་ ལྟ་སྟེ༑ ཁ་དོག་ཕུན་སུམ་ཚོགས་པ་དང༌། རོ་ཕུན་སུམ་ཚོགས་པ་དང༌། དྲི་ཞིམ་པ་ལས་བརྩམས་ཏེ་བརྗོད་ན། རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། ཅི་མི་དེས་ཤིང་ཐོག་གི་ རོ་དེ་རང་གིས་རིག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟ་བས་ན། ཁྱོད་ཀྱིས་རྣམ་ གྲངས་འདིས་ཇི་ལྟར་ཐོས་པ་ཙམ་མམ། བསམ་པ་ཙམ་གྱིས་སོ་སོ་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པར་མི་ནུས་པར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ལེགས་པར་གསུངས་སོ། །བདེ་བར་གཤེགས་པ། ཤིན་ཏུ་ལེགས་པར་གསུངས་སོ། །བཅོམ་ལྡན་འདས། ཆོས་ ཀྱི་ཚུལ་འདི་སུ་དག་གི་རྣར་ཐོས་པར་འགྱུར་བའི་རིགས་ཀྱི་བུ་དེ་དག་གིས་ཆོས་འདི་ཁོང་དུ་ཆུད་པ་ཉིད་དུ་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་།རིགས་ ཀྱི་བུ༑ དེ་དག་གིས་ཆོས་འདི་ཐོབ་པར་བགྱི་བ་ལ་འདི་ཉིད་མ་ལོག་པའི་རྒྱུར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ༑ རིགས་ཀྱི་བུ། དེ་དག་གིས་ཆོས་འདི་ཐོབ་པར་བྱ་བ་ལ་འདི་ཉིད་མ་ལོག་པའི་རྒྱུར་འགྱུར་རོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ དབྱིངས་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་སྤྱོད་ཡུལ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོབས་ ཀྱི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། མི་འཇིགས་པའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། ཚུལ་ཁྲིམས་ཀྱི་ཕུང་པོའི་སྟོང་ པ་ཉིད་ཀྱང་རབ་ཏུ་ཤེས། ཏིང་ངེ་འཛིན་གྱི་ཕུང་པོའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། ཤེས་རབ་ཀྱི་ཕུང་པོའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། རྣམ་པར་གྲོལ་བའི་ཕུང་པོའི་སྟོང་པ་ ཉིད་ཀྱང་རབ་ཏུ་ཤེས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། སྟོང་པའི་སྟོང་པ་ཉིད་ཀྱང་རབ་ཏུ་ཤེས། དོན་དམ་པའི་སྟོང་པ་ཉིད་ཀྱང་ རབ་ཏུ་ཤེས་ཏེ། དེའི་རྒྱུ། དེའི་རྐྱེན། དེའི་གཞིས་སྟོང་པ་ཉིད་དུ་དམིགས་པ་དང༌། སྟོང་པ་ཉིད་དུ་འཛིན་པ་དང༌། སྟོང་པ་ཉིད་དུ་ལྟ་བ་དང༌། སྟོང་པ་ཉིད་ལ་གནས་པའང་མི་དམིགས། དེའི་རྒྱུ༑ དེའི་རྐྱེན། དེའི་གཞིས་མེད་པར་ཡང་མི་ལྟུང་ངོ༌། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་སྤྱོད་ཡུལ་པ་རྣམས་ཡིན་ནོ། ། ༄༅། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་ མཚན་མ་དང་བྲལ་བ་རྣམས་ཡིན། ནང་གི་མཚན་མ་དང་བྲལ་བ་རྣམས་ཡིན། སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ རྣམས་ཡིན། དམིགས་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། གཡོ་བ་ཐམས་ཅད་དང་བྲལ་བ་རྣམས་ཡིན། རྒྱུ་བ་ཐམས་ཅད་དང་བྲལ་བ་རྣམས་ཡིན། དམིགས་པར་བྱ་བ་ ཐམས་ཅད་དང་བྲལ་བ་རྣམས་ཡིན། རྣམ་པར་ཤེས་པ་མི་དམིགས་པ་རྣམས་ཡིན། རྣམ་པར་ཤེས་པར་བྱ་བའི་དངོས་པོ་མི་དམིགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་རྣམས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མ་མཆིས་པ་ལ་གནས་པའང་དེ་འདྲ་ན། དེ་བཞིན་ གཤེགས་པ་རྣམས་ཀྱི་ཅི་འདྲ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གནས་འདི་ནི། བསམ་གྱིས་མི་ཁྱབ་བོ། །དེ་ཅིའི་ཕྱིར་ཞེ་ན། བསམ་པའི་ ཡུལ་དང་བྲལ་བའི་ཕྱིར་ཏེ། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཆོས་ཉིད་རྗེས་སུ་བསམ་ན། སེམས་ཅན་ཐམས་ཅད་མྱོས་པར་འགྱུར་གྱི། དེ་བཞིན་གཤེགས་པའི་ཆོས་ཉིད་ ཀྱང་ཕ་རོལ་ཏམ། ཚུར་རོལ་མཐོང་བར་མི་འགྱུར། མི་དམིགས་ཀྱི། ཐ་མར་ན་དུབ་པའི་བསྐལ་པ་ཅན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཟབ་ ཅིང་གཏིང་དཔག་དཀའ་ལ་བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ། རྒྱ་ཆེ་བ། རྒྱ་ཆེ་བ་ནམ་མཁའ་དང་འདྲ་བ། རྟོག་གི་བ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། དམིགས་པ་ཅན་ ཐམས་ཅད་ཀྱི་ཡུལ་ལས་འདས་པ་སྟེ། དེ་ནི། བརྟག་པའམ། བསམ་པའམ། གཞལ་བའམ། ཚད་གཟུང་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ བས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་ལ་དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེའི། །ཁྱོད་དྲིས་ཤིག །བྱང་ ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བདག་བསྟོད་པ་ནི། བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པ་མ་ལགས་པའི་ཆོས་སུ་གསུང་ན། དེ་ཇི་ལྟར་ ༄༅། །ཆོས་ཀྱི་རྗེ་བཅོམ་ལྡན་འདས་ཉིད་བདག་ལ་བསྟོད་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ་ལེགས་སོ། །ཁྱོད་ཀྱི་དྲི་བ་ ཚུལ་བཞིན་དུ་དྲིས་སོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས། ལེགས་སོ། །ཞེས་བྱང་ ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ བཞིན་གཤེགས་པ་ནི། སེམས་ཅན་འདི་དག་ལ་ཅི་ནས་ཀྱང་ཕན་པ་དང༌། བདེ་བ་དང༌། ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་བདག་བསྟོད་པ་མ་གཏོགས་པར་ང་རྒྱལ་གྱི་ཟིལ་གྱིས་ ནོན་པ་དང༌། རྙེད་པའི་ཟིལ་གྱིས་ནོན་པ་དང༌། བཀུར་སྟིའི་ཟིལ་གྱིས་ནོན་པ་དང༌། གྲགས་པ་འདོད་པ་དང༌། ཤེས་ཀྱི་ཁེ་འདོད་པའི་ཕྱིར་ཚུལ་འཆོས་པའམ། ཁ་གསག་ བྱེད་ཅིང་ཡང་དག་པ་མ་ཡིན་པར་བདག་བསྟོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་དག་ནི། དེ་བཞིན་གཤེགས་པ་ལ་དགའ་བ་དང༌། དད་པ་དང༌། རངས་ པ་ཉེ་བར་བཞག་པས་ཆོས་བསྟན་པའི་སྐལ་པ་ཡོད་པར་འགྱུར། དགེ་བའི་ཆོས་རྣམས་ཀྱི་སྣོད་དུ་འགྱུར་ཏེ། དེའང་དེ་དག་ལ་ཡུན་རིང་པོར་དོན་དང༌། ཕན་པ་དང༌། བདེ་བར་ འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་མཐུ་མ་ འཚལ་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་རྣམས་ནི། རྒྱ་ཆུང་ལ་ མོས་པ༑ དམན་ཚེགས་ལ་མོས་པ། ཤེས་རབ་ཆུང་བ། དད་པ་ཆུང་བ། དགེ་བའི་རྩ་བ་ཆུང་ངུས་བསྟན་པ་དག་སྟེ། དེ་དག་གིས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་མི་ཤེས་ པས་དེ་དག་ལ་དེ་བཞིན་གཤེགས་པ་བདག་ཉིད་བདག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་མཛད་དེ། དེའང་ནན་ཏན་གྱིས་སྒྲུབ་བོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྨན་ པ་མཁས་པ་ཞིག་ཡོད་ལ། སེམས་ཅན་རྣམས་ཀྱང་ནད་ཀྱིས་ཉེན་པར་གྱུར། སའི་ཕྱོགས་དེའང་སྨན་པ་གཅིག་པུར་ཟད་དེ་གཉིས་སུ་མེད་ལ་དེའི་ཡོན་ཏན་གྱི་ཆེ་བ་སུས་ཀྱང་མི་ ཤེས་པ་དང༌། དེ་ནས་སྨན་པ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི། སྡུག་བསྔལ་པ། ནད་ཀྱིས་ཉེན་པ། སྨན་ལ་མི་མཁས་པ། གནོད་པ་ལ་སྟེན་པ་ཡིན་ གྱི༑ བདག་གིས་དེ་དག་གསོ་བར་བྱའོ། །སྙམ་ནས་སྨན་པ་དེས་སེམས་ཅན་དེ་དག་གི་མདུན་དུ་ཀྱེ་སེམས་ཅན་དག །ད་ནི། སྨན་པ་སྟེ། ནད་ལ་མཁས་པའོ། །ནད་ཀྱི་གཞི་ལ་ ༄༅། །མཁས་པའོ། །སྨན་ལ་མཁས་པའོ། །ཞེས་བདག་གི་ཡོན་ཏན་གྱི་བསྔགས་པ་བདག་ཉིད་ཀྱིས་བརྗོད་པ་དང༌། སེམས་ཅན་དེ་དག་འདི་ནི། སྨན་པའོ། ། ཞེས་བྱ་བར་ཤེས་ཤིང་ཡིད་ཆེས་པར་གྱུར་ནས་སྨན་པ་དེ་ལ་རྟེན་ཏོ། །དེ་ནས་སྨན་པ་དེ་སེམས་ཅན་དེ་དག་གསོ་ཞིང་ནད་ཞི་བར་བྱེད་ན། རིགས་ཀྱི་བུ། དེ་ཇི་སྙམ་དུ་ སེམས༑ སྨན་པ་དེ་བདག་ལ་བསྟོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་ གཤེགས་པའང་སྨན་པའི་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཏེ། ཉོན་མོངས་པའི་ནད་ལ་མཁས་པ། ཉོན་མོངས་པའི་ནད་ཀྱི་གཞི་ལ་མཁས་པ། ཉོན་མོངས་པའི་ནད་གསོ་བ་ ལ་མཁས་པ། ཆོས་ཀྱི་སྨན་ཆེན་པོ་སྟོབ་པ་ཡིན་ཡང་ཉོན་མོངས་པའི་ནད་ཀྱིས་ནད་པར་གྱུར་པའི་སེམས་ཅན་རྣམས་ཀྱི་ནི། ཤེས་ཏེ། ཉོན་མོངས་པའི་ནད་ཀྱིས་ནད་པར་ གྱུར་པའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་མདུན་དུ་བདག་གི་ཡོན་ཏན་དང༌། བསྔགས་པ་དག་ཉིད་བརྗོད་དེ། དེ་ནས་ཉོན་མོངས་པའི་ནད་ཀྱིས་ནད་པར་གྱུར་པའི་ སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བསྔགས་པའི་ཆེ་བ་ཐོབ་ནས་ཡིད་ཆེས་པར་གྱུར་པ་དང༌། དེ་བཞིན་གཤེགས་པ་ལ་རྟེན་ཏོ། །དེ་ནས་དེ་དག་ ལ་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ཆེན་པོ་ཆོས་ཀྱི་སྨན་དེ་དག་གིས་ཉོན་མོངས་པའི་ནད་ཞི་བར་མཛད་དོ། །ཆོས་ཀྱི་སྨན་ཆེན་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་ པ་དང༌། བྱམས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་སྟེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། དོན་གྱི་དབང་འདི་གཟིགས་ནས་བདག་ལ་བདག་ཉིད་བསྟོད་པ། མཛད་དོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་ཐམས་ཅད་ལ་གནས་པ་དང་བྲལ་བ་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ལ་སྨོན་ ཀྱང་སྦྱིན་པ་ལ་མི་གནས་པ་རྣམས་ཡིན། དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཁམས་གསུམ་པ་དང༌། བྱང་ ཆུབ་དང༌། ལམ་དང༌། མྱ་ངན་ལས་འདས་པ་ལ་སྨོན་ཀྱང་མྱ་ངན་ལས་འདས་པ་ལ་མི་གནས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། གནས་པ་ཐམས་ཅད་དང་བྲལ་བ་སྟེ། མི་གནས་པར་འཇིག་རྟེན་ཐམས་ཅད་དུ་རྣམ་པར་སྤྱོད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྨོན་ལམ་ ཐམས་ཅད་ལ་གནས་པ་དང་བྲལ་བ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་བྱམས་པའི་བདག་ཉིད་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ ༄༅། །ལྟ་སྟེ༑ ཉི་ཚེ་བ་མེད་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། ཐ་དད་པ་མེད་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། ཆོས་ཀྱི་བྱམས་པ་དང་ལྡན་པ་རྣམས་ ཡིན༑ ངེས་པར་རྟོགས་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། གནོད་པ་མེད་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། ཕན་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། སེམས་ ཅན་ཐམས་ཅད་ལ་སྙོམས་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། གནོད་སེམས་མེད་པའི་བྱམས་པ་དང་ལྡན་པ་རྣམས་ཡིན། ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་བྱམས་པ་ དང་ལྡན་པ་རྣམས་ཡིན། འཇིག་རྟེན་ལས་འདས་པ་བྱམས་པ་དང་ལྡན་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ བྱམས་པའི་བདག་ཉིད་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ ལྟ་སྟེ༑ སེམས་ཅན་སྡུག་བསྔལ་བ་དང༌། སྐྱབས་མེད་པ་དང༌། མགོན་མེད་པ་དང༌། རྟེན་མེད་པ་དང༌། དཔུང་གཉེན་མེད་པ་དག་མཐོང་ན། བྱང་ཆུབ་ཏུ་སེམས་བསྐྱེད་ དོ༑ ༑བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་ཅིང་རྩོལ། བརྩོན་འགྲུས་རྩོམ་སྟེ། དཀའ་བར་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ། །དེ་དག་ཆོས་ ཐོབ་ནས་སེམས་ཅན་རྣམས་ལ་ཕན་པར་བྱེད་དེ། འདི་ལྟ་སྟེ། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་གཞོག་པར་བྱེད། ཚུལ་ཁྲིམས་ངན་པ་ཅན་རྣམས་ཚུལ་ཁྲིམས་ལ། གནོད་ སེམས་ཅན་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་འཁྲུགས་པ་རྣམས་བསམ་གཏན་ལ། སེམས་ཅན་ཤེས་རབ་འཆལ་པ་རྣམས་མཐོང་ནས་ཤེས་རབ་ ལ་གཞོག་པར་བྱེད་ཅིང༌། སེམས་ཅན་གྱི་སྡུག་བསྔལ་མི་ཟད་པ། རྩུབ་པ། ཚ་བ་དག་གིས་ཉེན་ཀྱང་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་ དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་བ། བྱང་ཆུབ་སེམས་དཔའ་དགའ་བ་ལ་གནས་པ་རྣམས་ཡིན་ནོ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ནི། འཁོར་བའི་བཙོན་ར་རབ་ཏུ་འབར་བ་ནས་བྱུང་བའོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་གིས་འཁོར་བའི་དཔྱང་ཐག་ཡུན་རིང་པོ་ནས་ ཐོགས་པ་ཆད་དོ། །ཞེས་དགའ་བ་སྐྱེད་དོ། །བདག་ནི། རྣམ་པར་རྟོག་པ་སྣ་ཚོགས་མང་པོའི་ཆུ་སྲིན་གྱིས་དཀྲུགས་པའི་འཁོར་བའི་རྒྱ་མཚོ་ལས་རྒལ་ཏོ། །ཞེས་རབ་ཏུ་དགའ་བ་ སྐྱེད་དོ༑ ༑བདག་གིས་ཡུན་རིང་པོ་ནས་བསྒྲེངས་པའི་ང་རྒྱལ་གྱི་རྒྱལ་མཚན་བསྙལ་ལོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་གིས་ཉོན་མོངས་པའི་རི་རྣམས་ཡེ་ཤེས་ཀྱི་རྡོ་རྗེས་ ༄༅། །བཅོམ་སྟེ་ཇི་ལྟར་རྡུལ་ཀྱང་མི་ནང་བ་དེ་ལྟར་བཅོམ་མོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་ཉིད་ནི། དབུགས་ཕྱིན་པ་ཡིན་གྱི། ད་ནི། གཞན་ཡང་ དབུགས་དབྱུང་བར་བྱའོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་ཉིད་ནི། འཇིག་རྟེན་གནས་པ། ཡུན་རིང་པོ་ནས་གཉིད་ལོག་པ། སྲེད་པའི་སྙོམས་པས་ཡོངས་སུ་ཟིན་ པ༑ མིག་གཏི་མུག་གིས་བསྒྲིབས་པའི་ནང་ནས་སད་པ་ཡིན་གྱི། ད་ནི། གཞན་ཡང་སད་པར་བྱའོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་ཉིད་ནི། ངན་འགྲོ་དང༌། ངན་སོང་ དང༌། ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡིན་གྱི། ད་ནི། གཞན་ཡང་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་ཐམས་ཅད་ལས་རྣམ་པར་གྲོལ་ བར་བྱའོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་འཁོར་བའི་འབྲོག་དགོན་པར་ཡུན་རིང་པོ་ནས་འཁྱམས་ཏེ་གྲོགས་མེད་ཅིང་གཉིས་སུ་མེད་པར་གར་ཡང་འཁྱམས་ ཤིང་ལམ་ལ་མི་མཁས་ལ། ལམ་མི་ཤེས་ཤིང་ཡུལ་མི་ཤེས་པས་ལམ་སྟོར་བ་རྙེད་དོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །བདག་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ ཁྱེར་དང་ཉེ་བར་གྱུར་ཏོ། །ཞེས་རབ་ཏུ་དགའ་བ་སྐྱེད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དགའ་བ་ལ་གནས་པ་རྣམས་ཡིན་ནོ། ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཏང་སྙོམས་ལ་གནས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན་ཏེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ཀྱིས་སྨས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་ བ་རྣམས་དང༌། དེ་བཞིན་དུ་རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་རྣམས་དང༌། སྣས་རྣམ་པར་ཤེས་པར་བྱ་བའི་དྲི་རྣམས་དང༌། ལྕེས་རྣམ་པར་ཤེས་པར་བྱ་བའི་རོ་རྣམས་དང༌། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་རྣམས་དང༌། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན་ཏེ། ཡིད་ཀྱིས་རྣམ་པར་ ཤེས་པར་བྱ་བའི་ཆོས་རྣམས་ཀྱིས་སྨས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ལ་བཏང་སྙོམས་སུ་གནས་པ་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གྱིས་སྨས་པར་ མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུན་བར་མི་འགྱུར་རོ། །བྱ་བ་བྱས་པའི་སེམས་ཅན་རྣམས་ལ་བཏང་སྙོམས་སུ་གནས་པ་རྣམས་ཡིན་ཏེ། དེ་དག་ལ་དགའ་བ་དང༌། དང་ ༄༅། །བ་དང༌། རངས་པ་སྐྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བསྒྲལ་བར་བྱ་བ་དེ་དག་ཉིད་རྒལ་བར་གྱུར་ཏོ། །ཞེས་བཏང་སྙོམས་སུ་ གནས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཏང་སྙོམས་ལ་གནས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ ན༑ བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་རྣམ་པར་རོལ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཤི་འཕོ་བའང་སྟོན། སྐྱེ་བའང་སྟོན། བཙས་པ་དང༌། བྱིས་པའི་ སྤྱོད་པ་དང༌། སླས་ཀྱི་ནང་ན་རྩེ་བའང་སྟོན། མངོན་པར་འབྱུང་བའང་སྟོན། དཀའ་བ་སྤྱོད་པའང་སྟོན། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའང་སྟོན། བདུད་འདུལ་བའང་སྟོན། མངོན་པར་རྫོགས་པར་འཚང་རྒྱ་བའང་སྟོན། ཆོས་ཀྱི་འཁོར་ལོ་བསྐོར་བའང་སྟོན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་རྒྱུ། ཅིའི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ ཕོ་བྲང་དམ་པ་ནས་ཤི་འཕོ་སྟོན་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དགའ་ ལྡན་གྱི་ཕོ་བྲང་དམ་པ་ན་སེམས་ཅན་གང་དག་རྟག་པར་འདུ་ཤེས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་ཐམས་ཅད་དང་ཁྱད་ཞུགས་པ། འཇིག་རྟེན་ཐམས་ཅད་ལས་ མངོན་པར་འཕགས་པ། འཇིག་རྟེན་ཀུན་གྱི་ཕུལ་དུ་བྱུང་བ། མི་མཉམ་པ། འདོད་པའི་ཡོན་ཏན་རྣམས་ཀྱིས་མ་གོས་མ་ཆགས་པ་ཤི་འཕོ་པར་མཐོང་ན། རྟག་པའི་འདུ་ཤེས་ ལྡོག་ཅིང་མི་རྟག་པའི་འདུ་ཤེས་འབྱུང་སྟེ། མི་རྟག་པའི་འདུ་ཤེས་ལ་གནས་པས་བག་ཡོད་པ་ལ་གནས་པར་འགྱུར་རོ། །རིགས་ཀྱི་བུ། དགའ་ལྡན་གྱི་ཕོ་བྲང་དམ་པ་ན་སེམས་ ཅན་གང་དག་བག་མེད་པར་སྤྱོད་པ་དེ་དག་བྱང་ཆུབ་སེམས་དཔའ་ལ་དགའ་བ་ཡོད། དད་པ་ཡོད། རངས་པ་ཡོད་ཀྱང་ཡུལ་ལ་མངོན་པར་ཞེན་པས་བྱང་ཆུབ་སེམས་དཔའི་ དྲུང་དུ་མི་འདོང༌། མི་རྟེན། བསྙེན་བཀུར་མི་བྱེད་ཅིང༌། དེ་དག་ལ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ཡང་བཞུགས་ལ། བདག་ཅག་ཀྱང་འཁོད་དེ། དུས་ཀྱང་རིང་དུ་ ཡོད་ཀྱི༑ སླབས་ཀྱིས་འདོང་བར་བྱའོ་སྙམ་དུ་སེམས་པ་དེ་དག་གི་བག་མེད་པ་བཟློག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཤི་འཕོ་སྟོན་ཏེ། དེ་དག་གིས་བྱང་ཆུབ་སེམས་ དཔའ་ཤི་འཕོ་མཐོང་ནས་སྐྱོ་བ་ལ་གནས་པར་འགྱུར་ཞིང༌། དེ་དག་སྐྱོ་བར་གྱུར་ནས་བག་མེད་པ་མི་བྱེད་དེ། བག་ཡོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ༄༅། །ཏུ་ངེས་པར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་གང་དག་སྐྱེ་བས་འདུལ་བ་ཡོད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་མའི་མངལ་ན་འདུག་པ་དེ་དག་གི་ མཐུ་མཐོང་ན་ངོ་མཚར་རྨད་དུ་བྱུང་བར་འགྱུར་ཏེ། དེ་དག་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་ དཔའ་མའི་མངལ་ན་འདུག་བཞིན་དུ་ཆོས་སྟོན་ཏོ། །རིགས་ཀྱི་བུ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་བཙས་པ་དང༌། བྱིས་པའི་སྤྱོད་པ་དང༌། སླས་ཀྱི་ནང་ན་འདུག་ པས་ཡོངས་སུ་སྨིན་པར་བྱ་བ་ཡོད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང༌། དམན་པ་ལ་མོས་པའི་སེམས་ཅན་རྣམས་བསྲུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་པ་ དང༌། བྱིས་པའི་སྤྱོད་པ་དང༌། སླས་ཀྱི་ནང་ན་འདུག་པ་སྟོན་ཏོ། །རིགས་ཀྱི་བུ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་དང༌། རབ་ཏུ་འབྱུང་བས་ ཡོངས་སུ་སྨིན་པར་བྱ་བ་ཡོད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་སྟོན་ཅིང་རབ་ཏུ་འབྱུང་ངོ༌། །རིགས་ཀྱི་བུ། སེམས་ཅན་ གང་དག་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་ལ་སོགས་པ་སྤྱོད་པ་དམན་པ་ལ་མོས་པ། བྱང་ཆུབ་སེམས་དཔའ་དཀའ་བའི་སྤྱོད་པས་ཡོངས་སུ་ སྨིན་པར་བྱ་བ་ཡོད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བ་དང༌། མུ་སྟེགས་ཅན་གཞན་ཚར་གཅད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་སྟོན་ཏོ། །རིགས་ཀྱི་བུ། སེམས་ ཅན་གང་དག་གིས་ཡུན་རིང་བོ་ནས་བདག་ཅག་གིས་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཚེ་མཆོད་པའི་ལས་ལ་བརྩོན་པར་བྱའོ། །ཞེས་སྨོན་ལམ་བཏབ་པ་ ཡོད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་སྟོན་ལ། དེ་དག་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་སོ་སོའི་ཚུལ་བཞིན་དུ་མཆོད་པ་བྱེད་དེ། དེ་དག་གིས་ བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་གང་དག་ང་རྒྱལ་དང༌། རྒྱགས་ པ་དང༌། དྲེགས་པས་རློམ་པ་ཡོད་དེ། དེ་དག་ལས་བཟློག་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་འདུལ་བ་སྟོན་ཏོ། །སེམས་ཅན་གང་ཞི་བ་ ལ་གནས་པ་དེ་དག་དེ་ལས་གོང་དུ་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟོན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་མངོན་ པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྒྲ་སྣ་ཚོགས་དང༌། ཅ་ཅོ་སྣ་ཚོགས་ཡོད་པ་དེ་དག་ཐམས་ཅད་མེད་ཅིང་སྟོང་ ༄༅། །གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་ཞི་བར་འགྱུར་ཏེ། དེ་དག་གིས་མཐུ་དེ་མཐོང་ན། བདག་ཅག་ཀྱང་དེ་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་ འཁོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱའོ། །ཞེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། སེམས་ཅན་གང་སྟོན་པར་བཀུར་ བ་དང༌། སྟོན་པར་དམ་བཅའ་བ་དེ་དག་གིས་འབྱུང་བ་དང༌། ཕྱི་མའི་ཆོས་མངོན་པར་རྫོགས་པར་སངས་མ་རྒྱས་པ་ཡོད་པ་དེ་དག་ཚར་བཅད་པ་དང༌། སེམས་ཅན་དགེ་ བའི་རྩ་བ་ཡོངས་སུ་སྨིན་ཅིང་སྣོད་དུ་གྱུར་པ་རྣམས་ལ་ལམ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཀ་ཤིའི་གྲོང་རྡལ་དུ་ སོང་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །རིགས་ཀྱི་བུ། སེམས་ཅན་གང་དག་ཡོངས་སུ་མྱ་ངན་ལས་འདས་པས་འདུལ་བ་ཡོད་པ་དེ་ དག་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པར་སྟོན་ཏེ། རིགས་ཀྱི་བུ། འདི་ནི། རྒྱུ། འདི་ནི། རྐྱེན་ཏེ། དེས་བྱང་ཆུབ་སེམས་དཔའ་དགའ་ལྡན་ གྱི་ཕོ་བྲང་དམ་པ་ནས་ཤི་འཕོ་སྟོན་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྟོན་ཏོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་མངོན་པར་ཤེས་པས་རྣམ་པར་རོལ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པ་རྣམས་ཡིན་ ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བའི་ཆོས་ལས་ཕྱིར་ལོག་པ་རྣམས་ཡིན། དེ་བཞིན་གཤེགས་པས་བསླབ་པ་བཅས་པ་ལས་མི་འདའ་བ་རྣམས་ཡིན། སེར་སྣ་དང་བྲལ་ བ་རྣམས་ཡིན། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་རྣམས་ཡིན། བསོད་ནམས་བྱ་བ་ལ་མཁས་པ་རྣམས་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཡིན། ཐབས་ལ་མཁས་པ་ རྣམས་ཡིན། སྨོན་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན། སྐྱོ་བ་མང་བ་རྣམས་ཡིན། བརྩོན་འགྲུས་བརྩམས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། མི་དགེ་བའི་ལས་མངོན་པར་འདུ་བྱ་བ་གང་གིས་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་དེ་དག་ཏུ་སྐྱེས་ནས་ཀྱང་ཚོར་བ་མི་ཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་མྱོང་བར་ འགྱུར་བའམ། ཡུན་རིང་པོར་གནས་པར་འགྱུར་བའམ། སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ལ་གནོད་པའི་སེམས་སྐྱེས་པར་འགྱུར་བ་དེ་ལྟ་བུར་མི་འགྱུར་གྱི། བྱང་ ཆུབ་སེམས་དཔའ་ནི། རང་བཞིན་གྱིས་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡིན་ཏེ། དེ་ལྟར་ན། དེ་ནི། སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །རིགས་ཀྱི་བུ། བྱང་ ༄༅། །ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པས་བསླབ་པ་བཅས་པ་ལས་འདའ་བ་གང་གིས་བྱོལ་སོང་གི་ནང་དུ་སྐྱེ་བར་འགྱུར་བའམ། དེ་དག་ཏུ་སྐྱེས་ནས་ ཀྱང་བྱོལ་སོང་གི་སྡུག་བསྔལ་མི་ཟད་པ་མྱོང་བར་འགྱུར་བ་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། སེར་སྣར་འགྱུར་བའི་རྒྱུ་དེ་དང༌། རྐྱེན་དེ་དང༌། གཞི་དེས་ཡི་དྭགས་ ཀྱི་ནང་དུ་སྐྱེ་ཞིང་དེ་དག་ཏུ་སྐྱེས་ནས་ཀྱང་ཡི་དྭགས་ཀྱི་སྡུག་བསྔལ་མི་ཟད་པ་རྩུབ་པ་མྱོང་བར་འགྱུར་བ་མང་ངོ༌། །བྱང་ཆུབ་སེམས་དཔའ་ནི། གང་དུ་སྐྱེས་པས་དགེ་བའི་ བཤེས་གཉེན་དང་འགྲོགས་པ་འཐོབ་པའི་རྐྱེན་དང་བྲལ་བར་འགྱུར་བའི་ལོག་པར་ལྟ་བའི་རིགས་སུ་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི། སྔོན་སྤྱད་ པ་སྟེ༑ སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་ཡིན་པས་དེ་དག་ཡང་དག་པར་ལྟ་བའི་རིགས་སུ་སྐྱེ་བ་ཡིན་ཏེ། དེ་དག་ཏུ་སྐྱེས་ནས་ཀྱང་རྐྱེན་ཕུན་སུམ་ཚོགས་པར་འགྱུར་ཞིང་རྐྱེན་ དེ་དག་དེ་བས་ཀྱང་འཕེལ་བ་དང༌། རྒྱས་པ་དང༌། ཡངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི། དབང་པོ་མ་ཚང་བའི་རྣམ་པ་གང་གིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ སྣོད་དུ་མི་རུང་བར་འགྱུར་བར་དབང་པོ་དང་མི་ལྡན་པར་འགྱུར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི། བསོད་ནམས་བྱ་བ་ལ་བརྩོན་ཞིང་བསོད་ནམས་ཀྱིས་བརྟན་པ་ ཡིན་ཏེ༑ དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ། དགེ་འདུན་ལ་བྱ་བ་གང་བྱས་ཤིང༌། བསྙེན་པ་དང༌། བསྟེན་པ་དང༌། བསྒོམས་པ་དང༌། མང་དུ་བྱས་པས་དབང་པོ་ ཕུན་སུམ་ཚོགས་པར་འགྱུར་བའི་བྱ་བ་དེ་དང་དེ་དག་བྱེད་ཅིང༌། དབང་པོ་ཕུན་སུམ་ཚོགས་པས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་འགྱུར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ ནི༑ མཐའ་འཁོབ་ཀྱི་ཡུལ་གང་ན་སེམས་ཅན་བླུན་པ། རྨོངས་པ། ལུག་ལྟར་ལྐུགས་པའི་ངང་ཚུལ་ཅན། སྐལ་བ་མེད་པ། ལེགས་པར་བཤད་པ་དང་ཉེས་པར་བཤད་པའི་དོན་ཤེས་ པར་བྱ་བའི་མཐུ་མེད་པ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པ། མར་མི་ཤེས་པ། ཕར་མི་ཤེས་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ་དག་གི་ནང་དུ་མི་ སྐྱེའོ༑ ༑བྱང་ཆུབ་སེམས་དཔའ་རྣམས་ནི། དབུས་ཀྱི་ཡུལ་གང་ན་སེམས་ཅན་དབང་པོ་རྣོ་བ། དབང་པོ་གསལ་བ། མཁས་པ། མཁས་པར་བཀུར་བ། སྐལ་བ་ཡོད་པ། ལེགས་པར་ བཤད་པ་དང་ཉེས་པར་བཤད་པའི་དོན་ཡོངས་སུ་ཤེས་པར་བྱེད་པའི་མཐུ་ཡོད་ཅིང༌། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པ། ཕར་ཤེས་པ། མར་ཤེས་པ། དགེ་སྦྱོད་དུ་འཛིན་ པ༑ བྲམ་ཟེར་འཛིན་པ་དག་གི་ནང་དུ་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། སྔོན་གྱི་ཤེས་རབ་དང༌། ཡེ་ཤེས་ཀྱི་སྟོབས་ཀྱི་མཐུ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི། ༄༅། །གང་ན་གནས་པས་སངས་རྒྱས་སྐྱེས་པ་དུ་མ་འབྲས་བུ་མེད་པར་འགྱུར་བ་དང༌། སེམས་ཅན་གྱི་དོན་འགྲིབ་པར་འགྱུར་བ་ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའོ། ། བྱང་ཆུབ་སེམས་དཔའ་ནི། འདོད་པའི་ཁམས་ཉིད་དུ་གང་ན་སེམས་ཅན་གདུལ་བར་བྱ་བ་དང༌། སངས་རྒྱས་སྐྱེས་པ་མཉེས་པར་བྱར་ཡོད་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ ནི༑ ཐབས་མཁས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི། གང་ན་སངས་རྒྱས་མི་ཞུགས་པ་དང༌། ཆོས་མི་ཐོས་པ་དང༌། དགེ་འདུན་ལ་བསྙེན་བཀུར་བྱར་མེད་པའི་ སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་མི་སྐྱེའོ། །བྱང་ཆུབ་སེམས་དཔའ་ནི། དཀོན་མཆོག་གསུམ་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི༑ སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི། གནས་དེ་ལྟ་བུ་དག་ཐོས་ཀྱང་སྐྱོ་བ་མི་མངའ་བ་དང༌། དམུ་རྒོད་ཀྱི་ངང་ཚུལ་ ཅན་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི། གནས་དེ་ལྟ་བུ་དག་ཐོས་མ་ཐག་ཏུ་སྐྱོ་བར་འགྱུར་ཏེ། སྐྱོ་བར་གྱུར་ནས་མི་དགེ་བའི་ཆོས་འདི་དག་སྤང་བའི་ཕྱིར་དགེ་ བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པ་ རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་མ་སྟོར་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཡོ་དང་སྒྱུ་མེད་དེ་དྲང་ ཞིང་སེམས་གྱ་གྱུ་མེད་ལ་སེམས་དང་བ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་རྣམས་དང༌། དེ་འཛིན་པའི་གང་ཟག་རྣམས་ལ་ཡིད་གཉིས་དང༌། ནེམ་ནུར་དང༌། ཐེ་ཚོམ་མེད་པ་རྣམས་ ཡིན༑ ཆོས་ལ་སློབ་དཔོན་འཆབ་པ་དང་བྲལ་བ་རྣམས་ཡིན། ཆོས་ཀྱི་སེར་སྣ་དང་བྲལ་བ་རྣམས་ཡིན། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་མཐའ་དང་བྲལ་བ་རྣམས་ཡིན། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་དེ་མི་སླུ་བ་རྣམས་ཡིན། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པ་རྣམས་ཡིན། དེ་ཡོངས་སུ་འཛིན་པའི་གང་ཟག་རྣམས་ལ་ཆོས་མཚུངས་པའི་འདུ་ཤེས་ ཀྱིས་ཞེས་དང་བཅས། རི་མོ་དང་བཅས་པ་རྣམས་ཡིན། ཐེག་པ་ཆེན་པོ་ལ་གཞོལ། ཐེག་པ་ཆེན་པོ་ལ་གནས། ཐེག་པ་ཆེན་པོ་ལ་བབ་པ་རྣམས་ཡིན། ཆོས་སྨྲ་བའི་གང་ཟག་ རྣམས་ལ་སྟོན་པར་འདུ་ཤེས་པ་དང༌། དགེ་བའི་བཤེས་གཉེན་དུ་འདུ་ཤེས་སྐྱེད་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བྱང་ ཆུབ་ཀྱི་སེམས་མ་སྟོར་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚེ་རབས་དྲན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་ ༄༅། །རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་རྣམས་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན། ཚུལ་ཁྲིམས་ཡོངས་སུ་དག་པ་རྣམས་ཡིན། འགྱོད་ པ་མེད་པ་རྣམས་ཡིན། སྒྲིབ་པ་མེད་པ་རྣམས་ཡིན། དགའ་བ་མང་བ་རྣམས་ཡིན། སྒོམ་པ་མང་བ་རྣམས་ཡིན། སེམས་མཉམ་པར་བཞག་པ་རྣམས་ཡིན། རྫུས་ཏེ་སྐྱེ་བ་ རྣམས་ཡིན། རྣམ་པར་ཤེས་པ་མ་རྨོངས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་ནི། དམ་པའི་ཆོས་ལ་རིམ་ གྲོ་ཡོད་ཅིང་བཀུར་སྟི་ཡོད་པ་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པའི་གང་ཟག་རྣམས་ལ་རིམ་གྲོ་ཡོད་ཅིང་བཀུར་སྟི་ཡོད་པ་ཡིན་ཏེ། དེ་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ ལུས་དང༌། སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་འཆང་ངོ༌། །ཀློག་གོ །ཀུན་ཆུབ་པར་བྱེད་དོ། །གཞན་ལའང་རྒྱ་ཆེར་སྟོན་ཏོ། །དེ་དམ་པའི་ཆོས་ཡོངས་ སུ་འཛིན་པ་ལ་བརྩོན་པས་འདི་ལྟ་སྟེ། ལུས་དང༌། ངག་དང༌། སེམས་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཡིན། ཚུལ་ཁྲིམས་ཡོངས་སུ་ དག་པས་འགྱོད་པ་མེད་པ་ཡིན་ཏེ། དེའང་རིམ་གྲོ་མེད་པ་མ་ཡིན་གྱི། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་འགྱོད་པ་མེད་པས་སྒྲིབ་པ་མེད་པ་ཡིན། སྒྲིབ་པ་མེད་པས་ དགའ་བ་མང་བ་ཡིན། དགའ་བ་མང་བས་སྒོམ་པ་མང་བ་ཡིན། སྒོམ་པ་མང་བས་སེམས་མཉམ་པར་བཞག་པར་འགྱུར་རོ། །སེམས་མཉམ་པར་བཞག་པས་འགྲོ་བ་ཡོངས་སུ་ དག་པར་འགྱུར། འགྲོ་བ་ཡོངས་སུ་དག་པས་རྫུས་ཏེ་སྐྱེ་བར་འགྱུར། རྫུས་ཏེ་སྐྱེས་པས་རྣམ་པར་ཤེས་པ་མ་རྨོངས་པ་ཡིན་ནོ། །རྣམ་པར་ཤེས་པ་མ་རྨོངས་པའི་ཕྱིར་ཚེ་རབས་ དྲན་པ་ཡིན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། བཅུ་དང༌། ཉི་ཤུ་དང༌། སུམ་ཅུ་དང༌། བཞི་བཅུ་དང༌། ལྔ་བཅུ་ནས་ཚེ་རབས་ བརྒྱ་སྟོང་དུ་མའི་བར་དུ་རྗེས་སུ་དྲན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚེ་རབས་རྗེས་སུ་དྲན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་མ་བྲལ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་མཐོང་བ་དང༌། ཐོས་པ་དང༌། དྲན་ པ་དང་མ་བྲལ་བ་རྣམས་ཡིན། ཆོས་མཉན་པ་དང་མ་བྲལ་བ་རྣམས་ཡིན། དགེ་འདུན་མཆོད་ཅིང་བསྙེན་བཀུར་བ་དང་མ་བྲལ་བ་རྣམས་ཡིན། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ལ་གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པའི་ལས་དང་མ་བྲལ་བ་རྣམས་ཡིན། མང་དུ་ཐོས་པའི་གང་ ༄༅། །ཟག་ཆོས་སྨྲ་བ་རྣམས་དང་མ་བྲལ་བ་རྣམས་ཡིན། ཕ་རོལ་ཏུ་ཕྱིན་པ་མཉན་པ་དང་མ་བྲལ་བ་རྣམས་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མཉན་པ་དང་མ་ བྲལ་བ་རྣམས་ཡིན། རྣམ་པར་ཐར་པའི་སྒོ་གསུམ་མཉན་པ་དང་མ་བྲལ་བ་རྣམས་ཡིན། ཚངས་པའི་གནས་བཞི་མཉན་པ་དང་མ་བྲལ་བ་རྣམས་ཡིན། ཐམས་ཅད་མཁྱེན་ པ་ཉིད་མཉན་པ་དང་མ་བྲལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་མ་བྲལ་བ་རྣམས་ཡིན་ ནོ༑ ༑རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་ པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །ལྟ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང༌། ཆོ་ག་ཉམས་པའི་གང་ ཟག་རྣམ་པར་སྤངས་པ་དང༌། འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང༌། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་ སྤངས་པ་དང༌། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང༌། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང༌། ཁྱིམ་པ་དང་སྟེན་པ་རྣམ་ པར་སྤངས་པ་དང༌། ཉོན་མོངས་པ་ཐམས་ཅད་རྣམ་པར་སྤངས་པས་ན་སྡིག་པའི་གྲོགས་པོ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དེས་གནས་འདི་ དག་རྣམ་པར་སྤོང་བའི་ཚེ་གང་ཟག་དེ་དག་ལ་ཞེ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །ཁོང་ཁྲོ་བའི་སེམས་དང༌། བརྙས་པའི་སེམས་བསྐྱེད་པར་མི་བྱའི། དེས་འདི་ལྟར་བཅོམ་ལྡན་ འདས་ཀྱིས་ཀྱང་སེམས་ཅན་རྣམས་ནི། ཁམས་སོ་སོར་བསྟེན་ཏེ། བསྟེན་པར་གྱུར་ནས་ཆུད་ཟ་བར་འགྱུར་རོ། །ཞེས་བཀའ་སྩལ་གྱི། དེ་བས་ན། བདག་གིས་བསྟེན་པ་ཡོངས་སུ་སྤང་ བར་སེམས་ཉེ་བར་གཞག་པར་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་ཐོབ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་མཉམ་པ་རྣམས་ཡིན། ལུས་ཡོངས་སུ་ དག་པ་རྣམས་ཡིན། ལུས་རྨ་མེད་པ་རྣམས་ཡིན། ལུས་ལེགས་པར་གྲུབ་པ་རྣམས་ཡིན། ཆོས་ཀྱི་ལུས་རྣམས་ཡིན། ལུས་བརྟག་པར་བྱ་བ་མ་ཡིན་ཞིང་གཏིང་དཔག་དཀའ་བ་ རྣམས་ཡིན། ལུས་བསམ་གྱིས་མི་ཁྱབ་པ་རྣམས་ཡིན། ལུས་ཞི་བ་རྣམས་ཡིན། ལུས་ནམ་མཁའ་དང་མཚུངས་པ་རྣམས་ཡིན། ཡེ་ཤེས་ཀྱི་ལུས་དང་ལྡན་པ་རྣམས་ཡིན་ནོ། ། ༄༅། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་འཐོབ་པ་རྣམས་ཡིན་ནོ། །བྱང་ཆུབ་སེམས་ དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས། གང་དང་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུའི་ཆོས་ ཉིད་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ས་དང་པོ་ལ་བྱང་ཆུབ་སེམས་དཔའ་ལུས་མཉམ་པ་ཉིད་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ལུས་མི་མཉམ་ པ་ཐམས་ཅད་དང་བྲལ་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ས་གཉིས་པ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་ལུས་ ཡོངས་སུ་དག་པ་འཐོབ་བོ། །ས་གསུམ་པ་ལ་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བ་དང༌། གནོད་སེམས་ཐམས་ཅད་དང་བྲལ་བའི་ཕྱིར་ལུས་རྨ་མེད་པ་འཐོབ་བོ། །ས་བཞི་པ་ལ་བྱང་ ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པའི་ཕྱིར་ལུས་ལེགས་པར་གྲུབ་པ་འཐོབ་བོ། །ས་ལྔ་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རབ་ཏུ་རྟོགས་པའི་ཕྱིར་ ཆོས་ཀྱི་ལུས་འཐོབ་བོ། །ས་དྲུག་པ་ལ་བརྟག་པར་བྱ་བ་མ་ཡིན་ཞིང་གཏིང་དཔག་དཀའ་བའི་ཆོས་ཡོངས་སུ་གྲུབ་པའི་ཕྱིར་ལུས་བརྟག་པར་བྱ་བ་མ་ཡིན་ཞིང་གཏིང་དཔག་དཀའ་བ་ འཐོབ་བོ། །ས་བདུན་པ་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པ་དང༌། ཐབས་མཁས་པ་ཡང་དག་པར་གྲུབ་པའི་ཕྱིར་ལུས་བསམ་གྱིས་མི་ཁྱབ་པ་འཐོབ་བོ། །ས་བརྒྱད་པ་ལ་སྤྲོས་པ་ ཐམས་ཅད་བྲལ་བ་དང༌། ཉོན་མོངས་པ་མེད་པའི་ཕྱིར་ལུས་ཞི་བ་འཐོབ་བོ། །ས་དགུ་པ་ལ་ལུས་ཚད་མེད་པས་ཁྱབ་པའི་ཕྱིར་ལུས་ནམ་མཁའ་དང་མཚུངས་པ་འཐོབ་བོ། །ས་བཅུ་ པ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ལུས་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པར་བྱ་བ་ཐམས་ཅད་ཡང་དག་པར་གྲུབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་དང༌། བྱང་ཆུབ་སེམས་དཔའི་ལུས་ཀྱི་ཆོས་ཉིད་ཐ་དད་དུ་བགྱི་བ་ མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལུས་ཐ་དད་པས་ཐ་དད་དུ་བྱ་བ་མེད་དེ། ཡོན་ཏན་གྱི་མཐུས་ནི། ཐ་དད་དུ་བྱ་བ་ཡོད་དོ། །བྱང་ཆུབ་ སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ལུས་ཐ་དད་པས་ཐ་དད་དུ་བགྱི་བ་མ་མཆིས་ལ། ཡོན་ཏན་གྱི་མཐུས་ཐ་དད་དུ་བགྱི་ བ་མཆིས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལུས་ལུས་ཞེས་བྱ་བ་འདི་ནི། ཐ་དད་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལུས་སུ་བརྗོད་པའི་ ༄༅། །མཚན་ཉིད་གཅིག་པའི་ཕྱིར་རོ། །ཡོན་ཏན་དང༌། མཐུའི་མཚན་ཉིད་ནི། ཐ་དད་པར་བལྟའོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ གསོལ་པ། བཅོམ་ལྡན་འདས། ཇི་ལྟར་གང་ལྟ་བུར་ཡོན་ཏན་གྱི་མཐུའི་མཚན་ཉིད་ཐ་དད་དུ་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བས་ ན༑ དོན་གྱི་དབང་འདི་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཁྱོད་ལ་དཔེར་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། བྱི་དོར་མ་བྱས་པའི་ནོར་བུ་རིན་པོ་ཆེ་དང༌། བྱི་དོར་བྱས་པའི་ ནོར་བུ་རིན་པོ་ཆེ་ནི། འདི་ལྟ་སྟེ། ནོར་བུ་རིན་པོ་ཆེ་ནོར་བུ་རིན་པོ་ཆེ་ཞེས་བྱ་བར་ནོར་བུ་རིན་པོ་ཆེ་ཞེས་བྱ་བའི་གྲངས་སུ་འགྲོ་མོད་ཀྱི། ཇི་ལྟར་བྱི་དོར་བྱས་པའི་ནོར་བུ་རིན་པོ་ཆེའི་ མཐུ་དང༌། ཡིད་དུ་འོང་བས་ཁྱབ་པར་བྱེད་པ་དེ་ལྟར་ནི། བྱི་དོར་མ་བྱས་པས་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་ནོར་བུ་རིན་པོ་ཆེའང་དེ་བཞིན་གཤེགས་པའི་ སྐུའི་ནོར་བུ་རིན་པོ་ཆེ་དང་བཅས་སུ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་ཀྱི་གྲངས་སུ་འགྲོ་མོད་ཀྱི། བྱང་ཆུབ་སེམས་དཔའི་ལུས་ནོར་བུ་རིན་པོ་ཆེ་ནི། དེ་བཞིན་གཤེགས་ པའི་སྐུའི་ནོར་བུ་རིན་པོ་ཆེའི་དྲུང་དུ་ཡོངས་སུ་དག་པ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་ནི། སེམས་ཅན་གྱི་ཁམས་ཚད་ མེད་པ་དང༌། ནམ་མཁའི་དབྱིངས་ཚད་མེད་པ་འོད་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། ཤིན་ཏུ་ཡོངས་སུ་དག་པ་དང༌། དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ལུས་ནོར་བུ་རིན་པོ་ཆེ་ནི། དེ་ཙམ་དུ་ཁྱབ་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་དྲི་མའི་ལྷག་མ་ལུས་པའི་ཕྱིར་རོ། །རིགས་ཀྱི་བུ། འདི་ལྟ་ སྟེ༑ དཔེར་ན། ཚེས་གཉིས་ཀྱི་ཟླ་བ་ནི། ཟླ་བ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ནས་ཟླ་བ་ཉ་བའི་བར་དུ་ཟླ་བ་ཡང་ཟླ་བ་ཞེས་བྱ་བའི་གྲངས་སུ་འགྲོ་མོད་ཀྱི། ཆོས་གཉིས་ཀྱི་ཟླ་བ་ཅི་འདྲ་བ་ དེ་ལྟ་བུར་ཟླ་བ་ཉ་བ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆོས་ཉིད་ཐོབ་པའི་ཕྱིར་ཏེ། རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལུས་དང༌། དེ་བཞིན་གཤེགས་ པའི་སྐུར་བཅས་ཏེ་ལུས་ཀྱི་གྲངས་སུ་འགྲོ་མོད་ཀྱི། བྱང་ཆུབ་སེམས་དཔའི་ལུས་ནི། དེ་བཞིན་གཤེགས་པའི་སྐུའི་དྲུང་ན་ལམ་མེར་མི་འགྱུར། ལྷན་ནེར་མི་འགྱུར། ལྷང་ངེར་མི་ འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་ཉ་བའི་དྲུང་ན་ཚེས་གཉིས་ཀྱི་ཟླ་བ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་དང༌། བྱང་ཆུབ་སེམས་དཔའི་ལུས་ཀྱང་ལུས་ སུ་བརྗོད་པའི་མཚན་ཉིད་ཀྱིས་མཚན་ཉིད་གཅིག་མོད་ཀྱི། ཡོན་ཏན་གྱི་མཐུའི་མཚན་ཉིད་ཀྱིས་ནི། མ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ ༄༅། །ལུས་རྡོ་རྗེ་ལྟར་སྲ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་གིས་མི་ཚུགས་པ་རྣམས་ཡིན། ཁྲོ་བ་ དང༌། གནོད་སེམས་ཀྱི་ཐ་བ་དང༌། དྲི་མ་དང༌། ང་རྒྱལ་དང༌། རྒྱགས་པ་དང༌། དྲེགས་པ་དང༌། ལྟ་བ་ཕྱིན་ཅི་ལོག་དག་གིས་མི་ཚུགས་པ་རྣམས་ཡིན། འཇིག་རྟེན་གྱི་ཆོས་བརྒྱད་ པོ་དེ་དག་གིས་མི་ཚུགས་པ་རྣམས་ཡིན། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་རྣམས་ཡིན། སེམས་ཅན་གྱི་སྡུག་བསྔལ་དག་གིས་མི་ཚུགས་པ་རྣམས་ཡིན་། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་སྡུག་བསྔལ་དག་གིས་མི་ཚུགས་པ་རྣམས་ཡིན། མུ་སྟེགས་ཅན་དང་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པ་རྣམས་ཡིན། བདུད་ཐམས་ཅད་དང་བདུད་ཀྱི་རིས་སུ་གཏོགས་པའི་ལྷ་ཐམས་ཅད་ཀྱིས་མི་ཚུགས་པ་རྣམས་ཡིན། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཚུགས་པ་རྣམས་ ཡིན༑ འདོད་པ་ལ་སྤྱོད་པ་ཐམས་ཅད་ཀྱིས་མི་ཚུགས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལུས་རྡོ་རྗེ་ལྟར་སྲ་བ་རྣམས་ ཡིན་ནོ༑ ༑རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོ་རྣམས་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བཀུར་བ་རྣམས་ཡིན། མཆོད་ པར་འོས་པ་རྣམས་ཡིན། ཕྱིན་པར་བྱེད་པ་རྣམས་ཡིན། བརྟན་པར་བྱ་བ་རྣམས་ཡིན། ཉེ་བར་འཚོ་བར་བྱ་བ་རྣམས་ཡིན། རྒྱགས་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་ཡིན། ཚོགས་ཤིན་ཏུ་བསགས་པ་རྣམས་ཡིན། མི་ངོམས་པ་རྣམས་ཡིན། ཐོག་མར་འགྲོ་བ་རྣམས་ཡིན། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བ་ལ་མཁས་ པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བཀུར་བ་ཡིན་པ་ནས་ཇི་ལྟར་ན། ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བ་ལ་མཁས་ པའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། རྒྱལ་པོ་དང༌། རྒྱལ་པོ་ཆེན་པོའི་བློན་པོ་དག་གིས་བཀུར་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་དེད་དཔོན་ཆེན་པོའང་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བཀུར་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་རྣམས་ཀྱིས་མཆོད་པར་འོས་པ་རྣམས་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོའང་སློབ་པ་དང༌། མི་སློབ་པ་དང༌། གཞན་ཡང་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དག་གིས་མཆོད་པར་འོས་ ༄༅། །པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། འབྲོག་དགོན་པ་ལམ་གྲོགས་ཀྱི་ཚོགས་འཆན་པས་གཙེས་པ་དག་ལེགས་པར་བདེ་ ཞིང་ཡོངས་སུ་མི་སྐྱོ་བར་ཕྱིན་པར་བྱེད་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོའང་འཁོར་བའི་འབྲོག་དགོན་པ་ཆེན་པོའི་ནང་ན་སེམས་ཅན་ལམ་གྲོགས་ ཀྱི་ཚོགས་ཉོན་མོངས་པའི་འཆན་པས་གཙེས་པ་དག་ལེགས་པར་བདེ་ཞིང་ཡོངས་སུ་མི་སྐྱོ་བར་ཕྱིན་པར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ ཆེན་པོ་ལ་བརྟེན་ན། སྡུག་བསྔལ་བ་དང༌། ཕོངས་པ་དག་འབྲོག་དགོན་པ་ནས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོ་ལ་བརྟེན་ ན༑ མུ་སྟེགས་ཅན་གཞན་སྤྱོད་པ་ཅན་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་རྣམས་འཁོར་བའི་འབྲོག་དགོན་པ་ཆེན་པོ་ནས་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། རྒྱལ་པོ་དང༌། ལས་བྱེད་པའི་མི་དང༌། ཞོ་ཤས་འཚོ་བ་དང༌། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཉེ་བར་འཚོ་བ་ཡིན་ཏེ། དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོའང་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་ དཔོན་ཆེན་པོ་ནི། ནམ་ཕྱོགས་སུ་འགྲོ་བར་ཆས་ཏེ་ལམ་གྲོགས་མང་པོ་དང་ལྷན་ཅིག་ཏུ་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བའི་ཕྱིར་འབྲོག་དགོན་པར་ཞུགས་པ་དེའི་ཚེ་གྲོང་ཁྱེར་ཆེན་ པོར་ཕྱིན་གྱི་བར་དུ་རྒྱགས་ཕུན་སུམ་ཚོགས་པས་འབྲོག་དགོན་པ་དེ་ནས་ལེགས་པར་བདེ་ཞིང་ཡོངས་སུ་སྐྱོ་བ་མེད་པར་འབྱུང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ དེད་དཔོན་ཆེན་པོའང་ནམ་སངས་རྒྱས་ཀྱིས་བསྟེན་པའི་ཕྱོགས་སུ་འགྲོ་བར་འདོད་ཅིང་སེམས་ཅན་ལམ་གྲོགས་མང་པོ་དང་དེ་འཁོར་བའི་འཕྲོག་དགོན་པ་ཆེན་པོར་འཇུག་པར་ འདོད་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བར་འདོད་པ་དེའི་ཚེ་བསོད་ནམས་ཀྱི་རྒྱགས་ཀྱི་ཚོགས་ཤིན་ཏུ་ཕུན་སུམ་ཚོགས་པས་འགྲོའོ། རིགས་ཀྱི་བུ་ འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། འཚོ་བའི་ཡོ་བྱད་འདི་ལྟ་སྟེ། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱུ་རུ་ལ་སོགས་པ་མང་ པོ་བསགས་ཤིང་ཕྱོགས་སུ་འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོའང་ནམ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་མངོན་པར་ཞུགས་པ་དེའི་ ཚེ་སངས་རྒྱས་ཀྱི་ཆོས་ཀྱི་ཚོགས་ཤིན་ཏུ་བསགས་ཤིང་འགྲོའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། ནོར་བསགས་པས་ཆོག་མི་ཤེས་པ་ཡིན་ནོ། །བྱང་ཆུབ་ ༄༅། །སེམས་དཔའ་དེད་དཔོན་ཆེན་པོའང་ཆོས་ཀྱི་ནོར་བསགས་པས་ཆོག་མི་ཤེས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། འདི་ལྟ་ སྟེ༑ ནོར་ཕུན་སུམ་ཚོགས་པ་དང༌། གཙོ་བོ་དང༌། དབང་ཡོད་པ་དང༌། ངག་མཉན་པས་ལམ་གྲོགས་ཀྱི་ཚོགས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་དེད་དཔོན་ཆེན་པོའང་འདི་ལྟ་སྟེ། ཡོན་ཏན་ཕུན་སུམ་ཚོགས་པ་དང༌། ཡོངས་ཀྱི་གཙོ་བོ་དང༌། ཆོས་ལ་དབང་བ་དང༌། མ་ལོག་པར་སྨྲ་བས་སེམས་ཅན་ལམ་ གྲོགས་ཀྱི་ཚོགས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། དེད་དཔོན་ཆེན་པོ་ནི། གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བ་ལ་མཁས་པ་ཡིན་ ནོ༑ ༑དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོའང་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བ་ལ་མཁས་པ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ ན༑ བྱང་ཆུབ་སེམས་དཔའ་བཀུར་བ་ཡིན་པས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱ་བ་ལ་མཁས་པའི་བར་དུ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་ དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལམ་ལ་མཁས་པ་རྣམས་ཡིན་ནོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། ལམ་མཉམ་པའང་རབ་ཏུ་ཤེས། ལམ་ཉམ་ང་བའང་རབ་ཏུ་ཤེས། ལམ་བདེ་བའང་རབ་ཏུ་ཤེས། འཚམ་པའི་ལམ་ཡང་རབ་ཏུ་ཤེས། ལམ་ཆུ་ཆེ་བ་དང༌། ཆུ་མེད་པའང་རབ་ཏུ་ཤེས། ལམ་གྱི་དགོང་མ་ལ་དག་ཀྱང་རབ་ཏུ་ཤེས། ལམ་གྱི་ཚུགས་དག་ཀྱང་རབ་ཏུ་ཤེས། ལམ་འཁྱོག་པ་དག་ཀྱང་རབ་ཏུ་ཤེས། ལམ་དྲང་པོ་དག་ཀྱང་རབ་ ཏུ་ཤེས༑ ལམ་འབྱུང་བའང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལམ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ ལྡན་ན༑ བྱང་ཆུབ་སེམས་དཔའ་ལམ་མ་ལོག་པར་སྟོན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། ཐེག་པ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་ལམ་སྟོན་ གྱི་ཉན་ཐོས་ཀྱི་ལམ་མི་སྟོན་ཏོ། །ཉན་ཐོས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ལམ་སྟོན་གྱི་བྱང་ཆུབ་སེམས་དཔའི་ལམ་མི་སྟོན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལམ་སྟོན་གྱི་རང་སངས་རྒྱས་ཀྱི་ལམ་མི་སྟོན་ཏོ། །རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རང་ སངས་རྒྱས་ཀྱི་ལམ་སྟོན་གྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མི་སྟོན་ཏོ། །བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་དང༌། ཆོས་སུ་འཛིན་པ་ལ་མངོན་པར་ཞེན་ ༄༅། །པ་རྣམས་ལ་བདག་མེད་པའི་ལམ་དང༌། སྟོང་པ་ཉིད་ཀྱི་ལམ་སྟོན་གྱི། བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་གི་ ལམ་མི་སྟོན་ཏོ། །མཐའ་གཉིས་ལ་གནས་པའི་སེམས་ཅན་རྣམས་ལ་མཐའ་གཉིས་དང་བྲལ་བའི་ལམ་སྟོན་གྱི་མཐའ་གཉིས་ལ་གནས་པ་མི་སྟོན་ཏོ། །སེམས་གཡེང་པའི་ སེམས་ཅན་རྣམས་ལ་ཞི་གནས་དང༌། ལྷག་མཐོང་གི་ལམ་སྟོན་གྱི་གཡེང་བའི་ལམ་མི་སྟོན་ཏོ། །སྤྲོས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ལ་དེ་བཞིན་ཉིད་ཀྱི་ ལམ་སྟོན་གྱི་བྱིས་པ་སྤྲོས་པ་ལ་མངོན་པར་དགའ་བའི་ལམ་མི་སྟོན་ཏོ། །འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པའི་ལམ་སྟོན་གྱི་འཁོར་ བའི་ལམ་མི་སྟོན་ཏོ། །ལམ་གོལ་བར་ཞུགས་པའི་སེམས་ཅན་རྣམས་ལ་ལམ་སྲོལ་མ་དོད་པ་མ་ཡིན་པ་དང༌། ཚེར་མ་མེད་པའི་ལམ་སྟོན་གྱི་ཉོན་མོངས་པའི་ཚེར་མས་གང་ བའི་ལམ་མི་སྟོན་ཏོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ལམ་ལོག་པར་སྟོན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་མཉམ་པར་བཞག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ སོ༑ ༑ཚོར་བ་རྣམས་དང༌། སེམས་རྣམས་དང༌། ཆོས་རྣམས་དང༌། ཡུལ་རྣམས་དང༌། དགོན་པ་རྣམས་དང༌། གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། གཞོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་རྣམས་དང༌། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་རྣམས་དང༌། དེ་བཞིན་གཤེགས་པས་བསླབ་པ་བཅས་པ་རྣམས་ དང༌། ཉེ་བའི་ཉོན་མོངས་པ་དང༌། ཡོངས་སུ་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་གང་ལུས་དང་ལྡན་པའི་སྡིག་པ་མི་དགེ་བའི་ཆོས་དེ་དག་ ཡང་དག་པའི་ཤེས་རབ་ཀྱིས་རབ་ཏུ་བརྟགས་ཤིང་ཡོངས་སུ་སྤོང་ངོ༌། །དེ་འོག་གི་རྐང་པའི་མཐིལ་ནས་བརྩམས་ཏེ་ཡར་ལ་ཀླད་པའི་བར་དུ་ལུས་ཀྱི་ཉེས་པ་ལ་རྟོག་གོ །ལུས་ལ་བདག་ མེད་པར་ཡང་རྟོག་གོ །ལུས་མི་བརྟན་པ་དང༌། འཇིག་པ་དང༌། ཆུ་རྒྱུས་ཀྱིས་གླགས་པ་དང༌། དྲི་མི་ཞིམ་པ་དང༌། དྲི་ང་བ་དང༌། ཁ་དོག་མི་སྡུག་པར་རྟོག་སྟེ། དེ་དེ་ལྟར་རྟོག་པའི་ཚེ་ གང་ལུས་ལ་ལུས་སུ་འདོད་པ་དང༌། ལུས་ལ་འདོད་ཆགས་པ་དང༌། ལུས་ལ་དགའ་བ་དང༌། ལུས་ལ་བདག་གིར་འཛིན་པ་དང༌། ལུས་ལ་ཞེན་པ་དེ་དག་མི་འབྱུང་སྟེ། དེའི་རྒྱུ། ༄༅། །དེའི་རྐྱེན། དེའི་གཞིས་ལུས་དང་ལྡན་པའི་ཆོས་རྣམས་ཀྱི་དབང་དུ་འགྲོ་བར་མི་འགྱུར་ཏེ། གཞན་དུ་ན་ལུས་དང་ལྡན་པའི་ཆོས་རྣམས་དེ་ཉིད་ཀྱི་དབང་དུ་འགྱུར་ ཏེ༑ དེ་ལྟར་ན། ལུས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་པའོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཚོར་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི། སྡུག་བསྔལ་ན། བྱིས་པ་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ནི། བདེ་ བར་འཛིན་ཏེ། བྱིས་པ་རྨོངས་པ་རྣམས་སྡུག་བསྔལ་བདེ་བ་ཞེས་བྱ་བར་འཛིན་གྱི། འཕགས་པ་རྣམས་ཀྱིས་ནི། ཐམས་ཅད་སྡུག་བསྔལ་བར་ཐུགས་སུ་ཆུད་དོ་སྙམ་ནས་དེ་སྤང་ པའི་ཕྱིར་ནན་ཏན་དུ་བྱེད་དོ། །སེམས་ཅན་གཞན་དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་ཀྱི། བདག་གིས་ཀྱང་དེ་དག་གི་རྗེས་སུ་བསླབ་པར་བྱའོ་སྙམ་སྟེ། དེ་དེ་ལྟར་རྟོག་པས་ཚོར་ བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །དེ་ཚོར་བ་དག་ལ་ཆགས་པའང་མེད། ཁོང་ཁྲོ་བའང་མེད་ཅིང་དེ་དག་སྤང་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །གཞན་ དག་ཀྱང་བསླབ་པ་དེ་ཉིད་ལ་འགོད་དེ། དེ་ལྟར་ན་ཚོར་བ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ལ་དྲན་པ་ཤིན་ཏུ་ ཉེ་བར་བཞག་ཅིང་གནས་ཤེ་ན། དེ་འདི་སྙམ་དུ་སེམས་ཏེ། སེམས་འདི་ནི། མི་རྟག་པ་ལ་རྟག་པར་མངོན་པར་དགའ་བའོ། །སྡུག་བསྔལ་ལ་བདེ་བར་མངོན་པར་དགའ་བའོ། །བདག་ མེད་པ་ལ་བདག་ཏུ་མངོན་པར་དགའ་བའོ། །མི་གཙང་བ་ལ་གཙང་བར་མངོན་པར་དགའ་བའོ། །གཡོ་ཞིང་མི་བརྟན་པ་ལ་མྱུར་དུ་འགྱུར་བའོ། །ཉོན་མོངས་པ་རྣམས་ཀྱི་རྩ་བའོ། ། ངན་སོང་རྣམས་ཀྱི་སྒོའོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཞིའོ། །བདེ་འགྲོ་རྣམས་ཆུད་སོན་པའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཀྱི་རྐྱེན་དུ་གྱུར་པའོ། །ཆོས་ ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །ཆོས་ཐམས་ཅད་ཀྱི་ཐོག་མར་སེམས་འགྲོ་སྟེ། སེམས་ཡོངས་སུ་ཤེས་ན། ཆོས་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་འགྱུར་རོ། །གཞན་ཡང་ འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། །སེམས་ནི་སེམས་ཀྱིས་མི་མཐོང་ངོ༌། །དགེ་བའམ་ཡང་ན་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པའོ། །སེམས་ནི་འགལ་མེ་ལྟ་བུར་འཁོར།། སེམས་ནི་རྟ་ལྟར་འཁྱམས་པ་ཡིན། །སེམས་ནི་ནགས་ཀྱི་མེ་ལྟར་ཚིག། སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །དེ་དེ་ལྟར་རྟོག་པས་སེམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ ཏེ༑ སེམས་ཀྱི་དབང་དུ་མི་འགྲོའོ། སེམས་ཉིད་དེའི་དབང་དུ་འགྲོ་སྟེ། སེམས་ཉིད་དེའི་དབང་དུ་གྱུར་པས་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་ ༄༅། །དཔའ་སེམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་དྲན་པ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་དང༌། དེ་དག་ལ་གནས་པ་གཞན་དག་ལ་འདི་དག་ནི། མི་དགེ་བའི་ཆོས་རྣམས་ སོ༑ ༑ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདོད་ཆགས་ཀྱི་གཉེན་པོ་ལ་སྟེན། ཞེ་སྡང་དང༌། གཏི་མུག་གི་གཉེན་པོ་ལ་སྟེན་ཅིང་དེ་དག་སྤང་བའི་ཕྱིར་བརྩོན་ པ་ཡིན་ནོ། །ཆོས་འདི་དག་ནི། དགེ་བའོ། །ཞེས་བྱ་བར་ཤེས་ནས་ཆོས་དེ་དག་ལ་སེམས་གཏོང་ཞིང་དྲན་པ་ཉེ་བར་གཞོག་སྟེ། ཆོས་དེ་དག་ཀྱང་ཡང་དག་པར་བླངས་ཤིང་ གནས་སོ། །གཞན་ཡང་བསླབ་པ་དེ་ཉིད་ལ་འགོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་ཡུལ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་གཟུགས་དང༌། སྒྲ་ དང༌། དྲི་དང༌། རོ་དང༌། རེག་བྱ་ལ་ཆགས་པར་འཛིན་པར་ཡང་མི་འགྱུར། ཁོང་ཁྲོ་བའི་སེམས་ཀྱང་མི་སྐྱེད་དེ། དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་བདག་དངོས་པོ་མེད་པའི་ ཆོས་རྣམས་ལ་ཆགས་པ་སྐྱེད་པ་ནི། བདག་གི་མི་ཆ་སྟེ། དེ་ནི། བདག་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཆགས་ པར་གྱུར་ནས་ཞེན་པར་འགྱུར་རོ། །ཞེན་ནས་རྨོངས་པར་འགྱུར་རོ། །རྨོངས་ནས་དགེ་བའམ། མི་དགེ་བའི་ཆོས་རྣམས་བར་སྒོམ་པར་མི་འགྱུར་ཏེ། དེའི་རྒྱུས་ངན་སོང་དུ་འགྲོ་བར་ གསུངས་སོ། །ཞེས་དེ་འདི་སྙམ་དུ་དེ་ལྟར་བདག་ཆོས་གསོག་རྣམས་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་ནི། བདག་གི་མི་ཆ་སྟེ། དེ་ནི། བདག་གི་མི་བཟོད་པ་དང༌། དང་དུ་མི་ལན་པ་ དང༌། ཁྲོ་བ་ཀུན་ནས་ལྡང་བར་འགྱུར་ཏེ། འཕགས་པ་རྣམས་ཀྱིས་ནི། སྨད་པར་འགྱུར། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི། དཔྱ་བར་འགྱུར་རོ། །ཞེས་དེ་དེ་ལྟར་རྟོག་ པས་ཡུལ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཏེ། ཡུལ་རྣམས་ཀྱིས་མི་རྨས་ཤིང་རྨ་བྱུང་བར་མི་འགྱུར་ལ། གཞན་ཡང་བསླབ་པ་བཅས་པ་དེ་ཉིད་ལ་འགོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཡུལ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དགོན་པ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་ བཞག་ཅིང་གནས་ཤེ་ན། དེ་འདི་སྙམ་དུ་དགོན་པ་ཞེས་བྱ་བ་འདི་ནི། ཉོན་མོངས་པ་མེད་པར་རྣམ་པ་སྤྱོད་པ་རྣམས་ཀྱི་གནས་སོ། །ཞི་བར་རྣམ་པར་སྤྱོད་པ་རྣམས་ཀྱི་གནས་ ༄༅། །སོ༑ ༑དགོན་པ་ལ་ནི། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་གཞན་གྱི་སེམས་མངོན་པར་ཤེས་པ་དག་ཀྱང་ཡོད་དེ། དེ་དག་བདག་གིས་སེམས་དང༌། སེམས་ལས་ བྱུང་བའི་ཆོས་རྣམས་རབ་ཏུ་ཤེས་ན། བདག་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་ཅིང་སེམས་པ་དེ་ནི། བདག་གི་མི་ཆའོ་སྙམ་སྟེ། དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱ་བ་ཐམས་ཅད་ དང་བྲལ་ནས་ཚུལ་བཞིན་དུ་ཆོས་རྣམས་ལ་སེམས་གཏོང་ཞིང་ཆོས་དེ་དག་ལ་སྒོམ་པ་མང་བ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དགོན་པ་རྣམས་ལ་དྲན་པ་ཤིན་ཏུ་ ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། གཞོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་ རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། གཞོངས་དང༌། ཡུལ་འཁོར་དང༌། རྒྱལ་ བོའི་ཕོ་བྲང་འཁོར་དག་ན་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་གནས་གང་ཚུལ་དང་མི་འདྲ་ཞིང་ཡོངས་སུ་སྤང་བར་བྱ་བ་རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པ་དེ་དག་ ཡོངས་སུ་སྤོང་ངོ༌། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཆང་མའི་ཁྱིམ་མམ། སྨད་ཚོང་གི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ངམ། རྒྱན་པོའི་གནས་སམ། ར་རོ་བའི་འཁོར་གྱི་ ཚོགས་སམ། གར་མཁན་དང༌། གླུ་གར་གྱི་གནས་དང༌། དེ་མ་ཡིན་པ་གཞན་ཡང་རུང་སྟེ། རབ་ཏུ་བྱུང་བའི་ཚུལ་དང་མི་འདྲ་བ་དེ་དག་ཡོངས་སུ་སྤོང་ཞིང༌། དེ་དག་ལ་དྲན་པ་ ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། གཞོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་ དག་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་དག་ ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་དངོས་པོ་ཉེ་བར་བཟུང་ཞིང་རྙེད་པ་དང༌། བཀུར་སྟི་ལ་ སེམས་གཏོང་སྟེ། ཅི་ནས་ཀྱང་ཞེན་པར་མི་འགྱུར། སྲེད་པ་མི་སྐྱེད། ཆགས་པ་མི་སྐྱེད། བདག་གིར་མི་བྱེད། ནོར་དུ་མི་འཛིན་པ་དང༌། བདག་གིར་མི་འཛིན་པ་དང༌། ཅི་ནས་ཀྱང་ སེམས་ཅན་ཐམས་ཅད་དང་མཐུན་མོང་དུ་བྱས་ཤིང་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་དེ་ལྟར་གཏོང་སྟེ། གལ་ཏེ་ཡང་དེའི་རྒྱུ། དེའི་རྐྱེན། དེའི་གཞིས་ གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་ཞིག་བྱུང་ཡང་དེས་ཁེངས་པར་མི་འགྱུར། ང་རྒྱལ་མི་སྐྱེ། རྒྱགས་པ་མི་སྐྱེ་སྟེ། དེ་འདི་སྙམ་དུ་སེམས་སོ། །རིང་པོར་མི་ཐོགས་པར་ ༄༅། །གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་འདི་དག་གང་ལས་བྱུང་བ་དང༌། གང་གིས་བྱུང་བ་དང༌། གྲགས་བ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་གང་ཡིན་ པ་དེ་དག་ཐམས་ཅད་ཀྱང་མེད་པར་འགྱུར་ན། དེ་ལ་མཁས་པའི་རང་བཞིན་ཅན་སུ་ཞིག་མི་རྟག་ཅིང་མི་གནས་པའི་ཆོས་མི་བརྟན་པ། ཡིད་བརྟན་དུ་མི་རུང་བ་དག་ལ་དགའ་ བའི་སེམས་སྐྱེས་པའམ། ཁེངས་པར་འགྱུར་བ་དང༌། ང་རྒྱལ་དང༌། རྒྱགས་པས་དྲེགས་པར་འགྱུར་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་བསླབ་ པ་བཅས་པ་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་འདས་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་ བསླབ་པ་འདི་ཉིད་ལ་བསླབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཡོངས་སུ་མྱ་ངན་ལས་འདས་སོ། །གང་མ་བྱོན་པ་འབྱུང་བར་འགྱུར་བ་དེ་དག་ཀྱང་བསླབ་པ་འདི་ ཉིད་ལ་བསླབས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གང་ད་ལྟར་གྱི་དེ་བཞིན་གཤེགས་པ་དེ་དག་ཀྱང་ བསླབ་པ་འདི་ཉིད་ལ་བསླབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཞེས་དེ་ལྟར་ཡིད་ཆེས་པས་བསླབ་པ་རྣམས་ལ་ནན་ཏན་དུ་བྱེད་པ་ཡིན་ཏེ་ བརྩོན་པར་བྱེད་པ་དང༌། ལེགས་པར་བྱ་བ་བྱེད་ཅིང་ཤིན་ཏུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་བསླབ་པ་བཅས་པ་ལ་དྲན་པ་ ཤིན་ཏུ་ཉེ་བར་བཞག་ཅིང་གནས་སོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་དང༌། ཡོངས་སུ་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་ཐམས་ ཅད་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་རྣམས་ལ་དྲན་པ་དང་ལྡན་པ་ཡིན། ཡོངས་སུ་ཉོན་མོངས་པ་དང༌། ཀུན་ ནས་ཉོན་མོངས་པ་རྣམས་ལ་དྲན་པ་དང་ལྡན་པ་ཡིན་ཏེ། དེ་དག་གང་ལས་བྱུང་བ་དང༌། རྐྱེན་གང་གིས་བྱུང་བའི་གཞིའང་རབ་ཏུ་ཤེས་ཏེ། དེས་དེ་ལྟར་ཤེས་ནས་འབྱུང་བ་དེ་ དང༌། རྐྱེན་དེ་དག་ཡོངས་སུ་སྤོང་སྟེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་དང༌། ཡོངས་སུ་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་ཐམས་ ཅད་ལ་དྲན་པ་ཤིན་ཏུ་ཉེ་བར་བཞག་ཅིང་གནས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་སེམས་མཉམ་ ༄༅། །པར་བཞག་པ་རྣམས་ཡིན་ནོ། །འཕགས་པ་དཀོན་མཆོག་སྤྲིན། བམ་པོ་དྲུག་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱག་དར་ ཁྲོད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་བླངས་པ་ལ་བརྟན་པ་རྣམས་ཡིན། སེམས་དམའ་བ་རྣམས་ཡིན། ཡོངས་སུ་མི་སྐྱོ་བ་རྣམས་ཡིན། དེ་ལ་མ་ ཞེན་པ་རྣམས་ཡིན། ཉེས་པར་ལྟ་བ་དང་བྲལ་བ་རྣམས་ཡིན། ཡོན་ཏན་དུ་ལྟ་བ་རྣམས་ཡིན། བདག་ལ་མི་བསྟོད་པ་རྣམས་ཡིན། གཞན་ལ་མི་སྨོད་པ་རྣམས་ཡིན། ཚུལ་ཁྲིམས་ ཕུན་སུམ་ཚོགས་པ་རྣམས་ཡིན། ལྷ་འདུ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡང་དག་པར་བླངས་པ་ལ་བརྟན་པ་ཡིན་པ་ནས་ཇི་ལྟར་ ན༑ ལྷ་འདུ་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དད་ཅིང་བསམ་པ་ཕུན་སུམ་ཚོགས་པ་རྣམས་ཡིན། དེ་བཞིན་གཤེགས་པ་རྣམས་ལ་དད་ ཅིང་ཡིད་ཆེས་པ་ཡིན། དེ་སྲོག་གི་ཕྱིར་ཡང་ཡང་དག་པར་བླངས་པ་མི་འཇིག་ཅིང་ཡང་དག་པར་བླངས་པ་ལས་མི་འགྱུར་ཏེ། དེ་ཡང་དག་པར་བླངས་པ་ལ་བརྟན་པས་བསམ་ པ་ཕུན་སུམ་ཚོགས་པ་དང༌། དེ་སེམས་དམའ་ཞིང་ང་རྒྱལ་མེད་པ་ཡིན། དེ་ང་རྒྱལ་མེད་ཅིང་སེམས་དཔའ་བས་ཕྱག་དར་ཁྲོད་པ་ངན་ངོན་ཡོངས་སུ་བོར་བ་སྐྱེ་བོ་ཐམས་ཅད་ དང་མི་མཐུན་པ་དག་སྡུད་དོ། །དེ་དག་བསྡུས་ནས་འཁྲུ་བར་བྱེད་དོ། །དེ་འཁྲུ་བ་དང༌། གླན་པ་དང༌། བཙེམ་པ་དང༌། བཙོ་བར་བྱེད་པ་ན་ཀུན་ནས་ཉོན་མོངས་པ་མེད་ཅིང་ཡོངས་སུ་མི་སྐྱོ་ སྟེ༑ ཡོངས་སུ་མི་སྐྱོ་བ་རྐྱེན་དུ་བྱས་ནས་ཇི་ཙམ་གྱིས་དོན་འགྲུབ་པར་འགྱུར་བ་མ་གཏོགས་པར་དེ་ལ་ཞེན་པར་ཡང་མི་འགྱུར་རོ། །ཀྱེ་མའོ་ཕྱག་དར་ཁྲོད་པ་འདི་དག་ནི། ཞིགས་པའོ། །ཀྱེ་ མའོ་ཕྱག་དར་ཁྲོད་པ་འདི་དག་ནི། སྦོམ་པའོ། །ཀྱེ་མའོ་ཕྱག་དར་ཁྲོད་པ་འདི་དག་ནི། ཤིག་མང་བ་སྟེ། ལུས་ལ་མི་བདེ་ཞིང་རྡུལ་འབྱིན་ཏོ། །ཞེས་ཉེས་པར་ལྟ་བ་མ་ཡིན་གྱི། ཕྱག་དར་ ཁྲོད་པ་འདི་དག་ནི། དྲང་སྲོང་གིས་བགོས་པའོ། །འདོད་ཆགས་དང་བྲལ་བ་དང་མཐུན་པའོ། །འཕགས་པའི་རིགས་དང་མཐུན་པའོ། །དེ་བཞིན་གཤེགས་པས་བསྟོད་པའོ། །དེ་བཞིན་ གཤེགས་པས་བསྔགས་པའོ། །ཞེས་ཕྱག་དར་ཁྲོད་པ་དེ་དག་ལ་ཡོན་ཏན་ཏུ་ལྟ་བ་ཡིན་ཏེ། དེའི་རྒྱུ། དེའི་རྐྱེན། དེའི་གཞིས་བདག་ལ་མི་བསྟོད་དོ། །གཞན་ལ་མི་སྨོད་དོ། །དེ་ བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་བྲལ་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ལྷ་རྣམས་འདུ་བ་ཡིན། དེ་བཞིན་གཤེགས་ པ་རྣམས་ཀྱིས་བསྔགས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཙའ་བ་ཡིན། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་བསྲུང་བ་ཡིན། བྲམ་ཟེ་དང༌། རྒྱལ་ ༄༅། །རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་རྣམས་ཀྱིས་ཕྱག་བྱ་བ་ཡིན། ཚངས་པ་མཚུངས་པ་སྤྱོད་པ་རྣམས་ཀྱིས་གཟེངས་བསྟོད་པར་བྱ་བ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་ པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱག་དར་ཁྲོད་པ་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་རྒྱ་ཆེན་པོ་རྣམས་ལ་སྤྱོད་པ་དམན་ཚེགས་ཀྱིས་ཅི་ཞིག་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ རྣམས་ནི། འཇིག་རྟེན་གྱི་ཡིད་དང་སྦྱོར་བ་ཡིན་ཏེ། སྟོབས་ཀྱི་མཐུ་ཐོབ་པ་རྣམས་འཇིག་རྟེན་དང་མཐུན་པར་སྤྱོད་ཀྱི་སྟོབས་ཀྱི་མཐུ་མ་ཐོབ་པ་རྣམས་མ་ཡིན་ཏེ། རིགས་ ཀྱི་བུ༑ བྱང་ཆུབ་སེམས་དཔའ་སྟོབས་ཀྱི་མཐུ་མ་ཐོབ་པས་ནི། ཉོན་མོངས་པ་མ་ལངས་པའི་གཉེན་པོ་བསྟེན་པར་བྱའོ། །གཞན་ཡང་རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་རྒྱ་ཆེན་པོ་ལ་མོས་སམ། འོན་ཏེ་དམན་པ་ལ་མོས་པ་ཡིན། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པའི་ལན་གསོལ་དུ་བདག་གིས་ཚིག་མི་ཕྱིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི། མོས་པ་ལ་སྨོས་ པ་ལགས་ཀྱི། བཅོམ་ལྡན་འདས་ནི། ཆོས་གཟིགས་པ། བདེ་བར་གཤེགས་པ་ནི། ཆོས་གཟིགས་པ་སྟེ། དེ་བཞིན་གཤེགས་པས་ཆོས་གང་ལའང་མོས་པར་བགྱི་བ་མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་གླིང་བཞིའི་མི་རྣམས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་མོས་པ་ དམན་པ་གཞན་དག་ལ་སྤྱད་པ་དམན་ཚེགས་སྟོན་ཅིང་དེ་དག་གི་མདུན་དུ་སྦྱངས་པའི་ཡོན་ཏན་རྣམས་ཀྱི་བསྔགས་པ་བརྗོད་པ་དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་དེ་དག་དེ་ལྟ་བུས་འདུལ་བའི་སླད་དུ་སྟེ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ རྣམས་ཀྱི་ཉོན་མོངས་པ་སྐྱེས་པའི་གཉེན་པོར་དེ་བཞིན་གཤེགས་པ་སྟོན་པ་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སྟོབས་ཀྱི་མཐུ་ཐོབ་པ་རྣམས་ཀྱང་འདུལ་བའི་དབང་གི་ཕྱིར་ཕྱག་དར་ཁྲོད་པར་འགྱུར་གྱི། དམན་པ་ལ་མོས་པའི་ཕྱིར་མ་ཡིན་ཏེ། རིགས་ཀྱི་བུ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ ཕྱག་དར་ཁྲོད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོག་ཤེས་པ་ ༄༅། །རྣམས་ཡིན། འདོད་པ་ཆུང་བ་རྣམས་ཡིན། ཀུན་ཏུ་བཙལ་བ་དང་བྲལ་བ་རྣམས་ཡིན། གསོག་པ་དང་བྲལ་བ་རྣམས་ཡིན། བསགས་པ་ཆུད་ཟོས་པ་དང་བྲལ་ བ་རྣམས་ཡིན། བསགས་པ་ཆུད་ཟོས་པའི་སྡུག་བསྔལ་དང་བྲལ་བ་རྣམས་ཡིན། ཡིད་མི་བདེ་བ་དང་བྲལ་བ་རྣམས་ཡིན། འཁྲུག་པ་དང་བྲལ་བ་རྣམས་ཡིན། ལེན་པ་མེད་ པ་རྣམས་ཡིན། ཟག་པ་ཟད་པར་བྱ་བའི་ཕྱིར་ཞུགས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཆོས་གོས་ངན་ངོན་གྱིས་ཆོག་ཤེས་ཤིང་འདོད་པ་ཆུང་བ་ཡིན། དེ་འདོད་པ་ཆུང་བས་ན་ཀུན་ཏུ་ཚོལ་བ་མེད་པ་ཡིན། ཀུན་ཏུ་ཚོལ་བ་མེད་པས་ན་གསོག་པ་མེད་པ་ཡིན། གསོག་པ་མེད་པས་ན་བསགས་པ་ཆུད་ཟ་བ་མེད་པ་ཡིན། བསགས་ པ་ཆུད་ཟ་བ་མེད་པས་ན་བསགས་པ་ཆུད་ཟོས་པ་ལས་བྱུང་བའི་སྡུག་བསྔལ་མེད་པ་ཡིན། སྡུག་བསྔལ་མེད་པས་ན་ཡིད་མི་བདེ་བ་མེད་པ་ཡིན། ཡིད་མི་བདེ་བ་མེད་པས་ན་ འཁྲུག་པ་མེད་པ་ཡིན། འཁྲུག་པ་མེད་པས་ན་ལེན་པ་མེད་པ་ཡིན། ལེན་པ་མེད་པས་ན་ཟག་པ་ཟད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་ དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་གོས་གསུམ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིང་པ་ཅན་རྣམས་ཡིན་ནོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཀྱི་བསམ་པས་མི་འགྲོ་སྟེ། དེའི་ཕྱིར་ཕྱིང་པ་ཅན་ཞེས་བྱའོ། །དེ་བཞིན་དུ་ཞེ་སྡང་གི་བསམ་པས་མི་འགྲོ། གཏི་མུག་གི་བསམ་པས་མི་འགྲོ་ ཁྲོ་བ་དང་གནོད་སེམས་ཀྱི་བསམ་པས་མི་འགྲོ། ཕྲག་དོག་དང་སེར་སྣའི་བསམ་པས་མི་འགྲོ། ང་རྒྱལ་གྱི་བསམ་པས་མི་འགྲོ། གྲགས་པ་འདོད་པའི་བསམ་པས་མི་འགྲོ། ཤེས་ ཀྱི་ཁེ་འདོད་པའི་བསམ་པས་མི་འགྲོ། རྙེད་པ་དང་བཀུར་སྟི་འདོད་པའི་བསམ་པས་མི་འགྲོ་ཞིང་བདུད་ལ་མི་འདུད། དགའ་བར་བྱས་ནས་སྙེམས་པ་མ་ཡིན་ཏེ། དེའི་ཕྱིར་ཕྱིང་པ་ ཅན་ཞེས་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཕྱིང་པ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ བསོད་སྙོམས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ལ་ཕན་པར་ཞུགས་པ་རྣམས་ཡིན། མཐར་གྱིས་བསོད་སྙོམས་ལེན་པ་རྣམས་ཡིན། ཡོངས་སུ་ ཡི་ཆད་པ་མེད་པའི་རང་བཞིན་ཅན་རྣམས་ཡིན། ཆོག་ཤེས་པ་རྣམས་ཡིན། བགོ་བཤའ་བྱེད་པའི་ངང་ཚུལ་ཅན་རྣམས་ཡིན། མ་ཆགས་པ་རྣམས་ཡིན། བསོད་སྙོམས་བཟའ་བ་ ལ་ཚོད་ཤེས་པ་རྣམས་ཡིན། དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པ་རྣམས་ཡིན། དགེ་བའི་རྩ་བ་ཤིན་ཏུ་ཡོངས་སུ་བསྡུས་པ་རྣམས་ཡིན། རིལ་པོའི་འདུ་ཤེས་མེད་པ་རྣམས་ ༄༅། །ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་ཞུགས་པ་ཡིན་པ་ནས་ཇི་ལྟར་ན། རིལ་པོའི་འདུ་ཤེས་མེད་པའི་བར་ དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དགེ་བའི་རྩ་བ་ཆུང་བ་དང༌། དགེ་བའི་རྩ་བ་ཆུང་དུ་དང་ལྡན་པ་སྡུག་བསྔལ་པ་དག་མཐོང་ན། སེམས་ཅན་ དེ་དག་ལ་ཕན་པར་བྱ་བའི་ཕྱིར་བསོད་སྙོམས་པའི་ཡི་དམ་འཛིན་ཏེ། དེ་ནམ་གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་ཏུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་དེའི་ཚེ་དྲན་པ་ཤིན་ཏུ་ཉེ་བར་ བཞག་པ་དང༌། སྤྱོད་ལམ་མཛེས་པས་དབང་པོ་མི་གཡོ་བ་དང༌། དབང་པོ་མི་རྒོད་པ་དང༌། དབང་པོ་དུལ་བ་དང༌། གཉའ་ཤིང་གང་ཙམ་དུ་ལྟ་བ་དང༌། དགེ་བའི་ཆོས་རྣམས་ལ་དྲན་ པ་ཤིན་ཏུ་ཉེ་བར་བཞག་ཅིང་བསོད་སྙོམས་ཀྱི་ཕྱིར་འགྲོའོ། །དེ་བསོད་སྙོམས་ཀྱི་ཕྱིར་འགྲོ་ན་དེ་བསོད་སྙོམས་མཐར་གྱིས་ལེན་པ་ཡིན་ཏེ། མགོ་འཕང་བསྟོད་ཅིང་བྲམ་ཟེའི་ རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། རྒྱལ་རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། ཁྱིམ་བདག་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་འབྱོར་པ་དག་ ཏུ་མི་འཇུག་གི །མཐའ་གཅིག་ནས་བཟུང་སྟེ་ན་མ་དེའི་དོན་གྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དེ། གཞན་དུ་ན་གནས་གང་ན་ཁྱི་ཟ་བའམ། བ་དྲུས་མའམ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱིས་ངང་ཚུལ་ངན་པའི་སྲོག་ཆགས་སམ། བུད་མེད་དང༌། སྐྱེས་པ་དང༌། ཁྱེའུ་དང༌། བུ་མོ་ཀྱལ་ཀ་བྱ་བའི་བསམ་པ་ཅན་དག་ཡོད་ པའམ༑ སྨད་པའི་གནས་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། དེ་མཐར་གྱིས་བསོད་སྙོམས་ལ་འགྲོ་ན་ཡོངས་སུ་ཡི་མི་ཆད་ཅིང་ཀུན་ནས་ཉོན་མོངས་པ་མེད་ལ། སེམས་ ཅན་དེ་དག་ལ་ཆགས་པའང་མི་སྐྱེད། ཁོང་ཁྲོ་བའང་མི་སྐྱེད་དེ། ཡོངས་སུ་ཡི་ཆད་པ་མེད་པས་སོ་སོ་ཅི་རིགས་པའི་བསོད་སྙོམས་ངན་ངོན་གྱིས་ཆོག་ཤེས་པ་ཡིན་ཏེ། དེས་བསོད་སྙོམས་ དེ་བླངས་ནས་བདག་གི་གནས་སུ་འོངས་ཏེ་ལྷུང་བཟེད་དང༌། ཆོས་གོས་བཞག །རྐང་ལག་བཀྲུས་ཏེ། དེ་བཞིན་གཤེགས་པའི་གཟུགས་སམ། དེ་བཞིན་གཤེགས་པའི་མཆོད་ རྟེན་རྣམས་ལ་བཀུར་སྟི་དང༌། རིམ་གྲོ་བྱས་ཏེ་གནས་སུ་སོང་ནས་བསོད་སྙོམས་དེ་ལས་ཆ་གཅིག་ནི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་གཞོག་གོ །གཉིས་པ་ནི། སྡུག་བསྔལ་བ་རྣམས་ཀྱི་ཕྱིར་གཞོག་གོ། གསུམ་པ་ནི། སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་ཕྱིར་གཞོག་གོ །ཆ་བཞི་པ་ནི། བདག་ཟ་སྟེ། དེ་ཟ་བ་ན་འདོད་ཆགས་མེད་ པར་ཟ་སྟེ། ཆགས་པར་མ་ཡིན། བརྐམ་པར་མ་ཡིན། ཞེན་པར་མ་ཡིན་གྱི། གཞན་དུ་ན་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དང༌། འཚོ་བར་བྱ་བའི་ཕྱིར་ཟ་སྟེ། ཇི་ལྟར་ཧ་ ༄༅། །ཅང་ཡང་ཉམས་དམའ་བ་དང༌། ཧ་ཅང་ཡང་ལུས་ལྕི་བར་མི་འགྱུར་བ་ལྟར་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམས་དམས་ན་ནི། དགེ་བའི་ཕྱོགས་ ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ལུས་ཧ་ཅང་ལྕིས་ན་ནི། གཉིད་ཀྱིས་ནོན་པར་འགྱུར་རོ། །དེས་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ དང༑ བརྩོན་འགྲུས་བརྩམས་པ་དང༌། ལེ་ལོ་མེད་པ་དང༌། སྙོམ་པ་མེད་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་ཡོངས་སུ་འདུས་པས་བདག་ཏུ་འཛིན་པ་མེད་པ་ཡིན། བདག་ཏུ་འཛིན་པ་མེད་པས་བདག་གི་ཤས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡིན་ནོ། །རིགས་ཀྱི་ བུ༑ ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསོད་སྙོམས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྟན་གཅིག་ པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བདུད་ཐམས་ཅད་ཀྱིས་བསྡིགས་ཀྱང་བྱང་ཆུབ་ཀྱི་སྙིང་པོའི་སྟན་གཅིག་ལས་མི་གཡོ་བ་རྣམས་ཡིན། འཇིག་རྟེན་ ལས་འདས་པའི་བསམ་གཏན་ལས་མི་གཡོ་བ་རྣམས་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་ལས་མི་གཡོ་བ་རྣམས་ཡིན། འཇིག་རྟེན་ལས་འདས་པའི་ཡེ་ ཤེས་ལས་མི་གཡོ་བ་རྣམས་ཡིན། སྟོང་པ་ཉིད་ལས་མི་གཡོ་བ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་མི་གཡོ་བ་རྣམས་ ཡིན༑ ལམ་ལས་མི་གཡོ་བ་རྣམས་ཡིན། ཡང་དག་པའི་མཐའ་ལས་མི་གཡོ་བ་རྣམས་ཡིན། དེ་བཞིན་ཉིད་ལས་མི་གཡོ་བ་རྣམས་ཡིན། ཐམས་ཅད་མཁྱེན་པ་ཉིད་ཀྱི་ སྟན་ལས་མི་གཡོ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། སྟན་གཅིག་པོ་ནི། འདི་ཡིན་ཏེ། དེ་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟན་ནོ། །རིགས་ཀྱི་བུ། སྟན་གཅིག་པོ་ནི། འདི་ཡིན་ཏེ། དེ་ནི། ཆོས་ཀྱི་སྟན་ནོ། །སྟན་དེ་ལས་བྱང་ཆུབ་སེམས་དཔའ་དེ་དག་མི་གཡོ་སྟེ། དེ་བས་ན། སྟན་གཅིག་པ་ཞེས་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ ལྡན་ན། བྱང་ཆུབ་སེམས་དཔའ་སྟན་གཅིག་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཟས་ཕྱིས་མི་ལེན་པ་རྣམས་ཡིན་ནོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་བརྐམ་པའི་རང་བཞིན་ཅན་རྣམས་ཡིན། མི་ཆགས་པའི་རང་བཞིན་ཅན་རྣམས་ཡིན། དེ་དག་གིས་ནམ་ཚོད་བཟུང་བར་གྱུར་པ་དེའི་ཚེ་ཉི་ཚོད་ ཡོད་དམ་མེད་ཀྱང་རུང་སྟེ། དེ་དག་གི་ལུས་སྟོན་པའི་ཡོ་བྱད་འདི་ལྟ་སྟེ། མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་མམ། རྩ་བའི་ཁུ་བའམ། སྡོང་པོའི་ཁུ་བའམ། ༄༅། །འབྲས་བུའི་ཁུ་བ་དེ་ལྟ་བུ་དག་བཟར་མི་རུང་ངོ༌། །གཞན་ཟ་བ་མཐོང་ནའང་ཁོང་ཁྲོ་བའི་སེམས་དང༌། འཇུངས་པའི་སེམས་ཀྱང་མི་སྐྱེད་དོ། །ཡང་གལ་ཏེ་ ཟས་ཕྱིས་མི་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟ་བུའི་ནད་ཀྱིས་སྲོག་གི་བར་ཆད་དུ་འགྱུར་བའམ། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་ཏེ་ནད་ཚབས་ཆེ་ན། དེས་འགྱོད་ པ་མེད་ཅིང་ཐེ་ཚོམ་མེད་པར་བྱས་ལ་སྨན་ཡིན་པར་སེམས་ཉེ་བར་བཞག་པས་སྤྱད་པར་བྱ་སྟེ། རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཟས་ཕྱིས་མི་ལེན་པ་ རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཟས་ཕྱིས་མི་ལེན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ ཆུབ་སེམས་དཔའ་དགོན་པ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཡིན། འདུལ་བ་ལ་མཁས་པ་རྣམས་ ཡིན༑ དབང་པོ་མ་ཉམས་པ་རྣམས་ཡིན། མང་དུ་ཐོས་པ་རྣམས་ཡིན། ནུས་པ་རྣམས་ཡིན། བདག་ཏུ་འཛིན་པའི་འཇིགས་པ་དང་བྲལ་བ་རྣམས་ཡིན། རི་དྭགས་དང་འདྲ་ བ་རྣམས་ཡིན། ལུས་ཀྱི་མཐའ་བསྲིངས་པ་རྣམས་ཡིན། དབེན་པ་ལ་མངོན་དུ་ཕྱོགས་པ་རྣམས་ཡིན། མི་དགའ་བ་དང་མ་འདྲེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་ལ་གནས་པ་ཡིན་པ་ནས་ཇི་ལྟར་ན། མི་དགའ་བ་དང་མ་འདྲེས་པའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཆོས་ཉིད་ལ་ མཁས་ཤིང་ཆོ་ག་དང༌། སྤྱོད་ཡུལ་དང༌། འགྲོ་བ་དང༌། ཕྱིར་འགྲོ་བ་ལ་མཁས་པས་གང་འདི་དེ་བཞིན་གཤེགས་པས་རྒན་རབས་དང༌། བར་མ་དང༌། གསར་བུ་རྣམས་ཀྱི་ བསླབ་པའི་ལམ་བསྟན་པ་དེ་ལ་འདི་ལྟ་སྟེ། དོན་དང༌། ཚིག་དང༌། འབྱུང་བ་ལ་མཁས་པ་དང༌། གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་མི་བཀྲི་བ་ཡིན་ནོ། །དེ་ལྟུང་བ་བྱུང་ ན་ལྟུང་བ་ལས་འབྱུང་བ་རབ་ཏུ་ཤེས་ཤིང་གནས་དེ་དག་ཀྱང་ཡོངས་སུ་སྤོང་ངོ༌། །གནས་དེ་དག་ལ་གུས་པ་བྱེད་ཅིང་འཆགས་པ་མང་བ་ཡིན་ནོ། །སྡིག་པ་དེ་ལ་སྨོད་ཅིང་འགྱོད་ དེ་མཐོལ་བར་བྱེད་དོ། །གནས་གང་དག་ཏུ་ལྟུང་བར་འགྱུར་བ་དེ་དག་ཀྱང་རབ་ཏུ་ཤེས། གང་དག་ཏུ་མི་འགྱུར་བ་དེ་དག་ཀྱང་རབ་ཏུ་ཤེས། གང་དག་ཏུ་ཆེན་པོར་འགྱུར་བ་ དང༑ གང་དག་ཏུ་འབྲིང་དང༌། གང་དག་ཏུ་ཆུང་དུར་འགྱུར་བ་དེ་དག་ཀྱང་རབ་ཏུ་ཤེས། གང་ལས་ཀྱི་རྣམ་པར་སྨིན་པའི་ཡུན་ཇི་སྲིད་པ་དེ་དག་ཀྱང་རབ་ཏུ་ཤེས། དེའང་ ༄༅། །ནན་ཏན་གྱིས་སྒྲུབ་བོ། །དེ་མིག་གི་དབང་པོ་མ་ཉམས་པ་དང༌། རྣ་བའི་དབང་པོ་མ་ཉམས་ཤིང་ཡན་ལག་དང་ཉིད་ལག་ཐམས་ཅད་མ་ཉམས་པར་དགོན་ཕན་ གནས་ཏེ། གནས་གང་ན་འཚོ་བ་མེད་པའི་གནས་དེ་དག་ཏུ་གནས་སོ། །གནས་གང་དག་ན་བསོད་སྙོམས་བླང་བའི་སྤྱོད་ཡུལ་དང་ཧ་ཅང་ཡང་མི་རིང༌། ཧ་ཅང་ཡང་མི་ཉེ་ བ་དང༌། གནས་གང་དག་ན་ཆུ་དང་ཞིང་རྙོག་པ་མེད་པ། གཙང་ཞིང་དྲི་མ་མེད་པ། ཚེགས་ཆུང་བ་ཡོད་པ་དང༌། གནས་གང་ན་ཤིང་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་ སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ལོ་མ་ཕུན་སུམ་ཚོགས་པ། གཅན་གཟན་ཁྲོ་བོ་མེད་པ། ཕུག་དང་ལྡན་པ། སྨན་གཤོང་དང་ལྡན་པ། ཐག་ཐུག་མེད་ པ༑ འགྲོ་ན་བདེ་བ། ཞི་བ། གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ། །དེ་གནས་དེ་དག་ན་གནས་ཤིང་གང་དེས་སྔོན་བླགས་པ་དང༌། སྔོན་ཐོས་པ་དེ་ཉིན་ལན་ གསུམ་མཚན་ལན་གསུམ་དུ་སྒྲ་ཧ་ཅང་ཡང་མི་ཆེ། ཧ་ཅང་ཡང་མི་ཆུང་བ་དང༌། དབང་པོ་མི་རྒོད་ཅིང་ཕྱིར་རོལ་ཏུ་མ་སོང་བའི་སེམས་ཀྱིས་དད་པས་ཉེ་བར་འཚོ་ཞིང་ཚིག་ཉེ་ བར་བཟུང་སྟེ་མཚན་མ་འཛིན་ཅིང་གཉིད་ཀྱིས་མ་ལོག་པར་ཁ་ཏོན་བྱེད་དོ། །གལ་ཏེ་དགེ་སློང་དགོན་པ་པའི་དྲུང་དུ་རྒྱལ་པོའམ། བློན་པོ་ཆེན་པོའམ། དེ་མ་ཡིན་པ་གཞན་ བྲམ་ཟེའམ། རྒྱལ་རིགས་སམ། གྲོང་པའམ། ཡུལ་གྱི་མི་དག་འོངས་ན། དེ་དེ་དག་ལ་གུས་པར་ལེགས་པར་འོངས་སོ། །ཞེས་བརྗོད་པར་བྱ་སྟེ། དེས་རྒྱལ་པོ་ཆེན་པོ་ཇི་ལྟར་གདན་བཏིང་ པ་ལ་བཞུགས་ཤིག །ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་ནས་གཉི་གའང་འདུག་པར་བྱའོ། །དེ་སྟེ་མི་འདུག་ན་གཉི་གའང་མི་འདུག་པར་བྱའོ། །གལ་ཏེ་དབང་པོ་རྒོད་པར་གྱུར་ན། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་ཕྱོགས་ན་དགེ་སློང་དང༌། བྲམ་ཟེ་རྣམས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། མང་དུ་ཐོས་པ་དག་མི་རྒོད་དང༌། སྤྲེའུ་རྣམས་ཀྱིས་མ་ གཙེས་པར་གནས་པ་དེ་ནི། རྙེད་པ་ལེགས་པར་རྙེད་དོ། །ཞེས་བསྟོད་པར་བྱའོ། །དེ་སྟེ་བརྟན་ཞིང་དུལ་ལ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ། ཆོས་བསྟན་པར་རུང་ན། དེ་ལ་ཆོས་ སྣ་ཚོགས་བསྟན་པར་བྱའོ། །དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་དགའ་ན། དེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ། །དེ་སྟེ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པ་ལ་ མི་དགའ་ན། དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་རྒྱ་ཆེ་བ། རྒྱ་ཆེ་བ་དག་བསྟན་པར་བྱའོ། །བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་དག་འོངས་ནའང་ཅི་ རིགས་པར་བྱ་བ་དག་བྱའོ། །དེ་དེ་ལྟར་མང་དུ་ཐོས་པས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཡིན་ཏེ། སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང༌། དད་པ་ ༄༅། །དང༑ རངས་པ་འཐོབ་པར་འགྱུར་རོ། །ཉོན་མོངས་པ་ཀུན་ནས་ལངས་པ་རྣམས་ཀྱི་གཉེན་པོའང་ནུས་པ་ཡིན་ནོ། །མང་དུ་ཕོས་པའི་སྟོབས་བསྐྱེད་པས་བདག་ ཏུ་འཛིན་པ་དང་བྲལ་བ་ཡིན་ནོ། །དེ་བདག་ཏུ་འཛིན་པའི་འཇིགས་པ་དང་བྲལ་བས་དགོན་པ་དེ་ན་མི་འཇིགས། མི་སྐྲག །མི་དངང༌། བག་ཚ་བ་མེད་ཅིང༌། རབ་ཏུ་དབེན་པ་ལ་ མངོན་དུ་ཕྱོགས་པར་གྱུར་ཏེ་གནས་སོ། །དེ་དགོན་པ་དེ་ན་དབེན་པ་ལ་མངོན་དུ་ཕྱོགས་ཤིང་འདུ་འཛི་མེད་པར་གནས་པས་རི་དྭགས་དང་འདྲ་བ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་ སེམས་དཔའ་དགོན་པ་པ་ནི། རི་དྭགས་ལྟར་རྟག་ཏུ་འཇིགས་པ་མ་ཡིན་ཏེ། དེ་ལ་རི་དྭགས་ཀྱི་ཉེས་པ་ཡང་མེད་མོད་ཀྱི། ཇི་ལྟར་རི་དྭགས་དག་བདག་འདིའི་ལན་བོན་གྱི། སྲོག་ གི་བར་ཆད་དུ་འགྱུར་དུ་འོང་ངོ༌། །ཞེས་ཡུལ་དང་ཡུལ་གྱི་ཕྱོགས་རིང་པོ་བས་ཀྱང་རིང་པོར་སྤོང་བ་འདི་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བདག་འདིའི་ལན་བོན་གྱི། ཡི་དམ་ གྱི་བར་ཆད་དམ། སེམས་གཡེང་བར་གྱུར་ན་མི་རུང་ངོ༌། །ཞེས་བུད་མེད་དང༌། སྐྱེས་པ་དང༌། ཁྱེའུ་དང༌། བུ་མོ་རྣམས་དང་འདུ་འཛི་མི་བྱེད་ཅིང་འདུ་འཛི་དག་ཐག་རིང་པོ་ བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ༌། །དེ་དེ་ལྟར་ཐག་བསྲིངས་ཏེ་གནས་པས་དབེན་པ་ལ་མངོན་པར་ཕྱོགས་པ་ཡིན། དེ་རབ་ཏུ་དབེན་པ་ལ་མངོན་དུ་ཕྱོགས་པས་དགོན་ པ་དེ་ལ་ཡོན་ཏན་དུ་ལྟ་བ་དང༌། ཞི་བར་ལྟ་བ་ཡིན། དེ་ཡོན་ཏན་དུ་ལྟ་ཞིང་ཞི་བར་ལྟ་བས་ན། མི་དགའ་བ་དང་མི་འདྲེའོ། །མི་དགའ་བ་དང་མ་འདྲེས་པས་ན། དགོན་པའི་ཆོས་རྣམས་ ཡང་དག་པར་བླངས་ནས་སྤྱོད་དེ། དེ་ལྟར་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་ལ་གནས་པ་ནས་མི་དགའ་བ་དང་མ་འདྲེས་པའི་བར་དུ་ཡིན་ ནོ༑ ༑རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དགོན་པ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཤིང་ དྲུང་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གྲོང་དང་ཧ་ཅང་ཉེ་བའི་ཤིང་དྲུང་དུ་མི་རྟེན། གྲོང་དང་ཧ་ཅང་རིང་བའི་ཤིང་དྲུང་དུ་མི་རྟེན། ལྡམ་ལྡུམ་ཚེར་མ་ཅན་གྱིས་ གང་བའི་ཤིང་དྲུང་དུ་མི་རྟེན། ཤིང་མ་ལུ་ཏ་དང༌། ཀ་བྱ་ཀ་ཙུའི་འཁྲི་ཤིང་གིས་གང་བའི་ཤིང་དྲུང་དུ་མི་རྟེན། ཤིང་ལོ་མ་བསྐམས་པའི་ཤིང་དྲུང་དུ་མི་རྟེན། སྤྲེའུ་གནས་ པའི་ཤིང་དྲུང་དུ་མི་རྟེན། བྱ་གནས་པའི་ཤིང་དྲུང་དུ་མི་རྟེན། གཅན་གཟན་ཁྲོ་བོ་གནས་པའི་ཤིང་དྲུང་དུ་མི་རྟེན། འགྲོན་པོ་གནས་པའི་ཤིང་དྲུང་དུ་མི་རྟེན། མི་གཡོན་ཅན་ གནས་པའི་ཤིང་དྲུང་དུ་མི་རྟེན་གྱི། གང་ན་ལུས་བག་ཡངས་ཤིང་སེམས་དགའ་བར་འགྱུར་བའི་ཤིང་དྲུང་དེ་ལྟ་བུར་རྟེན་ཏོ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན་ ༄༅། །བྱང་ཆུབ་སེམས་དཔའ་ཤིང་དྲུང་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བླ་གབ་མེད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ ན༑ འདི་ལྟ་སྟེ། དགུན་ནམ། དཔྱིད་དམ། དབྱར་རམ། སྟོན་ཡང་རུང་སྟེ། རྩིག་དྲུང་ན་མི་གནས། ཤིང་དྲུང་ན་མ་ཡིན། སོག་མ་སྤུབས་པར་མ་ཡིན། རིའི་སྨན་གཤོང་དུ་མ་ཡིན། ཆུ་ལྐོག་ཏུ་མ་ཡིན། གྲང་བ་སྐྱོབ་པར་ཡང་མི་བྱེད། རླུང་སྐྱོབ་པར་མ་ཡིན། ཆར་སྐྱོབ་པ་མ་ཡིན། ཉི་མ་སྐྱོབ་པ་མ་ཡིན། བ་མོའི་སྐྱབས་ཀྱང་མི་བྱེད་ཀྱི། གཞན་དུ་ན་གལ་ཏེ་བྱང་ ཆུབ་སེམས་དཔའ་བླ་གབ་མེད་པ་པ་ནམ་ལུས་ཀྱིས་མི་ནུས་པར་གྱུར་ན། དེས་གཙུག་ལག་ཁང་དུ་གནས་ཏེ་ཉོན་མོངས་པའི་གཉེན་པོའི་ཕྱིར་དེ་བཞིན་གཤེགས་པས་སྦྱངས་པའི་ ཡོན་ཏན་བཅས་ཏེ། ཅི་ནས་ཀྱང་བདག་གཙུག་ལག་ཁང་ན་གནས་བཞིན་དུ་ཉོན་མོངས་པ་རྣམས་སྤོང་བར་འབད་པ་དེ་ལྟར་བྱའོ། །ཞེས་སེམས་བསྐྱེད་པར་བྱའོ། །གཙུག་ལག་ ཁང་དེ་ལའང་ཆགས་པ་མི་སྐྱེད་དེ་ཞེན་པར་ཡང་མ་ཡིན་ནོ། །དེའང་འདི་ལྟར་སེམས་ཏེ། སྦྱིན་པའི་བདག་པོ་རྣམས་ལ་ཕན་གདགས་པར་བྱའི། བདག་ཅག་གིས་བདག་ཉིད་ གསོ་བར་མི་བྱའོ་སྙམ་སྟེ། དེ་རྟག་ཏུ་རྒྱུན་མི་ཆད་པར་བླ་གབ་མེད་པའི་འདུ་ཤེས་ཉེ་བར་འཇོག་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་བླ་གབ་མེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དུར་ཁྲོད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་གང་ན་གནས་ཀྱང་ རུང༑ སྐྱོ་བ་མེད་པ་རྣམས་ཡིན། དེ་དག་ཤི་བའི་འདུ་ཤེས་རྟག་ཏུ་རྒྱུན་མི་འཆད་པར་ཉེ་བར་གཞོག་པ་ཡིན། དེ་དག་རྣམ་པར་ཟོས་པར་འདུ་ཤེས་པ་དང༌། རྣམ་པར་དམར་བར་འདུ་ ཤེས་པ་དང༌། རྣམ་པར་སྡོས་པར་འདུ་ཤེས་པ་དང༌། རྣམ་པར་དུལ་བར་འདུ་ཤེས་པ་དང༌། རྣམ་པར་བམ་པར་འདུ་ཤེས་པ་དང༌། རྣམ་པར་ཚིག་པར་འདུ་ཤེས་པ་དང༌། རྣམ་པར་འཐོར་བར་ འདུ་ཤེས་པ་དང༌། ཀེང་རུས་སུ་འདུ་ཤེས་པ་རྟག་ཏུ་རྒྱུན་མི་འཆད་པར་ཉེ་བར་གཞོག་པ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དུར་ཁྲོད་པས་ནི། བྱམས་པའི་སེམས་སུ་བྱའོ། ། ཕན་པའི་སེམས་དང༌། སེམས་ཅན་ལ་སྙིང་བརྩེ་བ་དང༌། ཚུལ་ཁྲིམས་དང༌། གཙང་སྦྲའི་ཆོ་ག་དང་ལྡན་ཞིང་ཤ་དང་འབགས་པ་མེད་པར་བྱའོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། དུར་ ཁྲོད་ཀྱི་གམ་ཡོན་ནི། བྱང་ཆུབ་སེམས་དཔའ་ཤ་ཟ་བ་མཐོང་ན་མ་དད་པ་སྐྱེ་ཞིང་གཙེ་བར་སེམས་པའི་མི་མ་ཡིན་པ་དག་གནས་པ་ཡོད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ དུར་ཁྲོད་པས་གཙུག་ལག་ཁང་དུ་ཞུགས་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བྱས། དགེ་སློང་རྒན་རབས་རྣམས་ལ་ཕྱག་བྱས་ཏེ། གསར་བུ་རྣམས་ཀྱང་དགའ་བར་བྱས་ ༄༅། །ལ་འགྲེང་སྟེ་འདུག་པར་བྱའོ། །དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱའོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཡིད་དང་སྦྱར་ བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དུར་ཁྲོད་པ་ནི། འཕགས་པ་མ་ཡིན་པའི་འཇིག་རྟེན་དང་མི་མཐུན་གྱི། འཕགས་པ་དང་ནི། མི་མཐུན་པ་མེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ དུར་ཁྲོད་པ་གང་ཟག་གི་མལ་སྟན་ལ་བདར་ན། དེས་ཅི་ནས་ཀྱང་འགྱོད་པར་མི་འགྱུར་ལ། གཞན་གྱིས་ཀྱང་དཔྱ་བར་མི་འགྱུར་བར་ཤིན་ཏུ་རྟོགས་པར་བྱས་ལ། དགེ་སློང་དེའི་ བསམ་པའང་ཤེས་ནས་གདོད་སྟན་དེ་ལ་གདོལ་བུ་དང་འདྲ་བར་དམའ་བའི་སེམས་ཀྱིས་སྟན་དེ་ལ་འདུག་པར་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་ སེམས་དཔའ་དུར་ཁྲོད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཙོག་པུ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ཡོངས་ སུ་གདུང་བར་བྱ་བའི་ཕྱིར་འདུག་པ་མ་ཡིན། སེམས་ཡོངས་སུ་གདུང་བར་བྱ་བའི་ཕྱིར་འདུག་པ་མ་ཡིན། གཉིད་ཀྱིས་ནོན་ཏེ་འདུག་པ་མ་ཡིན། ལུས་དུབ་པས་འདུག་པ་མ་ ཡིན་གྱི་བྱང་ཆུབ་སེམས་དཔའ་ཙོག་པུ་པ་འདུག་པ་ནི། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་བཀང་བའི་ཕྱིར་འདུག་གོ །སེམས་རྩེ་གཅིག་ཏུ་བྱ་བའི་ཕྱིར་འདུག་གོ །ལམ་མངོན་ དུ་བྱ་བའི་ཕྱིར་འདུག་གོ །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་བྱ་བའི་ཕྱིར་འདུག་གོ །སེམས་ཅན་ལ་ཕན་པའི་ཕྱིར་འདུག་གོ །ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་འདུག་གོ །རིགས་ ཀྱི་བུ༑ ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཙོག་པུ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་གཞི་ཇི་བཞིན་པ་རྣམས་ ཡིན་ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། མལ་སྟན་ལ་མ་ཆགས་པ་རྣམས་ཡིན། བདག་ཉིད་ཀྱང་མལ་སྙན་མི་འདིང༌། གཞན་ཡང་འདིང་དུ་མི་འཇུག །གདིང་བའི་ཕྱིར་བརྡ་མི་བྱེད་ ཅིང༑ གཞན་དུ་ན་ལོ་མས་གང་བའམ། རྩྭ་ས་གང་བའི་གནས་ཀྱང་རུང་སྟེ། གནས་དེ་དག་ཏུ་ཉལ་བར་བྱེད་ཅིང་ས་གང་གི་ཕྱོགས་ན་སྤྲུལ་གྱིས་གང་བའམ། སྦྲང་མ་དང༌། ཤ་ སྦྲང་གིས་གང་བའམ། ཁུང་མང་བ་དེ་དག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ༌། །དེ་དག་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་དེ། རྐང་པའི་སྟེང་དུ་རྐང་པ་བཞག་ནས་ ལུས་ཆོས་གོས་དག་གིས་ཤིན་ཏུ་གཡོགས་ཤིང་དྲན་པ་དང་ཤེས་བཞིན་དུ་སྣང་བའི་འདུ་ཤེས་དང༌། ལྡང་བའི་འདུ་ཤེས་སུ་ཉལ་བར་བྱེད་དེ། གཉིད་ཀྱིས་བདེ་བ་ལ་ཆགས་པར་ མི་བྱེད། སྙེས་པའི་བདེ་བ་ལའང་མ་ཡིན་ཏེ། གཞན་དུ་ན་དེ་དག་ཅི་ཅོམ་འབྱུང་བ་ཆེན་པོ་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་ལ། རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་ ༄༅། །པའི་ཕྱོགས་ལ་མངོན་དུ་ཕྱོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གཞི་ཇི་བཞིན་པ་རྣམས་ཡིན་ ནོ༑ ༑རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མི་སྡུག་པ་སྒོམ་པ་མང་བ་རྣམས་ ཡིན༑ བྱམས་པ་སྒོམ་པ་མང་བ་རྣམས་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་མང་བ་རྣམས་ཡིན། སྐྱོན་ལ་མཁས་པ་རྣམས་ཡིན། སྟོང་པ་ཉིད་སྒོམ་པ་མང་བ་ རྣམས་ཡིན། མཚན་མ་མེད་པ་སྒོམ་པ་མང་བ་རྣམས་ཡིན། རྣལ་འབྱོར་སྒོམ་པ་མང་བ་རྣམས་ཡིན། རྒྱུན་དུ་སྒོམ་པ་མང་བ་རྣམས་ཡིན། འགྱོད་པ་མེད་པ་རྣམས་ཡིན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་སྡུག་པ་སྒོམ་པ་མང་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་ དཔའ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་པར་བཞུགས་ནས་རབ་ཏུ་དབེན་པ་ལ་མངོན་དུ་ཕྱོགས་ཤིང་ཤིན་ཏུ་སྐྱོ་བའི་སེམས་ཀྱིས་ལུས་དྲང་པོ་དྲང་པོ་དང༌། ལུས་བགས་ ཀྱིས་གློད་པས་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ་ཕྱི་རོལ་ཏུ་མ་བྱུང་བའི་སེམས་ཀྱིས་དེ་འདི་སྙམ་དུ་སེམས་སོ། །ཇི་སྙེད་དུ་མིའི་ནང་ན་ཁ་ཟས་དང༌། ཟས་ སྐོམ་གཙང་མའང་རུང༌། བཟང་པོའང་རུང༌། ངན་པའང་རུང༌། རོ་ཕུན་སུམ་ཚོགས་པའང་རུང༌། རོ་ཆུང་བའང་རུང་སྟེ། དེ་ཐམས་ཅད་ལུས་ཀྱི་མེས་རེག་པ་དང༌། བཙོག་པར་འགྱུར་ཏེ། རུལ་ ཅིང་དྲི་ང་བ་དང༌། འཇིག་རྟེན་ཐམས་ཅད་དང་མི་འཕྲོད་པ་ཡིན་ན། དེ་ལ་བྱིས་པ་འདི་དག་ནི། ཤིན་ཏུ་ཞེན་ཅིང་རབ་ཏུ་ཆགས་སོ། །བདག་ཅག་ནི། འཕགས་པའི་ཆོས་འདུལ་བ་ལ་གནས་ ཏེ༑ ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ཏེ། འདི་འདྲ་བའི་ལུས་ལ་མ་ཞེན་མ་ཆགས་པར་བྱའོ། །དེའི་ཕྱིར་སྐྱོ་བའི་སེམས་ཀྱང་མི་བསྐྱོད་དོ་སྙམ་སྟེ། དེ་ ལྟར་ན། བྱང་ཆུབ་སེམས་དཔའ་མི་སྡུག་པ་སྒོམ་པ་མང་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་བྱམས་པ་སྒོམ་པ་མང་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་ དཔའ་གཅིག་པུ་འབྱུང་བར་འགྱུར་ཏེ་ནང་དུ་ཡང་དག་པར་བཞག་ནས་རབ་ཏུ་དབེན་པ་ལ་མངོན་དུ་ཕྱོགས་ཏེ་ཤིན་ཏུ་སྐྱོ་བའི་སེམས་ཀྱིས་ལུས་དྲང་པོ་དྲང་པོ་དང༌། ལུས་བགས་ཀྱིས་ གློད་པས་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ་ཕྱི་རོལ་ཏུ་མ་བྱུང་བའི་སེམས་ཀྱིས་འདི་སྙམ་དུ་སེམས་སོ། །སེམས་ཅན་གང་དག་ཁྲོ་བ་དང་གནོད་སེམས་མང་བ། མི་ དགེ་བའི་ལས་བྱེད་པ་རྣམས་དང༌། གང་རྣམས་བདག་ལ་རྒོལ་བ་དང༌། དགྲ་བོ་གཅུགས་མེད་པར་ཤར་གཉེར་བ་རྣམས་བྱུང་བའམ། འབྱུང་བར་འགྱུར་བའང་རུང་སྟེ། བདག་གིས་དེ་དག་ ༄༅། །ཐམས་ཅད་ཀྱི་ཁྲོ་བ་དང༌། གནོད་སེམས་རབ་ཏུ་ཞི་བར་བྱས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བྱའོ། །དེའང་ངག་ཙམ་གྱིས་མ་ཡིན་གྱི་བསམ་པ་ཐག་པས་སེམས་ ཏེ༑ དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱམས་པ་སྒོམ་པ་མང་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པ་མང་བ་ཡིན་ཞེ་ན། འདི་ལ་ བྱང་ཆུབ་སེམས་དཔའ་འདོད་ཆགས་སྐྱེས་པ་དང༌། ཁྲོ་བ་སྐྱེས་པ་དང༌། གནོད་སེམས་ཀྱི་སེམས་སྐྱེས་ན། འདི་སྙམ་དུ་སེམས་སོ། །ཆོས་འདི་སུ་ལ་སྐྱེ་བ་དེ་ཡང་རྟེན་ཅིང་འབྲེལ་ བར་འབྱུང་བའོ། །ཆོས་གང་སྐྱེ་བ་དེའང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྐྱེན་གང་དག་གིས་སྐྱེ་བ་དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ གསོག་དེ་དག་ལ་མཁས་པའི་རང་བཞིན་ཅན་སུ་ཞིག་བདག་ལ་རྨ་འབྱིན་སྙམ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པ་མང་བ་ཡིན་ནོ། །ཇི་ ལྟར་ན། བྱང་ཆུབ་སེམས་དཔའ་སྐྱོན་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་བདག་གི་རྒྱུད་ལ་སྐྱོན་ཡོད་པ་དེ་དག་སྤང་བའི་ཕྱིར་ནན་ཏན་བྱེད། གཞན་ གྱི་རྒྱུད་ལ་ཡོད་པ་མི་ནུས་པའི་རང་བཞིན་དེ་དག་ལའང་བཏང་སྙོམས་སུ་གནས་སོ། །སྐྱོན་དེ་དག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་རི་མོ་མི་བྱེད་པ་དང༌། ཆོས་དང༌། དགེ་འདུན་དང༌། བསླབ་པ་དང༌། འཕགས་པ་རྣམས་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྒན་རབས་དང༌། བར་མ་དང༌། གསར་བུ་རྣམས་ལ་རི་མོ་མི་བྱེད་པ་ནི། སྐྱོན་ནོ། །བདག་ལ་ རི་མོ་བྱེད་པ་དང༌། གཞན་ལ་བརྙས་པ་དང༌། ཡུལ་ལ་མངོན་དུ་ཕྱོགས་པ་དང༌། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། བདག་ཏུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། སྲོག་ཏུ་ལྟ་བ་དང༌། གང་ཟག་ཏུ་ལྟ་བ་དང༌། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། སྟོང་པ་ཉིད་དུ་འཛིན་པ་དང༌། རྟག་པར་འཛིན་པ་དང༌། མི་རྟག་པར་འཛིན་པ་དང༌། འཕགས་པ་ རྣམས་ལ་མཉེས་པར་མི་བྱེད་པ་དང༌། བྱིས་པའི་སྐྱེ་བོ་དང་སྟེན་པ་དང༌། ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་སྤོང་བ་དང༌། སེམས་ཅན་ངན་པའི་ངང་ཚུལ་ཅན་ལ་བསྙེན་བཀུར་བྱེད་པ་ དང༑ སྡིག་པའི་གྲོགས་པོ་ལ་སྟེན་པ་དང༌། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང༌། མདོ་སྡེ་ཟབ་མོ་སྤོང་བ་དང༌། མདོ་སྡེ་ཟབ་མོས་སྐྲག་པ་དང༌། སྙོམས་ལས་དང༌། ལེ་ལོ་ དང༑ བདག་ལ་བརྙས་པ་དང༌། གཟི་བརྗིད་ཆུང་བ་དང༌། སྤོབས་པ་མེད་པ་དང༌། གནས་མ་ཡིན་པ་ལ་འགྱོད་པ་དང༌། མི་འགྱོད་པ་ལ་འགྱོད་པ་དང༌། འགྱོད་པ་ལ་མི་འགྱོད་པ་དང༌། སྒྲིབ་ པ་ཀུན་ནས་ལྡང་བས་གླགས་པ་དང༌། གཡོ་སྒྱུས་བཅིངས་པ་དང༌། རྨུགས་ཤིང་གཉིད་ཀྱིས་ནོན་པ་དང༌། རྙེད་པ་དང༌། བཀུར་སྟི་འདོད་པ་དང༌། རུས་ལ་འདོད་ཆགས་པ་དང༌། རིགས་ ༄༅། །ལ་འདོད་ཆགས་པ་དང༌། ལྟ་བ་ལ་འདོད་ཆགས་པ་དང༌། ཡུལ་ལ་འདོད་ཆགས་པ་དང༌། འཁོར་ལ་འདོད་ཆགས་པ་དང༌། འཇིག་རྟེན་རྒྱང་པན་གྱི་གསང་ཚིག་ ལ་སྟེན་པ་དང༌། དམ་པའི་ཆོས་ལས་འབྱོལ་བ་དང༌། ཡི་དམ་འདོར་བ་དང༌། མི་དགེ་བ་དང་ལྡན་པ་དག་ལ་རྩོལ་བ་དང༌། དགེ་བ་དང་ལྡན་པ་དག་ལ་མི་རྩོལ་བ་དང༌། རབ་ཏུ་ བྱུང་བ་དང་སྡེ་བ་དང༌། སྐྱེས་པ་དང་སྡེ་བ་དང༌། བུད་མེད་དང་སྡེ་བ་དང༌། ཁྱེའུ་དང་བུ་མོ་དང་སྡེ་བ་དང༌། མུ་སྟེགས་ཅན་དང་སྡེ་བ་དང༌། དགོན་པ་ལ་མངོན་པར་མི་དགའ་བ་དང༌། ཟས་ཀྱི་ཚོད་མི་ཤེས་པ་དང༌། བླ་མའི་དྲུང་དུ་མི་འགྲོ་བ་དང༌། ཁ་ཏོན་གྱི་དུས་མི་ཤེས་པ་དང༌། སྤྱོད་ཡུལ་གྱི་གནས་མི་ཤེས་པ་དང༌། བསླབ་པ་ཕྲ་མོ་དག་ལ་གུས་པར་མི་བྱེད་པ་ དང༑ སྡིག་པ་ཆུང་ངུ་རྣམས་ལ་འཇིགས་པར་མི་ལྟ་བ་དང༌། དབང་པོ་གཏི་མུག་གིས་བསྒྲིབས་པ་དང་ལྡན་པ་དང༌། གཡེང་བ་ལ་དབང་པོ་གྲིམས་པ་དང༌། རྒོད་པར་སྤྱོད་པ་ དང༑ བཅོས་དཀའ་བ་དང༌། བཀའ་བློ་མི་བདེ་བ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བའི་གཟུགས་དག་ལ་མཚན་མ་དང༌། མངོན་རྟགས་སུ་འཛིན་པ་དང༌། ཁྲོ་བ་རྣམས་ ལ་སེམས་མི་བྱམས་པ་དང༌། སྡུག་བསྔལ་བ་རྣམས་ལ་སྙིང་མི་བརྩེ་བ་དང༌། ན་བས་སྐྱོ་བར་མི་བྱེད་པ་དང༌། ཤི་བས་མི་སྐྲག་པ་དང༌། ཀུན་ནས་འབར་བ་ལས་མི་འབྱུང་ བ་དང༌། ལུས་ལ་སོ་སོར་མི་རྟོག་པ་དང༌། ཚུལ་ཁྲིམས་ལ་སོ་སོར་མི་རྟོག་པ་དང༌། ཅི་བྱས་ཅི་བྱེད་ཅི་བྱ་ཞེས་སོ་སོར་མི་རྟོག་པ་དང༌། མི་བསམ་པ་ལ་སེམས་པ་དང༌། མི་རྟག་པ་ལ་ རྟོག་པ་དང༌། མི་སྨོན་པ་ལ་སྨོན་པ་དང༌། མི་འབྱུང་བ་ལ་འབྱུང་བར་འདུ་ཤེས་པ་དང༌། མི་དགའ་བ་ལ་དགའ་བར་འདུ་ཤེས་པ་དང༌། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང༌། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང༌། འཕྲལ་གྱི་བྱ་བ་ལ་ཆགས་པ་དང༌། བྱེད་པ་ངན་པས་གཡེང་བ་དང༌། དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤོང་བ་དང༌། ཐེག་པ་ཆེན་པོ་ལ་ མི་བསྔགས་པ་བརྗོད་པ་དང༌། ཉན་ཐོས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་པ་དང༌། ཐེག་པ་ཆེན་པོ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་མི་བསྔགས་པ་བརྗོད་པ་དང༌། ཉན་ ཐོས་ཀྱི་ཐེག་པ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་བསྔགས་པ་བརྗོད་པ་དང༌། རྩོད་པ་ལྷུར་བྱེད་པ་དང༌། འཐབ་པའི་ངང་ཚུལ་ཅན་དང༌། བརླང་བ་དང༌། རྩུབ་པ་དང༌། ཕོ་ཐེག་ཅན་དང༌། སྤྱི་རྟོལ་ཆེ་བ་དང༌། གཏུམ་པ་དང༌། གདུག་པ་དང༌། ངག་མི་སྙན་པ་དང༌། མུ་ཅོར་སྨྲ་བ་དང༌། མི་གཙིགས་པར་སྨྲ་བ་དང༌། ངན་དུ་སྨྲ་བས་སྨྲ་བ་དང༌། རྫུན་ཟེར་ བ་དང༌། སྤྲོས་པ་ལ་མངོན་པར་དགའ་བ་དང༌། སྤྲོས་པ་ལ་གཞོལ་བ་ནི། སྐྱོན་ནོ། །དེ་དེ་ལྟར་སྐྱོན་ལ་མཁས་པས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་ ༄༅། །སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་སྒོམ་པ་མང་བས་གནས་གང་དང་གང་དག་ལ་སེམས་འཇུག་ཅིང་སེམས་མངོན་པར་དད་པའི་གནས་ དེ་དང་དེ་དག་ལ་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་དེ་གང་ཡིན་པ་དེའང་ཡོངས་སུ་བརྟགས་ན་སྟོང་པའོ། །གང་གིས་བརྟགས་པ་དེ་ཡང་སྟོང་པར་ རྟོགས་སོ། །དེ་དེ་ལྟར་རྟོག་པས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་ལ་ནང་གི་མཚན་མ་གང་དང་གང་སྣང་བར་གྱུར་པ་དེ་དང་དེ་དག་མཚན་མ་མེད་པར་ བྱེད་དོ༑ ༑ཅི་ནས་ཀྱང་ལུས་མི་དམིགས་པ་དང༌། ལུས་ལ་དྲན་པ་ཉེ་བར་མི་འཇོག་པ་དང༌། ལུས་ལ་སེམས་མི་གཏོང་བ་དང༌། ཕྱི་རོལ་གྱི་མཚན་མ་རྣམས་མི་དམིགས་ པ་དང༌། ཕྱི་རོལ་གྱི་མཚན་མ་རྣམས་ལ་དྲན་པ་ཉེ་བར་མི་འཇོག་པ་དང༌། སེམས་མི་གཏོང་བ་དེ་ལྟར་མཚན་མ་མེད་པར་བྱེད་དེ། །དེ་ཕྱི་རོལ་གྱི་མཚན་མ་རྣམས་དང་བྲལ་ བ་དང༌། ལུས་ཀྱི་མཚན་མ་རྣམས་དང་བྲལ་བས་ནང་གི་མཚན་མ་རྣམས་སྤང་བའི་ཕྱིར་ཞུགས་ཏེ་སྒོམ་པ་ལ་མངོན་པར་དགའ་བ་བསྐྱེད་དོ། །དེ་སྒོམ་པ་མང་བས་རྟག་ཏུ་སྒོམ་ པ་ལ་བརྩོན་པ་ཡིན། རྒྱུན་མི་འཆད་པར་ཞི་གནས་དང༌། ལྷག་མཐོང་ལ་གནས་པས་གནས་པ་ཡིན། དེ་ལ་ཞི་གནས་ནི། སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སོ་སོར་རྟོག་པའོ། །དེ་སེམས་མཉམ་པར་བཞག་པས་འགྱོད་པ་མེད་ཅིང་རབ་ཏུ་དགའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚུལ་ཁྲིམས་ ཡོངས་སུ་དག་པའི་ཕྱིར་རོ། །ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། རྣལ་འབྱོར་སྤྱོད་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ལ་ནི། རྣལ་ འབྱོར་ཡང་དག་པར་འགྲུབ་བོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ནི། རྣལ་འབྱོར་ལ་སྤྱོད་དེ། དེ་བས་ན། རྣལ་འབྱོར་ལ་སྤྱོད་པ་རྣམས་ཞེས་བྱའོ། །རིགས་ཀྱི་བུ། ཆོས་བཅུ་ པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་མདོ་སྡེ་འཛིན་པ་རྣམས་ཡིན་ནོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཀུན་བསྲུང་བའི་ཕྱིར་ཐོས་པ་འཛིན་གྱི་ཟང་ཟིང་གི་ཕྱིར་མ་ཡིན་ནོ། །བསྟན་པ་ཀུན་བསྲུང་བའི་ཕྱིར་ཐོས་པ་འཛིན་གྱི་རྙེད་པའི་ཕྱིར་མ་ ཡིན་ནོ༑ ༑དཀོན་མཆོག་གསུམ་གྱི་རིགས་མི་འཆད་པའི་ཕྱིར་ཐོས་པ་འཛིན་གྱི་བཀུར་སྟིའི་ཕྱིར་མ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་རྗེས་ སུ་གཟུང་བའི་ཕྱིར་ཐོས་པ་འཛིན་གྱི་གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་ནོ། །མགོན་མེད་པའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཐོས་པ་ ༄༅། །འཛིན་ཏོ། །སྡུག་བསྔལ་བའི་སེམས་ཅན་རྣམས་ལ་བདེ་བར་བྱ་བའི་ཕྱིར་ཐོས་པ་འཛིན་ཏོ། །ཤེས་རབ་ཀྱི་མིག་དང་བྲལ་བའི་སེམས་ཅན་རྣམས་ཤེས་རབ་ཀྱི་ མིག་ཐོབ་པར་བྱ་བའི་ཕྱིར་ཐོས་པ་འཛིན་ཏོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ཐེག་པའི་ལམ་བསྟན་པའི་ཕྱིར་ཐོས་ པ་འཛིན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ལམ་བསྟན་པའི་ཕྱིར་ཐོས་པ་འཛིན་ཏོ། །བདག་ཉིད་ཀྱང་བླ་ན་མེད་པའི་ ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐོས་པ་འཛིན་གྱི་ཐེག་པ་ཆུང་ངུ་ལ་ནི། མི་སྨོན་ཏོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མདོ་སྡེ་ འཛིན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་རྣམས་ཡིན། བཅུ་གང་ཞེ་ན། འདི་ལྟ་སྟེ། འདུལ་བའང་རབ་ཏུ་ ཤེས༑ འདུལ་བའི་ཚུལ་ཡང་རབ་ཏུ་ཤེས། འདུལ་བ་ཟབ་པའང་རབ་ཏུ་ཤེས། འདུལ་བ་ཞིབ་པའང་རབ་ཏུ་ཤེས། རུང་བ་དང་མི་རུང་བའང་རབ་ཏུ་ཤེས། རང་བཞིན་གྱིས་ཁ་ ན་མ་ཐོ་བའང་རབ་ཏུ་ཤེས། བཅས་པའི་ཁ་ན་མ་ཐོ་བའང་རབ་ཏུ་ཤེས། སོ་སོར་ཐར་པའི་བསླབ་པའི་གླེང་གཞི་དང་འབྱུང་བའང་རབ་ཏུ་ཤེས། ཉན་ཐོས་ཀྱི་འདུལ་བའང་རབ་ ཏུ་ཤེས༑ བྱང་ཆུབ་སེམས་དཔའི་འདུལ་བའང་རབ་ཏུ་ཤེས་སོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་རྣམས་ཡིན་ནོ། །རིགས་ཀྱི་ བུ༑ ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོ་ག་དང༌། སྤྱོད་ཡུལ་དང༌། སྤྱོད་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ བསླབ་པ་དག་ལ་ཤིན་ཏུ་བསླབ་པ་རྣམས་ཡིན། རང་སངས་རྒྱས་ཀྱི་བསླབ་པ་དག་ལ་ཤིན་ཏུ་བསླབ་པ་རྣམས་ཡིན། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཤིན་ཏུ་བསླབ་པ་ རྣམས་ཡིན། དེ་དག་ཤིན་ཏུ་བསླབ་པས་ན། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་རྣམས་ཡིན། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པས་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ ཡིན་པའི་སྤྱོད་ཡུལ་རྣམས་ཡོངས་སུ་སྤོང༌། དེ་དག་དེའི་ཕྱིར་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པར་མི་སྤྱོད། དེ་དག་དགེ་སྦྱོང་གི་སྤྱོད་ཡུལ་ལ་སྤྱོད་པ་ ཕུན་སུམ་ཚོགས་པ་རྣམས་ཡིན་ཏེ། དགེ་སྦྱོང་ངམ། བྲམ་ཟེས་འདི་ལྟ་སྟེ། དོན་དང་མི་ལྡན་པ་དེ་དང༌། དེས་མཚང་འདྲུར་མེད་ལ་གཞན་དག་ཀྱང་བསླབ་པ་དེ་སྙེད་ལ་འཇོག་པར་ བྱེད་དོ༑ ༑དེ་དག་སྤྱོད་པ་ཕུན་སུམ་ཚོགས་པས་སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ་ཡིན། སྤྱོད་ལམ་རབ་ཏུ་ཞི་བས་སྤྱོད་ལམ་བཅོས་པ་མེད་པ་དང་ལྡན་པ་ཡིན་ནོ། །རིགས་ ༄༅། །ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོ་ག་དང༌། སྤྱོད་ཡུལ་དང༌། སྤྱོད་པ་དང༌། སྤྱོད་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །རིགས་ ཀྱི་བུ༑ ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེར་སྣ་དང་ཕྲག་དོག་དང་བྲལ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་ཀྱང་སྦྱིན་པའི་བདག་པོ་ ཡིན༑ གཞན་ཡང་སྦྱིན་པ་ལ་ཡང་དག་པར་འཛུད། སྦྱིན་པའི་བསྔགས་པ་སྨྲ་བ་རྣམས་ཡིན། གཞན་དག་གིས་སྦྱིན་པ་ལ་རྗེས་སུ་ཡི་རང་བར་བྱེད། སྦྱིན་པའི་བདག་པོ་གཞན་ དག་ལའང་གཟེངས་བསྟོད་ཅིང་རབ་ཏུ་དགའ་བར་བྱེད། གཞན་དག་ལ་བྱིན་ན་ཡང་འདི་སྙམ་དུ་བདག་ཅག་ལ་བྱིན་ཅིག་གཞན་ལ་ནི། མ་ཡིན་ནོ། །བདག་ཅག་གིར་ གྱུར་ལ༑ གཞན་དག་གིར་མ་གྱུར་ཅིག། ཅེས་སེམས་མི་སྐྱེད། འདི་སྙམ་དུ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་འཚོ་བའི་ཡོ་བྱད་དེ་དང་དེ་དག་ཐོབ་པར་གྱུར་ཅིག ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ལྡན་ཏེ་བདེ་བར་གྱུར་ཅིག། བདག་ཅག་གིས་ཀྱང་དེ་ཉིད་ཀྱི་དོན་དུ་འབད་པར་བྱ། བཙལ་བར་བྱའོ། བདག་ཅག་ གིས་དེར་སེར་སྣ་དང༌། ཕྲག་དོག་གི་སེམས་བསྐྱེད་པར་མི་བྱའོ། །ཞེས་སེམས་བསྐྱེད་དོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེར་སྣ་ དང་ཕྲག་དོག་དང་བྲལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ ན༑ འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སྙོམས་པར་སྤྱོད་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ལ་ གནོད་སེམས་མེད་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ནར་སྦྱིན་པ་དག་སྦྱིན། ཚུལ་ཁྲིམས་སྲུང༌། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་བསམ་ གཏན་དུ་བྱེད། ཤེས་རབ་སྒོམ། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་སྒྲུབ་མོད་ཀྱི། གཉིས་ལ་གནས་པའི་སེམས་ཀྱིས་སྒྲུབ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ མཐུན་མོང་གི་སེམས་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པས་སྒྲུབ་སྟེ། ཅི་ནས་ཀྱང་ཆོས་ཉིད་མྱུར་དུ་འཐོབ་པར་འགྱུར་བ་དེ་ལྟར་གྲུབ་བོ། །དེ་དག་འཁོར་བ་རབ་ཏུ་འབར་ བ་ནས་བདག་ཉིད་བྱུང་ནས་གཞན་དག་ཀྱང་འབྱིན་ཏེ། དེའང་མཉམ་པ་ཉིད་ཀྱི་སེམས་ཉེ་བར་བཞག་ཅིང་འབྱིན་གྱི་སྡུག་པའི་སེམས་ཀྱིས་མ་ཡིན་ཏེ། ཁོང་ཁྲོ་བས་མ་ཡིན་ནོ། །རིགས་ ཀྱི་བུ༑ འདི་ལྟ་སྟེ། དཔེར་ན། ཚོང་དཔོན་ནམ་ཁྱིམ་བདག་ལ་བུ་སྡུག་པ། ཕངས་པ། བྱམས་པ། ཡིད་དུ་འོང་བ་དྲུག་ཅིག་ཡོད་ལ། བུ་དེ་དག་ལ་ཚོང་དཔོན་ནམ་ཁྱིམ་བདག་དེ་ ༄༅། །མཚུངས་པར་བྱམས་ཤིང༌། མཚུངས་པར་སྦྱོར་བར་གྱུར་པ་ལས་དེའི་བུ་དེ་དག་བྱིས་པ་ཡིན་ཏེ། གོག་པ། མི་ཤེས་པ། མི་མཁས་པ་དག་ཅིག་ཡོད་ལ། དེ་ནས་ ཚོང་དཔོན་ནམ་ཁྱིམ་བདག་དེའི་ཁྱིམ་མེ་ཐར་ཏེ། དེའི་བུ་དེ་དག་ཀྱང་སོ་སོ་ན་འཁོར་བར་གྱུར་ནས་རིགས་ཀྱི་བུ། དེ་ཇི་སྙམ་དུ་སེམས། ཚོང་དཔོན་ནམ་ཁྱིམ་བདག་དེ་འདི་ ནི༑ སྔར་ཇེ་དབྱུང་ངོ༌། །དེ་ནས་ཕྱིས་འདི་དབྱུང་ངོ་སྙམ་དུ་དེ་ལྟར་སེམས་སམ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བས་གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཚོང་དཔོན་ནམ་ཁྱིམ་བདག་དེ་བུ་རྣམས་ལ་སེམས་སྙོམས་པས་དེ་གང་དང་གང་དག་ཇི་ལྟར་མཇལ་བ་དེ་དང་དེ་ དག་དེ་བཞིན་དུ་འབྱིན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་དུ་བྱིས་པ་ལྟ་བུའི་སེམས་ཅན་ཐམས་ཅད་ནི། བྱང་ཆུབ་སེམས་དཔའི་བུ་དང་ འདྲ་སྟེ༑ འཕགས་པ་རྣམས་ནི། མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་བྱིས་པ། མི་གསལ་བ། མི་མཁས་པ། འགྲོ་བ་དྲུག་སོ་སོ་ན་གནས་པ་དེ་དག་འཁོར་བའི་ཁྱིམ་མེ་ཐར་ པ་ནས་གང་དང་གང་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་བ་དེ་དང་དེ་ཉིད་དེ་ལྟར་འབྱིན་ཏོ། །ཕྱུང་ནས་ཀྱང་མྱ་ངན་ལས་འདས་པའི་དབྱིངས་ཞི་བར་རབ་ཏུ་གཞོག་གོ ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་མཆོད་པས་དེ་བཞིན་གཤེགས་ པ་ལ་མཆོད་པ་དང༌། བསྙེན་བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི། མ་ཡིན་ནོ། །ནན་ཏན་གྱིས་མཆོད་པ་དག་སེམས་ཅན་རྣམས་ལ་ཕན་ཞིང་བདེ་བར་བྱ་བ་དང༌། སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་དང༌། སེམས་ཅན་རྣམས་ཀྱི་དོན་ལ་ཞུགས་པ་དང༌། ཡི་དམ་མི་གཏོང་བ་དང༌། བྱང་ཆུབ་སེམས་དཔའི་ལས་མི་གཏོང་བ་དང༌། ཇི་ལྟར་སྨྲས་པ་བཞིན་དུ་བྱེད་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་དང༌། བྱང་ཆུབ་ཀྱི་སེམས་མི་གཏོང་བས་རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང༌། བསྙེན་ བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི། མ་ཡིན་ནོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི། ཆོས་ཀྱི་སྐུ་སྟེ། ཆོས་ལ་མཆོད་ན། དེ་བཞིན་ གཤེགས་པ་རྣམས་ལ་མཆོད་པར་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་ནི། ནན་ཏན་གྱིས་ཡང་དག་པར་གྲུབ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ ༄༅། །ཕན་ཞིང་བདེ་བ་དང༌། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྐྱེའོ། །རིགས་ཀྱི་བུ། སེམས་ཅན་གྱི་དོན་ དེའང་ཡི་དམ་བཏང་བ་དང༌། བྱང་ཆུབ་སེམས་དཔའི་ལས་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། བརྫུན་དུ་སྨྲ་བ་དང༌། སྨྲས་པ་ལས་ཉམས་པ་དང༌། དམ་བཅས་པ་ལས་ཉམས་པ་ དང༌། ཡིད་ཡོངས་སུ་སྐྱོ་བ་དང༌། བྱང་ཆུབ་ཀྱི་སེམས་དང་བྲལ་བས་ཡང་དག་པར་འཐོབ་པར་མི་ནུས་སོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། སེམས་ཅན་གྱི་དོན་ལ་རག་ལས་པ་སྟེ། གལ་ཏེ་སེམས་ཅན་རྣམས་མེད་ན། བྱང་ཆུབ་སེམས་དཔའ་རྣམས་མངོན་ པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་བས་ན། རིགས་ཀྱི་བུ། ཆོས་ལ་མཆོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་པ་ཡིན་གྱི། ཟང་ཟིང་ གི་མཆོད་པས་མ་ཡིན་པ་དེ་ལྟར་བལྟའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་ ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་བཅོམ་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། བྱང་ ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ་རབ་ཏུ་བྱུང་ནས་བདག་ནི། གྲོགས་པོ་དང༌། བློན་པོ་དང༌། གཉེན་བཤེས་དང༌། སྣག་གི་གཉེན་མཚམས་ཤིང་དང་ འདྲའོ༑ ༑ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་གཟུགས་མི་སྡུག་པར་ཁས་བླངས་ཤིང་བདག་གིས་གོས་ཁ་དོག་མི་སྡུག་པ་བགྱིས་ཏེ་ཚུལ་བཞིན་དུ་བསྒྱུར་ཏོ། །ཞེས་ང་ རྒྱལ་བཅོམ་པ་ཡིན། སྤོང་བའི་རྒྱུ་སྤོང་བའི་ཕྱིར་མགྲོ་བྲེགས་ཤིང་ལག་ན་ལྷུང་བཟེད་ཐོགས་ཏེ་གྲོང་ནས་གྲོང་དུ་འགྲོའོ། །ཞེས་ང་རྒྱལ་བཅོམ་པ་ཡིན། གདོལ་བུ་དང་འདྲ་བར་ དྲི་མའོ་བའི་སེམས་ཀྱིས་བསོད་སྙོམས་ཀྱི་ཕྱིར་འགྲོའོ། །ཞེས་ང་རྒྱལ་བཅོམ་པ་ཡིན། བདག་ནི། བསོད་སྙོམས་པ་སྟེ། བདག་གི་འཚོ་བ་གཞན་ལ་རག་ལུས་སོ། །ཞེས་ང་རྒྱལ་ བཅོམ་པ་ཡིན། བརྙེས་པའི་བསོད་སྙོམས་ངན་དོན་ལེན་ཏོ། །ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་སློབ་དཔོན་དང༌། བླ་མ་དང༌། སྦྱིན་པའི་གནས་རྣམས་མཉེས་པར་བྱ་ དགོས་སོ། །ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་འདི་ལྟ་སྟེ། ཚིག་དང༌། སྤྱོད་ཡུལ་དང༌། ཀུན་སྤྱོད་པ་དེ་དང་དེས་མགུ་བར་ བྱའོ༑ ༑ཞེས་ང་རྒྱལ་བཅོམ་པ་ཡིན། སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱའོ། །ཞེས་ང་རྒྱལ་བཅོམ་པ་ཡིན། སེམས་ཅན་ཁྲོས་པ་དང༌། གནོད་སེམས་ཅན་རྣམས་ ༄༅། །ཀྱི་ནང་ན་བཟོད་པ་མང་བར་བྱའོ། །ཞེས་ང་རྒྱལ་བཅོམ་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་བཅོམ་ པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དད་པ་མང་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་དགེ་བའི་རྩ་བས་བརྟན་ པའི་རྒྱུ་ཕུན་སུམ་ཚོགས་པས་བསོད་ནམས་ཀྱིས་བརྟན་པ་ཡིན། གཞན་གྱིས་དྲིང་མི་འཇོག། གཞན་གྱིས་མི་བཀྲི། སྟོན་པ་གཞན་མེད་པས་ཡང་དག་པར་ལྟ་བ་ རྣམས་ཡིན། གཡོ་དང་སྒྱུས་སྤྱོད་པ་དང་བྲལ་བས་བསམ་པ་ཕུན་སུམ་ཚོགས་པ་རྣམས་ཡིན། གྱ་གྱུ་མེད་པའི་རང་བཞིན་ཅན་པས་དྲང་བ་རྣམས་ཡིན། དབང་པོ་རྣོ་བས་ ཤེས་རབ་ཕུན་སུམ་ཚོགས་པ་རྣམས་ཡིན། རྒྱུ་དང་བས་སྒྲིབ་པ་དང་ཀུན་ལས་ལྡང་བ་དང་བྲལ་བ་རྣམས་ཡིན། སྡིག་པའི་གྲོགས་པོ་དང་བྲལ་བས་དགེ་བའི་བཤེས་ གཉེན་ལ་རྟེན་པ་རྣམས་ཡིན། ལེགས་པར་བཤད་པ་ཚོལ་བས་མངོན་པའི་ང་རྒྱལ་མེད་པ་རྣམས་ཡིན། ཆོས་བསྟན་པ་ལ་ལོག་པར་མི་འཛིན་པ་རྣམས་ཡིན། རྒྱ་ ཆེན་པོ་ལ་མོས་པས་དེ་བཞིན་གཤེགས་པའི་ཆེ་བ་རབ་ཏུ་ཤེས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དད་པ་མང་བ་རྣམས་ ཡིན་ནོ༑ ༑བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། བདག་ནི། དེ་བཞིན་གཤེགས་པའི་ཆེ་བའི་ཕྱོགས་འགའ་ཙམ་ཞིག་ཉན་པར་ གསོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཆེ་བའི་ཕྱོགས་འགའ་ཞིག་ངས་བསྟན་གྱི། ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ ལ་ཟུངས་ཤིག། བཅོམ་ལྡན་འདས། ལེགས་སོ། །ཞེས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། སེམས་ཅན་ཐམས་ཅད་ལ་ཐུན་མོང་བའི་བྱམས་པ་ཆེན་པོ་དང་ལྡན་ཏེ། དེས་དེ་བཞིན་ གཤེགས་པ་ཇི་ལྟར་སེམས་ཅན་གཅིག་ལ་ཁྱབ་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལའང་ཁྱབ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་ ནས་ནམ་མཁའི་དབྱིངས་ལ་ཁྱབ་ཀྱང་དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོའི་མཐའ་དང་མ་ཤེས་པའང་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཉན་ཐོས་ དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཐུན་མོང་མ་ཡིན་པའི་སྙིང་རྗེ་ཆེན་པོ་དང་ལྡན་ཏེ། དེས་དེ་བཞིན་གཤེགས་པ་ཇི་ལྟར་སེམས་ཅན་ ༄༅། །གཅིག་ལ་སྙིང་རྗེ་བ་བཞིན་དུ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་སྙིང་རྗེ་ཞིང་དེ་ལ་ཕན་པར་མཛད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་ པ་ནི༑ ཆོས་སྟོན་པ་མི་ཟད་པ་དང་ལྡན་ཏེ། དེས་དེ་བཞིན་གཤེགས་པ་བསྐལ་པ་དུ་མ་ནས་བསྐལ་པ་བརྒྱ་སྟོང་ཚད་མེད། གྲངས་མེད་པ་དུ་མའི་བར་དུ་རྣམ་གྲངས་ གཞན་དང་གཞན་དག་དང༌། ཚུལ་གཞན་དང་གཞན་དག་གིས་སེམས་ཅན་ཐམས་ཅད་ལ་དུས་གཅིག་ཏུ་ཆོས་སྟོན་ཀྱང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཟང་ པར་མི་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། དྲི་བ་ལ་ལུང་བསྟན་པ་ཤིན་ཏུ་སྟོན་པ་ཚད་མེད་པ་དང་ལྡན་ཏེ། རིགས་ཀྱི་བུ། གལ་ཏེ་སེམས་ཅན་ཇི་སྙེད་ སེམས་ཅན་གྱི་གྲངས་སུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་དུས་གཅིག་ཏུ་ཚིག་དང༌། ཡི་གེ་གཞན་དང་གཞན་དག་གིས་དྲི་བ་ཐ་དད་དུ་དྲིས་ ཀྱང་དེ་དག་ལ་དེ་བཞིན་གཤེགས་པས་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་དྲིས་པ་ལུང་བསྟན་པའི་སྟོན་པ་བསྟན་ཀྱང་དེ་བཞིན་གཤེགས་པའི་དྲི་བ་ལ་ལུང་ བསྟན་པའི་སྟོན་པ་ཟད་པར་མི་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཆགས་པ་མེད་པའི་བསམ་གཏན་གྱི་སྤྱོད་ཡུལ་པས་ཡིན་ཏེ། རིགས་ཀྱི་བུ། གལ་ ཏེ་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པར་འགྱུར་ལ། དེ་དག་ཐམས་ཅད་དུས་གཅིག་ཏུ་ཏིང་ངེ་འཛིན་བརྒྱ་སྟོང་དུ་མ་ལ་སྙེམས་པར་ཞུགས་ཏེ། དེ་བཞིན་ དུ་སྙོམས་པར་ཞུགས་ནས་བསྐལ་པ་བརྒྱ་སྟོང་དུ་མར་ཏིང་ངེ་འཛིན་གཞན་དང་གཞན་དག་ལ་སྙོམས་པར་ཞུགས་ཀྱང་དེ་དག་གིས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཏམ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐའ་མ་མུ་མི་རྙེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། ཚད་མེད་པའི་གཟུགས་ཀྱི་སྐུ་མངོན་པར་གྲུབ་པ་དང༌། ལྡན་ཏེ༑ རིགས་ཀྱི་བུ། གལ་ཏེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་ཀྱིས་འདུལ་བར་གྱུར་ན། དེ་དག་ལ་དེ་བཞིན་གཤེགས་པ་སྐད་ཅིག་ཐད་གཅིག་ཡུད་ ཙམ་གཅིག་ལ་སེམས་ཅན་རེ་རེའི་མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ཉེ་བར་སྟོན་ཏོ། །གལ་ཏེ་གཟུགས་གཞན་དང་གཞན་ལ་མོས་པར་གྱུར་ན། དེ་ལའང་དེ་བཞིན་ གཤེགས་པ་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་གིས་སེམས་ཅན་རེ་རེའི་མདུན་དུ་གཟུགས་གཞན་དང་གཞན་ཉེ་བར་སྟོན་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ འཕྲལ་གྱི་སྤྱན་གྱི་ཡུལ་ཚད་མེད་དེ། རིགས་ཀྱི་བུ། འཕྲུལ་གྱི་སྤྱན་གྱིས་གཟིགས་ཀྱི་མིའི་མིག་གིས་མ་ཡིན་པའི་སེམས་ཅན་ཡོད་པ་གལ་ཏེ་རིགས་ཀྱི་བུ། གྲངས་དང་བསམ་ ༄༅། །པ་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་མ་ལུས་པ་ཀུན་དེ་འདྲ་བར་གྱུར་ཀྱང་དེ་བཞིན་གཤེགས་པས་ཕྱག་གི་མཐིལ་ན་སྐྱུ་རུ་རའི་འབྲས་ བུ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་འཕྲུལ་གྱི་སྙན་གྱི་ཡུལ་ཚད་མེད་དེ། རིགས་ཀྱི་བུ། གལ་ཏེ་དེ་ལྟ་བུ་ཉིད་ཀྱི་སེམས་ ཅན་གྱིས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་སྒྲ་དབྱངས་བརྗོད་ པའི་སྒྲ་ལྷན་ཅིག་ཏུ་ཕྱུང་སྟེ་བརྗོད་ཀྱང་དེ་བཞིན་གཤེགས་པས་དེ་དག་བདག་བདག་གི་སྒྲ་རྣམས་ཀྱང་སོ་སོར་གསན་ཏོ། །སོ་སོར་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ། དེ་ བཞིན་གཤེགས་པ་ནི། ཡེ་ཤེས་ཚད་མེད་པ། མི་ཟད་པ། མུ་མེད་པ། ནམ་མཁའ་དང་འདྲ་བ་དང་ལྡན་ཏེ། རིགས་ཀྱི་བུ། གལ་ཏེ་སེམས་ཅན་གྱི་ཁམས་མ་ལུས་པ་སོ་སོར་ རྣམ་པར་རྟོག་པ་རྗེས་སུ་རྣམ་པར་རྟོག་ཅིང༌། བསམ་པ་རྣམ་པ་སྣ་ཚོགས་རྗེས་སུ་སེམས་ལ། སོ་སོ་ན་ལས་སྣ་ཚོགས་བྱེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སྐད་ ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་སེམས་ཅན་འདི་ནི། འདི་ལ་རྣམ་པར་རྟོག་གོ །སེམས་ཅན་འདི་ནི། འདི་ལ་སེམས་སོ། །སེམས་ཅན་འདི་ནི། ལས་འདི་བྱེད་དོ། ། དེའི་འབྲས་བུ་ནི། འདིར་འགྱུར་རོ། །ཞེས་རབ་ཏུ་མཁྱེན་ཏེ། དེའང་དེ་བཞིན་གཤེགས་པས་དུས་གསུམ་ཆར་ལའང་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་སྐད་ཅིག་ཐང་གཅིག་ཡུད་ ཙམ་གཅིག་ལ་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། རྟག་ཏུ་མཉམ་པར་བཞག་པ། རྒྱུན་མི་འཆད་པར་མཉམ་པར་བཞག་པའོ། །རིགས་ཀྱི་བུ། དེ་ ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྙེལ་ངས་པ་མེད། དབང་པོ་བསླད་པ་མེད། སེམས་འཁྲུག་པ་མེད་དོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་ པ་ནི༑ ཉོན་མོངས་པའི་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པ་སྟེ། ཞི་བ། རབ་ཏུ་ཞི་པ། ཉེ་བར་ཞི་བའོ། །རིགས་ཀྱི་བུ། གང་ལ་ཉོན་མོངས་པ་ཡོད་པ་དེའི་སེམས་ནི་། བསླད་པར་འགྱུར་ཏེ། སེམས་བསླད་པས་མཉམ་པར་འཇོག་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ནི། ཉོན་མོངས་པ་མེད་པ། རྡུལ་མེད་པ། ཟག་པ་མེད་པ། ཉོན་ མོངས་པའི་བག་ཆགས་ཐམས་ཅད་སྤངས་པ། ཆོས་ཐམས་ཅད་ལ་དབང་བ། མཉམ་པ་ཉིད་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྤྱོད་ཡུལ་ཐམས་ཅད་ ལས་བྱུང་བ་ཡིན་ཏེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་སྤྱོད་ལམ་རེ་རེ་ལའང་ཏིང་ངེ་འཛིན་རེ་རེས་སྤྱོད་པ་ནས་དེ་བཞིན་གཤེགས་པ་དེ་བཞིན་དུ་སྤྱོད་ཅིང་མྱ་ངན་ ༄༅། །ལས་འདས་པའི་ལུས་ཀྱི་ཚེ་དབང་དུ་སྤྱོད་ན་གང་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་བཞག་པ་ལྟ་ཅི་སྨོས། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། བསྐལ་ པ་གྲངས་མེད་པ་དུ་མས་ཡང་དག་པར་གྲུབ་པ་ཡིན་ཏེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི། དཔག་པ་དང༌། བསམ་པ་དང༌། བརྟག་པར་མི་ནུས་སོ། །བྱང་ཆུབ་སེམས་ དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། བསྐལ་པ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་འགྲུབ་ པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མ་ཡིན་ནོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ ཡུལ་བསྒྲུབ་པར་བྱ་བ་ནི། བསམ་གྱིས་མི་ཁྱབ་སྟེ། དེ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་སྒྲུབ་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་ མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱའི། ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། སུས་དེ་བཞིན་གཤེགས་པའི་ཆེ་བ་འདི་ཐོས་ནས་དགའ་བ་དང༌། དད་པ་དང༌། རངས་པ་རྙེད་ པའི་སེམས་ཅན་དེ་དག་ནི། སྐྱིད་དེ་བ། ལེགས་པར་བགྱི་བའི་ལས་བགྱིད་པ། ལས་ཀྱི་སྒྲིབ་པ་སྤངས་པ། དད་པ་དང་མོས་པ་མང་ཞིང་བྱང་ཆུབ་ཏུ་ཉེ་བ་ལགས་ན། སུ་དག་ཐོས་ ནས་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བགྱིད་པ་དང༌། གཞན་ལའང་རྒྱ་ཆེར་སྟོན་པ་རྣམས་ལྟ་ཅི་སྨོས་ཏེ། བཅོམ་ལྡན་འདས། སེམས་ཅན་དེ་དག་ རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པའི་ཆེ་བ་འདི་འདྲ་བ་དག་ཉིད་ཀྱི་སྣོད་དུ་གྱུར་པར་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཆེ་བ་འདི་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ། །དགེ་བའི་རྩ་བ་བསྐྱེད་ པ་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་ཏེ། རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་དེ་དག་གིས་ཐེ་ཚོམ་དང༌། ཡིད་གཉིས་དང༌། ནེམ་ནུར་མི་བསྐྱེད་པར་ བྱའོ༑ ༑རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ནུབ་བདུན་དུ་ཡིད་ལ་བྱ་བ་གཞན་མེད་ཅིང་སེམས་མ་འཁྲུགས་པར་བསམ་པ་དྲག་པོ་དང༌། དད་པ་དྲག་པོར་ཞུགས་ཏེ། དེ་བཞིན་གཤེགས་པའི་ཆེ་བ་འདི་རྗེས་སུ་སེམས་ལ་ཞག་བདུན་འདས་པ་དང་དེས་མཆོད་པའི་ཆོ་ག་ཉེ་བར་བཞག་ནས་གཙང་བས་གོས་གཙང་མ་བགོས་ཏེ་དད་པ་མངོན་ ༄༅། །དུ་བྱས་ལ་འདུག་པར་བྱས་ན། དེས་དེའི་ནུབ་མོ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །དེ་སྟེ་མི་བྱེད་དམ་ཆོ་ག་མ་ཚང་བར་བྱེད་ན། དེ་སེམས་ རྩེ་གཅིག་པར་འགྱུར་ཞིང་འཆི་བའི་ཚེ་འང་དེ་བཞིན་གཤེགས་པ་དེའི་མདུན་ན་བཞུགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་ཆེ་བ་འདི་བཤད་ན། སེམས་ཅན་གང་ལ་ལ་མ་དད་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཆེ་བ་འདི་བཤད་ན། སེམས་ཅན་གང་མི་ཟད་པ་རྩུབ་པའི་བསམ་པའི་གནོད་སེམས་བསྐྱེད་པར་འགྱུར་བ་དང༌། ཆོས་སྨྲ་བ་དེ་ལ་ ཡང་དགྲར་འདུ་ཤེས་པར་འགྱུར་བ་དག་ཡོད་དོ། །དེ་དག་དེའི་ཕྱིར་ལུས་ཞིག་ནས་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །ཡང་རིགས་ཀྱི་བུ། སེམས་ཅན་གང་ རྣམས་དེ་བཞིན་གཤེགས་པའི་ཆེ་བ་བཤད་པ་འདི་ལ་དད་པ་རྙེད་པར་འགྱུར་བ་དང༌། ཆོས་སྨྲ་བ་དེ་ལའང་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང༌། སྟོན་པར་འདུ་ཤེས་ སྐྱེད་ན༑ རིགས་ཀྱི་བུ། སྔོན་ཡང་དེ་བཞིན་གཤེགས་པའི་ཆེ་བ་འདི་ཚེ་རབས་དེ་དང་དེ་དག་གཞན་ལའང་རིགས་ཀྱི་བུ། དེ་དག་གིས་ཐོས་པར་ངེས་པར་བྱའོ། །དེ་ནས་འཁོར་ དེར་འདུས་པའི་སེམས་ཅན་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་ཆོས་ཀྱི་རྣམ་གྲངས་འདི་སྔོན་བདག་ཅག་གིས་ཀྱང་ཐོས་པ་ལྟ་ཅི་ ཞིག་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྗགས་ཀྱི་དབང་པོ་ཕྱུང་སྟེ་ལྗགས་ཀྱི་དབང་པོས་ཞལ་གྱི་དཀྱིལ་འཁོར་མངོན་པར་བཀབ་བོ། །ཞལ་གྱི་དཀྱིལ་འཁོར་མངོན་པར་ བཀབ་ནས་དབུ་མངོན་པར་བཀབ་བོ། །དབུ་མངོན་པར་བཀབ་ནས་སྐུ་མངོན་པར་བཀབ་བོ། །སྐུ་མངོན་པར་བཀབ་ནས་སེངྒེའི་ཁྲི་མངོན་པར་བཀབ་བོ། །སེངྒེའི་ཁྲི་མངོན་པར་བཀབ་ ནས་བྱང་ཆུབ་སེམས་དཔའི་འཁོར་མངོན་པར་བཀབ་བོ། །དེ་ནས་ཉན་ཐོས་ཀྱི་འཁོར། དེ་ནས་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བའི་འཁོར། དེ་ནས་ཐམས་ཅད་ཡོད་ པའི་འཁོར་མངོན་པར་བཀབ་བོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མངོན་པར་བཀབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ཕྱིར་བསྡུས་ ཏེ་ཐམས་ཅད་ཡོད་པའི་འཁོར་ལ་བཀའ་སྩལ་པ། རིགས་ཀྱི་བུ། འདི་འདྲ་བའི་ལྗགས་ཀྱིས་དེ་བཞིན་གཤེགས་པ་རྣམས་རྫུན་གསུང་བར་མི་འགྱུར་གྱི། རིགས་ཀྱི་བུ། ཁྱེད་ རྣམས་དད་པར་གྱིས་ཤིག། རིགས་ཀྱི་བུ། ཁྱེད་རྣམས་མངོན་པར་དད་པར་གྱིས་ཤིག །དེ་ནི། ཁྱེད་ཀྱི་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། བདེ་བར་འགྱུར་རོ། །དེ་ནས་བཅོམ་ ༄༅། །ལྡན་འདས་ཀྱིས་བསྟན་པ་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ། །སྲོག་ ཆགས་བརྒྱ་སྟོང་དུ་མ་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ །སྔོན་སེམས་མ་བསྐྱེད་པའི་སེམས་ཅན་དུ་མས་ནི། བྱང་ཆུབ་ཏུ་ སེམས་བསྐྱེད་དོ། །འཕགས་པ་དཀོན་མཆོག་སྦྲིན། བམ་པོ་བདུན་པ་སྟེ། ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ སུའང་འདོགས་ལ་དོན་དམ་པར་ན་གཟུགས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་ པར་ཤེས་པའང་འདོགས་ལ་དོན་དམ་པར་ན་རྣམ་པར་ཤེས་པའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སའི་ཁམས་སུའང་འདོགས་ལ་དོན་དམ་པར་ན་སའི་ ཁམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ ཤེས་པའི་ཁམས་སུའང་འདོགས་ལ་དོན་དམ་པར་ན་རྣམ་པར་ཤེས་པའི་ཁམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །མིག་གི་སྐྱེ་མཆེད་དུའང་འདོགས་ལ་དོན་ དམ་པར་ན་མིག་གི་སྐྱེ་མཆེད་དུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །དེ་བཞིན་དུ་རྣ་བའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་ མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དུའང་འདོགས་ལ་དོན་དམ་པར་ན་ཡིད་ཀྱི་སྐྱེ་མཆེད་དུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །བདག་ཏུའང་འདོགས་ལ་དོན་དམ་པར་ ན་བདག་ཏུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སེམས་ཅན་དུའང་འདོགས་ལ་དོན་དམ་པར་ན་སེམས་ཅན་དུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སྲོག་ དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུར་ཡང་འདོགས་ལ་དོན་དམ་པར་ན་སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ ལས་སྐྱེས་པ་དང༌། ཤེད་བུར་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །འཇིག་རྟེན་དུའང་འདོགས་ལ་དོན་དམ་པར་ན་འཇིག་རྟེན་དུའང་མི་འཇིགས་ཤིང་མངོན་པར་ མི་ཆགས་སོ། །འཇིག་རྟེན་གྱི་ཆོས་རྣམས་སུ་ཡང་འདོགས་ལ་དོན་དམ་པར་ན་འཇིག་རྟེན་གྱི་ཆོས་རྣམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སངས་རྒྱས་ ༄༅། །ཀྱི་ཆོས་རྣམས་སུའང་འདོགས་ལ་དོན་དམ་པར་ན་སངས་རྒྱས་ཀྱི་ཆོས་རྣམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །བྱང་ཆུབ་ཏུའང་འདོགས་ ལ་དོན་དམ་པར་ན་བྱང་ཆུབ་དང་བྱང་ཆུབ་པར་བྱེད་པའང་མི་དམིགས་ཤིང་དེ་ལ་མངོན་པར་མི་ཆགས་སོ། །རིགས་ཀྱི་བུ། དེ་ལྟ་བས་ན། གང་མིང་དང༌། འདོགས་པ་དང༌། ཐ་སྙད་དེ་ནི། ཀུན་རྫོབ་ཅེས་བྱ་སྟེ། ཀུན་རྫོབ་ཀྱི་ཆོས་རྣམས་ལ་ནི། དོན་དམ་པ་མེད་མོད་ཀྱི། ཀུན་རྫོབ་ཀྱི་ཆོས་རྣམས་མེད་པར་ཡང་དོན་དམ་པ་བསྟན་པར་ཡང་མི་ནུས་ སོ༑ ༑རིགས་ཀྱི་བུ༑ བྱང་ཆུབ་སེམས་དཔའ་གང་གནས་དེ་དག་ལ་ཀུན་རྫོབ་ཏུ་མཁས་ཤིང་དོན་དམ་པར་མ་ཡིན་པ་དེ་ནི། ཀུན་རྫོབ་ལ་མཁས་པ་ཞེས་བྱའོ། །རིགས་ཀྱི་ བུ༑ ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཀུན་རྫོབ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དོན་ དམ་པ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བའི་ཆོས་ཉིད་དང་ལྡན་པ་རྣམས་ཡིན། མི་འགག་པའི་ཆོས་ཉིད་དང༌། མི་འཇིགས་པའི་ཆོས་ ཉིད་དང༌། མི་ལེན་མི་འདོར་བའི་ཆོས་ཉིད་དང༌། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཆོས་ཉིད་དང༌། སྨྲར་མེད་པའི་ཆོས་ཉིད་དང༌། སྤྲོས་པ་མེད་པའི་ཆོས་ ཉིད་དང༌། བརྗོད་དུ་མེད་པའི་ཆོས་ཉིད་དང༌། ཞི་བའི་ཆོས་ཉིད་དང༌། འཕགས་པའི་ཆོས་ཉིད་དང་ལྡན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི། མི་སྐྱེའོ། ། མི་འགག་གོ །མི་འཇིག་གོ །མི་ལེན་ཏོ། །མི་འདོར་རོ། །ཡི་གེ་དག་གིས་སྨྲ་བར་བྱ་བ་མ་ཡིན་ནོ། །ཡི་གེ་རྣམས་ཀྱིས་མི་བརྗོད་དོ། །སྤྲོས་པས་མི་རྟོགས་སོ། །རིགས་ཀྱི་བུ། དོན་དམ་པ་ནི། བརྗོད་དུ་མེད་པ་སྟེ། ཞི་བའོ། །འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའོ། །རིགས་ཀྱི་བུ། དོན་དམ་པ་ནི། དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་ མ་སྐྱེས་ཀྱང་རུང་མི་འཇིགས་པ་སྟེ། རིགས་ཀྱི་བུ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ལ་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་འབྱུང་ངོ༌། །རབ་ཏུ་བྱུང་ནས་ཀྱང་ཆོས་འདི་ཁོ་ན་ཐོབ་པར་བྱ་བའི་ཕྱིར་མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བརྩོན་འགྲུས་བརྩམས་ཤིང་གནས་སོ། །རིགས་ ཀྱི་བུ༑ གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་འབྱུང་བའང་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་ དོན་དམ་པ་ཡོད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ ༄༅། །དོན་དམ་པ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་རྣམས་ ཡིན་ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་གསོག་ཉིད་དུ་རབ་ཏུ་ཤེས། གསོ་བ་ཉིད་དང༌། སྙིང་པོ་མེད་པ་ཉིད་དང༌། མིག་ཡོར་ལྟ་བུ་ཉིད་དང༌། གཟུགས་བརྙན་ལྟ་བུ་ ཉིད་དང༌། སྒྲ་བརྙན་ལྟ་བུ་ཉིད་དང༌། སྒྱུ་མ་ལྟ་བུ་ཉིད་དང༌། མི་གནས་པ་ཉིད་དང༌། གསོ་བ་ཉིད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུའང་རབ་ཏུ་ཤེས་སོ། །དེ་དག་འདི་སྙན་ དུ་སེམས་ཏེ། ཆོས་འདི་དག་ནི། འདི་ལྟར་གསོག། འདི་ལྟར་གསོབ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་མིག་ཡོར་ལྟ་བུ། འདི་ལྟར་གཟུགས་བརྙན་ལྟ་བུ། འདི་ལྟར་སྒྲ་ བརྙན་ལྟ་བུ། འདི་ལྟར་སྒྱུ་མ་ལྟ་བུ། འདི་ལྟར་མི་གནས་པ། འདི་ལྟར་གཡོ་བ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཡང་འདི་དག་སྐྱེ་བར་སྣང་ངོ༌། །གནས་པ་ དང༌། འཇིག་པར་ཡང་སྣང་ངོ་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། ཡང་ཆོས་འདི་རྣམས་སྐྱེ་བའི་རྐྱེན་ནི། གང་རྣམས་ཡིན། ཆོས་འདི་རྣམས་འགག་པའི་རྐྱེན་ནི། གང་ རྣམས་ཡིན་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། མ་རིག་པའི་རྐྱེན་གྱིས་ཆོས་འདི་དག་སྐྱེས་ཏེ། མ་རིག་པ་ལས་བྱུང་བའོ། །མ་རིག་པ་སྔོན་དུ་འགྲོ་བའོ། །མ་རིག་པ་ལ་ བརྟེན་པའོ། །མ་རིག་པ་ལ་བརྟེན་ནས་འདུ་བྱེད་རྣམས་འབྱུང་བ་ཡིན། འདུ་བྱེད་ལ་བརྟེན་ནས་རྣམ་པར་ཤེས་པ་སྣང་བར་འགྱུར་རོ། །རྣམ་པར་ཤེས་ཡོད་ན་མིང་དང་གཟུགས་སུ་ འདོགས་པར་འགྱུར་རོ། །མིང་དང་གཟུགས་སུ་བཏགས་ན་སྐྱེ་མཆེད་དྲུག་རྣམས་སུ་འདོགས་པར་འགྱུར་རོ། །སྐྱེ་མཆེད་རྣམས་ཡོད་ན་རེག་པར་འགྱུར་རོ། །རེག་པ་ཡོད་ན་ཚོར་བ་ རྣམས་འབྱུང་བར་འགྱུར་ཏེ། ཚོར་བའི་རྒྱུས་བྱིས་པ་རྣམས་སྲེད་པས་ཉེན་པར་འགྱུར་རོ། །སྲེད་པས་ཉེན་ན་ལེན་པ་འཛིན་ཏོ། །ལེན་པ་བཟུང་ན་སྲིད་པའི་མཚམས་སུ་སྦྱོར་བར་ འགྱུར་རོ། །སྲིད་པ་ཡོད་ན་སྐྱེ་བར་འགྱུར་རོ། །སྐྱེ་བ་ཡོད་ན་རྒ་བར་འགྱུར་རོ། །སྐྱེས་བུ་གང་ཟག་རྒ་བའི་ཆོས་ནི། འཆི་བར་འགྱུར་རོ། །ཤི་བ་ལ་གནས་པའི་མྱ་ངན་དང༌། སྨྲེ་ སྔགས་འདོན་པ་དང༌། ཡི་མུག་པ་དང༌། འཁྲུག་པ་རྣམས་འབྱུང་སྟེ། འདི་ལྟ་སྟེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་ མཁས་པའི་རང་བཞིན་ཅན་གྱིས་མ་རིག་པ་སྤང་བར་ནན་ཏན་བྱའོ། །མ་རིག་པ་གཞིག་པ་དང༌། མ་རིག་པ་རྩ་བ་ནས་དབྱུང་བ་དང༌། མ་རིག་པ་དགག་པའི་ཕྱིར་ནན་ཏན་བྱའོ། མ་རིག་པ་འགགས་པས་མ་རིག་པའི་རྐྱེན་ལས་སྐྱེས་པ། མ་རིག་པ་ལས་བྱུང་བ་དང༌། མ་རིག་པ་སྔོན་དུ་འགྲོ་བ། མ་རིག་པ་ལ་བརྟེན་པའི་ཆོས་འདི་དག་འགག་པར་འགྱུར་ ༄༅། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྲོག་གི་དབང་པོ་འགགས་ན། དབང་པོ་ལྷག་མ་རྣམས་ཀྱང་འགག་པར་འགྱུར་རོ། །དེ་བཞིན་དུ་མ་རིག་པ་འགགས་ ན་མི་ཤེས་པ་ལ་བརྟེན་པའི་ཆོས་འདི་དག་ཀྱང་འགག་པར་འགྱུར་རོ། །མི་ཤེས་པ་སྤངས་པས་ཉོན་མོངས་པ་རྣམས་ཀྱང་མི་འབྱུང་ངོ༌། །འགྲོ་བ་རྣམས་ཀྱང་མི་འབྱུང་ངོ༌། ། འཁོར་བའི་རྒྱུ་རྣམས་ཀྱང་འགགས་པར་འགྱུར་རོ། །མྱ་ངན་ལས་འདས་པ་དང་ཡང་ཉེ་བར་འགྱུར་རོ། །རིགས་ཀྱི་བུ། ཆོས་བཅུ་བོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བདག་ཤེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ཅི་བདག་བྲམ་ཟེའི་རིགས་སམ། འོན་ཏེ་རྒྱལ་རིགས་སམ། འོན་ཏེ་ཁྱིམ་བདག་གི་རིགས་སམ། ཅི་མཐོ་ ཞིང་ཕྱུག་པོའམ། འོན་ཏེ་དམའ་ཞིང་དབུལ་པོའི་རིགས་སུ་སྐྱེས་སམ། གང་དུ་སྐྱེས་སྙམ་དུ་ཡོངས་སུ་རྟོག་སྟེ། དེ་གལ་ཏེ་རིགས་མཐོ་ཞིང་ཕྱུག་པར་སྐྱེས་ན་ཡང་དེ་ལ་ རིགས་ཀྱིས་དྲེགས་པར་མི་བྱེད་དོ། །འོན་ཏེ་དམའ་ཞིང་དབུལ་བའི་རིགས་སུ་སྐྱེས་པར་གྱུར་ན་ཡང་བདག་འདི་ལྟ་བུའི་རིགས་སུ་སྐྱེས་པ་ལས་བདག་གིས་སྔོན་ལས་འདྲེན་ མར་བྱས་སོ། །ཞེས་དེ་སྙམ་དུ་སེམས་སྐྱེད་ཅིང༌། དེ་དེའི་རྒྱུས་སྐྱོ་བ་མང་བ་ཡིན་ཏེ། སྐྱོ་བ་མང་བར་གྱུར་ནས་རབ་ཏུ་འབྱུང་ངོ༌། །རབ་ཏུ་བྱུང་ནས་ཀྱང་བདག་ཅིའི་ཕྱིར་རབ་ཏུ་བྱུང་ ཞེས་ཡོངས་སུ་རྟོག་སྟེ། བདག་ནི། རང་རྒལ་ནས་གཞན་དག་ཀྱང་བསྒྲལ་བར་བྱ། རང་གྲོལ་ནས་གཞན་དག་ཀྱང་དགྲོལ་བར་བྱའོ། །ཞེས་རབ་ཏུ་བྱུང་ངོ་སྙམ་ནས་དེ་དེའི་ཕྱིར་ལེ་ ལོ་ལ་མི་རྟེན་ཅིང་སྙོམ་ལས་མི་བྱེད་དེ། དེ་བདག་རབ་ཏུ་བྱུང་ནས་སྡིག་པ་མི་དགེ་བའི་ཆོས་གང་དང་གང་ནུབ་ཅིང་ཡོངས་སུ་ཟད་དེ་ཀུན་བྱང་བར་གྱུར་ཅེས་དེ་སྙམ་དུ་ཡོངས་སུ་ རྟོག་སྟེ༑ དེ་སྡིག་པ་མི་དགེ་བའི་ཆོས་ཤིག་སྤངས་པར་གྱུར་ན། དེ་ལ་དགའ་བ་དང༌། དད་པ་དང༌། རངས་པ་སྐྱེད་དོ། །གང་མ་སྤངས་པ་དེ་དག་ནི། སྤང་བའི་ཕྱིར་རྩོལ་ཞིང་འབད་ དོ༑ ༑དེ་བདག་རབ་ཏུ་བྱུང་ནས་དགེ་བའི་ཆོས་གང་དང་གང་འཕེལ་བ་དང༌། རྒྱས་པ་དང༌། རྒྱ་ཆེར་གྱུར་ཅེས་དེ་སྙམ་དུ་ཡོངས་སུ་རྟོག་སྟེ། དེའི་དགེ་བའི་ཆོས་གང་དག་འཕེལ་བ་ དང༌། རྒྱས་པ་དང༌། རྒྱ་ཆེར་གྱུར་པ་དེ་ལ་དགའ་བ་དང༌། དད་པ་དང༌། རངས་པ་སྐྱེད་དོ། །གང་དེ་ལྟར་མ་གྱུར་པ་དེ་དག་འཕེལ་བ་དང༌། རྒྱས་པ་དང༌། རྒྱ་ཆེར་བྱ་བའི་ཕྱིར་རྩོལ་ ཞིང་འབད་དོ། །དེ་བླ་མ་ལ་བརྟེན་ན་དགེ་བའི་ཆོས་རྣམས་ནི། འཕེལ་བར་འགྱུར། སྡིག་པ་རྣམས་ནི། འགྲིབ་པར་འགྱུར་རོ་སྙམ་དུ་ཡོངས་སུ་རྟོག་སྟེ། དེ་དེའི་རྒྱུ། དེའི་རྐྱེན། དེའི་ ༄༅། །གཞིས་མཁན་པོ་ཉུང་དུ་ཐོས་པའམ། མང་དུ་ཐོས་པའམ། ཤེས་པའམ། མི་ཤེས་པའམ། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་ངན་པ་ཅན་ཡང་རུང་སྟེ། དེ་ལ་སྟོན་པའི་འདུ་ཤེས་སྐྱེད་དོ། །དེ་ཇི་ལྟར་སྟོན་པ་ལ་དགའ་ཞིང་དང་བ་ཉེ་བར་གནས་པ་དེ་བཞིན་དུ་མཁན་པོ་ལའང་བྱེད་དོ། །དེ་སློབ་དཔོན་རྣམས་ལ་རིམ་གྲོ་ཡོད་ཅིང་རྗེས་ ཡོད་པ་ཡིན་ཏེ། དེ་འདི་ལྟར་སློབ་དཔོན་རྣམས་ལ་བརྟེན་ན་བདག་གི་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་མ་རྫོགས་པ་རྣམས་ནི། ཡོངས་སུ་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་ པ་རྣམས་ནི། སྤངས་པར་འགྱུར་རོ་སྙམ་དུ་ཡོངས་སུ་རྟོག་སྟེ། དེ་དེ་དག་ལ་མཁན་པོར་འདུ་ཤེས་སྐྱེད་ཅིང༌། དགའ་བ་དང༌། དད་པ་དང༌། རངས་པ་འཐོབ་པ་དང༌། དགེ་བའི་ཆོས་རྣམས་ ལ་དེ་དག་དང་མཐུན་པར་སྤྱོད་པ་ཡིན་།མི་དགེ་བའི་ཆོས་རྣམས་ལ་མི་མཐུན་པར་སྤྱོད་པ་ཡིན་ཏེ། དེ་འདི་སྙམ་དུ་བདག་གི་སྟོན་པ་གང་ཞེས་ཡོངས་སུ་རྟོག་ཅིང༌། དེ་འདི་སྙམ་དུ་ སེམས་ཏེ། བདག་གི་སྟོན་པ་ནི། ཐམས་ཅད་མཁྱེན་པ། ཐམས་ཅད་ཐུགས་སུ་ཆུད་པ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ། སྦྱིན་པའི་གནས་ ཆེན་པོ་སྟེ། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྟོན་པའོ་སྙམ་སྟེ། དེའི་རྒྱུ། དེའི་རྐྱེན། དེའི་གཞིས་དགའ་བ་དང༌། དད་པ་དང༌། རངས་པ་སྐྱེད་དེ། དེ་འདི་ སྙམ་དུ་སེམས་ཏེ། བདག་གི་སྟོན་པ་བཅོམ་ལྡན་འདས་ཡིན་པ་ནི། བདག་གི་རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས་དེས་བསླབ་པའི་ལམ་གང་བཅས་པ་དེ་ལས་ཀྱང་བདག་ གིས་སྲོག་གི་ཕྱིར་ཡང་འདའ་བར་མི་བྱ་སྟེ། དེ་ལྟར་ན། བདག་གིས་བཅོམ་ལྡན་འདས་དེ་ལ་རིམ་གྲོ་དང༌། རྗེས་སུ་འབྲང་པར་བྱས་པར་འགྱུར་རོ། །དེ་འདི་སྙམ་དུ་བདག་སུའི་བསོད་སྙོམས་ ལ་ཡོངས་སུ་སྤྱོད་ཅེས་སེམས་ཤིང་དེ་འདི་སྙམ་དུ་སེམས་ཏེ། བདག་ནི། བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་རྣམས་ཀྱི་བསོད་སྙོམས་ལ་ཡོངས་སུ་སྤྱོད་ཀྱི། བདག་ གིས་ཅི་ནས་ཀྱང་དེ་དག་གི་བསོད་སྙོམས་འབྲས་བུ་ཡོད་པ་དང༌། དོན་ཆེ་བ་དང༌། མཐུ་ཆེ་བ་དང༌། བདག་གིས་ཀྱང་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཡོངས་སུ་སྤྱོད་ པ་དེ་ལྟར་བྱའོ་སྙམ་མོ། །དེ་འདི་སྙམ་དུ་བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་འདི་དག་འདུ་ཤེས་ཅི་དང་ལྡན་ཞིང་བདག་ལ་བསོད་སྙོམས་གཏང་སྙམ་ཞིང༌། དེ་འདི་ལྟར་རྗེས་སུ་སེམས་ཏེ། བྲམ་ཟེ་དང༌། རྒྱལ་རིགས་དང༌། གྲོང་པ་དང༌། ཡུལ་གྱི་མི་འདི་དག་ནི། བདག་ལ་དགེ་སྦྱོང་གི་འདུ་ཤེས་དང་ལྡན། དགེ་སློང་གི་འདུ་ཤེས་དང་ ལྡན༑ སྦྱིན་པའི་གནས་ཀྱི་འདུ་ཤེས་དང་ལྡན་ཞིང་བདག་ལ་བསོད་སྙོམས་སྦྱིན་པར་བྱེད་ཀྱི། ཅི་ནས་ཀྱང་བདག་གིས་དགེ་སྦྱོང་གི་ཡོན་ཏན་ཡང་དག་པར་བླངས་ཏེ་གནས་པར་ ༄༅། །བྱ་བ་དང༌། དགེ་སློང་གི་ཡོན་ཏན་དང༌། སྦྱིན་པའི་གནས་ཀྱི་ཡོན་ཏན་རྣམས་ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དེ་ལྟར་སྤྱོད་དོ་སྙམ་མོ། །དེ་འདི་སྙམ་ དུ་བདག་གིས་ཐོག་མ་དང་ཐ་མ་མེད་པའི་སྐྱེ་བ་འཁོར་བ་ལས་རྒལ་བར་གྱུར་ཏམ་ཞེས་སེམས་ཤིང༌། དེ་འདི་སྙམ་དུ་བདག་གིས་དགེ་སློང་གི་ཚུལ་ཐོབ་པ་འདི་ནི། རྒལ་བ་དང་ པོའོ༑ ༑བདག་དགེ་སློང་གི་ཡོན་ཏན་དང་ལྡན་པ་འདི་ནི། རྒལ་བ་གཉིས་པའོ། །བདག་ལེ་ལོ་མེད་ཅིང་ཆོས་ཐོབ་པའི་ཕྱིར་ཅི་ནས་ཀྱང་ཐོག་མ་དང་ཐ་མ་མེད་པའི་སྐྱེ་བའི་ འཁོར་བ་ལས་རྒལ་བར་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྩམས་ཏེ་གནས་པར་བྱའོ་སྙམ་དུ་སེམས་ཏེ། རིགས་ཀྱི་བུ། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་ དཔའ་ནི། བདག་ཤེས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བདག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ ལྡན་ན༑ བྱང་ཆུབ་སེམས་དཔའ་འཇིག་རྟེན་ཤེས་པ་རྣམས་ཡིན་ནོ། ༑བཅུ་གང་ཞེ་ན། འདི་ལྟ་སྟེ། ཁེངས་པ་དག་ལ་དམའ་བ་རྣམས་ཡིན། ང་རྒྱལ་ཅན་དག་ལ་ང་རྒྱལ་ མེད་པ་རྣམས་ཡིན། གྱ་གྱུ་ཅན་དག་ལ་དྲང་པོ་རྣམས་ཡིན། བརྫུན་དུ་སྨྲ་བ་དག་ལ་བདེན་པར་སྨྲ་བ་རྣམས་ཡིན། ཁ་མི་མཁས་པར་སྨྲ་བ་དག་ལ་སྙན་པར་སྨྲ་བ་ རྣམས་ཡིན། རྩུབ་པ་དག་ལ་འཇམ་པར་སྨྲ་བ་རྣམས་ཡིན། ཁྲོ་བ་དག་ལ་བཟོད་པ་མང་བ་རྣམས་ཡིན། གཏུམ་པ་དག་ལ་བྱམས་པའི་བདག་ཉིད་ཅན་རྣམས་ཡིན། སྡུག་བསྔལ་ བདག་ལ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན། སེར་སྣ་ཅན་དག་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་ སྐྱེའོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱོན་མེད་པ་དང༌། མ་འདྲེས་པ་དང༌། མ་འཕགས་པའི་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པ་རྣམས་ཡིན། སེམས་ཅན་ཐམས་ཅད་ལ་སྦྱོར་བ་མཉམ་པས་སེམས་སྙོམས་པ་རྣམས་ཡིན། དགེ་བའི་རྩ་བ་མི་ཆུང་བས་དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པ་རྣམས་ཡིན། གོས་པ་མེད་ བས་རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པའི་སེམས་ཡོངས་སུ་སྤངས་པ་རྣམས་ཡིན། ནེམ་ནུར་མེད་པའི་སེམས་དང་ལྡན་པས་དད་པ་ རྣམས་ཡིན། སེམས་ལེ་ལོ་མེད་པ་དང་ལྡན་པས་བརྩོན་འགྲུས་བརྩམས་པ་རྣམས་ཡིན། སེམས་མི་གཡེང་བ་དང་ལྡན་པས་བསམ་གཏན་ཕུན་སུམ་ཚོགས་པ་རྣམས་ ༄༅། །ཡིན༑ ཤེས་རབ་འཆལ་པའི་རང་བཞིན་ཅན་མ་ཡིན་པས་མང་དུ་ཐོས་པ་རྣམས་ཡིན། ཤེས་རབ་རྣོ་བས་དབང་པོ་མི་རྟུལ་བ་རྣམས་ཡིན། གནོད་སེམས་ མེད་པའི་སེམས་དང་ལྡན་པས་བྱམས་པའི་བདག་ཉིད་ཅན་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཅི་ ཆོས་དེ་དག་ཚོགས་པས་སྐྱེ་བར་འགྱུར་རམ། འོན་ཏེ་ལ་ལ་མ་ཚང་ཡང་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་ལ་ཆོས་ཚོགས་པ་དེ་ དག་ལས་ཆོས་གཅིག་ཀྱང་སྐྱོན་མེད་པ། མ་འདྲེས་པ། མ་འབགས་པ། ཡོངས་སུ་དག་པ། བྱང་བ། ཡོངས་སུ་རྫོགས་པར་གྱུར་པ་དེ་ལ་རིགས་ཀྱི་བུ། ཆོས་དེ་དག་ཐམས་ཅད་ ཡོངས་སུ་རྫོགས་པར་འགྱུར་བས་རིགས་ཀྱི་བུ། དེའི་ཕྱིར་ཆོས་དེ་དག་ཚོགས་པས་སྐྱེའི། མ་ཚོགས་པས་ནི། མ་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེའོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང༌། མཆོད་རྟེན་ཞིག་པ་འཆོས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་ པ་འདུལ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང༌། སྐྱང་ནུལ་བྱ་བ་འབུལ་ བ་དང༌། ཕ་མ་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་ ཅིང༌། དེའང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པ་མ་ཡིན་ལ། དགེ་བའི་རྩ་བ་འདི་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་ མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང༌། དེའང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ ལྟ་སྟེ༑ ཉེ་བར་ལེན་པ་མེད་པ་རྣམས་ཡིན། འདུ་འཛི་མེད་པར་སྤྱོད་པ་རྣམས་ཡིན། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཡིན། ཡུལ་ལ་སྲེད་པ་དང་བྲལ་བ་རྣམས་ཡིན། ཡུལ་ གྱི་ཉེས་པས་མི་ཚུགས་པ་རྣམས་ཡིན། དེ་བཞིན་གཤེགས་པས་ཚུལ་ཁྲིམས་བཅས་པ་ལ་རིམ་གྲོ་བྱེད་ཅིང་བརྩོན་པ་དང༌། ཤིན་ཏུ་བསླབ་པ་རྣམས་ཡིན། གོས་དང༌། བསོད་ ༄༅། །སྙོམས་དང༌། མལ་ཆ་ངན་ངོན་དང༌། ནད་ཀྱི་རྐྱེན་རྩི་དང༌། ཡོ་བྱད་ངན་དོན་དག་གིས་ཆོག་ཤེས་པ་རྣམས་ཡིན། ལྷུང་བཟེད་དང༌། ཆོས་གོས་དང༌། ཡོ་བྱད་གསོག་ པ་དང་བྲལ་བ་རྣམས་ཡིན། རྟག་པར་འཇིགས་པའི་ཡིད་དང་ལྡན་ཞིང་ཡུལ་རྣམས་ལས་སྐྱེ་བ་རྣམས་ཡིན། དབེན་པ་ལ་དགའ་ཞིང་རྟག་ཏུ་སྒོམ་པ་ལ་བརྩོན་པ་རྣམས་ཡིན་ནོ། ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་ སེམས་དཔའ་འཚོ་བ་ཡོངས་སུ་དག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་འཆོས་པ་དང༌། ཁ་གསག་གི་རྙེད་པ་དང་བྲལ་བ་རྣམས་ཡིན། བརྡའི་རྙེད་པ་དང་ བྲལ་བ་རྣམས་ཡིན། གཞོགས་སློང་གི་རྙེད་པ་དང་བྲལ་བ་རྣམས་ཡིན། ཐོབ་ཀྱིས་འཇལ་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་ བ་རྣམས་ཡིན། ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། རྙེད་པ་ལ་ཞེན་པ་མེད་པ་རྣམས་ཡིན། རྙེད་པ་ ལ་ཆགས་པ་མེད་པ་རྣམས་ཡིན། ཡོངས་སུ་ཡི་ཆད་པའི་རང་བཞིན་མེད་པ་རྣམས་ཡིན། ཆོས་ཀྱི་རྙེད་པས་ཆོ་ག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་ཚུལ་འཆོས་པ་དང༌། ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པའི་རྒྱུ་རྙེད་པའི་ཕྱིར་ལུས་ཀྱིས་ཚུལ་འཆོས་ པར་མི་བྱེད། ངག་གིས་ཚུལ་འཆོས་པར་མི་བྱེད། སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་དོ། །ཇི་ལྟར་ན། ལུས་ཀྱིས་ཚུལ་འཆོས་པར་མི་བྱེད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ ནི༑ སྦྱིན་པ་བྱེད་པ་དང༌། སྦྱིན་པའི་བདག་པོ་མཐོང་ན། སྤྱོད་ལམ་མི་འཆོས་སོ། །ཇི་ལྟར་ན། སྤྱོད་ལམ་མི་འཆོས་ཤེ་ན། གཉའ་ཤིང་གང་ཙམ་དུ་ལྟ་བ་དང༌། སྐྱོ་བར་ལྟ་བ་དང༌། སྒྲིབ་པ་མེད་པར་ལྟ་བས་གོམ་པ་བགས་ཀྱིས་དལ་དལ་ནས་འདོར་ཞིང་འདེགས་པ་མ་ཡིན། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན། ངག་གིས་ཚུལ་འཆོས་པ་ མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི། རྙེད་པའི་རྒྱུ་རྙེད་པའི་ཕྱིར་བཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན། འཇམ་པོར་སྨྲ་བ་མ་ཡིན། དགའ་བར་སྨྲ་བ་མ་ཡིན། རྗེས་སུ་འབྲས་བའི་ ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན། ངག་གིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན། སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པའམ། སྦྱིན་པའི་བདག་པོས་རྙེད་པ་བསྟབས་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་སྐྱེད་པ་མ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། ཚིག་གིས་འདོད་པ་ཆུང་ལ། ༄༅། །སེམས་ཀྱིས་རྙེད་པ་འདོད་པ་འདི་ནི། ནང་གི་གདུང་བ་ཡིན་ཏེ། དེ་ལྟར་ན། སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཚུལ་ འཆོས་པ་དང༌། ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། བརྡའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི། སྦྱིན་པ་བྱེད་པའམ། སྦྱིན་བདག་མཐོང་ ན༑ བདག་གོས་ཀྱིས་ཕོངས་སོ། །བདག་ལྷུང་བཟེད་ཀྱིས་ཕོངས་སོ། །བདག་ནད་ཀྱི་རྐྱེན་རྩིས་ཕོངས་སོ། །ཞེས་བརྡ་མི་བྱེད་ཅིང༌། སྦྱིན་པ་བྱེད་པའམ། སྦྱིན་བདག་ལ་མི་སློང་ ཞིང་ཚིག་ཏུ་མི་བརྗོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་ དཔའ་ནི། སྦྱིན་པ་བྱེད་པ་དང༌། སྦྱིན་བདག་མཐོང་ན། བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ ཞིག་བྱས་སོ། །དེས་ཀྱང་བདག་ལ་འདི་ནི། ཚུལ་ཁྲིམས་དང་ལྡན་པར་རིག་སྟེ། མང་དུ་ཐོས་པའོ། །འདོད་པ་ཆུང་བའོ། །ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་ སྙིང་རྗེ་བའི་སེམས་ཉེ་བར་བཞག་སྟེ་བླངས་སོ། །ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ ན༑ བྱང་ཆུབ་སེམས་དཔའ་མི་རིགས་པར་བཅལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི། ལུས་ལ་རྨ་བྱུང་བ་དང༌། སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་ བ་མ་ཡིན་ཏེ། དེ་ལ་ལུས་ཀྱི་རྨ་ནི། འདི་ལྟ་སྟེ། རྙེད་པའི་རྒྱུ་རྙེད་པའི་ཕྱིར་རྒྱུ་ག་པ་དང༌། ཀུན་ཏུ་རྒྱུག་པ་དང༌། ཚུལ་ཁྲིམས་འཆལ་བར་སྤྱོད་པའོ། །སེམས་ཀྱི་རྨ་ནི། འདི་ལྟ་སྟེ། རྙེད་པ་ ལ་སྨོན་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་མི་རིགས་པ་བཙལ་བའི་རྙེད་པ་དང་བྲལ་བ་ ཡིན་ནོ༑ ༑ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སྲེང་ལ་སྒྱུ་མེད་པ་དང༌། གཞལ་བ་ལ་སྒྱུ་ མེད་པ་དང༌། ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང༌། གཡོས་རྙེད་པ་མི་སྒྲུབ་པ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ། ཆོས་ཀྱི་དང་ འདྲེས་པའམ། དགེ་འདུན་གྱི་དང་འདྲེས་པའམ། མ་བྱིན་པའམ། མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། །ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན། བྱང་ ༄༅། །ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་ འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་དག་གིར་མི་བྱེད། ནོར་དུ་མི་རྩི། ཚོགས་སུ་མི་བྱེད་ཅིང༌། དུས་དུས་སུ་དགེ་སྦྱོང་དང༌། བྲམ་ཟེ་དང༌། ཕ་མ་དང༌། མཛའ་ བ་དང༌། བློན་པོ་དང༌། གཉེན་བཤེས་དང༌། སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང༌། དུས་དུས་སུ་བདག་ཀྱང་ཡོངས་སུ་སྤྱོད་ལ། ཡོངས་སུ་སྤྱོད་པའི་ཚེ་ཆགས་པ་མེད་ པ་དང༌། ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །རྙེད་པ་མ་རྙེད་ནའང་སྐྱོ་བའི་སེམས་མི་སྐྱེད་ཅིང་ཡོངས་སུ་ཡི་མི་ཆད་དེ། སྦྱིན་པ་བྱེད་པ་དང༌། སྦྱིན་བདག་རྣམས་ལ་མ་དད་ པར་མི་འཛིན་པ་ཡིན་པ་སྟེ། དེ་ཆོས་དང་མཐུན་པར་རྙེད་པ། དགེ་འདུན་གྱིར་གཏོགས་པ། དེ་བཞིན་གཤེགས་པས་བསྔགས་པ། བྱང་ཆུབ་སེམས་དཔས་མ་སྨད་པ། ལྷས་ བསྟོད་པ། ཚངས་པ་མཚུངས་པར་སྤྱོད་པས་མི་དཔྱ་བས་ཆོག་ཤེས་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་ དག་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ གྱི་རྒྱུ་སེམས་ཅན་གྱི་ཕྱིར་འཁོར་པ་ན་གནས་པས་ཡོངས་སུ་མི་སྐྱོའོ། །སེམས་ཅན་གྱི་རྒྱུ་སེམས་ཅན་གྱི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོའོ། །སེམས་ཅན་གྱི་དོན་ རྣམས་ལ་ཡོངས་སུ་མི་སྐྱོའོ། །སེམས་ཅན་གྱི་དགོས་པ་རྣམས་ལ་ཡོངས་སུ་མི་སྐྱོའོ། །སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོའོ། །གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ ལ་ལམ་སྟོང་པས་ཡོངས་སུ་མི་སྐྱོའོ། །དེ་དག་ལ་མ་དད་པར་ཡང་མི་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་བསྡུ་བས་ཀྱང་ཡོངས་སུ་མི་སྐྱོའོ། །བྱང་ཆུབ་ཀྱི་ཚོགས་ ཡོངས་སུ་རྫོགས་པར་བྱ་བས་ཀྱང་ཡོངས་སུ་མི་སྐྱོའོ། །བསམ་པ་མྱ་ངན་ལས་འདས་པར་གྱུར་ཀྱང་མྱ་ངན་ལས་འདས་པ་ལ་མངོན་པར་མི་ལྟའི། བྱང་ཆུབ་ལ་གཞོལ། བྱང་ཆུབ་ ལ་འབབ། བྱང་ཆུབ་ལ་བབ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བྱེད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བག་མེད་པ་ཐམས་ཅད་དང་བྲལ་ ཞིང་བག་ཡོད་པར་སྤྱོད་པ་རྣམས་ཡིན། ལུས་ཀྱིས་ཤིན་ཏུ་བསྡམས་ཤིང་ལུས་ཀྱི་ངན་དུ་སྤྱོད་པ་མི་སྤྱོད་པ་རྣམས་ཡིན། ངག་གིས་ཤིན་ཏུ་བསྡམས་ཤིང་ངག་གི་ངན་དུ་སྤྱོད་ ༄༅། །པ་མི་སྤྱོད་པ་རྣམས་ཡིན། ཡིད་ཀྱིས་ཤིན་ཏུ་བསྡམས་ཤིང་ཡིད་ཀྱི་ངན་དུ་སྤྱད་པ་མི་སྤྱོད་པ་རྣམས་ཡིན། འཇིག་རྟེན་ཕ་རོལ་གྱིས་འཇིགས་ཤིང་མི་དགེ་ བའི་ཆོས་ཐམས་ཅད་རྣམ་པར་སྤངས་པ་རྣམས་ཡིན། རིགས་པར་སྨྲ་ཞིང་མི་རིགས་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། ཆོས་སྨྲ་ཞིང་ཆོས་མ་ཡིན་པ་ལ་སྨོད་པ་རྣམས་ཡིན། སྨད་པའི་ལས་རྣམ་པར་སྤངས་ཤིང་དགེ་བའི་ལས་ཀྱི་རྗེས་སུ་འབྲང་བ་རྣམས་ཡིན། དེ་བཞིན་གཤེགས་པའི་བསྟན་པ་ལ་སུན་འབྱིན་ཅིང་ཉོན་མོངས་པའི་དྲིང་བའི་ཡུལ་ ཐམས་ཅད་དང་བྲལ་བ་རྣམས་ཡིན། དེ་བཞིན་གཤེགས་པའི་ཆོས་ཉིད་ཡོངས་སུ་སྐྱོང་ཞིང་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སྲུང་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བྱེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་ སེམས་དཔའ་བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་ཤིན་ཏུ་དང་བ་རྣམས་ཡིན། དབང་པོ་ཡོངས་སུ་དག་པ་རྣམས་ཡིན། དབང་པོ་གསལ་བ་རྣམས་ཡིན། དབང་པོ་དྲི་མ་མེད་པ་རྣམས་ཡིན། དབང་པོ་ཡོངས་སུ་བྱང་བ་རྣམས་ཡིན། གནོད་སེམས་དང་བྲལ་བ་རྣམས་ཡིན། བག་ལ་ཉལ་བ་དང༌། བྲལ་བ་རྣམས་ཡིན། ཀུན་ནས་ལྡང་བ་དང་བྲལ་བ་རྣམས་ཡིན། ཐ་བ་དང་མདུད་པར་འཛིན་པ་དང་བྲལ་བ་རྣམས་ཡིན། ཁྲོ་བ་དང་བྲལ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་ པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པ་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟར་བུ་ལགས་པ་བདག་གིས་འཚལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་དབང་པོ་ཡོངས་སུ་དག་པས་ན། བཞིན་འཛུམ་པ་ལགས། ཉོན་མོངས་པ་ རྣམས་དང་བྲལ་བས་ན། ཁྲོ་གཉེར་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ དབང་པོ་ཡོངས་སུ་དག་པས་ན། བཞིན་འཛུམ་པ་ཡིན། ཉོན་མོངས་པ་རྣམས་དང་བྲལ་བས་ན། ཁྲོ་གཉེར་མེད་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ མང་དུ་ཐོས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ནི། འདོད་ཆགས་ཀྱི་མེས་རབ་ཏུ་འབར་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་ གི །མེས་རབ་ཏུ་འབར་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་གི་མེས་རབ་ཏུ་དཀྲུགས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ ༄༅། །སོ༑ ༑འདུ་བྱས་ནི། མི་རྟག་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདུ་བྱད་རྣམས་ནི། སྡུག་བསྔལ་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི། སྟོང་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ནི། བདག་མེད་པའོ། །ཞེས་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི། སྤྲོས་པ་ལ་མངོན་པར་དགའ་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ནི། རྐྱེན་ལས་བྱུང་ བའོ༑ ༑ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མྱ་ངན་ལས་འདས་པ་ནི། ཞི་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཡང་ཐོས་པ་དང༌། བསམ་པ་དང༌། སྒོམ་པས་ཤེས་ཀྱི་སྒྲར་བརྗོད་པ་ཙམ་གྱིས་མ་ཡིན་ཏེ། དེ་ལྟར་ཤེས་ནས་ཀྱང་སྙིང་རྗེའི་སེམས་བརྟན་པ་ཉེ་བར་བཞག་སྟེ་སེམས་ཅན་རྣམས་ཀྱི་དོན་དུ་རྩོལ་ ཞིང་འདབ་ལ་བརྩོན་འགྲུས་རྩོམ་མོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་ པར་འཇིག་ཅིང་བསྟན་པ་འཁྲུགས་པར་གྱུར་པ་དང༌། སེམས་ཅན་རྣམས་ལམ་ངན་པར་ཞུགས་པ་དང༌། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ་སྟོན་པ་མེད་པའི་ཚེ་མདོ་སྡེ་རྒྱ་ ཆེན་པོ་དོན་ཆེ་ཞིང་མཐུ་ཆེ་བ། དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་དང་འདྲ་བ་དག་འཛིན་ཅིང་ཀློག་ལ་ཁ་ཏོན་བྱེད་ཅིང་ཀུན་ཆུབ་པར་བྱེད་པ་དང༌། གཞན་ལ་བརྗོད་ཅིང་སྟོན་ལ་ཡ་ དག་པར་སྟོན་ཅིང་གསལ་བར་བྱེད་པ་དང༌། དེ་ལ་ཞུགས་པའི་གང་ཟག་རྣམས་ལ་དགའ་བ་དང༌། དད་པ་དང༌། རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང༌། ཟང་ཟིང་མེད་ པའི་སེམས་ཀྱིས་དམ་པའི་ཆོས་ཉན་པ་དང༌། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་སྐྱེད་པ་དང༌། དམ་པའི་ཆོས་ལ་བདུད་རྩིར་འདུ་ཤེས་སྐྱེད་པ་དང༌། བཅུད་ཀྱིས་ ལེན་དུ་འདུ་ཤེས་སྐྱེད་པ་དང༌། རྩིའི་འདུ་ཤེས་སྐྱེད་པ་དང༌། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང༌། བཙལ་ནས་ཀྱང་ནན་གྱིས་སྒྲུབ་པའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་ པོའི་སྲས་རྣམས་ཡིན་ནོ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་མཚན་གྱི་རྒྱན་གྱིས་བརྒྱན་པ་རྣམ་ཡིན། ལུས་དང་བྱད་བཟང་པོའི་མེ་ཏོག་རྒྱས་པ་རྣམས་ཡིན། དབང་པོ་རྣམ་པ་ ༄༅། །ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང་ཤིན་ཏུ་ཡོངས་སུ་རྫོགས་པ་རྣམས་ཡིན། དེ་བཞིན་གཤེགས་པས་བསྟན་པའི་གནས་ལ་རྗེས་སུ་སྟེན་པ་རྣམས་ཡིན། དེ་བཞིན་གཤེགས་པ་རྣམས་བཞུད་པའི་ལམ་རྗེས་སུ་ཐོབ་པར་བྱེད་པ་རྣམས་ཡིན། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་གནས་ཁོང་དུ་ཆུད་པར་བྱེད་པ་རྣམས་ཡིན། འཇིག་རྟེན་སྡུག་བསྔལ་བ་ཡོངས་སུ་སྐྱོབ་པ་རྣམས་ཡིན། འཕགས་པའི་ཚུལ་ལ་ཤིན་ཏུ་བསླབས་པ་རྣམས་ཡིན། ཚངས་པའི་གནས་རྣམས་པ་ཤིན་ཏུ་མཐར་ཕྱིན་པ་རྣམས་ ཡིན༑ དེ་བཞིན་གཤེགས་པ་བཞུགས་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕོ་བྲང་ན་གནས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་ དཔའ་ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བས་བསུ་བ་རྣམས་ ཡིན་ནོ༑ ༑བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ཡིན། བདུད་ཐམས་ཅད་ཀྱིས་མི་སྒུལ་བ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་མི་གཡོ་ བ་རྣམས་ཡིན། ཆོས་ཐམས་ཅད་ཀྱི་ཚུལ་ལ་ཞུགས་པ་རྣམས་ཡིན། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་པ་རྣམས་ཡིན། སངས་རྒྱས་ཀྱི་ཆོས་ལ་གཞན་གྱི་དྲིང་མི་ འཇོག་པ་རྣམས་ཡིན། ཤིན་ཏུ་རྟོགས་པའི་ཡེ་ཤེས་དང་ལྡན་པ་རྣམས་ཡིན། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་རྣམས་ཡིན། འཇིག་རྟེན་ཐམས་ཅད་ ལས་མངོན་པར་འཕགས་པ་རྣམས་ཡིན། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དང༌། ཚངས་ པ་དང༌། འཇིག་རྟེན་སྐྱོང་བས་བསུ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསམ་པ་དང༌། བག་ལ་ཉལ་ཤེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ ལྟ་སྟེ༑ སེམས་ཅན་འདོད་ཆགས་ཀྱི་བསམ་པ་ཅན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་གི་བསམ་པ་ཅན་དང༌། གཏི་མུག་གི་བསམ་པ་ཅན་དང༌། དམའ་བའི་བསམ་པ་ ཅན་དང༌། བར་མའི་བསམ་པ་ཅན་དང༌། ཞེན་པའི་བསམ་པ་ཅན་དང༌། དགེ་བའི་བསམ་པ་ཅན་དང༌། བརྟན་པའི་བསམ་པ་ཅན་དང༌། ཡུན་རིང་པོའི་བསམ་པ་ཅན་དང༌། སེམས་ཅན་ གཏུམ་པའི་བསམ་པ་ཅན་དག་ཀྱང་ཡང་དག་པ་ཇི་བཞིན་དུ་རབ་ཏུ་ཤེས་ཤིང༌། དེའང་སེམས་ཅན་གཅིག་ལ་ཇི་ལྟར་ཤེས་པ་བཞིན་དུ་སེམས་ཅན་གྱི་ཁམས་ཀུན་ལའང་ཡང་དག་པ་ ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསམ་པ་དང༌། བག་ལ་ཉལ་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ ༄༅། །བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་གཟུགས་ཉེ་བར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བྱང་ ཆུབ་སེམས་དཔའི་གཟུགས། རང་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་གཟུགས། ཉན་ཐོས་ཀྱི་གཟུགས་ཀྱིས་འདུལ་བའི་སེམས་ ཅན་རྣམས་ལ་ཉན་ཐོས་ཀྱི་གཟུགས། བརྒྱ་བྱིན་གྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་གྱི་གཟུགས། བདུད་ཀྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ ལ་བདུད་ཀྱི་གཟུགས། ཚངས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཚངས་པའི་གཟུགས། བྲམ་ཟེའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བྲམ་ཟེའི་ གཟུགས། རྒྱལ་རིགས་ཀྱི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རྒྱལ་རིགས་ཀྱི་གཟུགས། ཁྱིམ་བདག་གི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཁྱིམ་ བདག་གི་གཟུགས་ཉེ་བར་སྟོན་ཏོ། །རིགས་ཀྱི་བུ། དེ་ལྟར་རྣམ་པ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་རྣམ་པ་དེ་དང་དེ་བྱང་ཆུབ་སེམས་དཔའ་ རྣམས་ཉེ་བར་སྟན་ཏོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དྲང་བ་རྣམས་ཡིན། འཇམ་པ་རྣམས་ཡིན། གྱ་གྱུ་མེད་པའི་སེམས་དང་ལྡན་པ་ རྣམས་ཡིན། གནོད་སེམས་མེད་པའི་སེམས་དང་ལྡན་པ་རྣམས་ཡིན། དྲི་མ་མེད་པའི་སེམས་དང་ལྡན་པ་རྣམས་ཡིན། རྣམ་པར་དག་པའི་སེམས་དང་ལྡན་པ་རྣམས་ཡིན། མི་ བརླང་བའི་སེམས་དང་ལྡན་པ་རྣམས་ཡིན། རྩུབ་པ་སྤངས་པ་རྣམས་ཡིན། བཟོད་པ་མང་བ་རྣམས་ཡིན། དེས་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་ པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འགྲོགས་ན་བདེ་བ་རྣམས་ཡིན་ནོ། །བཅུ་གང་ ཞེ་ན། འདི་ལྟ་སྟེ། ལྟ་བ་ཡོངས་སུ་དག་པས་ལྟ་བ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ཡིན། ཆོ་ག་ཡོངས་སུ་དག་པ་རྣམས་ཡིན། ཚུལ་དང་ཆ་མཐུན་པའི་སྤྱོད་ཡུལ་དུ་སྤྱོད་པ་རྣམས་ཡིན། ཀུན་ནས་ཉོན་མོངས་པ་མེད་པར་སྤྱོད་པ་རྣམས་ཡིན། ཁོང་ཡངས་པ་རྣམས་ཡིན། ཚངས་པ་མཚུངས་པར་སྤྱོད་ ༄༅། །པ་ལ་མཆོད་པ་རྣམས་ཡིན། སྐལ་པ་མཉམ་པ་རྣམས་ཡིན། ལམ་གཅིག་ཏུ་ཞུགས་པ་རྣམས་ཡིན། སྟོན་པ་གཞན་མེད་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་ བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་འགྲོགས་ན་བདེ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསྡུ་པའི་དངོས་པོ་ལ་མཁས་ བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕན་པའི་སྦྱིན་པས་སེམས་ཅན་རྣམས་སྡུད་དོ། །བདེ་བའི་སྦྱིན་པ་དང༌། མི་ཟད་པའི་སྦྱིན་པ་དང༌། ཕན་པ་སྨྲ་བ་དང༌། དོན་དུ་སྨྲ་བ་ དང༌། ཆོས་སུ་སྨྲ་བ་དང༌། རིགས་པར་སྨྲ་བ་དང༌། དོན་བྱ་བ་དང༌། ཟང་ཟིང་གིས་དོན་མཐུན་པ་དང༌། འཚོ་བའི་ཡོ་བྱད་ཀྱིས་དོན་མཐུན་པས་སེམས་ཅན་རྣམས་སྡུད་དོ། །རིགས་ཀྱི་ བུ༑ ཕན་པའི་སྦྱིན་པ་ནི། གང་ཆོས་སྦྱིན་པའོ། །བདེ་བའི་སྦྱིན་པ་ནི། གང་ཟང་ཟིང་སྦྱིན་པའོ། །མི་ཟད་པའི་སྦྱིན་པ་ནི། གང་ལམ་གྱི་ལུང་སྦྱིན་པའོ། །ཕན་པར་སྨྲ་བ་ནི། གང་དགེ་ བའི་རྩ་བ་བསྟན་པའོ། །དོན་དུ་སྨྲ་བ་ནི། གང་ཡང་དག་པའི་བསྟན་པའོ། །ཆོས་སུ་སྨྲ་བ་ནི། གང་དེ་བཞིན་གཤེགས་པའི་བསྟན་པ་དང་མཐུན་པར་ཆོས་བསྟན་པའོ། །རིགས་ པར་སྨྲ་བ་ནི། གང་དོན་ཡང་དག་པར་ཆུད་མི་སོན་པའོ། །དོན་བྱ་བ་ནི། གང་མི་དགེ་བའི་གནས་ནས་བསླངས་ཏེ་དགེ་བའི་གནས་སུ་གཞོག་པའོ། །ཟང་ཟིང་གིས་དོན་མཐུན་པ་ནི། གང་བཟའ་བ་དང༌། བཅའ་བ་དང༌། བལྡག་པ་དང༌། བཏུང་བ་དང༌། གཞིབ་པ་དང༌། གོས་ལ་སོགས་པ་ཐུན་མོང་དུ་ཡོངས་སུ་སྤྱོད་པའོ། །རིགས་ཀྱི་བུ། འཚོ་བའི་ཡོ་བྱད་ཀྱིས་དོན་མཐུན་པ་ནི། གང་གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱུ་རུ་དང༌། ས་ལེ་སྦྲམ་དང༌། དངུལ་དང༌། རྟ་དང༌། གླང་པོ་ཆེ་དང༌། ཤིང་རྟ་དང༌། བཞོན་པ་ཐུན་མོང་ དུ་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ ཆུབ་སེམས་དཔའ་ཚུལ་དུ་ཤེས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྤྱོད་ལམ་རབ་ཏུ་ཞི་བ་རྣམས་ཡིན། སྤྱོད་ལམ་སྒྱུ་མེད་པ་རྣམས་ཡིན། སྤྱོད་ལམ་ཡོངས་སུ་དག་པ་ རྣམས་ཡིན། བལྟ་ན་དགའ་བ་རྣམས་ཡིན། བལྟ་ན་འཇམ་པ་རྣམས་ཡིན། ལྟ་བས་ཆོག་མི་ཤེས་པ་རྣམས་ཡིན། བལྟ་ན་ཡིད་དུ་འོང་བ་རྣམས་ཡིན། བལྟ་ན་སེམས་ཅན་ཐམས་ ཅད་ཁོང་ཁྲོ་བ་མེད་པར་འགྱུར་བ་རྣམས་ཡིན། བལྟ་ན་སེམས་ཅན་ཐམས་ཅད་སེམས་ཚིམ་པར་འགྱུར་བ་རྣམས་ཡིན། བལྟ་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་བར་འགྱུར་བ་ རྣམས་ཡིན་ཏེ། རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཚུལ་དུ་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་ ༄༅། །དཔའ་གནས་བཅའ་བ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཇིགས་པ་དག་ལས་ཡོངས་སུ་སྲུང་བ་རྣམས་ཡིན། འཁོར་བའི་འབྲོག་དགོན་པ་ནས་འདོན་པ་རྣམས་ཡིན། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ་རྣམས་ཡིན། མགོན་མེད་པ་རྣམས་ལ་གཉེན་དུ་གྱུར་པ་རྣམས་ཡིན། ཉོན་མོངས་པའི་ནད་ ཀྱིས་ནད་པར་གྱུར་པ་རྣམས་པ་སྨན་པར་གྱུར་པ་རྣམས་ཡིན། རྟེན་མེད་པ་དག་ལ་རྟེན་པ་རྣམས་ཡིན། གནས་མེད་པ་དག་ལ་གནས་པ་རྣམས་ཡིན། སྐྱབས་མེད་པ་དག་ལ་ སྐྱབས་རྣམས་ཡིན། གླིང་མེད་པ་དག་ལ་གླིང་རྣམས་ཡིན། དཔུང་གཉེན་མེད་པ་དག་ལ་དཔུང་གཉེན་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་ སེམས་དཔའ་གནས་བཅའ་བ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྩིའི་རྒྱལ་པོའི་ཤིང་ཆེན་པོ་ལྟ་བུ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟར་རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྩིའི་རྒྱལ་པོ་ཤིང་ཆེན་པོ་བལྟ་ན་བཟང་བ་ཞེས་བྱ་བ་དེ་ནི། རྩ་བས་ཀྱང་སེམས་ཅན་ནད་པ་རྣམས་ཉེ་བར་འཚོའོ། །སྡོང་པོ་དང༌། ཡལ་ག་རྣམས་དང༌། ལོ་མ་རྣམས་དང༌། མེ་ཏོག་རྣམས་དང༌། འབྲས་བུ་རྣམས་དང༌། མཐོང་བ་དང༌། མནམས་པ་དང༌། མྱངས་པ་དང༌། རེག་པས་ཀྱང་ཉེ་བར་འཚོ་བ་ཡིན་ ཏེ། རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཉོན་མོངས་པ་སྣ་ཚོགས་ཀྱི་ནད་ཀྱིས་ནད་པར་གྱུར་པའི་སེམས་ཅན་རྣམས་སྦྱིན་པས་ཀྱང་ཉེ་བར་ འཚོ་བ་ཡིན། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། མཐོང་བ་དང༌། ཐོས་པ་དང༌། ཡོན་ཏན་གྱི་རོ་མྱངས་པ་དང༌། བསྙེན་བཀུར་བྱས་ པས་ཀྱང་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྩིའི་རྒྱལ་པོ་ཤིང་ཆེན་པོ་ལྟ་བུ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ ལྡན་ན༑ བྱང་ཆུབ་སེམས་དཔའ་བསོད་ནམས་བྱ་བ་ལ་བརྩོན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་ཅི་ནུས་སུ་བྱ་བ་བྱེད་པ་དང༌། སེམས་ཅན་ནད་ པ་རྣམས་ལ་རྩི་སྦྱིན་པ་དང༌། སེམས་ཅན་བཀྲེས་པ་དང༌། སྐོམ་པས་ཉེན་པ་རྣམས་ལ་ཟས་དང་སྐོམ་གྱི་སྦྱིན་པ་དང༌། རླུང་དང་ལྷགས་པ་དང་ཉི་མས་ཉེན་པའི་སེམས་ཅན་རྣམས་ལ་ དགའ་བ་སྦྱིན་པ་དང༌། མཁན་པོ་དང༌། སློབ་དཔོན་རྣམས་ལ་གུས་པར་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་སྨྲ། ཕྱག་འཚལ། ལྡང༌། ཐལ་མོ་སྦྱར་ཞིང་ འདུད་པར་བྱེད་པ་དང༌། ཀུན་དགའ་ར་བ་དང༌། གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་བྱ་བ་དང༌། དུས་དུས་སུ་ནོར་དང༌། འབྲུ་དང༌། མཛོད་དང༌། བང་བ་གཏོང་བ་དང༌། བྲན་ཕོ་དང༌། བྲན་ ༄༅། །མོ་དང༌། ལས་མི་དང༌། ཞོ་ཤས་འཚོ་བ་ལ་བགོ་བཤས་ཡོངས་སུ་སྐྱོང་བ་དང༌། དུས་དུས་སུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་ལ་བསྙེན་བཀུར་ བྱེད་པའོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་བསོད་ནམས་བྱ་བ་ལ་བརྩོན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་ སེམས་དཔའ་སྒྲུབ་པ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་དེ་བཞིན་གཤེགས་ པ་རྣམས་ལ་ཡོངས་སུ་འདྲིའོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཉན་ཏོ། །སངས་རྒྱས་ཀྱི་ཞིང་ གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བསྙེན་བཀུར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དུ་མར་ཡང་བྱང་ཆུབ་ཀྱི་ ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་ རྒྱ་བ་རྣམས་ལ་རིམ་གྲོར་བྱེད། བཀུར་སྟི་བྱེད། བསྟི་སྟང་བྱེད། མཆོད་པ་བྱེད་དོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་བྱང་ཆུབ་ ཀྱི་སྙིང་པོར་འགྲོ་བ་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་སྣང་ངོ༌། །སངས་ རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ ཞིང་དུ་མར་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་སྣང་ངོ༌། །སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་དུ་མར་ཡང་སེམས་ཅན་འདུལ་བ་ཇི་སྙེད་པ་ལ་དེ་ སྙེད་ཀྱི་སྤྲུལ་པ་འགྱེད་ཅིང་དེ་དག་སྤྲུལ་པ་འགྱེད་པའི་ཚེ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་གང་ལྟ་བུར་བྱང་ཆུབ་སེམས་དཔའ་སྤྲུལ་པ་འགྱེད་ན་མི་རྟོག་རྣམ་པར་མི་རྟོག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེའི་ ཕྱིར་དཔེ་ཉོན་ཅིག །རིགས་ཀྱི་བུ། འདི་ལྟས་ཏེ། དཔེར་ན། ཉི་མ་དང༌། ཟླ་བ་ནི། གླིང་བཞིར་སྣང་བར་བྱེད་ཅིང་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡིན་ཀྱང་ཉི་མ་དང༌། ཟླ་བ་ནི། བདག་ཅག་གིས་སྣང་བར་བྱའོ། །བདག་ཅག་ནི། སེམས་ཅན་ལ་ཕན་འདོགས་པའོ། །ཞེས་མི་རྟོག། རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་སྔོན་གྱི་ལས་རྣམ་པར་སྨིན་པའི་མངོན་པར་ ༄༅། །འདུ་བྱེད་པས་ཟླ་བ་དང༌། ཉི་མ་གཉིས་ཀྱི་བྱ་བ་དེ་ལྟ་བུ་འབྱུང་ངོ༌། །རིགས་ཀྱི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྤྲུལ་པ་འགྱེད་ན་མི་རྟོག། རྣམ་པར་མི་ རྟོག་སྟེ༑ བསྒྲིམ་པའམ། མངོན་པར་འདུ་བྱ་བ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། སྔོན་གྱི་རྣམ་པར་སྨིན་པས་མངོན་པར་འདུ་བྱ་བ་རྣམས་ལ་མངོན་པར་གྲུབ་པའི་ཕྱིར་ ཏེ༑ སྔོན་གྱི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཅི་ནས་ཀྱང་རྣམ་པར་རྟོག་པ་མེད་པར་ཡང་སྤྲུལ་པ་རྣམས་འབྱུང་བར་འགྱུར་བ་དེ་ལྟ་དེ་ ལྟར་སྨོན་ལམ་བཏབ། དེ་ལྟ་དེ་ལྟར་མངོན་པར་འདུས་བྱས་པའི་ཕྱིར་རོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྤྲུལ་པ་ལ་ཡང་མཁས་ པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་ཤིན་ཏུ་གྲུབ་པས་སྦྱིན་པ་ཕུན་སུམ་ཚོགས་པ་རྣམས་ཡིན། ཚུལ་ཁྲིམས་ཤིན་ཏུ་གྲུབ་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་སྐྱོན་ མེད་པ་དང༌། མ་འདྲེས་པ་དང༌། མ་འབགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལས་འདས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་དང་ལྡན་པས་ཚུལ་ བྲེམས་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་ཡིན། བཟོད་པ་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་དང༌། བརྩོན་འགྲུས་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་དང༌། བསམ་གཏན་ཤིན་ཏུ་ ཕུན་སུམ་ཚོགས་པ་རྣམས་དང༌། ཤེས་རབ་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་དང༌། ཐབས་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་དང༌། སྨོན་ལམ་ཤིན་ཏུ་ཕུན་སུམ་ཚོགས་པ་ རྣམས་དང༌། སྟོབས་ཤིན་ཏུ་ཕུན་སུམ་ཚོགས་པ་རྣམས་དང༌། ཡེ་ཤེས་ཤིན་ཏུ་གྲུབ་ཅིང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལས་འདས་ པས་དང་པོ་ལ་ངས་པའི་བྱང་ཆུབ་སེམས་དཔའ་ཡན་ཆད་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་བར་གྱི་ཡེ་ཤེས་ལས་འདས་པ་དང་ལྡན་པས་ཡེ་ཤེས་ཤིན་ཏུ་ རྫོགས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ། ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཛོགས་ པར་འཚང་རྒྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་འགུལ་ཏེ། རབ་ཏུ་གཡོས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རི་རབ་རིའི་རྒྱལ་པོ་དག་གམ། རི་བཏང་བཟུང་ང༌། རི་བཏང་བཟུང་ཆེན་པོ་དག་ ༄༅། །གམ༑ འཁོར་ཡུག་གི་རིའམ། ཁོར་ཡུག་གི་ར་ཆེན་པོ་དག་གམ། དེ་མ་ཡིན་པའི་རིན་པོ་ཆེའི་རི་དང༌། རི་ནག་པོ་དེ་དག་ཐམས་ཅད་ཀྱང་ཡུལ་ག་ཡ་གང་ན་བ་ དང༌། ག་ཡ་མགོའི་རི་གང་ན་བ་དེ་ལོགས་སུ་བཅོམ་ལྡན་འདས་ལ་ཆོས་ཀྱི་དགབ་པ་བྱ་བའི་ཕྱིར་འདུད་པར་གྱུར་ཏོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་ན་མེ་ཏོག་གི་ཤིང་ངམ། འབྲས་བུའི་ཤིན་ངམ། སྤོས་ཀྱི་ཤིང་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་ཆོས་ཀྱི་དགབ་པ་བྱ་བའི་ཕྱིར་ག་ཡ་ མགོའི་རི་གང་ན་བ་དེ་ལོགས་སུ་འདུད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ལ་ཆོས་ཀྱི་དགའ་པ་འབུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ ཀྱང་ན་བཟའ་དང༌། རྒྱན་གྱི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་རི་རབ་ཙམ་བྱས་པར་གྱུར་ཏོ། །བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་བརྒྱ་སྟོང་དུ་མའང་ མགོ་པོས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་བ་བྱས་ཏེ་འདུད་ཅིང་བཅོམ་ལྡན་འདས་ལ་མེ་ཏོག་མནྡཱ་ར་བ་དང༌། མནྡཱ་ར་བ་ཆེན་པོ་དག་འཐོར་བར་གྱུར་ཏོ། །ལྷའི་བུ་བརྒྱ་ སྟོང་དུ་མའང་ནམ་མཁའི་དབྱིངས་ལ་གནས་ཏེ་གོས་གཡོབ་ཅིང་ཅ་ཅོ་དང༌། ག་ཞ་བརྒྱ་སྟོང་དུ་མ་བྱེད་པར་གྱུར་ཏེ། ལྷ་རྫས་ཀྱི་མེ་ཏོག་གིས་བཅོམ་ལྡན་འདས་ལ་ མངོན་པར་འཐོར་བར་གྱུར་ཅིང་།ཀྱེ་མའོ་དེང་ནི། འཇིག་རྟེན་དུ་སངས་རྒྱས་གཉིས་པ་སྐྱེས་པར་གྱུར་ཏེ། ཀྱེ་མའོ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏོ། །སེམས་ཅན་གནག་གི་རྣ་ ལམ་དུ་ཆོས་ཀྱི་རྣམ་གྲང་འདི་གྲགས་པར་གྱུར་པ་དེ་དག་ཀྱང་བསོད་ནམས་དང་ལྡན་ཞིང་དགེ་བའི་ལས་བྱེད་པ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་རབ་ཏུ་ བསགས་པ་ཡིན་ན། གང་འདི་ལ་དད་པ་རྙེད་པ་དེ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་དུ་མའང་ཆོས་ཀྱི་ རྣམ་གྲང་འདི་ཉིད་ལ་ཆོས་ཀྱི་དགབ་པ་བྱ་བའི་ཕྱིར་འབྲུག་ལྟར་སྒྲ་འུར་རུ་རུ་འབྱིན། སྒྲོག་པར་བྱེད། ཤིན་ཏུ་སྒྲོག་པར་བྱེད་ཅིང༌། སྤོས་ཀྱི་སྤྲོན་སྣ་ཚོགས་མངོན་པར་ སྤྲུལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང༌། ག་ཡ་མ་མགོའི་རི་ལ་སྤོས་ཆུའི་ཆར་མངོན་པར་འབེབས་ཀྱང་སེམས་ཅན་རྣམས་ལ་གནོད་པར་མི་ སྣང་ངོ༌། །ཀླུའི་བུ་མོ་བརྒྱ་སྟོང་དུ་མའང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཀླུའི་ང་རོའི་སྒྲ་འབྱིན་པར་གྱུར་རོ། །དྲི་ཟད་དང་མིའམ་ཅི་བརྒྱ་སྟོང་དུ་མའང་སྙན་ཅིང་ཟབ་པའི་ དབྱངས་ཀྱིས་གླུ་ལེན་ཅིང་ག་ཡ་མགོའི་རི་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་བསྐོར་བ་བྱེད་པར་གྱུར་ཏོ། །གནོད་སྦྱིན་བྱེད་བ་ཁྲག་ཁྲིག་བརྒྱ་ ༄༅། །སྟོང་དུ་མའང་པདྨའི་ཆར་