Loading

འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས།
རྒྱུད།
not checked
།།རྒྱ་གར་སྐད་དུ། ཨཱཪྻ་མ་ཧཱ་མ་ཎི་བི་ པུ་ལ་བི་མཱ་ན་སུ་པྲ་ཏིཥྛི་ཏ་གུ་ཧྱ་ན་པ་ར་མ་ར་ཧ་སྱད་ཀལྤ། རཱ་ཛ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས། བམ་པོ་དང་པོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་འདུས་པ་དང་པོ་ལ་བདུད་བྱེ་བ་ཕམ་པར་མཛད། དཔྱོད་པ་པ་དང༌། ཀུན་ཏུ་རྒྱུ་དང༌། གཅེར་བུ་པ་ཐམས་ཅད་དང༌། མུ་ སྟེགས་ཅན་གཞན་རྣམས་ཀྱང་བཏུལ་ནས་ཕམ་པར་མཛད་དེ། འཁོར་བའི་སྐྱོན་འཁོར་བའི་ཆུ་བོའི་ཕ་རོལ་ཏུ་གཤེགས་སོ། །གང་གི་ཚེ་བདུད་ཀྱི་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ གཡོག་བདུད་ཀྱི་སྡེ་ཕྲག་དཀྲིགས་པ་ཅན་དག་གིས་འཛམ་བུའི་གླིང་བཀང་བ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ས་བཞིར་རྡོ་རྗེར་བྱིན་གྱིས་བརླབས་ནས། སེམས་ཅན་དེ་དག་གིས་འཇིགས་ཤིང་ འཇིགས་སུ་རུང་བའི་སྒྲ་ཡང་མ་ཐོས་ཤིང་མཚོན་ཆའི་ཆར་དེ་དག་ཐམས་ཅད་ཀྱང་མེ་ཏོག་སྣ་ཚོགས་སུ་བབ་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སུམ་མདོའི་དབུས་དེའི་ས་དེ་ཡང་ ༄༅། །རྡོལ་ནས། རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་པ། སྡོང་བུ་ནི་བཻ་ཌཱུཪྻ། སྙིང་པོ་ནི་ཛམྦུ་ཆུ་བོའི་གསེར། ཟེ་བ་ནི་རྡོའི་སྙིང་པོ། །སྲིད་ནི་ཚངས་པའི་འཇིག་རྟེན་ གྱི་བར་ཐུག་པ། འོད་དང་ལྡན་པ་ཞིག་བྱུང་སྟེ། པདྨ་དེ་བྱུང་ནས་ཕྱོགས་བཅུ་ཐམས་ཅད་དུ་སྣང་བར་བྱས་སོ། །དེ་ནས་པདྨ་དེ་ལས་ནོར་བུ་རྡོ་རྗེ་མཆོག་ལྡན་ཞེས་བྱ་བའི་གཟུངས་ཀྱིས་བསྐུལ་ བའི་སྒྲ་འདི་བྱུང་ངོ༌། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་གང་ལགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་བཛྲ་ཧྲཱི་ད་ཡ། བཛྲ་མཱ་ར་སཻ་ནྱ་བི་དྲ་བ་ནི། ཧ་ན་ཧ་ན། བཛྲ་གརྦྷེ། ཏྲཱ་ས་ཡ་ཏྲཱ་ས་ཡ། སརྦ་མཱ་ར་བ་བ་ན་ནྀ་ཧཱུཾ་ཧཱུཾ། སཾ་དྷ་ར་སཾ་དྷ་ར། བུདྡྷ་མཻ་ཏྲི་སརྦ་ཏ་ཐཱ་ག་ཏ། བཛྲ་ཀལྤ་ཨ་དྷིཥྛི་ཏེ་སྭཱཧཱ། །པདྨ་དེ་ལས་ཡང་ལེགས་སོ་ཞེས་བྱ་བའི་སྒྲ་གྲག་ སྟེ༑ དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྒྲས་བཀང་ནས། ཤཱཀྱ་ཐུབ་པ་སྲིད་པའི་དགོན་པ་ལས་ནི་རྒལ། བདུད་ནི་བཅོམ། ཉོན་མོངས་པའི་རྡུལ་ནི་ སྤངས། མ་རིག་པའི་སྒོ་ངའི་སྦུབས་ནི་དྲལ། ཆོས་ཀྱི་སྒྲོན་མ་ཆེན་པོ་ནི་སྦར་ཏེ། གང་གི་ཕྱིར་གཟུངས་འདིའི་མཐུས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབས་ནས། བདུད་ནི་བཅོམ་ པ་ལེགས་སོ། །ལེགས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྤུ་ཟིང་ཞེས་བྱེད་ཅིང༌། ལུས་འདར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་རིགས་སྔགས་ཆེན་མོ་འདི་འདུས་པ་དང་པོ་ལ་ཛམྦུའི་གླིང་དུ་བྱང་བ་ལགས། བཅོམ་ལྡན་འདས། རིགས་ སྔགས་འདི་འཇིག་རྟེན་དུ་སྔོན་བྱུང་བར་མ་ཐོས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ནོར་བུ་ཆེན་པོ་རྒྱས་པའི་ གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ། གསང་བ་ཞེས་བྱ་བའི་གཟུངས་ཡོད་དེ། དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེའི་རང་བཞིན་དུ་གྱུར་ནས། མཚོན་ ཆའི་ཆར་འབབ་པ་འདི་ཡང་མེ་ཏོག་སྣ་ཚོགས་སུ་གྱུར་ཏེ་འབབ་བོ། །གཟུངས་འདིའི་མཐུས་བདུད་ཀྱི་འཁོར་བཅོམ་ནས་སྲོག་ཆགས་བྱེ་བ་བཏུལ་ཏོ། །འདིའི་མཐུས་སུམ་མདོའི་དབུས་སུ་ པདྨ་འདི་བྱུང་བར་གྱུར་ཏོ། །ལག་ན་རྡོ་རྗེ། གཟུངས་འདི་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས། བདུད་བྱེ་བ་ཕམ་པར་མ་ཡིན། ཉོན་མོངས་པའི་རྒྱ་མཚོ་སྐེམས་པར་མ་ཡིན་ ཏེ༑ ཆོས་ཀྱི་སྒྲོན་མ་སྤར་བར་མི་ནུས་སོ། །ལག་ན་རྡོ་རྗེ། ངས་དཀའ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་སྤྱད་ན། ཇི་སྲིད་གཟུངས་འདི་མཉན་པ་དང༌། མངོན་པར་བརྩོན་པས་བརྩོན་ འགྲུས་མ་བྱས་ཀྱི་བར་དུ་ངས་སངས་རྒྱས་ཉིད་ཐོབ་པར་མ་ནུས་ཀྱི། ཕྱིས་ངས་སངས་རྒྱས་ཉིད་ཐོབ་བོ། །ལག་ན་རྡོ་རྗེ། གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ཡིན་ནོ། །ལག་ན་ ༄༅། །རྡོ་རྗེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡང་དག་པར་སངས་རྒྱས་ཀྱི་སྐུ་ཡོངས་སུ་སྒྲུབ་པ་ཡིན་ནོ། །ལག་ན་རྡོ་རྗེ། འདིའི་མིང་གཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་བཟུང་བར་འགྱུར་རོ། །བརྗོད་ཅིང་བཟླས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ དང༑ བསྙེན་བཀུར་བ་དང༌། ཞབས་ལ་ཕྱག་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མེ་ཏོག་སྣ་ཚོགས་དང༌། དྲི་དང༌། བདུག་པ་སྣ་ཚོགས་ཀྱིས་མཆོད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་ན་ཡོན་ཏན་གྱི་ཁྱད་པར་ཅི་འདྲ་བ་དག་གདའ་བ་བསྟན་དུ་གསོལ། བཅོམ་ལྡན་འདས། དེ་བཞིན་གཤེགས་ པའི་སྐུ་ཡང་དག་པའི་ཆོས་ཀྱི་གཞི་འདི་དག་ལས་གཞན་པ། དགེ་བའི་རྩ་བ་ངན་ངོན་ཙམ་གྱིས་ནི་སེམས་ཅན་རྣམས་ཀྱི་ཚོགས་བསགས་པར་མི་བགྱི་ལགས་སོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། སེམས་ཅན་དེ་དག་ནི་སྙོམས་ལས་ཅན། བརྩོན་འགྲུས་དམན་པ། གཏི་མུག་གིས་རྨོངས་པ། འདོད་པའི་དྲེགས་པས་རྨོངས་པ། ཡིད་ཆེས་པར་དཀའ་པ། ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པ་སྟེ། དེས་ནི་གཟུང་འདི་ལག་ཏུ་འོང་བར་མི་འགྱུར་ཞིང༌། བསོད་ནམས་ཆུང་བ། སྐལ་བ་ཆུང་བ། བློ་ཞན་པ་རྣམས་ཀྱིས་ཀྱང་ཉན་པར་མི་འགྱུར། འཆད་པར་མི་འགྱུར་ཞིང༌། སྡིག་པ་ཐམས་ཅད་འཇིག་པར་བྱེད་པ། དེ་བཞིན་གཤེགས་པའི་གསང་བའི་གཟུགས་འདི་ལ་དད་པ་བསྐྱེད་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། །ང་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་ དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ནོར་བུའི་སྒྲོན་མ་ཞེས་བྱ་བ་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་གཉིས་པའི་ར་ པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། རྒྱས་པ། བདེ་བ། ཉམས་དགའ་བ། ལོ་ལེགས་པ། སྐྱེ་བོ་དང༌། མི་མང་པོས་གང་བ། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་དང༌། སྐྱེ་ བོའི་ཚོགས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉིད་སྣང་ཞིང་ནོར་བུ་དང༌། གསེར་འབར་བའི་མགོ་རྒྱན་སྣ་ཚོགས་ཀྱིས་མགོ་བརྒྱན་པ། ལྷའི་གཟུགས་ཅན་མཐུ་དང༌། བརྩོན་འགྲུས་ ༄༅། །ཆེན་པོ་དང་ལྡན་པ། བཤེས་གཉེན་ཐམས་ཅད་དང་ལྡན་པ། རིག་པའི་གནས་རྟོགས་པར་ཁོང་དུ་ཆུད་པ། སྣང་བར་ཡོད་པར་འགྲོའོ། །འཇིག་རྟེན་གྱི་ཁམས་ དེ་ན་རྒྱལ་པོ་ནོར་བུ་སྣ་ཚོགས་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། བློན་པོ་བྱེ་བ་ཕྲག་བརྒྱ་བཅུས་ཡོངས་སུ་བསྐོར་ཅིང༌། བཙུན་མོ་དམ་པ་གསལ་བྱེད་མ་ཞེས་བྱ་བ་བུད་མེད་ཉི་ཁྲིའི་ འཁོར་ཅན་ལྷའི་བུ་མོ་ཐམས་ཅད་ཀྱི་ལུས་ལ་འགྲན་པ་ཞིག་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་ན་ཡང་མེ་ཏོག་གི་ཤིང་དང༌། འབྲུའི་ཤིང་དང༌། དྲང་ཆུའི་ཤིང་དང༌། དྲིའི་ཤིང་གང་ཡིན་ པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ། །ཆུ་ལས་སྐྱེས་པའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང༌། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ། །ཐང་ལས་ སྐྱེས་པའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ནི་ཛམྦུ་ཆུ་བོའི་གསེར་གྱི་རང་བཞིན་ཡིན་ནོ། །མི་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་ཐུབ་སྟེ་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ ཀྱི་ལམ་དང་ལྡན་པ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མངོན་པར་དད་པ་ཡིན་ནོ། །རྒྱལ་པོ་དེ་ཡང་ཆོས་དང་མཐུན་པས་རྒྱལ་སྲིད་སྐྱོང་བར་བྱེད་ཀྱི་ཆོས་དང་མི་མཐུན་ པས་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་བ་ཅན་ཡིན་ནོ། །འཇིག་རྟེན་གྱི་ཁམས་དེ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ནོར་བུ་བཟང་ཆེན་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང༌། རིགས་སྔགས་འཆང་བྱེ་བ་ཕྲག་མང་པོས་ཡོངས་ སུ་བསྐོར་ནས་སངས་རྒྱས་ཀྱི་མཛད་པ་མཛད་དེ། དེ་བཞིན་གཤེགས་པ་དེ་ནི་གསེར་གྱི་ཁ་དོག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱེད་བཟང་པོ་བརྒྱད་ཅུ་མངའ་བ། འོད་འདོམ་གང་གིས་ ཀུན་ནས་བསྐོར་བ། །འོད་རིན་པོ་ཆེ་སྣ་བདུན་ལྟར་ཤིན་ཏུ་གསལ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་གི་ལུས་འོད་འཕྲོ་བ། མཚན་དང་ལྡན་པ། རིན་པོ་ཆེ་སྣ་བདུན་གྱི་པདྨའི་གདན་ལ་འཁོད་པ་སྟེ། ཐམས་ཅད་ཀྱང་སྤོབས་པ་མི་ཟད་པ། སྒྲིབ་པ་མེད་པའི་ཡེ་ཤེས་སྤྱོད་ཡུལ་བ། རིག་པའི་གནས་རྟོགས་པར་ཁོང་དུ་ཆུད་པས། འདི་ ལྟ་སྟེ། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་ཞེས་བྱ་བའི་གཟུངས་སེམས་ཤིང་གཟུངས་དེ་ཉིད་ཀྱི་མཐུས་ཡོན་ཏན་གྱི་ཁྱད་པར་འདི་བྱུང་བར་གྱུར་ ཏོ༑ ༑དེ་བཞིན་གཤེགས་པ་དེ་ཡང་གཟུངས་འདི་སེམས་ཅན་ཐམས་ཅད་ལ་རབ་ཏུ་སྟོན་ཏོ། །སེམས་ཅན་དེ་རྣམས་ཀྱང་གཟུངས་འདིའི་མཐུས་བདེ་བ་ཉམས་སུ་མྱོང་བ་སྟེ། སེམས་ ཅན་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ལྷ་མ་ཡིན་གྱི་རིས་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །ངན་སོང་ ༄༅། །གི་སྒོ་ཐམས་ཅད་ཀྱང་བཅད་པར་གྱུར་ཏོ། །མཐོ་རིས་ཀྱི་སྒོ་རྣམས་ཕྱེའོ། །བདེ་འགྲོའི་སྒོ་ཐམས་ཅད་ཕྱེ་སྟེ། འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་གང་ཡིན་པ་ དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་སོ། །འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་ཐམས་ཅད་བྱམས་པའི་སེམས་ཀྱིས་གནས་ཏེ། འདི་ ལྟ་སྟེ༑ ཆུ་དང༌། འོ་མ་གཅིག་ཏུ་གྱུར་པ་བཞིན་ནོ། །དེ་བཞིན་གཤེགས་པ་དེས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་ པའི་གསང་བ་འདི་སྒྲུབ་པ་ན། སྨོན་ལམ་འདི་སྐད་ཅེས། བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པོ། །གང་དག་གཟུངས་འདི་ཉན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། སྒོམ་པ་ དང༌། འདོན་པ་དང༌། སེམས་པ་དང༌། སྒྲུབ་པར་བྱེད་པ་དང༌། ཆུང་དུ་ན་མིང་ཉན་པར་བྱེད་དམ། ལག་པས་རེག་གམ། ལུས་ལ་འཆང་ངམ། མིག་གིས་མཐོང་བ་ཙམ་མམ། གླེགས་བམ་ ལ་བྲིས་པ་འམ། རས་ལ་བྲིས་པ་འམ། རྩིག་པ་ལ་བྲིས་པ་མཐོང་ན། མཚམས་མེད་པ་ལྔ་བྱས་པ་འམ། མནར་མེད་པར་གཞོལ་བ་འམ། དམ་པའི་ཆོས་སྤངས་པ་འམ། འཕགས་ པ་ལ་བསྐུར་པ་བཏབ་པ་འམ། ཤན་པ་འམ། གདོལ་པ་འམ། རྔོན་པ་འམ། བྱ་པ་འམ། ལོང་བ་འམ། འོན་པ་འམ། ཤ་བཀྲ་ཅན་ནམ། བཀྲེན་པ་འམ། ཞར་བ་འམ། སྒུར་པོ་འམ། དམན་ པ་འམ༑ སྔོན་གྱི་ལས་ཀྱིས་འཕངས་པའི་སྒྲིབ་པ་ཅན་ནམ། མྱོང་བར་གྱུར་པར་མ་ངེས་པའམ། བདུད་ཀྱིས་ཞགས་པས་བཅིངས་པ་འམ། ལྟ་བ་ངན་པར་ལྷུང་བ་འམ། ལོག་འདྲེན་གྱིས་ཟིན་ པ་འམ༑ རྒྱུ་སྐར་དང༌། གཟའི་གནོད་པར་བྱས་པ་དེ་དག་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཆུང་དུ་ན་དུད་འགྲོའི་སྐྱེ་ གནས་པ་རི་དགས་དང༌། བྱ་དང༌། སྦྲང་བུ་མཆུ་རིངས་དང༌། ཤ་སྦྲང་དང༌། བྱི་བ་དང༌། གྲོག་སྦུར་རྣམས་དང༌། གཞན་ཡང༌། སྲོག་ཆགས་ཀྱི་རིགས་སྣ་ཚོགས་སྒོ་ང་ལས་སྐྱེས་པ་འམ། མངལ་ནས་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པ་འམ། རྫུས་ཏེ་སྐྱེས་པ་ལ་སོགས་ཏེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ ཏེ༑ འདི་ལ་ཐེ་ཚོམ་དང༌། ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ་འཁོར་དེ་དག་ཐམས་ཅད་དགའ་ཞིང་བ་སྤུའི་ཁུང་བུ་རྣམས་གཡོས་ པར་གྱུར་ཏོ། །ལྷའི་མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ཀུ་མུ་ད་དང༌། པདྨ་དཀར་པོ་དང༌། མ་ན་དཱ་ར་བ་དང༌། མན་དཱ་ར་བ་ཆེན་པོའི་ཆར་ཡང་རབ་ཏུ་བབ་པོ། །ལྷའི་སིལ་སྙན་རྣམས་ཀྱང་སྒྲ་ ༄༅། །འབྱིན་ནོ། །འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱི་རང་རང་གི་ལུས་ལས་འོད་ཟེར་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡང་རིན་པོ་ ཆེ་སྣ་བདུན་གྱི་ཁང་པ་རྩེགས་མ་བཀྲ་བ། ལྟ་ན་སྡུག་པ། ཤིན་ཏུ་རྣམ་པར་ཕྱེ་བ། ཉམས་དགའ་བ། ཀ་བ་བཞི་ཟུག་པ། སྒོ་བཞི་བཏོད་པ། ཐེམ་སྐས་བཞི་དང་ལྡན་པ། འོད་འབར་བ། གྲྭ་ བཞིར་ནོར་བུ་རིན་པོ་ཆེ་ཆེན་པོ་བཞི་ཉི་མ་ལྟར་འོད་འབར་བ། ནོར་བུ་དང༌། རིན་པོ་ཆེ་དང༌། མུ་ཏིག་གི་དྲ་བ་དུ་མ་དཔྱངས་པ། དྲིལ་བུ་མང་པོས་མཛེས་པར་བྱས་པ། དར་གྱི་བ་དན་མང་ པོས་ཀུན་ནས་བརྒྱན་པ། མེ་ཏོག་སྣ་ཚོགས་དུ་མའི་ཆུན་པོས་མཛེས་པར་བྱས་པ་ཞིག་བྱུང་ངོ༌། །ས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ་འགུལ་ལྡེག་ལ་སྒྲ་འབྱིན་ཅིང་མཐོ་བ་ དང༑ དམའ་བར་གྱུར་ཏོ། །ལྷའི་གནས་ཐམས་ཅད་ཀྱང་འོད་ཀྱིས་སྣང་བར་བྱས་ཏེ་ལྷའི་གནས་ན་གནས་པ་ཐམས་ཅད་བསྐུལ་ཏོ། །རྒྱལ་པོ་ཆེན་པོ་བཞི་ཡང་བསྐུལ་ཏོ། ། རིག་སྔགས་འཆང་གི་གནས་ཐམས་ཅད་ཀྱང་བསྐུལ་ཏེ། ལྷའི་གནས་ཐམས་ཅད་ཀྱང་འབར། ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དང༌། བར་ཆད་བྱེད་པའི་ལོག་ འདྲེན་ཐམས་ཅད་དངངས་སྐྲག་སྟེ་ཆོ་ངེས་འདེབས་ཤིང་ཕྱོགས་བཅུར་བྱེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་འོད་ཟེར་རབ་ཏུ་བཀྱེ་སྟེ། ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་ཐམས་ཅད་ཀུན་ནས་སྣང་བར་བྱས་ཤིང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་བསྐུལ་ནས་སླར་དབུའི་གཙུག་ཏུ་ ནུབ་པོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས། ལེགས་སོ། །ལེགས་སོ། །བཅོམ་ལྡན་འདས། ཁྱོད་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་དེ་གཟིགས་པ་དང༌། ཕྱག་ བགྱི་པ་དང༌། བསྙེན་བཀུར་བགྱི་ཞིང་བཞུད་པའི་དུས་ལ་བབ་ཀྱི་བཞུད་ལ། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བགྱི་བའི་གཟུངས་དེ་ཡང་ རྒྱས་པར་གསོན་ཅིག །བཅོམ་ལྡན་འདས། གཟུངས་དེ་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་སོ། །གཟུངས་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ ལགས་ཏེ། གང་ལ་ལ་ཞིག་ཉན་ཏམ། ཆུང་དུ་ན་མིང་ངམ། ལག་པས་རེག་ན་ཡང་ཕྱིར་མི་ལྡོག་པར་འགྱུར་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ ༄༅། །གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། ཡང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཀྱེ་སྟེ། ཇི་ལྟར་ལྷགས་པའི་འཁོར་དེ་ལ་བོས་ནས། འདི་སྐད་ཅེས་ བཀའ་སྩལ་ཏོ། །རིགས་ཀྱི་བུ། ཚུར་ཤོག །དེ་བཞིན་གཤེགས་པའི་བརྡ་བྱུང་བ་ནི་འདི་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་གདན་ལས་བཞེངས་པ་དང༌། ཁང་པ་བརྩེགས་ པ་དེའི་དབུས་སུ་རྡོ་རྗེའི་སེང་གེའི་ཁྲི་བྱུང་ནས། ཁྲི་དེའི་སྟེང་དུ་རིན་པོ་ཆེའི་པདྨ་བཀྲ་བ། བལྟ་ན་སྡུག་བ། ཡིད་དུ་འོང་བ། སྡོང་པོ་ནི་གསེར། པདྨའི་སྙིང་པོ་ནི་མུ་ཏིག་དམར་པོ་ཅན་ ཞིག་བྱུང་སྟེ། དེ་ལ་བཅོམ་ལྡན་འདས་བཞུགས་སོ། །བཅོམ་ལྡན་འདས་བཞུགས་མ་ཐག་ཏུ་ས་ཆེན་པོ་འདི་ཆེ་ཐང་དུ་གཡོས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་ནོར་བུ་ཆེན་ པོ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་ཐམས་ཅད་དབུགས་ཕྱུང་ནས། སྟེང་གི་ནམ་མཁའི་དཀྱིལ་དུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་འཁོད་ དེ་འཁོར་མང་པོ་དང༌། འཁོད་པ་ཆེན་པོ་དང༌། སངས་རྒྱས་ཀྱི་བྱིན་གྱི་རླབས་ཆེན་པོ་དང༌། རྣམ་པར་སྤྲུལ་པ་དང༌། བྱང་ཆུབ་སེམས་དཔའ་མང་པོའི་འཁོར་དང༌། ལྷ་དང༌། ཀླུ་དང༌། གནོད་ སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་མང་པོ་དང༌། རིག་སྔགས་འཆང་བྱེ་བ་ཕྲག་མང་པོའི་འཁོར་དང༌། གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞི་དག་གཤེགས་སོ། །དེ་དག་ཐམས་ཅད་ ཤར་ཕྱོགས་ལོགས་སུ་དོང་བ་དང༌། ཚད་མེད་པའི་གང་གླའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་ནས་ནོར་བུ་སྒྲོན་མ་ཞེས་བྱ་བའི་འཇིག་ རྟེན་གྱི་ཁམས་སུ་ཕྱིན་པར་མཐོང་སྟེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས། སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །འཇིག་རྟེན་གྱི་ཁམས་དེར་བྱོན་ མ་ཐག་ཏུ་ནམ་མཁའ་ལས་བབས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་དེའི་དྲུང་དུ་གཤེགས་སོ། །དེར་གཤེགས་ ནས༑ བཅོམ་ལྡན་འདས། གནོད་པ་མི་མངའ་འམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུངས་ནས། རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་པ་ཞིག་བྱིན་ནོ། ། དེ་ནས་བཅོམ་ལྡན་འདས་ལྷའི་གཞལ་མེད་ཁང་ན་འཁོར་དང་བཅས་པ་བཞུགས་པ་དང༌། དེས་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་ནས། ཟབ་ཅིང་ཟབ་པས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡང་དག་པར་དགྱེས་པར་མཛད་དེ། ཁང་པ་བརྩེགས་མ་དེ་ཉིད་དུ་བཞུགས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ ༄༅། །ཞུས་པ། བཅོམ་ལྡན་འདས། ཁྱོད་ཀྱི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ལགས་སམ། ཁྱོད་ཀྱིས་བདུད་དཔུང་དང་བཞོན་པར་བཅས་པ་བཅོམ་ ལགས་སམ། ཁྱོད་ཀྱིས་ཆོས་ཀྱི་སྒྲོན་མ་སྦར་ལགས་སམ། ཆོས་ཀྱི་རྒྱལ་མཚན་བསྒྲེང་ལགས་སམ། ཆོས་ཀྱི་རྔ་བརྡུངས་ལགས་སམ། ཆོས་ཀྱི་དུང་རབ་ཏུ་བུས་ལགས་སམ། བཅོམ་ལྡན་འདས། ཁྱོད་ཀྱིས་འཇིག་རྟེན་དུ་སངས་རྒྱས་འབྱུང་བ། བླ་ན་མེད་པའི་ཐམས་ཅད་མཁྱེན་པ། མཁྱེན་པར་བགྱིས་ལགས་སམ། བཅོམ་ལྡན་འདས། ཁྱོད་ཀྱིས་ དེང་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ། ཆོས་ཀྱི་གཏེར་ལན་གཉིས་སུ་བསྐོར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད་གསུངས་མ་ཐག་ཏུ། སངས་རྒྱས་ཀྱི་ཞིང་འཇིག་ རྟེན་གྱི་ཁམས་དེ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ ལྡེག་༑འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་སྟེ། མེ་ཏོག་གི་ཆར་ཆེན་པོ་ཡང་རབ་ཏུ་བབ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ ཆེན་པོ་ཡང་སྣང༌། སིལ་སྙན་རྣམས་ཀྱང་མ་དཀྲོལ་བར་སྒྲ་འབྱིན། སྟེང་གི་ནམ་མཁའི་བར་སྣང་གི་ལྷའི་བུ་རྣམས་ཀྱང་ལྷའི་སིལ་སྙན་ཤིན་ཏུ་ཡིད་དུ་འོང་བ། ཡན་ལག་ལྔ་པ་དག་ དཀྲོལ་བར་བྱེད། ཀླུ་ཆེན་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབེབས་པར་བྱེད། དྲིའི་ཕྱེ་མ་སྣ་ཚོགས་དང༌། ཙནྡན་གྱི་ཆུ་སྣ་ཚོགས་ཀྱི་ཆར་ཡང་ འབེབས་པར་བྱེད། གོས་སྣ་ཚོགས་དང༌། རྒྱན་དང༌། ལྷབ་ལྷུབ་སྣ་ཚོགས་ཀྱི་ཆར་ཡང་རབ་ཏུ་འབེབས་པར་བྱེད། ལྷའི་མུ་ཏིག་དམར་པོ་དང༌། སྤུག་དང༌། ནོར་བུ་རིན་པོ་ཆེ་ཆེན་པོ་རྣམ་པར་ སྣང་བྱེད་དང༌། ནོར་བུ་རིན་པོ་ཆེ་ཆེན་པོ་ཉི་མའི་སྙིང་པོ་དང༌། ཆུ་ཤེལ་དང༌། མེ་ཤེལ་དང༌། དཔལ་གྱི་སྙིང་པོའི་ཆར་ཡང་རབ་ཏུ་འབེབས་པར་བྱེད། ལྷའི་མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ཀུ་མུ་ད་དང༌། པདྨ་དཀར་པོ་དང༌། མན་དཱ་ར་བ་དང༌། མན་དཱ་ར་བ་ཆེན་པོའི་ཆར་ཡང་རབ་ཏུ་འབེབས་པར་བྱེད། ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱུང་བའི་མེ་ཏོག་དང༌། ལྷའི་དངུལ་ལས་བྱུང་བའི་མེ་ཏོག་གི་ཆར་ཡང་རབ་ཏུ་འབེབས་པར་བྱེད། ལྷའི་མེ་ཏོག་གི་ཕྲེང་བའི་ཆིར་ཡང་རབ་ཏུ་འབེབས་པར་བྱེད། ནམ་མཁའི་དཀྱིལ་ན་གནས་པའི་ལྷའི་ བུ་རྣམས་ཀྱང་ཨ་ལ་ལ་ཞེས་སྒྲ་སྙན་པར་འབྱིན་ཅིང་དབྱངས་ཀྱང་རྗེས་སུ་སྒྲོགས་པར་བྱེད། ལེགས་སོ་ཞེས་བྱ་བ་ཡང་སྦྱིན་པར་བྱེད། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་ རྟེན་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་འཛམ་བུའི་གླིང་དུ་བཞག་པ་དང༌། འདི་ལྟ་སྟེ། ནོར་བུ་ ༄༅། །ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བའི་རྒྱལ་པོའི་ཆོ་ག་ཞིབ་མོ་ཆེན་མོ་འཛམ་བུའི་གླིང་དུ་རབ་ཏུ་སྤྱོད་པར་བགྱིས་པ་ ལེགས་སོ། །ལེགས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མའི་ མཛོད་སྤུ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་དག་གི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་བསྐུལ་ཅིང་སྣང་བར་མཛད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་སྣང་བར་མཛད། ལྷའི་གནས་ཐམས་ཅད་དང༌། ཀླུའི་གནས་ ཐམས་ཅད་དང༌། དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ལྷ་མ་ཡིན་གྱི་རིས་རྣམས་སུ་ཡང་བསྐུལ་ཞིང་སྣང་བར་མཛད་དེ། སླར་ལོག་ནས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ལན་གསུམ་བསྐོར་བ་བྱས་ནས་སླར་ཡང་གཙུག་ཏོར་གྱི་གསེབ་ཏུ་ཞུགས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ དེ་དག་ཐམས་ཅད་ཀྱི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་མཛད་ནས། ཚད་མེད་པའི་གང་ གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཞིང་དེར་གཤེགས་ནས། སོ་སོའི་རྫུ་འཕྲུལ་གྱིས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་མ་དག་སྤྲུལ་ ནས་ཁང་པ་བརྩེགས་མའི་ནང་དུ་ཛམྦུ་ཆུ་བོའི་གསེར་ལས་བྱུང་བའི་སེང་གེའི་ཁྲི་དག་བྱུང་བ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་རང་རང་གི་འཁོར་དང༌། ཁང་པ་ བརྩེགས་མའི་ནང་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཡང་ དག་པར་དགྱེས་པར་མཛད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་ལེགས་པར་མཆོད་ནས་རང་རང་གི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནོར་བུའི་སྙིང་པོ་དེ་བཞིན་གཤེགས་པ་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་ བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་འདུས་པ་ཆེན་པོ་ཡང་རབ་ཏུ་གདའ། བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའི་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ལགས་པའི་འདུས་པ་ཆེན་པོ་ཐམས་ཅད་ཀྱང་རབ་ཏུ་གདའ། རིག་སྔགས་ ༄༅། །འཆང་གི་ཚོགས་འདུས་པ་ཆེན་པོ་ཡང་ལྷགས་ནས། འདི་ལྟ་སྟེ། ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ཀྱང་ལྷགས། བཅོམ་ལྡན་ འདས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་ཡང་གདའ་ལགས་པས། བཅོམ་ལྡན་འདས། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་རབ་ཏུ་བསྟན་ པའི་དུས་ནི་འདི་ལགས་སོ། །ཚོད་ནི་འདི་ལགས་སོ་ཞེས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པ་དང༌། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནོར་བུའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ། སོང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གསོལ་བ་ཐོབ་ཅིག་དང༌། དེས་ཁྱོད་ལ་རབ་ཏུ་སྟོན་པར་འགྱུར་རོ། །དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནོར་བུའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་སྟེ་ ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནོར་བུའི་སྙིང་པོས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་པ་འདི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་རབ་ཏུ་ བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་ པ༑ གསང་བ་པའི་བདག་པོ། སོང་ལ་འཁོར་མང་པོ་འདིའི་དབུས་ཀྱི་ས་ཕྱོགས་སུ་རྡོ་རྗེས་ས་ལ་བསྣུན་ཅིག །དེ་ནས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ། བཅོམ་ལྡན་འདས་ཀྱི་ བཀའ་སྩལ་པ་མཉན་ནས། འཁོར་གྱི་སའི་དཀྱིལ་འཁོར་ཆེན་པོའི་དབུས་གང་ན་བ་དེར་སོང་ནས་ས་ཕྱོགས་དེ་ལ་རྡོ་རྗེས་བསྣུན་ཏེ། ས་ལ་བསྣུན་མ་ཐག་ཏུ་དེ་ནས་གྲུ་བཞིར་གས་སོ། །སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །གཡོས་མ་ཐག་ཏུ་ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་མ། གྲུ་བཞི་པ། ཀ་བ་ བཞི་ཟུག་པུ། སྒོ་བཞི་བཏོད་པ། མཉམ་པ། ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆས་མཛེས་པར་བྱས་པ། བཀྲ་བ། བལྟ་ན་སྡུག་པ། འོད་འབར་བ། ཐེམ་སྐས་བཞི་དང་ལྡན་པ། འཕང་དུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་བྱུང་ངོ༌། །ཁང་པ་བརྩེགས་མའི་དབུས་དེར་ཡང་འཛམ་བུ་ཆུ་བོའི་གསེར་ལས་བྱུང་བའི་མཆོད་རྟེན་ནོར་བུ་དང༌། རིན་པོ་ ༄༅། །ཆེ་དང༌། མུ་ཏིག་གི་དྲ་བ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་དྲིལ་བུ་གཡེར་ཀའི་དྲ་བས་གཡོགས་པ། དྲིལ་བུ་དུ་མ་འཕྱང་དུ་བཅུག་པ། དར་གྱི་ཆུན་པོ་དུ་མས་མཛེས་པར་བྱས་པ། མེ་ཏོག་གི་ཆུན་པོ་དུ་མས་མངོན་པར་བརྒྱན་པ་ཞིག་བྱུང་ངོ༌། །མཆོད་རྟེན་དེའི་དབུས་ན་དེ་བཞིན་གཤེགས་པ་གསུམ་གྱི་སྐུ་བཞུགས་ སོ༑ ༑དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ཁང་པ་བརྩེགས་མ་དེ་ལ་མཆོད་པ་མཛད་དེ། བྱང་ཆུབ་སེམས་དཔའི་འཁོར་དེ་ཡང་ཁང་པ་བརྩེགས་མ་དེ་དང༌། མཆོད་རྟེན་ལ་མཆོད་པར་བྱེད། རྗེད་པར་བྱེད། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོ་དང༌། ཐལ་ མོ་སྦྱར་བ་དང༌། ཕྱག་འཚལ་བར་བྱེད་དོ། །དེ་ནས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་ དང༑ མི་མ་ཡིན་པའི་འཁོར་མང་པོ་དེ་དག་ངོ་མཚར་སྐྱེས་ཏེ། ཡ་མཚན་དུ་གྱུར། སྤྲོ་བར་གྱུར་ནས་ཁང་པ་བརྩེགས་མ་དང༌། མཆོད་རྟེན་འདི་ཅིའི་ཕྱིར་བྱུང་བར་གྱུར་ཞེས་ ཅ་ཅོ་དང༌། ག་ཞའི་སྒྲ་མཐོན་པོར་འབྱིན་ཅིང༌། མཆོད་རྟེན་དང༌། ཁང་པ་བརྩེགས་མ་དེ་ལ་བསྐོར་བ་བྱེད། མཆོད་པར་བྱེད། རྗེད་པར་བྱེད། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། སིལ་སྙན་སྣ་ཚོགས་དང༌། ཕེག་རྡོབ་པ་དག་གིས་མཆོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དང༌། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་ ཐལ་མོ་སྦྱར་ནས་འཁོད་དེ་ཕྱག་འཚལ་བར་བྱེད་དོ། །དེ་ནས་ཁང་པ་བརྩེགས་མ་དེ་ལས་སྒྲ་བྱུང་བ། ཀྱེ་འཁོར་མང་པོ་དག །བར་སྣང་ལ་ཅི་སྣང་ལྟོས་ཤིག །ལྟོས་ཤིག །དེ་ནས་ཇི་ལྟར་འདུས་ པའི་འཁོར་མང་པོ་དེ་དག་ཐམས་ཅད་ཀྱིས་བར་སྣང་ལ་བལྟས་ཏེ། བལྟས་མ་ཐག་ཏུ་བཻཌཱུཪྻ་དང༌། ནོར་བུ་རིན་པོ་ཆེ་ཆེན་པོ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་ཆེན་པོ་ཞིག་བྱུང་ངོ༌། །དེ་ནས་ སྤྲིན་གྱི་ཕུང་པོའི་སྟེང་དུ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བྱ་བའི་གཟུངས་འདི་ཡི་གེ་གསེར་གྱི་ཁ་དོག་ཏུ་བྲིས་པ་མཐོང་ངོ༌། །ནམ་ མཁའི་དཀྱིལ་དེ་ཉིད་ནས་སྒྲ་བྱུང་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བྱ་བའི་ གཟུངས་བཀླག་ཏུ་གསོལ། བཀླག་ཏུ་གསོལ། སྒྲ་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་རེ་རེའི་སྤྱན་སྔར་སྤྲིན་གྱི་ཕུང་པོ་ལ་བྲིས་པ་བྱུང་ནས། འདི་སྐད་ཅེས་ཀྱང་དབྱངས་སུ་སྒྲོགས་སོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །མཆོད་རྟེན་མཆོག་འདི་སྒོ་ཕྱེ་ཞིག །མཆོད་རྟེན་དེའི་དབུས་སུ་ནི་དེ་བཞིན་གཤེགས་པ་གསུམ་གྱི་སྐུ་ ༄༅། །བཞུགས་ཏེ། དེའི་མཐུས་ཆོ་འཕྲུལ་གྱི་རྣམ་པར་སྤྲུལ་པའི་ཁྱད་པར་ཆེན་པོ་འདི་སྣང་ཞིང་དེ་ཁོ་ནའི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་ རྣམ་པར་འཕྲུལ་པ་ཡང་སྣང༌། ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བའི་གཟུངས་ཀྱི་དཀྱིལ་འཁོར་དང༌། ཆོ་ག་དང༌། རིག་སྔགས་དང༌། ཆོ་ག་ཞིབ་མོའི་ཡོ་བྱད་དང་བཅས་པ་མཐའ་དག་རྫོགས་ཤིང་རྒྱས་པར་འཁོར་གྱི་དབུས་སུ་ལེགས་པར་རབ་ཏུ་འཆད་པར་འགྱུར་རོ། །དེ་ནས་ཕྱོགས་བཅུ་ནས་འདུས་པའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ ལྡན་འདས། མཆོད་རྟེན་རིན་པོ་ཆེ་འདི་དང༌། འདི་ན་བཞུགས་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུའི་རྒྱལ་པོ་མེ་ཏོག་རྒྱལ་ མཚན་དང༌། ནོར་བུ་རྣམ་པར་བཀྲ་བ་དང༌། རྡོ་རྗེ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་དེ་དག་བསྟན་པའི་སྐབས་དབྱེ་བར་མཛོད་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ ཤཱཀྱ་ཐུབ་པས་རྫུ་འཕྲུལ་ཆེན་པོས། ཁང་པ་བརྩེགས་མའི་མཆོད་རྟེན་གང་ན་བ་དེར་བཞུད་དེ། ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པ་ བརྐྱང་ནས། མཆོད་རྟེན་མཆོག་དེའི་སྒོའི་སྒོ་འཕར་ཕྱེ་སྟེ། དེ་བཞིན་གཤེགས་པའི་སྐུ་རྣམས་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་ལེགས་སོ། །ལེགས་སོ། །དེང་ཁྱོད་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་རོ། །བཅོམ་ལྡན་འདས། སེང་ གེའི་ཁྲི་འདི་ཉིད་ལ་བཞུགས་ཤིག །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཆོད་རྟེན་གྱི་ནང་དུ་ཁྲི་དེ་ཉིད་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་འདི་དག་ཁང་པ་བརྩེགས་མའི་མཆོད་རྟེན་གྱི་ནང་དུ་ཅིའི་ ཕྱིར་བྱུང༌། གང་ནས་ནི་གཤེགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། སྔོན་བྱུང་བ། བསྐལ་པ་བསམ་གྱིས་མི་ཁྱབ་པ། ཚད་མེད་པ། དཔག་ཏུ་མེད་པ། གཞལ་དུ་མེད་པ། གཞལ་གྱིས་མི་ལང་བ། ཚད་གཟུང་དུ་མེད་པ། ཆེས་གྲངས་མེད་པ་ན། གང་གི་ཚེ་འཛམ་བུའི་གླིང་འབྱོར་པ་དང༌། རྒྱས་པ་དང༌། ལོ་ལེགས་པ་དང༌། ཉམས་དགའ་བ་དང༌། སྐྱེ་བོ་དང༌། མི་མང་པོས་གང་ཞིང་མ་རྨོས་པ། མ་བཏབ་པའི་འབྲས་སཱ་ལུ་བྱུང་སྟེ། བདག་གི་བ་མེད་ཅིང་ཡོངས་སུ་བཟུང་བ་མེད་དེ། འཇིག་རྟེན་ཐམས་ ༄༅། །ཅད་བདེ་བ་དང་ལྡན་པ་དེའི་ཚེ། ཛམྦུའི་གླིང་ན་སངས་རྒྱས་མེད་དོ། །དེའི་ཚེ་རིའི་རྒྱལ་པོ་རིན་པོ་ཆེ་རི་བོ་ཞེས་བྱ་བ་དེ་ལ་དྲང་སྲོང་གསུམ་ཞིག་གནས་ ཏེ༑ གཅིག་གི་མིང་ནི་ནོར་བུའི་གཙུག་ཏོར། གཉིས་པའི་མིང་ནི་གསེར་གྱི་གཙུག་ཏོར། གསུམ་པའི་མིང་ནི་རྡོ་རྗེའི་གཙུག་ཏོར་ཞེས་བྱ་སྟེ། དེ་རྣམས་བདག་ཅག་ཇི་ལྟར་སེམས་ ཅན་ཐམས་ཅད་བསྒྲལ་བའི་ཕྱིར། འདི་ལྟ་སྟེ། འཇིག་རྟེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་སངས་རྒྱས་ཉིད་འཐོབ་པར་འགྱུར་སྙམ་ཞིང༌། གཅིག་ཏུ་ སངས་རྒྱས་ཡིད་ལ་བྱེད། ཆོས་ཡིད་ལ་བྱེད། དགེ་འདུན་ཡིད་ལ་བྱེད་དོ། །དེ་ནས་དྲང་སྲོང་དེ་རྣམས་དེ་སྙམ་དུ་བསམས་ནས་ཡུད་ཙམ་ཞིག་ཅང་མི་སྨྲ་བར་གྱུར་ཅིང་ སེམས་པ་ན། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མངོན་པར་དགའ་བའི་བྱམས་པ། རྣམ་པར་བཀྲ་བའི་གཞལ་མེད་ཁང་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ཅིང༌། ལྷའི་ མིག་སྐྱེས་ནས་ཇི་ཙམ་ན་སྟེང་དུ་བལྟས་ན། གནས་གཙང་མའི་རིས་ཀྱི་ལྷའི་བུ་བར་སྣང་ལ་སྒྲ་འབྱིན་པ། སྐྱེས་བུ་དམ་པ་དག །ལེགས་སོ། །ལེགས་སོ། །ཁྱེད། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་ལེགས་སོ། །ཀྱེ་སྐྱེས་བུ་དམ་པ་དག །ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་ གནས་པ་གསང་བ་སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་གསུངས་པ་ཐོས་པ་ཅམ་གྱིས་ཕྱིར་མི་ལྡོག་པ་ནས། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཐོབ་པར་འགྱུར། ཆོས་ཐམས་ཅད་མངོན་དུ་འགྱུར། གཟུངས་ཀྱི་སྒོ་ཐམས་ཅད་མངོན་དུ་འགྱུར། བདུད་ཐམས་ཅད་ལས་རྒྱལ་བར་འགྱུར། ཆོས་ཐམས་ཅད་ཀྱི་སྒྲོན་མ་སྦར་བར་འགྱུར། དགེ་བའི་རྩ་བ་ཐམས་ཅད་མངོན་དུ་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །དམྱལ་བ་དང༌། དུད་འགྲོའི་སྐྱེ་ གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་ཀྱི་ཡུལ་དང༌། ལྷ་མ་ཡིན་གྱི་ཆོས་རྣམས་ལས་ཡོངས་སུ་ཐར་བར་འགྱུར། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་བ་ཐོབ་ནས་ཕྱི་མའི་ཚེ་ཕྱི་མའི་དུས་ན་འཛམ་བུའི་གླིང་འདི་ ན་སེམས་ཅན་གང་དག་པར་མི་འཛིན་པ་དང༌། མར་མི་འཛིན་པ་དང༌། དགེ་སྦྱོང་དུ་མི་འཛིན་པ་དང༌། བྲམ་ཟེར་མི་འཛིན་པ་དང༌། མི་དགེ་བ་དང༌། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དང༌། མནར་མེད་པར་གཞོལ་བ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ལ་བསླུ་བ་དང༌། དགྲ་བཅོམ་པ་གསོད་པ་དང༌། མཚམས་ ༄༅། །མེད་པ་ལྔ་བྱེད་པ་དང༌། བྲམ་ཟེ་གསོད་པ་དང༌། བ་ལང་གསོད་པ་དང༌། ཆོམ་རྐུན་བྱེད་པ་དང༌། གཡོན་ཅན་དང༌། ཤོ་གམ་སྒྲགས་པ་དང༌། བརྫུན་དུ་ སྨྲ་བ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། ཕྲ་མ་སྨྲ་བ་དང༌། ཚིག་ཀྱལ་པ་སྨྲ་བ་དང༌། གཞལ་བ་ལ་སྒྱུ་བྱེད་པ་དང༌། གཞལ་བླུགས་ལ་སྒྱུ་བྱེད་ པ་དང༌། སྲང་ལ་སྒྱུ་བྱེད་པ་དང༌། གཞན་གྱི་ནོར་འཕྲོག་པ་དང༌། གཏམས་པ་རྣོག་པ་དང༌། བཤེས་པ་ལ་འཁུ་བ་དང༌། སྔོན་གྱི་ལས་ཀྱི་སྒྲིབ་པས་ཟིན་པ་དག་འབྱུང་བར་ འགྱུར་ཏེ། དེ་དག་ཐམས་ཅད་གཟུངས་འདིའི་མཐུས། ཐོས་པ་ཙམ་མམ། བཀླགས་པ་ཙམ་མམ། ཀུན་ཆུབ་པར་བྱས་པ་འམ། ལུས་ལ་ཐོགས་སམ། བྲིས་ནས་ འཆང་ངམ། རྒྱལ་མཚན་གྱི་རྩེ་མོ་ལ་འདོགས་སམ། གླེགས་བམ་དུ་བྱེད་དམ། རས་ལ་བྲིས་པ་འམ། དར་ལ་བྲིས་པ་འམ། རྩིག་པ་ལ་བྲིས་པ་འམ། རྭ་བ་ལ་བྲིས་ པ་འམ། ཆུང་དུ་ན་སྒྲ་ཉན་པ་འམ། ལག་པས་རེག་གམ། གྲིབ་མས་ཕོག་གམ། སེམས་ཅན་གཞན་གྱིས་རེག་ན་ཡང༌། དེ་དག་ཐམས་ཅད་གདོན་མི་ཟ་བར་ཕྱིར་མི་ལྡོག་ པར་གྱུར་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར། ཚེ་འདི་ཉིད་ལ་ཡང་ཡོན་ཏན་བརྒྱ་སྟོང་མཐའ་ཡས་ པ་ཐོབ་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར། བདུད་ཐམས་ཅད་མཐར་བྱེད་པར་འགྱུར། འཇིག་རྟེན་ ཐམས་ཅད་དགའ་བར་འགྱུར། སེམས་ཅན་ཐམས་ཅད་ཀྱི་མཆོད་པའི་འོས་སུ་འགྱུར། རྒྱལ་པོ་དང༌། རྒྱལ་བུ་དང༌། བློན་པོ་དང༌། བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་དགའ་ བར་འགྱུར། དགེ་སྦྱོང་དང༌། བྲམ་ཟེ་ཐམས་ཅད་དགའ་བར་འགྱུར། ཚིག་གཟུང་བར་འོས་པར་འགྱུར། རྟག་ཏུ་ལག་པ་དང༌། རྐང་པ་གཞོན་ཤ་ཅན་དུ་འགྱུར། ཚིག་མཉེན་ཞིང་སྙན་ པར་འགྱུར། བཀྲེན་པར་མི་འགྱུར་ཏེ། འཇིག་རྟེན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར། ལུས་ལ་དུག་གིས་མི་ཚུགས་ཏེ། མཚོན་གྱིས་མ་ཡིན། མེ་ཡིས་མ་ཡིན། ཆུས་ མ་ཡིན། དེ་ལ་གཅན་ཟན་ཁྲོ་བོའི་འཇིགས་པས་མི་ཚུགས་ཏེ། མི་རྒོད་ཀྱི་འཇིགས་པས་མ་ཡིན། ཆོམ་རྐུན་གྱི་འཇིགས་པས་མ་ཡིན། ཀླ་ཀློའི་འཇིགས་པས་མ་ཡིན། ལ་མ་དང༌། ལམ་གོལ་བའི་འཇིགས་པས་མ་ཡིན། གནོད་སྦྱིན་གྱི་འཇིགས་པས་མ་ཡིན། འབྱུང་པོའི་འཇིགས་པས་མ་ཡིན། སྲིན་པོའི་འཇིགས་པས་མ་ཡིན། ཤ་ཟའི་འཇིགས་པས་མ་ཡིན། མཁའ་འགྲོ་མའི་འཇིགས་པས་མ་ཡིན་ཏེ། སྦྲུལ་གྱིས་འཇིགས་པ་མི་འབྱུང༌། ལུས་ལ་རིམས་ཀྱིས་མི་ཚུགས་ཏེ། ཞག་གཅིག་པ་འམ། ཞག་ ༄༅། །གཉིས་པ་འམ། ཞག་གསུམ་པ་འམ། ཞག་བཞི་པ་འམ། རྟག་པའི་རི་མས་སམ། རིམས་ཐམས་ཅད་ཀྱིས་ལུས་ལ་མི་ཚུགས་པར་འགྱུར། མིག་གི་ནད་མི་འབྱུང་སྟེ། རྣ་བའི་ནད་མ་ཡིན། སྣའི་ནད་མ་ཡིན། ལྕེའི་ནད་མ་ཡིན། ཁའི་ནད་མ་ཡིན། སོའི་ནད་མ་ཡིན། མཆུའི་ནད་མ་ཡིན། མགྲིན་པའི་ནད་མ་ཡིན། རྣ་པར་ཟུག་པ་མ་ཡིན། ལག་པའི་ནད་མ་ཡིན། རོ་རྒྱབ་ཀྱི་ནད་མ་ཡིན། ཆུ་སོའི་ནད་མ་ཡིན། གཞང་འབྲུམ་གྱི་ནད་མ་ཡིན། གཅིན་ནད་མ་ཡིན། འཁྲུ་པའི་ནད་མ་ཡིན། ཤུ་ བའི་ནད་མ་ཡིན། བརླའི་ནད་མ་ཡིན། བྱིན་པའི་ནད་མ་ཡིན། རྐང་པའི་ནད་མ་ཡིན། ནད་ཐམས་ཅད་མི་འབྱུང་ངོ༌། །འདི་ལྟ་སྟེ། བས་བལྡགས་དང༌། ལྷོག་པ་དང༌། མེ་ དཔལ་དང༌། ལྟོན་བ་དང༌། གཡན་པ་དང༌། ཕོལ་མིག་དང༌། ཁྱི་རྡོ་དང༌། མཛེ་དང༌། རྐང་ཤུ་ལ་སོགས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འགྱུར། ཀླད་པ་ན་བ་མ་ཡིན། གཞོགས་ཕྱེད་ན་བ་མ་ཡིན། ལོང་བར་མི་འགྱུར། ཞར་བར་མ་ཡིན། སྒུར་པོ་མ་ཡིན། ཕ་རོལ་གྱི་མཐུས་འཆི་བར་མི་འགྱུར། འོན་པར་མི་འགྱུར། ཤ་བཀྲ་ཅན་དུ་མི་ འགྱུར། བརྙས་ཤིང་གནས་པར་མི་འགྱུར་ཏེ། ཡོན་ཏན་གྱི་ཁྱད་པར་འདི་དག་ཆོས་དང་ལྡན་པར་འབྱུང་བར་འགྱུར་རོ། །འཆི་བའི་ཚེ་ན་ཡང་སྤོབས་པ་མི་ཟད་པར་འགྱུར། སེམས་ འཁྲུགས་པས་དུས་བྱེད་པར་མི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཞལ་མངོན་དུ་བསྟན་ནས་དབུགས་འབྱིན་པ་མཛད་པར་འགྱུར། ལུས་ལ་བྱད་དང༌། གཡེངས་ བྱེད་ཀྱིས་མི་ཚུགས། ལུས་ལ་སྔགས་ཀྱི་སྦྱོར་བས་མི་ཚུགས། བདེ་བར་གཉིད་ཀྱིས་ལོག་པར་འགྱུར། བདེ་བར་སད་པར་འགྱུར། རྨི་ལམ་ན་ཡང་སངས་རྒྱས་བརྒྱ་སྟོང་མཐོང་བར་ འགྱུར། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་མཐོང་བར་འགྱུར་ཏེ། གསང་བའི་གཟུངས་ཀྱི་མཐུས་ཡོན་ཏན་གྱི་ཁྱད་ པར་དེ་ལྟ་བུ་འབྱུང་ངོ་ཞེས་སྨྲ་བ་མཐོང་ངོ༌། །དེ་ནས་དྲང་སྲོང་དེ་རྣམས་ཆོས་ཀྱི་དགའ་བ་སྙིང་ལ་རེག་ཅིང་སྤྲོ་བ་ཐོབ་ནས། མར་གསར་གྱི་གོང་བུ་བཞུ་བ་བཞིན་དུ་ལུས་ཞིག་ནས་ཞུ་ བའི་ཁུ་བ་དེ་སའི་ནང་དུ་ཐིམ་མོ། །དེ་ནས་ས་གཞི་དེ་ལས་སྨྱུག་མའི་མདེའུ་གསེར་གྱི་ཁ་དོག་ཅན། རྩ་བ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ལོ་མ་གསེར་ལས་བྱས་པ། རྩེ་ མོ་མུ་ཏིག་ལས་བྱས་པ། བཀྲ་བ། བལྟ་ན་སྡུག་པ། སྟོབས་དང་ལྡན་པ། གཟི་བརྗིད་དང་ལྡན་པ། དྲི་ཞིམ་པ། ཤིན་ཏུ་ཡིད་དུ་འོང་བ་གསུམ་སྐྱེས་སོ། །སྨྱུག་ མའི་མདེའུ་དེ་རྣམས་ཟླ་བ་བཅུ་ལོན་པ་དང་གས་ཏེ། དེ་རྣམས་ཀྱི་དབུས་ནས་ཁྱེའུ་གཟུགས་བཟང་པོ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་རྒྱས་པ། མཆོག་དང་ ༄༅། །ལྡན་པ་གསུམ་བྱུང་ངོ༌། །དེ་ནས་ཁྱེའུ་དེ་རྣམས་ཕྱོགས་དེ་ཉིད་དུ་དེའི་དྲུང་ན་སྐྱིལ་མོ་ཀྲུང་བཅས་ཏེ་བསྒོམ་ཞིང་འཁོད་དོ། །ཇི་ཙམ་དུ་ཞག་བདུན་ ལོན་པའི་ཉིན་མོ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། གསེར་གྱི་ཁ་དོག་གི་ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ ཅུས་སྤྲས་པ། འོད་འདོམ་གང་གིས་ཀུན་ནས་སྤྲས་པར་གྱུར་ཏོ། །སྨྱུག་མའི་མདེའུ་དེ་རྣམས་ཀྱང་ཁང་པ་བརྩེགས་མར་གྱུར་ཏོ། །ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ ཤིན་ཏུ་རབ་ཏུ་གནས་པའི་གསང་བའི་གཟུངས་འདི་ཡང་ནམ་མཁའ་ལ་གསེར་གྱི་ཡི་གེར་སྣང་ངོ༌། །རྒྱལ་པོ་ཆེན་པོ་བཞི་ཡང་སྟེང་ན་གདུགས་འཛིན་ཅིང་མེ་ཏོག་གིས་ གཏོར་ཏེ། འདི་སྐད་ཅེས། འཇིག་རྟེན་དུ་སངས་རྒྱས་བྱུང་ངོ་ཞེས་དབྱངས་སུ་སྒྲོག་ཅིང༌། འདི་ལྟ་སྟེ། ཀླུའི་བདག་པོ་རྒྱལ་པོ་ཆེན་པོ་གཙུག་གི་ནོར་བུ་ཞེས་བྱ་བ་དང༌། གྲུལ་ བུམ་གྱི་བདག་པོ་རྒྱལ་པོ་ཆེན་པོ་ནོར་བུའི་སྙིང་པོ་ཞེས་བྱ་བ་དང༌། བྲང་འགྲོའི་བདག་པོ་རྒྱལ་པོ་ཆེན་པོ་ནོར་བུའི་འོད་ཅེས་བྱ་བ་དང༌། གནོད་སྦྱིན་གྱི་བདག་པོ་རྒྱལ་པོ་ ཆེན་པོ་ནོར་བུའི་རྡོ་རྗེ་ཞེས་བྱ་བ་འཁོར་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དག་བཅོམ་ལྡན་འདས་དེ་དག་ལ་མཆོད་པ་བྱེད་དོ། །ས་ཕྱོགས་དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་ རང་བཞིན་དུ་གྱུར་ཏོ། །མེ་ཏོག་གི་ཤིང་ཐམས་ཅད་ཀྱང་རིན་པོ་ཆེའི་རང་བཞིན་དུ་གྱུར་ཏོ། །ལག་ན་རྡོ་རྗེ། དེའི་ཚེ་དེའི་དུས་ཀྱི་ཚེ། དྲང་སྲོང་སྨྱུག་མའི་མདེའུ་རྣམས་ལས་ བྱུང་བ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ་དག་གཞན་ཞིག་ཡིན་སྙམ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལག་ན་རྡོ་རྗེ། དེ་དག་ནི་ཁང་ པ་བརྩེགས་མའི་མཆོད་རྟེན་གྱི་དེ་བཞིན་གཤེགས་པ་འདི་དག་ཡིན་ནོ། །ས་ཕྱོགས་ཀྱང་འདི་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཀྱང་འདི་ཡིན་ནོ། །སྨྱུག་མའི་མདེའུའི་ཁང་པ་ བརྩེགས་མ་ཡང་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའི་འཁོར་འདུས་པ་ཡང་འདི་ཡིན་ནོ། །དེ་རྣམས་དྲང་སྲོང་དུ་གྱུར་པ་ན་གཟུངས་འདི་ཐོས་པ་ཙམ་མམ། སྙིང་པོ་སེམས་ལ་ བསྒོམས་པ་ཙམ་གྱིས་དྲང་སྲོང་གི་ལུས་སྤངས་ནས། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ལག་ན་རྡོ་རྗེ། དེའི་ཚེ་དེའི་དུས་ཀྱི་ནམ་མཁའི་དཀྱིལ་ན་གནས་ གཙང་མའི་རིས་ཀྱི་ལྷའི་བུ་གཟུངས་འདིའི་ཡོན་ཏན་གྱི་ཁྱད་པར་བསྔགས་པ་སྨྲ་བ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་ན། དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་ དེའི་དུས་ན་གནས་གཙང་མའི་རིས་ཀྱི་ལྷར་གྱུར་ཏོ། །ལག་ན་རྡོ་རྗེ། དེའི་ཚེ་དེའི་དུས་ན་གནས་གཙང་མ་ཞེས་བྱ་བ་གང་གིས་དྲང་སྲོང་དེ་རྣམས་དང༌། དེ་བཞིན་གཤེགས་པ་ ༄༅། །དེ་རྣམས་ལ་བཀུར་སྟི་དང༌། རིམ་གྲོ་བྱས་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་བཟང་པོ་རྣམ་པར་བཀྲ་བ་རབ་ཏུ་གནས་པ་འདི་གནས་གཙང་མ་ཞེས་བྱ་བའི་རིམ་གྲོ་བར་གྱུར་ པ་ན༑ དེ་རྣམས་ཀྱིས་དེ་བཞིན་གཤེགས་པར་ལུང་བསྟན་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཤཱཀྱ་ ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏོ། །ཤཱཀྱ་ཐུབ་པ། ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་གྱི་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་འདི་འདྲ་བས་སྔོན་གྱི་སྦྱོར་བ་གསུངས་ ཤིང་དེ་བཞིན་གཤེགས་པའི་གསང་བའི་གཟུངས་འདི་ཡང་དག་པར་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་པའི་གཟུངས་འདི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡུམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྙིང་པོར་གཤེགས་པའི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སེང་གེའི་ཁྲི་ལ་གཤེགས་པའི་གསང་བ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་གསང་བ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པའི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་གནས་ཀྱི་གསང་ བ༑ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡང་དག་པར་འཛིན་པའི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་བྱེ་བ་རབ་ཏུ་འགྱེད་པའི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་མཐའི་གསང་བ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་བྱིན་གྱི་བརླབས་ཀྱི་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའི་བྱང་ ཆུབ་ཀྱི་སེམས་ཀྱི་རྒྱན་གྱི་གསང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་ཀྱི་ས་ཐམས་ཅད་ལ་རབ་ཏུ་འགོད་པའི་གསང་བ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཏིང་ངེ་འཛིན་རྟོགས་པར་ཐུགས་སུ་ཆུད་པའི་གསང་བ། སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པའི་གསང་བ་འདི་གསུངས་པ་ལེགས་སོ། །ལེགས་སོ། །དེ་ནས་དེ་ ༄༅། །བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དགོངས་པ་དང་ལྡན་ཞིང་མཁྱེན་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གཟིགས་ནས། འོད་ཟེར་ཁ་དོག་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་དང༌། ཤེལ་དང༌། དངུལ་གྱི་མདོག་དག་བཀྱེ་སྟེ། དེ་རྣམས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་དོང་ནས་སངས་རྒྱས་ ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་། དབུའི་གཙུག་ཏོར་གྱི་གསེབ་ཏུ་བཞུགས་སོ། །འོད་ཟེར་དེ་དག་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ཚངས་པའི་གསུང་དབྱངས་ཆེན་པོས་བཀང་ནས། རིག་སྔགས་ ཆེན་པོ་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟ། ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ། མ་ཎི་མ་ཎི་མྷཱ་མ་ཎི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་སྭཱ་ཧཱ། བཅོམ་ལྡན་ འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་མ་ཐག་ཏུ་རི་དང༌། ཚལ་དང༌། ནགས་ཚལ་དུ་བཅས་པའི་ས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །སངས་རྒྱས་བཅོམ་ལྡན་ འདས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ། ཁྱོད་ཀྱིས་མཆོག་ཏུ་གསུངས་པ་ནི་ལེགས་པར་གསུངས་ཏེ། ལེགས་སོ། །ལེགས་སོ། །བཅོམ་ལྡན་ འདས་ལ་མཆོད་པའི་ལས་ཀྱི་ཕྱིར་ཛ་མྦུའི་ཆུ་བོའི་གསེར་ལས་བྱུང་བའི་སྤྲིན་ཆེན་པོ་ནམ་མཁའི་དཀྱིལ་དུ་ཆགས་སོ། །ཕྱོགས་བཅུ་ཀུན་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་ བོ༑ ༑ཙནྡན་སྦྲུལ་གྱི་སྙིང་པོའི་ཕྱེ་མའི་ཆར་ཡང་བབ་བོ། །ཨུ་དུམ་བཱ་རའི་མེ་ཏོག་གི་ཆར་ཡང་བབ་བོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། གཞན་ཡང༌། མེ་ཏོག་སྣ་ཚོགས་པདྨ་དང༌། ཀུ་མུ་ད་དང༌། པདྨ་དཀར་པོ་དང༌། དྲི་ངད་ལྡང་བ་དང༌། མན་དཱ་ར་བ་དང༌། མནྡཱ་ར་བ་ཆེན་པོ་དང༌། མེ་ཏོག་མདོག་མཛེས་པ་དང༌། མདོག་མཛེས་པ་ ཆེན་པོ་དང༌། མཉྫུ་ཥ་ཀ་དང༌། མཉྫུ་ཥ་ཀ་ཆེན་པོ་དང༌། ཡིད་འོང་བ་དང༌། པ་རི་ཥ་ཀ་དང༌། མེ་ཏོག་ཙམ་པ་ཀའི་ཆར་དག་བབ་པོ། །བདུད་ཀྱི་གནས་ཐམས་ཅད་རབ་ཏུ་འབར་ བར་གྱུར་ཏེ་བདུད་ཀྱི་རིགས་ཀྱི་ལྷ་ཐམས་ཅད་སྐྲག་ཅིང་སྔངས་པར་གྱུར་ཏོ། །བགེགས་དང༌། ལོག་འདྲེན་ཐམས་ཅད་ཀྱི་ལུས་རྡུལ་ཅིང་ལུས་དྲི་མི་ཞི་མ་པར་གྱུར་ནས་ཕྱོགས་ བཅུར་རབ་ཏུ་འབྲོས་པར་བརྩམས་སོ། །སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་ལྷ་གང་དག་ཡིན་པའི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ༄༅། །ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་དག་གིས་ཀྱང་རང་རང་གི་གཞལ་མེད་ཁང་རྣམས་བཅོམ་ལྡན་འདས་ ལ་མཆོད་པའི་ལས་ཀྱི་ཕྱིར་ཕུལ་ལོ། །དེ་ནས་ནོར་བུ་རབ་སྣང་སེམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནོར་བུ་དང༌། རིན་པོ་ཆེ་སྣ་ཚོགས་ཐོགས་ནས་ བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་མཆོད་པ་བྱེད་དོ། །དེ་ནས་ལག་ན་རྡོ་རྗེ་ལ་སོགས་པའི་རིག་སྔགས་འཆང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རས་བཅོས་བུའི་གོས་ བརྒྱ་སྟོང་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །རྒྱལ་པོ་ཆེན་པོ་བཞི་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མ་མེ་ཏོག་སྣ་ཚོགས་དང༌། བདུག་པ་དང༌། དྲི་ དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །ཚངས་པ་ལ་ སོགས་ཏེ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང༌། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་དག་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་ལས་ལ་བརྩོན་ པར་བྱེད་དོ། །དེ་བཞིན་དུ་སྲེད་མེད་ཀྱི་བུ་དང༌། དབང་ཕྱུག་ཆེན་པོ་དང༌། ནོར་བུ་བཟང་པོ་དང༌། གང་བ་བཟང་པོ་དང༌། སྟོབས་ཀྱི་ལྷ་ལ་སོགས་པ་ཡང་བཅོམ་ལྡན་འདས་ལ་མཆོད་ པ་བྱེད་དོ། །ལྷའི་བུ་ཉི་མ་དང༌། ཟླ་བ་ཡང་ནམ་མཁའི་དཀྱིལ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །དཔལ་ལྷ་མོ་ཆེན་མོ་དང༌། ལྷ་མོ་ཆེན་མོ་དབྱངས་ཅན་མ་དང༌། ལྷ་མོ་ཆེན་ མོ་དུང་ཅན་མ་དང༌། གནོད་སྦྱིན་མོ་ཆེན་མོ་འཕྲོག་མ་ཡང་འཁོར་བརྒྱ་སྟོང་དང༌། ལྷ་མོ་ཆེན་མོ་འཇིགས་བྱེད་མ་དང༌། རྡོ་རྗེ་ནག་མོ་དང༌། མེ་ཏོག་སོ་དང༌། ལྷ་མོ་ཆེན་མོ་ཕོ་ཉ་མོ་དག་ཀྱང་རང་ རང་གི་གཞལ་མེད་ཁང་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །དྲི་ཟའི་རིས་ཀྱི་ལྷའི་བུ་དུ་མ་དག་ཀྱང་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་བརྒྱ་སྟོང་བཅོམ་ལྡན་འདས་ལ་མཆོད་ པའི་ལས་ཀྱི་ཕྱིར་བརྩོན་པས་དཀྲོལ་བར་བྱེད་དོ། །ཀླུའི་རྒྱལ་པོ་བརྒྱ་སྟོང་ཕྲག་དུ་མ་འདུས་པ། འདི་ལྟ་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོ་དང༌། ཆུ་ལྷ་ དང༌། ཤིན་ཏུ་རབ་གནས་དང༌། གཙུག་ན་ནོར་བུ་དང༌། ཀླུའི་རྒྱལ་པོ་རྣམ་པ་ཀུན་ནས་རྫོགས་པའི་འོད་དག་ཀྱང་རིན་པོ་ཆེ་ནོར་བུ་སྐར་འོད་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ པ་བྱེད་དོ། །འཁོར་ཆེན་པོ་ཡང་འདུས་པར་གྱུར་ཏོ། །འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཆེན་པོ་དེ་ཡང་བློན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང༌། བཙུན་མོའི་ཚོགས་ཀྱི་འཁོར་ དང་བཅས་ཤིང༌། བུ་སྟོང་དུ་གཅིག་གིས་མ་ཚང་བས་ཡོངས་སུ་བསྐོར་ཏེ་མདུན་གྱིས་བལྟས་སོ། །ས་དེ་ཡང་རྡོ་རྗེའི་རང་བཞིན་དུ་གྱུར་ཏོ། །དེ་ནས་འཁོར་ཆེན་པོ་དེ་ཉིད་ཀྱི་དབུས་བཅོམ་ ༄༅། །ལྡན་འདས་ཀྱི་སྤྱན་སྔར་ས་ལ་བརྟོལ་ནས་རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་པ་ཞིག་བྱུང་སྟེ། པདྨ་དེའི་སྟེང་དུ་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་འཁོར་ ལོ་རྩིབས་སྟོང་པ། མུ་ཁྱུད་དང་བཅས་པ། ལྟེ་བ་དང་བཅས་པ། ལྷག་པའི་འོད་འཕྲོ་བ་ཉི་མ་བཞིན་དུ་གསལ་བཞིག་བྱུང་ངོ༌། །དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་སྣང་བར་བྱས་ནས། འཁོར་ལོ་དེའི་ལྟེ་བའི་ནང་ནས་སྒྲ་བྱུང་བ། ཤཱཀྱ་ཐུབ་པ། གང་འདི་འདྲ་བའི་གཟུངས་ཀྱི་གསང་བ་རྣམས་གསུངས་པ་ནི་ལེགས་སོ། །ལེགས་སོ། །ཆོས་ཀྱི་ འཁོར་ལོ་བསྐོར་བའི་རིག་སྔགས་ཀྱི་རྒྱལ་པོ། བྱང་ཆུབ་ཆེན་པོའི་སྙིང་པོར་གཤེགས་པའི་རིག་སྔགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་སྔགས་ཀྱི་སྙིང་པོ། དེ་བཞིན་ གཤེགས་པ་རྣམས་ཀྱི་ཡང་དག་པའི་ཚུལ་གྱི་རིག་སྔགས་ཀྱི་སྙིང་པོ་འདི། བཅོམ་ལྡན་འདས། ཡང་[?] ཟུངས་ཤིག །ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་ པ་གསང་བ་ཞེས་བྱ་བར་ཟུངས་ཤིག །བཅོམ་ལྡན་འདས་ཀྱིས་བསྐུལ་བའི་སྙིང་པོ་དང་ལྡན་པ་ཞེས་བྱ་བའི་གཟུངས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ ཅིང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པས། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་གསང་བ་གསུངས་པའི་དུས་ནི་འདི་ལགས་སོ། །བཅོམ་ལྡན་འདས། འདི་ནི་ སངས་རྒྱས་ཉིད་བསྒྲུབ་པའི་རྩ་བ། སྡིག་པ་ཐམས་ཅད་སེལ་བ། སྡུག་བསྔལ་ཐམས་ཅད་ཀྱི་མཚོ་སྐེམས་པ། འཁོར་བའི་འབྲོག་དགོན་པ་ལས་ངེས་པར་འབྱིན་པ་ལགས། འདི་ ནི་ཆུ་བོ་ཆེན་པོ་ལས་སྒྲོལ་བ་ལགས་ཏེ། གཟུངས་འདི་མ་མཆིས་པར་སངས་རྒྱས་ཉིད་བསྒྲུབ་པར་རྔོ་མི་ཐོགས་ལགས་སོ། །འདི་ནི་སངས་རྒྱས་ཉིད་ཀྱིས་བོན་ལགས། འདི་ནི་ ཆོས་ཀྱི་འཁོར་ལོ་བསྐོར་བ་ལགས། འདི་ནི་ཆོས་ཀྱི་སྒྲོན་མེ་སྤོར་བ་ལགས། འདི་ནི་ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་ལགས། འདི་ནི་ཆོས་ཀྱི་དུང་རབ་ཏུ་འབུད་པ་ལགས། འདི་ནི་ ཆོས་ཀྱི་རྔ་བརྡུང་བ་ལགས། འདི་ནི་ཆོས་ཀྱི་སེངྒེའི་ཁྲི་ལ་མཆིས་པ་ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོ་འདིའི་དམ་ཚིག་དང༌། དཀྱིལ་ འཁོར་ཆོ་ག་དང་བཅས་པ། གསང་བ་དང་བཅས་པ། ཕྱག་རྒྱའི་ལེའུ་དང་བཅས་པ། རས་བཅོས་བུ་ཟུང་དང་བཅས་པ། ཡོ་བྱད་དང་བཅས་པའི་ཆོ་ག་ལེགས་པར་རྒྱས་པར་གསུངས་ ཤིག །དེ་ནས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པའི་འཁོར་འདུས་ པ་རྣམས་ཡ་མཚན་དུ་གྱུར། སྤྲོ་བར་གྱུར་ནས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་ ༄༅། །འདས་ཀྱིས་བསྐུལ་བ་ཡང་དག་པ་འདི་དང༌། གསོལ་བ་བཏབ་པ་གསན་ནས་རིག་སྔགས་ཀྱི་ཆོ་ག་ཞིབ་མོ་འདི་རྒྱས་པར་བཀའ་སྩལ་ཏོ། །བསྐུལ་ བའི་ལེའུ་སྟེ། ཆོ་ག་དང་པོའོ།། །།འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པའི་གསང་བ་དམ་པའི་ཆོ་ག་ཞིབ་མོའི་ རྒྱལ་པོ། བམ་པོ་གཉིས་པ།། །།དེ་ནས་སྡིག་པ་ཀུན་ནི་སེལ་བྱེད་པའི། །རིག་སྔགས་ལུས་ཀྱི་དྲི་མ་མེད་བྱེད་པ། །སངས་རྒྱས་བྱང་ཆུབ་བླ་ན་མེད་པ་ཡི། །ཆོ་ག་ ཞིབ་མོའི་རྒྱལ་པོ་དགེ་བར་བཤད། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་བི་པུ་ལ་གརྦྷེ། མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་ནི་རྡེ་ཤ་ནེ། མ་ཎི་མ་ཎི། སུ་པྲ་བྷེ། བི་མ་ ལེ༑ སཱ་ག་ར་གམྦྷི་རེ། ཧཱུཾ་ཧཱུཾ། ཛྭཱ་ལ་ཛྭཱ་ལ། བུདྡྷཱ་བི་ལོ་ཀི་ཏེ། གུ་ཧྱ་ཨ་དྷི་ཥྛི་ཏེ། གརྦྷེ་སྭཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ ཏུ་གནས་པ་གསང་བ་དམ་པའི་གཟུངས་འདི་བཀའ་སྩལ་བ་ན་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །རིན་པོ་ཆེའི་ཆར་ཆེན་པོ་བབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་ བབ་པོ། །འཁོར་ཐམས་ཅད་ཀྱང་འདུས་ཏེ། ཐམས་ཅད་ཀྱིས་ཅ་ཅོ་དང༌། ག་ཞའི་སྒྲ་ཕྱུང་ནས་ཐམས་ཅད་ས་བཅུ་ལ་གནས་པར་གྱུར་ཏེ། ཐམས་ཅད་དགེ་བའི་ཆོས་དང་ལྡན་པར་ གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཤཱཀྱ་ཐུབ་པ་ལ་ལེགས་སོ་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ། གང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་གཟུངས་འདི་ལྟ་བུ་ གསུངས་པ་ལེགས་སོ། །ལེགས་སོ། །ཐོས་པ་ཙམ་གྱི་མོད་ལ་སྡིག་པ་དང༌། ངན་འགྲོ་ཐམས་ཅད་འཇིགས་པར་འགྱུར་རོ། །གཟུངས་འདི་དྲན་པས་དེ་བཞིན་གཤེགས་པ་ཐམས་ ཅད་ལ་ལྷའི་ན་བཟའ་དང༌། བདུག་པ་དང༌། མེ་ཏོག་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པས་མཆོད་པར་འགྱུར་རོ། །བཀླགས་པ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པར་འགྱུར་ནས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་བསྐལ་ པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་དུ་ཡང་བརྗོད་པར་མི་སྤྱོད་དེ། དེ་ལྟར་གཟུངས་འདི་ཕན་ཡོན་ཆེ་བ་ལགས་སོ། །བདུད་ཀྱི་རིས་ཀྱི་ལྷ་ ཐམས་ཅད་ཀྱི་བར་ཆད་བྱ་བར་མི་ནུས་ཏེ། བགེགས་ཀྱིས་བྱ་བར་མ་ཡིན། ཕྱིར་རྒོལ་བས་མ་ཡིན། མི་མཛའ་བས་མ་ཡིན། འབྱུང་པོས་མ་ཡིན། གདོན་གྱིས་མ་ཡིན། གནོད་ སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན། མི་དང༌། མི་མ་ཡིན་པས་གླགས་རྙེད་པར་མི་འགྱུར་རོ། །དེའི་དགེ་བའི་རྩ་བ་མང་དུ་འཕེལ་བར་འགྱུར་ཏེ། ལན་གཅིག་དྲན་པ་ཙམ་ ༄༅། །གྱིས་ཀྱང་དེ་ལྟར་ཡོན་ཏན་གྱི་ཕན་ཡོན་མང་པོར་འགྱུར་ན། ཤིན་ཏུ་བྱ་བ་མང་པོ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་ པོ་ལག་ན་རྡོ་རྗེ་དང༌། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སེམས་ཅན་དེ་རྣམས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །སྤྲོ་བར་བགྱིའོ། །རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་ བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་མགོ་ལ་བཞག་ནས། རྒྱལ་པོ་ཆེན་པོ་བཞི་པོ་དེ་རྣམས་ལ་དབུགས་ཕྱུང་སྟེ། ངས་གཟུངས་འདི་གཏད་དོ། །སེམས་ཅན་དེ་ཡང་གཏད་དོ། །བཅོམ་ལྡན་འདས། བདག་ཅག་གིས་ཆོ་ག་ཞིབ་མོའི་ རྒྱལ་པོ་ཆེན་པོ་འདི་དང༌། སེམས་ཅན་ཡོངས་སུ་བསྐྱང་བའི་སླད་དུ་ཡོངས་སུ་གཟུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་སྙིང་པོ་བཀའ་སྩལ་པ། ཨོཾ་ མ་ཎི་བཛྲེ་ཧཱུཾ། འདི་ནི་སྙིང་པོའོ། །ཨོཾ་མ་ཎི་དྷ་རི་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །རྩ་བའི་རིག་སྔགས་ཀྱི་ཆོ་ག་ནི། ཚེས་གྲངས་མ་ཡིན་རྒྱུ་སྐར་མིན། །སྨྱུང་བ་ཡང་ནི་བྱ་མི་དགོས། ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། །མཆོད་རྟེན་སྐུ་གདུང་དང་བཅས་པའི། །དྲུང་དུ་བཟླས་བརྗོད་འབའ་ཞིག་ཁྲི་བྱས་ནས་ཚེས་བཅོ་ལྔའི་ཟླ་བ་ཉ་ལ་ཤིན་ཏུ་ཁྲུས་བྱས་ ཏེ༑ གོས་གཙང་མ་བགོས་ནས་མཆོད་རྟེན་སྐུ་གདུང་དང་བཅས་པའི་དྲུང་དུ་ཅི་འབྱོར་བས་མཆོད་པ་བྱ་སྟེ། མར་མེ་བཞི་དབུལ་བར་བྱ། དྲི་དང༌། མེ་ཏོག་ལ་སོགས་པ་ཡང་ དབུལ་བར་བྱའོ། །ཟས་དཀར་གསུམ་བཟའ་བར་བྱའོ། །མཆོད་རྟེན་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་དེ་ཉིད་ཀྱི་དྲུང་དུ་ཉལ་ན། ནམ་ལངས་ ཀྱི་དུས་ཚུན་ཆད་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་ཡང་མཐོང་བར་འགྱུར་རོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། གང་འདོད་པ་དེ་རྙེད་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔའི་ལས་བྱས་པ་ཞིག་ཡིན་ན་ཡང་དེས་དུས་གསུམ་དུ་བསྒྲུབས་ན་གདོན་མི་ཟ་བར་མཐོང་བར་འགྱུར་རོ། ། སོམ་ཉི་དང༌། ཡིད་གཉིས་བསྐྱེད་པར་མི་བྱའོ། །ནང་པར་ལངས་ཏེ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེའི་ལུས་ལ་དུག་གིས་ཚུགས་ པར་མི་འགྱུར་ཏེ། སྦྱོར་བ་ངན་པས་མ་ཡིན། ཆུ་ཡིས་མ་ཡིན། མེ་ཡིས་མ་ཡིན། ཆོམ་རྐུན་གྱིས་འཕྲོག་པར་མི་འགྱུར་ཏེ། ལུས་ལ་ནད་ཀྱིས་ཚུགས་པར་མི་འགྱུར་རོ། །དགྲས་ ༄༅། །འཇིགས་པར་མི་འགྱུར་རོ། །དེའི་ལུས་ལ་ནད་མི་འབྱུང་སྟེ། །མིག་ནད་མ་ཡིན། །སྣ་ནད་མ་ཡིན། ལྕེ་ནད་མ་ཡིན། རྣ་བའི་ནད་མ་ཡིན། སོ་ནད་མ་ཡིན། ཀླད་ནད་མ་ཡིན། ཡན་ལག་དང༌། ཉིང་ལག་གི་ནད་མ་ཡིན། རིམས་མ་ཡིན་ཏེ། ཞག་གཅིག་པའམ། ཞག་གཉིས་པའམ། ཞག་གསུམ་པའམ། ཞག་བཞི་པས་ལུས་ ལ་ཚུགས་པར་མི་འགྱུར་རོ། །སྤྲུལ་གྱི་འཇིགས་པས་མ་ཡིན། གཅན་གཟན་ཁྲོ་བོའི་འཇིགས་པས་མ་ཡིན། ལུས་ལ་བྱད་ཀྱིས་ཚུགས་པར་མི་འགྱུར་རོ། །གཟུངས་འདི་ནི་ ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། འཇིགས་པ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་ཡིན། སྡིག་པ་ཐམས་ཅད་འཇིགས་པར་བྱེད་པ་ཡིན། ཡོན་ཏན་ཐམས་ཅད་ གྲུབ་པར་བྱེད་པ་ཡིན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཡིན། དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་གྲུབ་པར་བྱེད་པ་ཡིན་ཏེ། གཟུངས་འདི་ནི་བཀླག་ པས་གྲུབ་པ་སྟེ་ལས་ཐམས་ཅད་བྱེད་དོ། །རི་ཁར་འཛེགས་ཏེ་བཟླས་བརྗོད་བྱས་ན་མིག་གིས་གང་དུ་བལྟས་པ་དེར་སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་འཇིག་པར་ འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ལས་ཐར་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །ལྷ་ཁང་དུ་ཞུགས་ཏེ་བཟླས་བརྗོད་བྱས་ ན་ལྷ་ཐམས་ཅད་དེས་ཅི་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །ཀླུའི་གནས་སུ་ཞུགས་ཏེ་བཟླས་བརྗོད་བྱས་ན་ཀླུ་རྣམས་དབང་དུ་འགྱུར་རོ། །ཉི་མ་ལ་ཁ་བལྟས་ཏེ་བཟླས་བརྗོད་བྱས་ ན་ཉི་མ་མངོན་སུམ་དུ་བབས་ནས་མདུན་ན་འདུག་ཅིང་མཆོག་ཅི་སྨྲ་བ་དེ་སྦྱིན་པར་བྱེད་དོ། །ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ན་མཆོག་ཐམས་ཅད་སྟེར་ཅིང་མཐོང་བར་ ཡང་འགྱུར་རོ། །ཤུ་དག་ལ་སྔགས་སྟོང་རྩ་བརྒྱད་བཟླས་ནས་དེ་ཟོས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དགའ་བར་འགྱུར་རོ། །ཅི་སྨྲས་ བ་དེ་སྦྱིན་པར་བྱེད་དོ། །ན་ལེ་ཤམ་གྱི་འབྲུ་ལ་ལན་བདུན་བཟླས་ཏེ་ཁར་བཅུག་ན་ཅི་སྨྲས་པ་སྟེར་བར་བྱེད་ཅིང་དབང་དུ་འགྱུར་རོ། །ཡུངས་ཀར་ལ་ལན་སྟོང་རྩ་བརྒྱད་བཟླས་ ཏེ་ནམ་མཁའ་ལ་གཏོར་ན་རླུང་དང༌། སེར་བ་ཐམས་ཅད་བཀག་པར་འགྱུར་རོ། །ལན་ཚྭ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བྲམ་ཟེ་རྣམས་ལ་བྱིན་ན། གང་དང༌། གང་གི་ལན་ཚྭ་ ཟོས་པ་དེ་དང༌། དེ་ཁོ་ན་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱ་ན། ཡུངས་ཀར་གྱིས་སྦྱིན་སྲེག་བྱའོ། །གུ་གུལ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ཏེ་གང་དང༌། གང་གི་གདོན་ལ་ བདུགས་ན་དེ་དང༌། དེ་ཉིད་ལ་འབབ་པར་འགྱུར་རོ། །བདུགས་ན་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆར་མི་འབབ་པའི་ཚེ་ཀླུའི་གཟུགས་བྱས་ཏེ་གནས་གྲུ་བཞི་བྱས་ལ། བ་ ༄༅། །སེར་མོའི་ལྕི་བས་ཀླུ་མགོ་གསུམ་པ་བྱས་ལ། སྙིང་གར་གསེར་གྱིས་གླན་པར་བྱའོ། །ལུས་ནི་ལི་ཁྲིས་བྱུག་པར་བྱའོ། །གནས་ཀྱི་གཞི་ནི་སྔོན་པོས་ བསྐུ་བར་བྱའོ། །གནས་གྲུ་བཞི་ནི་ཤིང་པ་ལ་ཤ་ལྟར་ཁ་དོག་སྔོན་པོར་བྱའོ། །བུམ་པ་གང་བ་བཞི་བཞག་པར་བྱའོ། །པོག་ཕོར་བཞི་བཞག་པར་བྱའོ། །བུམ་པ་བཞི་བཞག་ པར་བྱ་སྟེ། གཅིག་ནི་འོ་མ། གཅིག་ནི་ཞོ། གཅིག་ནི་འོ་ཐུག །གཅིག་ནི་ཞུན་མར་བུ་རམ་ཅན་ནོ། །བའི་ལྕི་བས་གླིང་བཞི་པའི་དཀྱིལ་འཁོར་བྲི་བར་བྱའོ། །གྲྭ་བཞི་རུ་ཕྱེས་ པདྨ་བྲི་བར་བྱའོ། །མདའ་བཞི་བཙུགས་ལ་ཚོན་སྐུད་སྣ་ལྔས་བསྐོར་བར་བྱའོ། །ཚོན་སྣ་ལྔའི་བ་དན་གདགས་པར་བྱའོ། །བདུག་པ་སྣ་བཞི་པོ་གུ་གུལ་དང༌། ལྕེ་ཕོག་ དང༌། ཙནྡན་དང༌། དུ་རུ་སྐ་བསྲེག་པར་བྱའོ། །ས་བོན་བདུན་གཏོར་བར་བྱའོ། །ཁ་དོག་ལྔའི་གཏོར་མ་གཞག་པར་བྱའོ། །འབྲས་བུ་དང༌། མེ་ཏོག་གཞག་པར་བྱའོ། །རིག་པ་ འཛིན་པས་ཁ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ནས་རིག་སྔགས་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་རེ་རེ་ནས་སྤྱི་བོར་བརྡེག་པར་བྱའོ། །སྟོང་རྩ་བརྒྱད་ཚང་བར་བཟླས་ན་དེ་ ནས་ཀླུ་རྣམས་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །ཀླུ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །ཡུངས་ཀར་ལ་བཟླས་བརྗོད་བྱས་ཏེ་ཀླུའི་མཚེའུ་རུ་གཏོར་ན། ཆར་གྱི་རྒྱུན་འབེབས་ པར་བྱེད་དོ། །སེང་ལྡེང་གི་ཕུར་པ་ལ་བཟླས་བརྗོད་བྱས་ཏེ་ཀླུའི་གནས་སུ་བཙུགས་ན་རླུང་དང༌། སེར་བ་ཐམས་ཅད་བཅིངས་པར་འགྱུར་རོ། །ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་ བརྗོད་བྱས་ཏེ་ལོག་འདྲེན་གྱི་ཀླད་པར་བཏབ་ན་ལོག་འདྲེན་ཐམས་ཅད་བཅིངས་པར་འགྱུར་རོ། །འོ་མས་བཀྲུས་ན་ཕྱིས་སོས་པར་འགྱུར་རོ། །ལས་གང་དང༌། གང་ཁོ་ན་བྱ་བའི་ལས་ དེ་དང༌། དེ་དག་འགྲུབ་པར་འགྱུར་རོ། །གཙང་མས་གོས་གཙང་མ་བགོ་བར་བྱ་སྟེ། འདི་ནི་རྩ་བའི་རིག་སྔགས་ཀྱི་ཆོ་གའི་ཚུལ་ཡིན་ནོ། །གཉིས་པའོ།། །།ད་ནི་སྙིང་པོའི་ ལས་རྣམས་འབྱུང་སྟེ། བཟླས་བརྗོད་འབུམ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། །ཉིས་འབུམ་བྱས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་བར་ འགྱུར་རོ། །སུམ་འབུམ་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །གསང་སྔགས་ཐམས་ཅད་གྲུབ་པར་འགྱུར་རོ། །བཞི་འབུམ་བྱས་ན་རིག་འཛིན་ཐམས་ཅད་ཀྱི་ འཁོར་ལོས་བསྒྱུར་བར་འགྱུར་རོ། །ལྔ་འབུམ་བྱས་ན་ལྷ་མ་ཡིན་གྱི་སྒོ་ཐམས་ཅད་འབྱེད་པར་འགྱུར་རོ། །ཀླུའི་གནས་ཐམས་ཅད་འབྱེད་པར་འགྱུར་རོ། །དྲུག་འབུམ་བྱས་ན་གཏེར་ ཐམས་ཅད་འབར་བར་འགྱུར་རོ། །བཟླས་བརྗོད་བདུན་འབུམ་བྱས་ན་ཚེ་རབས་ཐམས་ཅད་དྲན་པར་འགྱུར་རོ། །བཟླས་བརྗོད་བརྒྱད་འབུམ་བྱས་ན་རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་ ༄༅། །པར་འགྱུར་རོ། །བཟླས་བརྗོད་དགུ་འབུམ་བྱས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབས་པ་ཐམས་ཅད་འཐོབ་ པར་འགྱུར་རོ། །བཟླས་བརྗོད་ས་ཡ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྲད་པར་འགྱུར་ ཏེ༑ དེ་ལ་སོགས་པ་གོང་ནས་གོང་དུ་ཡོན་ཏན་ཁྱད་པར་ཐོབ་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པའམ། འཕགས་པ་ལ་སྐུར་པ་བཏབ་པའམ། དམ་པའི་ཆོས་ སྤངས་པའམ། མནར་མེད་པར་གཞོལ་བ་ཡང་རུང༌། དེ་དག་ཐམས་ཅད་ཀྱིས་བཟླས་བརྗོད་འབུམ་བྱས་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར། ཕྱིར་མི་ལྡོག་པར་ འགྱུར། སྐྱེ་བ་དྲན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །མིག་རྣམ་པར་དག་པ་དང༌། རྣ་བ་རྣམ་པར་དག་པ་དང༌། སྣ་རྣམ་པར་དག་ པ་དང༌། ལྕེ་རྣམ་པར་དག་པ་དང༌། དབང་པོ་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། དེ་ལྟར་གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་དང༌། གོང་ནས་གོང་དུ་ལུས་རྣམ་པར་ དག་པ་ཐོབ་པར་འགྱུར་རོ། །གཞན་ཡང༌། འཇིག་རྟེན་གྱི་དངོས་གྲུབ་ཏུ་བྱ་བ་རྣམས་འགྲུབ་པར་འགྱུར་རོ། །དེ་ཁོ་ན་གྲུབ་པ་བླ་ན་མེད་པ་ལྡོང་རོས་ལ་བསྒྲུབ་པ་བཤད་དེ། ཤིན་ཏུ་ཁྲུས་བྱས་པ། གོས་གཙང་མ་བགོས་པ། ཟས་དཀར་གསུམ་བཟའ་བས་ལྡོང་རོས་བླངས་ཏེ་ཟངས་ཀྱི་སྣོད་ཀྱི་ནང་དུ་བཞག་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཚིས་བཅུ་གསུམ་ནས་ཚེས་བཅོ་ལྔའི་བར་དུ་བཟླས་བརྗོད་འབུམ་བྱས་ན། དེ་ནས་རྣམ་པ་གསུམ་འགྲུབ་པར་རིག་པར་བྱ་སྟེ། གལ་ཏེ་ནག་པོར་གྱུར་ན་དཔྲལ་བ་ལ་ཐིག་ལེ་བྱའོ།། དེས་ནི་མི་སྣང་བ་འགྲུབ་པར་འགྱུར་ཏེ། ལྷ་མ་ཡིན་གྱི་སྒོ་ཐམས་ཅད་དུ་འཇུག་པར་འགྱུར། གནས་ཐམས་ཅད་དུ་འཇུག་པར་འགྱུར། གང་འདོད་པ་བྱེད་པར་འགྱུར་རོ། །གལ་ཏེ་ དུད་པ་བྱུང་ན་དེས་མིག་བསྐུ་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་མཐོང་བར་འགྱུར། ལག་ན་རྡོ་རྗེའི་གནས་ཐམས་ཅད་མཐོང་བར་འགྱུར། ནོར་དང༌། འབྲུ་ཐམས་ཅད་རྙེད་པར་འགྱུར་ཏེ་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །གལ་ཏེ་འབར་བར་གྱུར་ན་ནམ་མཁའ་ལ་འགྲོ་བར་འགྱུར། འབར་བའི་སྒྲོན་མ་ཞེས་བྱ་བའི་གཟུངས་ ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར། ལྷའི་གནས་སུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད་ཀྱི་དཔོན་པོར་འགྱུར། གང་འདོད་པ་དེ་བྱེད་པར་འགྱུར། རིའི་རྩེ་མོར་འཛེགས་ཏེ་བཟླས་བརྗོད་ འབུམ་བྱས་ན་འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོར་འགྱུར། གང་འདོད་པ་དེ་བྱེད་པར་འགྱུར། འཛམ་བུའི་གླིང་གི་མི་ཐམས་ཅད་ཅི་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །མཚོར་ཞུགས་ ༄༅། །ཏེ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་ཀླུ་ཐམས་ཅད་མཐོང་བར་འགྱུར་རོ། །ཡུངས་ཀར་བླངས་ནས་སྔགས་སྟོང་རྩ་བརྒྱད་བཟླས་ནས་ནམ་མཁའ་ལ་ གཏོར་ན་ཆར་ཆེན་པོ་འབབ་པར་འགྱུར། ཀླུ་ཐམས་ཅད་དབང་དུ་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ། །བུམ་པ་ཆུས་བཀང་སྟེ་ཧབ་ཤང་ ཚེའུ་དང༌། ཤིང་པ་ལ་ཤ་དང༌། ཡུངས་ཀར་དང༌། གུར་གུམ་དང༌། ཙནྡན་རྣམས་ལྷན་ཅིག་བུམ་པ་དེར་བླུགས་ལ་བཟླས་བརྗོད་ཁྲི་བྱས་པས་ནད་ཆེན་པོ་ཐེབས་པ་བཀྲུས་ ན་ནད་ཐམས་ཅད་མེད་པར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། དེའི་སྡིག་པ་ཐམས་ཅད་ཀྱང་འཇིག་པར་འགྱུར། བྱད་ཐམས་ཅད་འཇིག་པར་འགྱུར། དཔལ་ ཐམས་ཅད་ཐོབ་པར་འགྱུར་རོ། །མཛེའི་ནད་ཀྱིས་ཐེབས་པ་བཀྲུས་ན། མཛེ་ནད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཤ་བཀྲའི་ནད་ཀྱིས་ཐེབས་པ་ཡང་བཀྲུས་ན་ཤ་བཀྲའི་ ནད་ལས་ཡོངས་སུ་ཐར་བར་འགྱུར་རོ། །བུད་མེད་བུ་འདོད་པ་རྣམས་དེས་ཁྲུས་བྱས་ན་བུ་རྙེད་པར་འགྱུར་རོ། །དངོས་གྲུབ་མེད་པ་ཁྲུས་བྱས་ན་དངོས་གྲུབ་ཆེན་པོ་ཐོབ་ པར་འགྱུར་རོ། །དེ་ལ་སོགས་པ་གོང་ནས་གོང་དུ་འཇིག་རྟེན་གྱི་དངོས་གྲུབ་ཏུ་བྱ་བ་རྣམས་ཀྱང་གྲུབ་པར་འགྱུར་རོ། །གང་འདོད་པ་དེ་བྱེད་པར་འགྱུར་རོ། །ཉེ་བའི་སྙིང་པོའི་ ལས་རྣམས་འབྱུང་སྟེ། བཟླས་བརྗོད་འབུམ་བྱས་ན་བགེགས་དང༌། ལོག་འདྲེན་ཐམས་ཅད་རྐང་པ་ལ་གཏུགས་ནས། ཀྱེ་རིག་པ་འཛིན་པ། བདག་ཅག་སྐྱོབས་ཤིག །བདག་ ཅག་གི་སྲོག་ཆུད་མ་གསན་ཅིག་དང༌། བཀའ་ཅི་སྩལ་བ་དེ་བགྱིའོ་ཞེས་བརྗོད་པར་འགྱུར་རོ། །བཟླས་བརྗོད་ཉི་ཁྲི་ཆིག་སྟོང་བྱས་ན་ལྷ་ཐམས་ཅད་དང༌། ཀླུ་ཐམས་ཅད་དབང་དུ་འགྱུར་ རིག་སྔགས་ཐམས་ཅད་ཀྱི་བདག་པོར་འགྱུར། ཅི་བསྒོ་བ་དེ་བྱེད་པར་འགྱུར་རོ། །བཟླས་བརྗོད་སུམ་ཁྲི་བྱས་ན་འབྱུང་པོ་དང༌། གནོད་སྦྱིན་ལ་སོགས་པ་ཐམས་ཅད་དབང་དུ་འགྱུར་ རོ༑ ༑བཟླས་བརྗོད་ལྔ་ཁྲི་བྱས་ན་གང་དགུག་པ་དེ་ཁུགས་པར་འགྱུར་ཏེ། ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྷ་མ་ཡིན་ནམ་ རིག་འཛིན་ནམ། བུད་མེད་དམ། བྲམ་ཟེའམ། རྒྱལ་རིགས་སམ། ས་བདག་གམ། བློན་པོའམ། བཙུན་མོའམ། ཁྲོམ་གྱི་རུ་སྣའམ། མདུན་ན་འདོན་ནམ། གཞན་ཡང༌། སེམས་ཅན་སྣ་ཚོགས་ཁུགས་པར་འགྱུར་རོ། །གུ་གུལ་དང༌། ཡུངས་ཀར་གྱི་སྦྱིན་སྲེག་དྲུག་ཁྲི་བས་ན་དྲི་མ་མེད་པའི་ཏིང་ངེ་འཛིན་ཐོབ་བར་འགྱུར་རོ། །བདུན་ཁྲིས་ནི་རིག་འཛིན་ གྱི་འཁོར་ལོས་བསྒྱུར་བར་འགྱུར་རོ། །བརྒྱད་ཁྲིས་ནི་ལག་ན་རྡོ་རྗེ་འཁོར་གྱི་ཚོགས་དང་བཅས་པ་མདུན་ན་སྡོད་པར་འགྱུར་རོ། །དགུ་ཁྲིས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ ༄༅། །དབུགས་འབྱིན་པར་འགྱུར་རོ། །འབུམ་ཚང་བས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་ཏེ། རིགས་ཀྱི་བུ། ཁྱོད་གསང་སྔགས་ཐམས་ ཅད་དང༌། བསྟན་བཅོས་ཐམས་ཅད་གྲུབ་ཀྱི། གང་འདོད་པ་དེར་སོང་ཞིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་ཕྱིར་མི་ལྡོག་ཅིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་གི །འཇིག་རྟེན་པའམ། འཇིག་རྟེན་ལས་ འདས་པའི་དགོས་པ་གཞན་དག་ཀྱང་ཅི་འདོད་པ་བཞིན་ཁྱོད་ཀྱིས་ལས་ཐམས་ཅད་བྱོས་ཤིག་ཅེས་སྟོན་པར་འགྱུར་རོ། །ཨོཾ་མ་ཎི་ཀུཎྜ་ལི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གདན་གྱི་སྔགས་ སོ༑ ༑ཨོཾ་མ་ཎི་བི་ཛ་ཡེ་དྷ་རཱ་དྷ་རཱ་ཧཱུཾ་ཕཊ་སྭཱཧཱ། དཀྱིལ་འཁོར་གྱི་སྔགས་ཏེ། ཡུངས་ཀར་ལ་ལན་བདུན་བཟླས་པས་སོ། །ཨོཾ་ཛྭ་ལི་ཏ་མ་ཎི་རུ་ཙི་ར་གྲི་ཎི་ཧཱུཾ་ཧཱུཾ་ཕཊ། ཡུངས་ཀར་ དང༌། དྲི་ཆུ་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཕྱོགས་བཞིར་བཅིང་ངོ༌། །ཨོཾ་མ་ཎི་པྲ་བྷ་བ་ཏི་ཧ་ན་ཧ་ན་ཧཱུཾ་ཕཊ་སྭཱཧཱ། ཐལ་བ་དང༌། ཆུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་ ལོག་འདྲེན་བཅིང་ངོ༌། །ཨོཾ་བཛྲ་མ་ཎི་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ལན་བདུན་བཟླས་ཏེ་གཙུག་ཏོར་བཅིང་ངོ༌། །ཨོཾ་མ་ཎི་བི་པུ་ལ་དི་རི་དི་རི་ཧཱུཾ་ཕཊ། གོས་ཀྱི་སྔགས་སོ། །ཨོཾ་བི་དུ་མ་ཏི་ཧ་ར་ ཧ་ར་མ་ཎི་ཧཱུཾ་ཧཱུཾ་ཕཊ། ཉེ་རེག་གི་སྔགས་སོ། །ཨོཾ་སུ་ནི་རྨ་ལ་པ་ཏི་ཧ་ར་ཧ་ར་པཱ་པཾ་མི་ལི་མི་ལི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཁྲུས་བྱའོ། །ཨོཾ་མ་ཎི་དྷ་ རེ་ཧཱུཾ་ཧཱུཾ་ཕཊ། བསང་གཏོར་གྱི་སྔགས་སོ། །ཨོཾ་དི་རི་དི་རི་བི་མ་ལ་ཀ་རི་ཧཱུཾ་ཧཱུཾ་ཕཊ། མཆོད་ཕྱིར་ཐོགས་ཀྱི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་མ་ཎི་ཧཱུཾ་ཧཱུཾ་ཕཊ། མེ་ཏོག་གི་སྔགས་ སོ༑ ༑ཨོཾ་སརྦ་ཏ་ཐཱ་ག་ཏཱ་གྷནྡྷ་མ་ཎི་སྥ་ར་ཎ་ཧཱུཾ་ཧཱུཾ་ཕཊ། དྲིའི་སྔགས་སོ། །ཨོཾ་ཛྭ་ལི་ཏ་མ་ཎི་པྲ་བ་ར་ཀཱུ་ཊ་གཱ་ར་སྥ་ར་ཎ་བི་ག་ཏེ་ཧཱུཾ། བདུག་པའི་སྔགས་སོ། །ཨོཾ་ཛྭ་ལི་ཏ་ཤི་ཁ་རི་ ཏ་པ་ལི་ཧཱུཾ་ཧཱུཾ་ཕཊ། མར་མེའི་སྔགས་སོ། །ཨོཾ་པྲ་བར་གྲ་བ་ལི་ས་ར་ས་ར་ཧཱུཾ་ཧཱུཾ། གཏོར་མའི་སྔགས་སོ། །ཨོཾ་མཧཱ་མ་ཎི་པཱུ་ར་ཡ་དྷ་ར་དྷ་ར་ཧཱུཾ་ཧཱུཾ་ཕཊ། མཆོད་ཡོན་གྱི་སྔགས་ སོ༑ ༑ཨོཾ་མཧཱ་བི་མ་ལེ་ཧཱུཾ་ཧཱུཾ་བ་ར་བ་ར་ཧཱུཾ། ལྷ་བཤོས་ཀྱི་སྔགས་སོ། །ཨོཾ་ཛྭ་ལ་སྤ་ར་ད་ག་ག་ན་པྲ་ཏ་ར་ཎི་ཧཱུཾ་ཧཱུཾ། སྦྱིན་སྲེག་གི་སྔགས་སོ། །ཨོཾ་རུ་ཙི་ར་མ་ཎི་པྲ་བརྟ་ཡ་ཧཱུཾ། བགྲང་ཕྲེང་གི་སྔགས་སོ། །སྔགས་འདི་ལན་བདུན་བགྲང་ཕྲེང་ལ་བཏབ་སྟེ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དེ་ དག་ཐམས་ཅད་བཟླས་པར་འགྱུར་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བཟླས་པར་ཡང་འགྱུར་རོ། །ཨོཾ་བཛྲ་མ་ཎི་ཀ་ར་ཀིཾ་ཀ་རི་ཧཱུཾ་ཧཱུཾ་ཕཊ། སྐྱིལ་མོ་ཀྲུང་གི་སྔགས་སོ། །ཨོཾ་སུ་ ༄༅། །པྲ་བརྟི་ཏ་བེ་གེ་མ་ཎི་མ་ཎི་སྭཱཧཱ། བཟླས་བརྗོད་ཀྱི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཐཱ་ཡུ་ཛ་བེ་ཏ་ར་ཧཱུཾ་མ་ནི་ཀ་ར་ཎེ་སྭཱཧཱ། དེ་བཞིན་གཤེགས་པ་ཐམས་ ཅད་བསྐུལ་བའི་སྔགས་སོ། །ཨོཾ་སུ་བི་པུ་ལ་ལ་བྲ་བ་རེ་དུ་རུ་དུ་རུ་ཧཱུཾ་ཧཱུཾ། སྤྱན་དྲང་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཙི་ཏ་སཾ་རཀྵ་ཎ་བཛྲེ་ཧཱུཾ་ཧཱུཾ། གསོལ་བ་གདབ་ པའི་སྔགས་སོ། །ཨོཾ་སུ་བི་བུ་ལ་བ་ད་ནི་ཧ་ར་ཧ་ར་ཧཱུཾ། བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་གདབ་པའི་སྔགས་སོ། །ཨོཾ་ཨ་དྷི་ས་མ་ཡེ་བཛྲ་དྷ་ར་དྷ་ར་ཧཱུཾ། ལྷ་དང༌། ཀླུ་ལ་སོགས་པ་ཐམས་ཅད་བོད་པའི་སྔགས་སོ། །ཨོཾ་མ་ཎི་བེ་ག་བ་ཏི་ཧཱུཾ། རྒྱལ་པོ་ཆེན་པོ་བཞི་བོད་པའི་སྔགས་སོ། །ཨོཾ་ཤུ་པ་མ་ནི་ཧུ་ལུ་ཧུ་ལུ་ཧཱུཾ། སློབ་མའི་སྔགས་ སོ༑ ༑ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་བཛྲི་ཎི་དྷ་ར་དྷ་ར་ཧཱུཾ་ཧཱུཾ། འཇུག་པའི་སྔགས་སོ། །ཨོཾ་བི་ར་བི་ར་ཛེ་ག་ག་ན་བཱ་ཧི་ནི་ལི་ཧུ་ལུ་ཧུ་ལུ་ཧཱུཾ་ཧཱུཾ་ཧཱུཾ། ཐམས་ཅད་དུ་མཁྱེན་པར་ བྱ་བའི་སྔགས་སོ། །ཨོཾ་མ་ཎི་སུམྦྷ་ནི་བེ་ག་བ་ཏི། བདག་དང༌། ཆེ་གེ་མོ་ལ་སྲུངས་ཤིག་ཧཱུཾ། བསྲུང་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལོ་ཏི་ཏེ་སྨ་ར་ཎ་བི་ག་ཏེ་ཛྭཱ་ལ་ ཛ་ལ་ཧཱུཾ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །ཐམས་ཅད་ལ་སྦྱར་བར་བྱའོ། །སྙིང་པོ་འདི་རྣམས་ཀྱི་ཕན་ཡོན་ནི་འདི་དག་ཐམས་ཅད་ཡིན་ཏེ་དཔག་ཏུ་ མེད་དོ། །ཐམས་ཅད་དུ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་དགོས་པ་བརྩམ་པར་བྱའོ། །འདི་བཏོན་པས་ནི་ཐམས་ཅད་འགྲུབ། །འདིས་ནི་འགྲོ་བའི་སྡིག་ ཀུན་སེལ། །སྡིག་པ་དེ་ནི་ཟད་བྱེད་ཅིང༌། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ལུང་སྟོན་འགྱུར་ཏེ་ཐེ་ཚོམ་མེད། །གང་གིས་ སྔ་མར་སྡིག་པའི་ལས། །མང་པོ་བྱས་པ་འཇིག་པར་འགྱུར། །རིག་པ་བླ་མེད་སུ་འཛིན་པ། །དེ་དག་མྱུར་དུ་སངས་རྒྱས་འགྲུབ། །ཆོས་ཀྱི་འཁོར་ལོ་བླ་མེད་པའི། །བྱང་ཆུབ་ རྟོགས་པར་སླ་བ་དང༌། །ཇི་ལྟར་གངྒཱའི་བྱེ་སྙེད་ཀྱི། །བསོད་ནམས་དཔག་ཏུ་མེད་འཐོབ་བོ། །རིག་སྔགས་རྒྱས་པར་སྒྲུབ་པའི་ལེའུ་སྟེ། ཆོ་ག་གཉིས་པའོ།། །། དེ་ནས་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱའོ། །སྔོན་དུ་ས་ཡོངས་སུ་བརྟགས་ནས་ཕྱི་ནས་ལས་བརྩམ་པར་བྱའོ། །དྲིའི་སྣོད་གཙང་མར་བླུགས་པའི་ཚོན་སྣ་ལྔའི་ཕྱེ་མས་ དཀྱིལ་འཁོར་སྒོ་བཞི་བ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཙནྡན་གྱིས་བྱུགས་ཏེ་གུར་གུམ་གྱིས་མཆོད་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གཉིས་ པའོ༑ ༑ཕྱིའི་དཀྱིལ་འཁོར་ནི་གྲྭ་བཞི་པ་རྭའི་རང་བཞིན་དང་ལྡན་པའོ། །དཀྱིལ་འཁོར་གྱི་སྙིང་པོའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དང༌། སངས་རྒྱས་ཀྱི་ ༄༅། །པདྨའི་གདན་བཀྲ་ཞིང་ཚོན་སྣ་བདུན་དང་ལྡན་པར་བྱའོ། །པདྨའི་སྙིང་པོའི་སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་མུ་ཁྱུད་དང༌། ལྟི་བ་དང་ ལྡན་པ་ཀུན་ནས་འབར་བའི་ཕྲེང་བ་ཅན་ཏེ། ཡུ་བ་ནི་བཻ་ཌཱུཪྻའོ། །དཀྱིལ་འཁོར་གྱི་སྙིང་པོ་ལ་ཀུན་ནས་ཁ་ཁྱེར་དང་ལྡན་པར་བྱའོ། །ཤར་ལ་སོགས་པའི་སྒོར་ནི་ཁྲུའི་ཚད་ ཙམ་གྱི་གདུགས་དང༌། རྒྱལ་མཚན་དང༌། ཚོན་སྣ་ལྔའི་རྒྱ་དག་གི་གོས་ཟུང་གིས་བརྒྱན་པར་བྱའོ། །གཡོན་དུ་ལག་ན་རྡོ་རྗེ་བསྡིགས་པའི་གཟུགས་ཅན་རྔ་ཡབ་དང༌། མཚོན་ཆ་ ཐོགས་ཤིང་བཞུགས་པའོ། །གཡས་སུ་བྱང་ཆུབ་སེམས་དཔའ་ནོར་བུ་རྡོ་རྗེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་པ་ན་ནོར་བུ་དང༌། རྔ་ཡབ་ཐོགས་ནས་བཞུགས་པའོ། ། ཟུར་བཞིར་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱ་སྟེ། གོ་ཆ་དང༌། ཚེམ་ཚེམ་བགོས་ཤིང་ལག་ན་མཚོན་ཆ་ཐོགས་པ། རྒྱན་ཐམས་ཅད་དང༌། རལ་པའི་ཅོད་པན་དང་ལྡན་པ་དྲག་པོའི་ གཟུགས་ཅན་བྲི་བར་བྱའོ། །མཚམས་བཞིར་སྦོས་ཆུས་གང་བའི་གསེར་གྱི་སྣོད་བཞི་གཞག་པར་བྱའོ། །གལ་ཏེ་གསེར་གྱི་སྣོད་མེད་ན་རྫའི་བུམ་པ་ཚད་མི་ཆུང་བ་ལ་ གསེར་གཡོགས་ནས་བྱའོ། །དེ་ལྟ་བུའི་སྣོད་མི་འཛག་པར་འོ་མས་གང་བར་བྱས་ནས་ཕྱོགས་བཞིར་གཞག་པར་བྱའོ། །དཀྱིལ་འཁོར་གྱི་གཡས་ལོགས་སུ་ལྷ་མོ་དཔལ་ ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཡོན་དུ་ལྷ་མོ་ཆེན་མོ་དུང་ཅན་མ་བཞུགས་པ་བྲིའོ། །སྒོའི་དབུས་སུ་ལྷ་མོ་ཆེན་མོ་རྡོ་རྗེ་ཕོ་ཉ་མོ་ཕྱག་བརྒྱད་པ་ལག་ན་མཚོན་ཆ་ ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བཞུགས་པ་བྲིའོ། །དཀྱིལ་འཁོར་གྱི་སྙིང་པོ་ཕྱོགས་བཞིར་དར་སྔོན་པོ་འཕྱང་བ་དང༌། བཅུད་སྣ་ཚོགས་དང༌། ཚུལ་སྣ་ཚོགས་གཞག་ པར་བྱའོ། །བུམ་པ་གང་བ་བཞི་དང༌། མར་མེ་སུམ་ཅུ་རྩ་གཉིས་དང༌། འབྲས་བུ་དང༌། མེ་ཏོག་སྣ་ཚོགས་རྣམས་གཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ནི་གསེར་ ལས་གྲུབ་པའི་བུམ་པ་གཞག་གོ །སོ་སོར་དུ་རུ་ཀ་བསྲེག་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་དངུལ་གྱི་རང་བཞིན་གྱི་བུམ་པ་གཞག་གོ །རྡོ་རྗེ་འཛིན་པའི་བདུག་སྤོས་སོ། །ནོར་ བུ་འཛིན་པའི་དུ་རུ་ཀ་དང༌། ཙནྡན་དང༌། མཧཱ་རཱ་ཛ་དང༌། ཀུན་དུ་རུ་དང༌། ཀཱ་ཀ་བི་ཛ་དང༌། སྤོས་དཀར་གྱི་བདུག་པའོ། །དཔལ་ལྷ་མོའི་ཙནྡན་ནོ། །དུང་ཅན་མའི་གུ་གུལ་ལོ། །ཕོ་ཉ་ མོའི་ཤ་ལའི་བདུག་སྤོས་ཏེ་སོ་སོར་བསྲེག་པར་བྱའོ། །གཏོར་མ་ཡང་སྦྱིན་ནོ། །དཀྱིལ་འཁོར་གྱི་སྙིང་པོའི་བྱ་བའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ནི་སྒོ་བཞི་རྣམ་པར་འབྱེས་ཤིང་ཆ་ མཛེས་པབ་ཀྲ་ཤིས་ཀྱི་སྒོ་བཞིག་ནས་བ་བྱའོ། །ཤར་གྱི་སྒོར་ཁྱབ་འཇུག་འཁོར་དང་བཅས་པའོ། །ལྷོར་དབང་ཕྱུག་ཆེན་པོའོ། །ནུབ་ཏུ་མེ་ཏོག་སོ་ཞེས་བྱ་བའི་གནོད་སྦྱིན་མོའོ། །བྱང་ ༄༅། །དུ་འཇིགས་བྱེད་མ་ཞེས་བྱ་བའི་ལྷ་མོ་ངོ་ཚ་དང་བཅས་པ་བྱ་སྟེ། ན་ཆུང་བདུན་དང་བཅས་པའོ། །དེ་ནས་ཕུར་བུ་སུམ་ཅུ་སོ་གཉིས་གདབ་པར་བྱས་ལ་ཁ་ དོག་ལྔའི་སྐུད་པས་ཕུར་བུ་བཅིང་ངོ༌། །ཟུར་བཞི་མཉམ་པར་ཁ་དོག་ལྔའི་བ་དན་གྱིས་བརྒྱན་ནོ། །མེ་ཏོག་སྣ་ཚོགས་དགྲམ་པ་དང༌། གཏོར་མ་དང༌། མེ་ཏོག་སྣ་ཚོགས་རྣམས་ མ་འཁྲུགས་པ་མཉམ་པར་བྱའོ། །བཅུད་སྣ་ཚོགས་འཕྲོག་པའི་སྣོད་བདུན་གཞག་གོ །རྫའི་སྣོད་སུམ་ཅུ་རྩ་གཉིས་དང༌། ཕྱེ་མའི་སྣོད་སུམ་ཅུ་རྩ་གཉིས་དང༌། པོག་ཕོར་ སུམ་ཅུ་རྩ་གཉིས་དང༌། མར་མེ་བརྒྱ་རྩ་བརྒྱད་གཞག་པར་བྱའོ། །ཕྲེང་བ་བརྒྱ་རྩ་བརྒྱད་དང༌། དྲི་ཡིས་གང་བ་སྣ་ཚོགས་གཞག་པར་བྱའོ། །བདུག་པ་དང༌། ཀུན་དུ་རུ་སྣ་ཚོགས་ སྲེག་གོ །དེ་ནས་སྒོ་ནས་འཇུག་པ་ལ་དྲི་ཡིས་གང་བའི་བུམ་པ་གཉིས་གཞག་ལ། ཇི་ལྟར་རྙེད་པའི་གཏོར་མ་བྱིན་ནས་ཇི་ལྟ་བ་བཞིན་དུ་གཞུག་པའི་ཆོ་ག་ལ་སྤྱད་ལ། དེ་ནས་ཨོཾ་མ་ཎི་བི་པུ་ལ་པྲ་ཏིཥྛི་ཏ་སིདྡྷེ་ཨ་བྷི་ཥིཉྩ་ཡ་མཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཻརྦྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཇི་ལྟ་བ་བཞིན་དུ་སྔགས་འདིས་དབང་བསྐུར་ན་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པ་དང༌། ཐམས་ཅད་འགྲུབ་པ་དང༌། མྱ་ངན་ལས་འདས་པ་ཡང་མངོན་དུ་འགྱུར་རོ། །གང་བསམས་པའི་དོན་དེ་དེ་བཞིན་ དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པའི་རྗེས་སུ་འཇུག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཟབ་མོ་ལ་བཟོད་པ་འཐོབ་ཅིང་རྗེས་སུ་རྟོགས་པར་ འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་འཐོབ་སྟེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱི་ལམ་མ་རྫོགས་ཀྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ལེའུ་སྟེ། ཆོ་ག་གསུམ་པའོ།། །།དེ་ནས་ཕྱག་རྒྱའི་མཚན་ ཉིད་བཤད་པར་བྱའོ། །སྙིང་པོ་ཆེན་པོ་བཞིའི་ཕྱག་རྒྱ་ལ་སྦྱར་བ་དང༌། དེ་བཞིན་གཤེགས་པའི་རིགས་སྤྱི་ལ་སྦྱར་བ་དང༌། ལག་ན་རྡོ་རྗེའི་སྙིང་པོ་བཞིའི་ཕྱག་རྒྱ་བཏུས་པ་ རྣམས་དང༌། དཀྱིལ་འཁོར་གྱི་གདན་གྱི་ཕྱག་རྒྱ་དང༌། ཕྱག་རྒྱ་གཞན་ཡང་བརྩམ་པར་བྱའོ། །འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ལ་སྦྱར་བའི་ཆོ་ག་དང༌། ཕྱི་རོལ་ གྱི་ཕྱག་རྒྱ་གཟུང་བར་བྱའོ། །ཐམས་ཅད་དུ་ཕྱག་རྒྱ་གཞན་རྣམས་ཇི་ལྟར་བདེ་བར་བརྗོད་དོ། །ཇི་ལྟར་དེ་བཞིན་གཤེགས་པའི་རིགས་ལ་སྦྱར་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ མ་ཎི་ཛྭ་ལ་ནི་ཨཱ་བེ་ཤཱ་ཡ་ཧཱུཾ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་བྷ་བར་གྲ་མ་ནི་ཧཱུཾ། དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའོ།། ༄༅། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་བཱི་སཾ་བྷོ་དྷ་ན་[?] ཧཱུཾ་ཧཱུཾ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་མ་ཎི་མ་ཎི་ ཧཱུཾ་ཧཱུཾ་ཕཊ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་མ་ཎི་རུ་ཙི་རུ་ཙི་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་རྡོ་རྗེའི་སེངྒེའི་ཁྲིའི་ཕྱག་ རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་སཾ་བྷ་བེ་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་གཤེགས་པའི་དབང་བསྐུར་བའི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ཎི་བཛྲ་ཧཱུཾ་ཧཱུཾ། ཆོས་ཀྱི་འཁོར་ ལོའི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛ་ཡ་ཨ་པ་རཱ་ཛི་ཏ་བཛྲ་ཧཱུཾ་ཧཱུཾ། གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་མཧཱ་མ་ཎི་ཤི་ཁ་རེ་ཧ་ར་ཧ་ར་ཧཱུཾ་ཧཱུཾ། དེ་ བཞིན་གཤེགས་པའི་འཁོར་ལོ་བསྐོར་བའི་ཕྱག་རྒྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་བཛྲ་ཧ་ཡ་ཧ་ར་ཧ་ར་ཧཱུཾ་ཕཊ། འཕགས་པ་ལག་ན་རྡོ་རྗེས་གཟུང་བའི་ཕྱག་རྒྱའོ། །ཨོཾ་དུ་རུ་ དུ་རུ་མ་ཎི་མ་ཎི་མཧཱ་བི་དུ་ཏ་མ་ཎི་སྭཱཧཱ། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་སྟེ་འཕགས་པ་ནོར་བུའི་རྡོ་རྗེའི་ཕྱག་རྒྱའོ། །ཨོཾ་ལོ་ཀཱ་པཱ་ལི་ཏེ་ཛ་ཡ་ཛ་ཡ་ཧཱུཾ་ཧཱུཾ། རྒྱལ་པོ་ཆེན་པོ་ བཞི་རྣམས་ཀྱི་ཕྱག་རྒྱ་གཟུང་བར་བྱའོ། །ཨོཾ་བི་པུ་ལ་གྲ་པ་ཏི་སཾ་བྷ་ར་ཧཱུཾ། དཔལ་ལྷ་མོའི་ཕྱག་རྒྱ་གཟུང་བར་བྱའོ། །ཨོཾ་དཾ་ཥྚི་ནི་སཾ་ཧཱུཾ། དུང་ཅན་མའི་བསྡིགས་པའི་ཕྱག་ རྒྱའོ། །ཨོཾ་ཨཱ་ག་མ་ཡ་དྲི་ར་མུ་ཙྪ་ད་ཏཱ་ཧཱ་སྟི་ནི་ཧཱུཾ། ཕོ་ཉ་མོའི་ཕྱག་རྒྱ་བཅིང་བར་བྱའོ། །ཨོཾ་ཨ་ནནྟ་ཨ་ཀ་རི་བི་པཱུ་ར་ཎི་ཏ་ཀ་ཏ་ཀ་ཧཱུཾ་ཧཱུཾ་ཕཊ། དཀྱིལ་འཁོར་ན་གནས་པ་ཐམས་ཅད་ཀྱི་ ཕྱག་རྒྱ་སྟེ། སྤྱན་དྲང་བའི་ཕྱག་རྒྱ་གཟུང་བར་བྱའོ། །ཨོཾ་ས་ར་ས་ར་བི་ས་ར་ཧཱུཾ་ཧཱུཾ། པདྨའི་ཕྱག་རྒྱའོ། །ཕྱག་རྒྱ་རྒྱས་པའི་ལེའུ་སྟེ། ཆོ་ག་བཞི་པའོ།། །།དེ་ནས་དོན་ཀུན་ སྒྲུབ་པའི་སྐུ་གཟུགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། རས་ཁ་ཚར་མ་བཅད་པ། སྐྲ་མེད་པ། ཁྲུ་གང་པའམ། ཁྲུ་དོ་གྲུ་བཞི་ལྷམ་པ་ལ་རི་མོ་མཁན་སྨྱུང་བ་བྱས་པས། སྣོད་གསར་ པར་ཚོན་སྤྱིན་མེད་པས་བཅོམ་ལྡན་འདས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་སྟེང་ན་ཆོས་འཆད་ཅིང་བཞུགས་པ། ཁང་པ་བརྩེགས་མས་ཡོངས་སུ་བསྐོར་བ་བྲི་བར་བྱའོ།། གཡས་སུ་ལག་ན་རྡོ་རྗེ་ལག་པ་བཅུ་གཉིས་པ། སྟོན་ཀའི་འདམ་བུ་མདའ་རྒྱུ་ལྟ་བུའི་མདོག་ཅན། ལག་པ་ན་མཚོན་ཆ་སྣ་ཚོགས་ཐོགས་པ་གདོང་བཞི་པ་བྱ་སྟེ། གདོང་དང་པོ་ནི་ ཞི་བའོ། །གཉིས་པ་ནི་ཁྲོ་བོའོ། །གསུམ་པ་ནི་མཆེ་བ་གཙིགས་པའོ། །བཞི་པ་ནི་གདོང་ཁྲོ་གཉེར་ཅན་གྱེན་དུ་བལྟ་བ་སྟེ། རལ་པའི་ཐོར་ཚུགས་ཀྱིས་བཞག་པ། རྒྱན་ཐམས་ཅད་ ཀྱིས་བརྒྱན་པ། པདྨའི་སྟེང་ན་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་པར་བྱའོ། །གཡོན་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ནོར་བུ་རྡོ་རྗེ་ཞེས་བྱ་བ་གདོང་བཞི་པ། ལག་པ་བཅུ་དྲུག་པ་ ༄༅། །བྱ་སྟེ། ལག་པ་གཡས་ན་ཡིད་བཞིན་གྱི་ནོར་བུ་ཐོགས་ནས་དེ་བཞིན་གཤེགས་པ་ལ་འབུལ་བ། ལག་པ་གཡོན་ན་པདྨ་ཐོགས་པ། ལག་པ་གཅིག་ གིས་དབུགས་འབྱིན་པ། ལག་པ་གཉིས་ནི་ཐལ་མོ་སྦྱར་བར་བྱའོ། །ལག་པ་གཞན་ནི་མཚོན་ཆ་སྣ་ཚོགས་ཐོགས་པ་བྱ་སྟེ། རྩེ་གསུམ་པ་དང༌། འཁོར་ལོ་དང༌། རྡོ་རྗེ་དང༌། རལ་ གྲི་དང༌། མེ་ཏོག་གི་ཕུར་མ་དང༌། བགྲང་ཕྲེང་དང༌། རིལ་བ་སྤྱི་བླུགས་དང༌། རལ་གྲི་དང༌། གླེགས་བམ་དང༌། མཆོད་རྟེན་དང༌། རི་རབ་པོ། གདོང་དང་པོ་ནི་ཞི་བའོ། །གདོང་གཡས་ པ་ནི་ནག་པོ་ཆེན་པོ་དང་འདྲ་བའོ། །གདོང་གཡོན་པ་ནི་མིའི་སེངྒེའི་དབྱིབས། ཤིང་པཱ་ལ་ཤའི་ཁ་དོག་ལྟ་བུའོ། །གདོང་གོང་མ་ནི་བཞིན་བསྒྱུར་བ་པདྨའི་གདན་ལ་སྐྱིལ་ མོ་ཀྲུང་ཕྱེད་ཀྱིས་འདུག་པར་བྱའོ། །དེའི་འོག་ཏུ་དུང་ཅན་མ་བྲི་སྟེ། ལག་པ་བརྒྱད་པ་པུས་མོ་བཙུགས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ལ་མངོན་པར་བརྩོན་ པར་བྱའོ། །ལག་ན་རྡོ་རྗེའི་འོག་ཏུ་དཔལ་ལྷ་མོ་ཆེན་མོ་པུས་མོ་བཙུགས་ནས་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་དབུལ་བར་ བྱའོ། །དཔལ་ལྷ་མོ་ཆེན་མོའི་རྒྱབ་ཏུ་ཕོ་ཉ་མོ་བཞིན་འཛུམ་པ། ལག་པ་བཞི་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མཚོན་ཆ་སྣ་ཚོགས་འཛིན་པར་བྱའོ། །དུང་ཅན་མའི་ རྒྱབ་ཏུ་མེ་ཏོག་སོ་གོས་དཀར་པོ་གྱོན་པ། མེ་ཏོག་ཐོགས་ནས་བཅོམ་ལྡན་འདས་ལ་གྱེན་དུ་བལྟ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིན་པོ་ཆེ་སྣ་བདུན་གྱི་ ཁ་དོག་ཅན་གྱི་པདྨ་འདབ་མ་བརྒྱད་པ། སྡོང་བུ་ནི་བཻ་ཌཱུ་ཪྻ། སྙིང་པོ་ནི་གསེར་ལས་བྱས་པ་བྱའོ། །དེའི་སྟེང་དུ་འཛམ་བུ་ཆུ་བོའི་གསེར་གྱི་འཁོར་ལོ་ཤིན་ཏུ་རྣམ་པར་ཕྱེ་བ་ལྟེ་བ་ དང་བཅས་པ། ཀུན་ནས་འབར་བ། ཤིན་ཏུ་རྣམ་པར་བཀྲ་བ་བྲི་བར་བྱའོ། །པདྨ་དེའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་ཡ་ལད་དང༌། གོ་ཆ་དང༌། ཚེམ་ཚེམ་བགོས་པ། རྒྱན་ཐམས་ ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །པདྨ་དེའི་དྲུང་དུ་རྫིང་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བྱའོ། །རྫིང་བུ་དེའི་འགྲམ་དུ་རིག་པ་འཛིན་པ་ལག་པ་ན་པོག་ཕོར་དང༌། མེ་ཏོག་གི་ མགོ་ལྕོགས་ཐོགས་ལ། ལག་པ་ཅིག་ཤོས་ན་བ་གྲང་ཕྲེང་ཐོགས་ཏེ་པུས་མོ་བཙུགས་ནས་དེ་བཞིན་གཤེགས་པ་ལ་གྱེན་དུ་ལྟ་བར་བྱའོ། །ཁང་པ་བརྩེགས་མའི་གན་དུ་ཚངས་ པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་ནམ་མཁའི་དཀྱིལ་ན་བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་ཀྱིས་མཆོད་པ་བྱེད་པ་བྱའོ། །དེ་ལ་སོགས་པ་སྐུ་ གཟུགས་ཀྱི་ཆོ་ག་རྣམས་བྱའོ། །དེ་ནས་རིག་པ་འཛིན་པས་གོས་དཀར་པོ་བགོས་ཏེ། ཟས་དཀར་གསུམ་ཟ་བས་ཚེས་བརྒྱད་ནས་ཚེས་བཅོ་ལྔ་ཉའི་བར་དུ་སྐུ་གཟུགས་ཀྱི་མདུན་ ༄༅། །དུ་བཟླས་བརྗོད་འབུམ་ཚང་བར་བྱའོ། །དེ་ནས་སྐུ་གཟུགས་འགུལ་ཞིང་བདག་ཉིད་འབར་བར་མཐོང་བར་འགྱུར། སྒྲིབ་པ་མེད་པའི་མིག་ཐོབ་པར་ འགྱུར། ནོར་བུ་རྣམ་དག་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། རིག་འཛིན་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ མཐོང་བར་འགྱུར། བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་ པ་ཐམས་ཅད་སྤངས་པར་འགྱུར། སེར་སྣའི་དྲི་མ་དང་བྲལ་བར་འགྱུར། བསོད་ནམས་ཐམས་ཅད་དང་ལྡན་པར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པར་འགྱུར། དགེ་བའི་ རྩ་བ་ཐམས་ཅད་ཡང་དག་པར་གཟུང་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར། ལྷ་ཐམས་ཅད་ཀྱིས་ཡང་དག་པར་གཟུང་བར་འགྱུར། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། ལྷ་མ་ ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་བསྲུང་བར་འགྱུར། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ མཆོད་པའི་འོས་སུ་འགྱུར། འཇིག་རྟེན་ཐམས་ཅད་ལ་དབང་བསྐུར་བར་འགྱུར། ཡོན་ཏན་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར། དེ་ལ་སོགས་པ་ཡོན་ ཏན་གྱི་ཁྱད་པར་ཐོབ་པར་འགྱུར། མཐོང་བ་ཙམ་མམ། བཟླས་བརྗོད་བྱས་པ་ཙམ་མམ། བཀླགས་པ་ཙམ་གྱིས་ཡོན་ཏན་དང༌། ཕན་ཡོན་འདི་དག་ཡོངས་སུ་གཟུང་བར་འགྱུར་ ན༑ ཆོ་ག་ལྷག་པར་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། གང་ཞིག་ཀློག་པར་བྱེད་པ་དང༌། འདོན་པར་བྱེད་པ་དང༌། བཟླས་བརྗོད་ལ་མངོན་པར་བརྩོན་པར་བྱེད་པ་དང༌། སྒྲུབ་པར་ བྱེད་པ་དང༌། ཕྱག་རྒྱའི་ཚོགས་སྒྲུབ་པར་བྱེད་པ་དང༌། རིག་སྔགས་སྒྲུབ་པར་བྱེད་པ་དང༌། རས་ཟུང་སྒྲུབ་པར་བྱེད་པའི་སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་ཁོ་ནར་བརྗོད་པར་བྱ་ སྟེ༑ མཆོད་པའི་འོས་སུ་འགྱུར། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་འགྱུར། སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་དང་མཚུངས་ པར་བལྟ་བར་བྱ། ཤེས་པར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ་གནང་བས་སེམས་ཅན་དེ་ནི་ཕྱིར་མི་ལྡོག་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་གསལ་བར་ལུང་བསྟན་པ་ཡིན་ནོ། །ཕྱིན་ཆད་མའི་མངལ་དུ་སྐྱེ་བར་མི་འགྱུར། འཇིག་རྟེན་གྱི་ཁམས་གང་དང༌། གང་དུ་འགྲོ་བ་དེ་དང༌། དེར་པདྨ་ལ་རྫུས་ཏེ་སྐྱེ་བར་ ༄༅། །ཤེས་པར་བྱའོ། །ཕྱིན་ཆད་དེ་བཞིན་གཤེགས་པ་རྣམས་དང་འབྲལ་བར་མི་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བྲལ་བར་མི་འགྱུར་ཏེ། གང་དང༌། གང་དུ་སྐྱེས་པ་དེ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར་ཞིང༌། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་མཐར་ཕྱིན་པར་བྱེད་པར་འགྱུར་རོ། །སྐུ་གཟུགས་ རྒྱས་པ་ཆེན་པོའི་ལེའུ་སྟེ། ཆོ་ག་ལྔ་པའོ།། །།དོན་ཀུན་སྒྲུབ་པར་བྱེད་པ་ཡི། །སྦྱིན་སྲེག་ཆོ་ག་བཤད་པར་བྱ། །སེམས་ཅན་ཀུན་གྱི་བདེ་ཐོབ་པ། །ཞི་བ་ཡི་ནི་ ལས་བརྩམ་མོ། །རིག་པ་འཛིན་པས་གསང་བྱ་སྟེ། །ངེས་པར་ཚངས་པར་སྤྱོད་པ་ཡིས། །སེམས་ཅན་ཐམས་ཅད་ཡིད་དགའ་བའི། །དེ་ནས་སྦྱིན་སྲེག་དག་བྱའོ། །ཨོཾ་སྭ་ ཧཱ་པ་ཏི་བྷུརྦྷཱུ་བ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྔགས་འདི་ཏིལ་དང༌། ཡུངས་ཀར་དང༌། མར་ལ་སྦྱིན་སྲེག་བྱས་ན་རིག་སྔགས་འཆང་ཐམས་ཅད་འགྲུབ་པར་འགྱུར་རོ། །བགེགས་དང༌། ལོག་འདྲེན་ཐམས་ཅད་ཚར་བཅད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་དང༌། ཕྱིར་རྒོལ་བ་དང༌། མི་མཛའ་བ་ཐམས་ཅད་རྨུགས་པར་ བྱས་པར་འགྱུར། རེངས་པར་བྱས་པར་འགྱུར་རོ། །རྨོངས་པར་བྱས་པར་འགྱུར་རོ། །རྨི་ལམ་ངན་པ་དང༌། ལྟས་ངན་པ་ཐམས་ཅད་མེད་པར་འགྱུར་རོ། །གུ་གུལ་དང༌། ཡུངས་ཀར་དང༌། མར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་གདོན་ཐམས་ཅད་ཀྱི་ཀླད་པ་འགས་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱིས་གནོད་པ་བྱས་པ་ལས་ཡོངས་སུ་ ཐར་བར་འགྱུར། རིམས་ནད་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །མར་དང༌། ཡུངས་ཀར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ ཡུལ་ཐོབ་པར་འགྱུར་རོ། །ས་བོན་བདུག་པ་དང༌། མར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་བདུད་ལ་སོགས་པའི་གདུག་པས་འཇིགས་སྐྲག་པ་དང༌། ཕ་རོལ་གྱི་དམག་ ཚོགས་ལ་སོགས་པ་འཇིག་པར་འགྱུར་རོ། །སྒྲོན་ཤིང་དང༌། མར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དགའ་བར་འགྱུར་རོ། །ཅི་འདོད་ པ་དེ་བྱེད་དོ། །གང་དང༌། གང་བླངས་པ་དེ་དང༌། དེ་འཐོབ་བོ། །རི་ཁར་སྲ་རྩི་ལོག་[?] དང༌། ཡུངས་ཀར་དང༌། མར་ལས་སྦྱིན་སྲེག་བྱས་ན་ལྷ་མ་ཡིན་གྱི་སྒོ་ཐམས་ཅད་འབྱེད་ པར་འགྱུར། རིག་འཛིན་གྱི་རྒྱལ་པོར་འགྱུར་རོ། །ཡུངས་ཀར་དང༌། ཏིལ་མར་དང༌། ན་ག་གེ་སར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཀླུ་ཐམས་ཅད་དབང་དུ་འགྱུར་ རོ༑ ༑ཅི་བསྒོ་བ་བྱེད་དོ། །དུས་སུ་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །ཕྱིན་ཆད་སེར་བའི་འཇིགས་པ་མི་འབྱུང་ངོ༌། །ཁ་ཟས་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་འབྲུ་སྟོང་ ༄༅། །དུ་འཕེལ་ཞིང་མང་པོར་འགྱུར་རོ། །ལན་ཚྭ་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་གནོད་སྦྱིན་མོ་ཐམས་ཅད་ལྷགས་ནས་རྗེ་བཙུན་སྲོག་དང་མི་དབྲལ་ ཅིག་དང༌། བཀའ་ཅི་སྩལ་བ་དེ་བགྱིའོ་ཞེས་རྐང་པ་ལ་གཏུགས་པར་འགྱུར་རོ། །འབྲས་དང༌། མར་ལས་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ། །ཉི་ མ་ལ་ཁ་བལྟས་ཏེ་ན་ལེ་ཤམ་ལ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་དེ་ལ་ལྷ་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌། སྐྱོབ་པ་དང༌། སྦེད་པ་བྱེད་པར་འགྱུར། དཔལ་ ཐམས་ཅད་ཐོབ་བར་འགྱུར། དཔལ་ལྷ་མོའི་མདུན་དུ་ཏིལ་དང༌། ཡུངས་ཀར་ལས་སྦྱིན་སྲེག་བྱས་ན། ནོར་མང་པོ་འཕེལ་བར་འགྱུར་རོ། །ཤིང་ཨརྒའི་ཡཾ་སྲེག་ཤིང་དང༌། མར་ ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་བར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། འཇིག་ རྟེན་དང༌། འཇིག་རྟེན་ལས་འདས་པའི་གསང་སྔགས་ཐམས་ཅད་མངོན་དུ་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། དགྲ་ཐམས་ཅད་ལས་རྒྱལ་བར་འགྱུར། འཇིག་ རྟེན་གྱི་སྡུག་བསྔལ་ཐམས་ཅད་འབྱུང་བར་མི་འགྱུར། རིག་སྔགས་འདིའི་མ་ཐུས་བདེ་བ་ཐམས་ཅད་འགྲུབ་པར་འགྱུར། རྨི་ལམ་ངན་པ་དང༌། ལྟས་ངན་པ་ཐམས་ཅད་མེད་ པར་འགྱུར། བྱད་ཐམས་ཅད་དང༌། བཅིངས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་ནམ་ཡང་མི་འབྱུང་བར་འགྱུར་རོ། །དེ་ལ་སོགས་ཏེ་སྦྱིན་སྲེག་གི་ལས་རྣམས་ཀྱིས་མཆོག་ཏུ་ ཞི་བར་བྱེད་དོ། །བདེ་བ་དང༌། རབ་ཏུ་སྦྱིན་པར་བྱེད་དོ། །ནོར་ཐོབ་པར་བྱེད། དོན་འགྲུབ་པར་བྱེད་ཅིང་ལྟ་བ་ངན་པར་ལྟུང་བའི་སེམས་ཅན་ཐམས་ཅད་ཉམས་པར་བྱེད་དོ། །སྦྱིན་སྲེག་ གྲུབ་པ་རྒྱས་པའི་ལེའུ་སྟེ། ཆོ་ག་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི་ཆོ་ག་ ཞིབ་མོའི་རྒྱལ་པོ་ཡིན། འདི་ནི་ཡོན་ཏན་ཁྱད་པར་ཆེན་པོ་ཅན་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ཡིན། འདི་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་མཚན་འཛུགས་པ་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དུང་རབ་ཏུ་འབུད་པ་ཡིན། འདི་ནི་དེ་བཞིན་གཤེགས་ བ་ཐམས་ཅད་ཀྱི་རྡོ་རྗེའི་གདན་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཐམས་ཅད་ཕམ་པར་བྱེད་ཅིང་འཇོམས་པར་བྱེད་པ་ཡིན། འདི་ནི་དེ་བཞིན་གཤེགས་པ་ ༄༅། །ཐམས་ཅད་ཀྱི་གསང་བ་དམ་པ་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ཡིན། ལག་ན་རྡོ་རྗེ། འདི་ནི་འཛམ་བུའི་གླིང་གི་སེམས་ ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདུལ་བ་ཡིན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡིག་པ་འཇིགས་པ་ཡིན། འདི་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ ཅད་ཀྱི་དམྱལ་བ་ཐམས་ཅད་སྐེམས་པ་ཡིན། ཡི་དྭགས་ཀྱི་འཇིག་རྟེན་ཟློག་པ་ཡིན། དུད་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པ་ཡིན་ནོ། །འདི་ནི་འཛམ་བུའི་གླིང་གི་སེམས་ ཅན་ཐམས་ཅད་ཀྱི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་སྐྱེམས་པར་ བྱེད་པ་ཡིན་ནོ། །ལག་ན་རྡོ་རྗེ། འོན་ཀྱང་བསོད་ནམས་ཀྱི་ཕུང་པོ་འབྱུང་བ་ལྷའི་མིག་གིས་བལྟ་བའམ། དེ་བཞིན་གཤེགས་པའི་ཐུགས་ཀྱིས་ཀྱང་བརྗོད་ཀྱིས་མི་ལང་ སྟེ༑ ཡོན་ཏན་གྱི་ཁྱད་པར་དེ་ལྟར་རྒྱ་ཆེ་ཞིང་དེ་ལྟར་ཟབ་པ། རབ་མཆོག་གྱ་ནོམ་པ་ལ་སོགས་པ་དེ་ལྟར་གོང་ནས་གོང་དུ་རྣམ་པར་འཕྲུལ་པ་ཆེན་པོའི་ཁྱད་པར་འཕགས་པ་ ཡིན་ནོ། །ནོ༑ ༑ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བའི་གཟུངས་ཀྱི་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་ནི་སེམས་ཅན་སྐལ་བ་ཆུང་དུ་བ་རྣམས་ཀྱི་ ལག་ཏུ་འོང་བར་མི་འགྱུར་ཏེ། ཐོས་པར་མི་འགྱུར། བསྙེན་བཀུར་བྱེད་པར་མི་འགྱུར། འཆང་བར་མི་འགྱུར་རོ། །གང་གིས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་ པ་རྣམས་མ་མཐོང་བ་དེའི་ལག་ཏུ་མཆོག་ཏུ་གསང་བ་འདི་འོང་བའམ། མཉན་པའམ། བསྙེན་བཀུར་བྱེད་པའམ། འཛིན་པ་ལྟ་ག་ལ་འགྱུར། ལག་ན་རྡོ་རྗེ། དེ་བཞིན་ གཤེགས་པའི་གསང་བ་འདི་ནི་ཤིན་ཏུ་གཏིང་དཔག་དཀའ་སྟེ། ལག་ན་རྡོ་རྗེ། གང་གིས་སངས་རྒྱས་བཅོམ་ལྡན་འདས་ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱད་སྟོང་གི་ བྱེ་མ་དང་མཉམ་པ་རྣམས་ལ། བསྐལ་པ་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ན་བཟའ་དང༌། བསོད་སྙོམས་དང༌། གཟིམས་ཆ་དང༌། བསྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་དང༌། བཟའ་ བ་དང༌། བཅའ་བ་དང༌། ཞལ་ཟས་དང༌། བཏུང་བ་དང༌། བཅིབས་པ་དང༌། ཕོ་བྲང་རྣམས་དེ་བཞིན་གཤེགས་པ་རྣམས་ལ་ཉི་མ་རེ་རེ་འབུལ་ཞིང༌། དེ་བཞིན་དུ་མེ་ཏོག་ དང༌། བདུག་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་གྱིས་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ མཆོད་པ་བྱེད་པ་དང༌། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བྱུར་བུར་བཀང་སྟེ། ཉི་མ་རེ་རེ་སངས་རྒྱས་ཐམས་ཅད་ལ་དབུལ་བ་ནི་ ༄༅། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་བསྐྱེད་པ་མ་ཡིན་གྱི། ལག་ན་རྡོ་རྗེ། གང་གིས་དེ་བཞིན་གཤེགས་པའི་གསང་བ་འདི་ལན་གཅིག་བཟླས་བརྗོད་བྱས་ ན་བསོད་ནམས་ཀྱི་ཕུང་པོ་ཆེས་མང་པོ་དང་ལྡན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བརྗོད་ཀྱིས་མི་ལང་ངོ༌། །གང་གིས་དེ་བཞིན་གཤེགས་པའི་ གསང་བའི་གཟུངས་ཀྱི་རྒྱལ་པོ་འདི་ལན་གཅིག་དྲན་པར་གྱུར་ན་ནི་དེ་གོང་དུ་བཤང་པའི་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་བསྒྲགས་པས་དེ་བཞིན་གཤེགས་པ་ཐམས་ ཅད་མཆོད་པར་འགྱུར། མཁོ་བའི་ཡོ་བྱད་ཁྱད་པར་དུ་འཕགས་པ་ཇི་ལྟ་བ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་རྣམས་ལ་དེ་ལྟར་ཉིན་གཅིག་བཞིན་མཆོད་ པར་འགྱུར་རོ། །དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ལྷ་མ་ཡིན་དང༌། ནམ་མཁའི་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་ཐམས་ཅད་ཀྱིས། ཨ་ལ་ལ་ཞེས་ཅ་ཅོ་དང༌། ག་ཞའི་སྒྲ་ཆེར་བཏོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ། །སངས་རྒྱས་འབྱུང་བ་དང་མཚུངས་པར་མཆོག་ཏུ་རྙེད་པར་དཀའ་བ་གསང་བ་དམ་པའི་སྙིང་པོ་འཛམ་བུའི་གླིང་དུ་བཞག་ ལགས་སོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤཱཀྱ་ཐུབ་བ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་གཤེགས་ སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཤེགས་སོ། །འཕགས་པ་ ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོའི་ལེའུ་སྟེ། བདུན་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོཙྪ་བ་བནྡེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང༌། སླད་ནས་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུས་ཆེན་གྱི་ལོཙྪ་བ་བེནྡེ་ དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། Copyright © 2012 by the Asian Classics Input Project. All rights reserved.