Loading

རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། ཀླུ་སྒྲུབ།
སྤྲིང་ཡིག།
གེ checked, but not manually proofread
༄༅༅། །རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀ་ཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་ བྱ་བ་རིན་པོ་ཆེའི་ཕྲེང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ། །རྒྱལ་པོ་ཁྱོད་ལ་ཆོས་ སྒྲུབ་ཕྱིར། །གཅིག་ཏུ་དགེ་བའི་ཆོས་བཤད་དེ། །དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ་གང་ཞིག་ལ། །དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་དེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། ། དེ་ལ་མངོན་མཐོ་བདེ་བ་སྟེ། །དེས་པར་ལེགས་པ་ཐར་པར་འདོད། །དེ་ཡི་བསྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་སྔོན་འགྲོ་བ་དད་པ་ཡིན། །འདུན་དང་ ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་བ་དེ་ མཁས་པ། །མི་གསོད་པ་དང་རྐུ་སྤོང་དང༌། །གཞན་གྱི་ཆུང་མ་སྦོད་བ་དང༌། །ལོག་དང་ཕྲ་མ་རྩུབ་ཉིད་དང༌། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ ཡིན༑ །ཆང་མི་འཐུང་དང་འཚོ་བ་བཟང༌། །རྣམ་མི་འཚེ་དང་གུས་སྦྱིན་དང༌། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ལུས་གདུང་བྱེད་པ་འབའ་ཞིག་ལས། །ཆོས་མེད་འདི་ལྟར་དེ་ཡིས་ནི། །གཞན་ལ་གནོད་པ་སྤོང་མེད་ཅིང༌། །གཞན་ལ་ཕན་འདོགས་ ཡོད་མ་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་གསལ་བ། །དམ་ཆོས་ལམ་པོ་ཆེ་ལ་གང༌། །མ་གུས་ལུས་གདུང་གནག་ལམ་ལྟའི། །ལམ་གོལ་དག་ནས་འགྲོ་བ་དེ། །འཁོར་བའི་འབྲོག་ནི་མི་བཟད་པའི། །མཐའ་ཡས་སྐྱེ་བོ་ཤིང་ཅན་དུ། །ཉོན་མོངས་གདུག་པས་འཁྱུད་པའི་ལུས། ། ཤིན་ཏུ་ཡུན་རིང་འཇུག་པར་འགྱུར། །གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་ འབྲེལ་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུངས་པས་ནི་བློ་འཁྲུལ་ཏེ། །སྦྱིན་པ་མ་བཏང་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་ རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་དང་པོ་ངན་འགྲོར་རོ། །མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ ལ༑ །འབྲས་བུ་དེ་ནི་བཟློག་སྟེ་འབྱུང༌། །ཆགས་དང་ཞེ་སྡང་གཏི་མུག་དང༌། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་དེ་དགེ་བ་ཡིན། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་ བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་དུ་བདེ་བ་དག །ཡིད་དང་ལུས་དང་ངག་གིས་ནི། །མི་དགེ་ཀུན་ལས་ལྡོག་བྱ་ཞིང༌། །དགེ་ལ་རྟག་ཏུ་འཇུག་བྱ་བ། །ཆོས་འདི་རྣམ་པ་གཉིས་སུ་བཤད། །ཆོས་འདིས་དམྱལ་བ་ཡི་དགས་དང༌། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང༌། ། ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ཀྱི། །ཚངས་སྩོགས་བདེ་བ་མྱོང་བར་བྱེད། །དེ་ལྟར་མངོན་མཐོའི་ཆོས་འདི་དང༌། །དེ་ཡི་འབྲས་བུ་མདོར་བསྡུས་པའོ། །ངེས་པར་ལེགས་པའི་ཆོས་དག་ཀྱང༌། །ཕྲ་ཞིང་ ༄༅། །ཟབ་པར་སྣང་བ་དང༌། །བྱིས་པ་ཐོས་དང་མི་ལྡན་ལ། །སྐྲག་པར་བྱེད་པར་རྒྱལ་བས་གསུངས། །བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་དག་ནི་དེ་ལྟར་སྐྲག །མཁས་པ་ལ་ནི་སྐྲག་པ་ཟད། །སྐྱེ་དགུ་འདི་ནི་མ་ལུས་ པ༑ །ངར་འཛིན་པ་ལས་བྱུང་བ་དང༌། །ང་ཡིར་འཛིན་ལྡན་སྐྱེ་དགུ་ལ། །ཕན་པ་གཅིག་ཏུ་གསུང་བས་གསུངས། །བདག་ཡོད་བདག་གིར་ཡོད་ཅེས་པ། །འདི་ནི་དམ་པའི་དོན་དུ་ལོག །གང་ཕྱིར་ཡང་དག་ཇི་ལྟ་བ། །ཡོངས་སུ་ཤེས་པས་གཉིས་མི་འབྱུང༌། །ངར་འཛིན་ལས་བྱུང་ཕུང་ པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གིས་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཕུང་པོ་དེ་ལྟར་མི་བདེན་པར། །མཐོང་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཇི་ལྟར་མེ་ལོང་བརྟེན་ནས་སུ། ། རང་བཞིན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཉིད་དུ་དེ་འགའ་མེད། །ཇི་ལྟར་མེ་ལོང་མ་བརྟེན་ པར༑ །རང་བཞིན་གཟུགས་བརྙན་མི་སྣང་ལྟར། །ཕུང་པོ་རྣམས་ལ་མ་བརྟེན་པར། །ངར་འཛིན་པ་ཡང་དེ་དང་འདྲ། །འཕགས་པ་ཀུན་དགའ་བོ་ཡིས་ནི། །དེ་ལྟ་བུ་ཡི་དོན་ཐོས་ནས། །ཆོས་ལ་མིག་འཐོབ་བདག་ཉིད་ཀྱིས། །དགེ་སློང་རྣམས་ལ་བཟླས་ཏེ་སྨྲས། །ཇི་སྲིད་ཕུང་པོར་ འཛིན་ཡོད་པར། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་ གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །དེ་ལྟར་རྒྱུ་འབྲས་སྐྱེ་བ་དང༌། །དེ་དག་ཟད་པ་ཉིད་མཐོང་ནས། །ཡང་དག་ཉིད་དུ་འཇིག་རྟེན་ལ། །ཡོད་མེད་ཉིད་དུ་མི་སེམས་སོ། །སྡུག་བསྔལ་ཐམས་ཅད་ཟད་པ་ཡིས།། ཆོས་འདི་ཐོས་ནས་རྟོག་མེད་པ། །མི་འཇིགས་གནས་ལ་སྔར་བདག །ཡོངས་སུ་མི་ཤེས་ཕྱིར་སྐྲག་གོ། །མྱ་ངན་འདས་ལ་འདི་དག་ཀུན། །མེད་པར་གྱུར་ན་ཁྱོད་མི་འཇིགས། །འདིར་ནི་མེད་པར་བཤད་པ་ལ། །ཁྱོད་ནི་ཇི་སྟེ་འཇིགས་པར་བྱེད། །ཐར་ལ་བདག་མེད་ཕུང་པོ་ མེད༑ །གལ་ཏེ་ཐར་པ་དེ་འདྲར་འདོད། །བདག་དང་ཕུང་པོ་གསལ་བ་ལ། །འདིར་ནི་ཁྱོད་ཀོ་ཅིས་མི་དགའ། །མྱ་ངན་འདས་པ་དངོས་མེད་པའང༌། །མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་མེད་དེར་འཛིན་པ། །ཟད་པ་མྱ་ངན་འདས་ཤེས་བྱའོ། །མདོར་ན་མེད་པར་ལྟ་བ་ ཉིད༑ །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཤེས་པས་མེད་དང་ཡོད་ ཞིའི་ཕྱིར། །སྡིག་དང་བསོད་ནམས་ལས་འདས་པ། །དེ་ཡིས་ངན་འགྲོ་བདེ་འགྲོ་ལ། །དེ་ནི་ཐར་པར་དམ་པས་བཤད། །རྒྱུ་དང་བཅས་པས་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །རྒྱུ་དང་བཅས་པས་འགག་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །སྔར་ སྐྱེས་པ་དང་ལྷན་ཅིག་སྐྱེས། །རྒྱུ་མིན་དོན་དུ་རྒྱུ་མེད་དོ། །བཏགས་དང་ཡང་དག་ཉིད་དུ་ན། །སྐྱེ་བའང་རབ་ཏུ་མ་གྲགས་ཕྱིར། །འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་པས་ཐུང་དུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། རིང་པོ་ཡོད་ན་ཐུང་དུ་ཉིད། །རང་གི་ངོ་བོ་ལས་མ་ཡིན། །མར་མེ་བྱུང་བ་མེད་པའི་ཕྱིར། །འོན་ཀྱང་འབྱུང་བ་མེད་པ་བཞིན། །དེ་ལྟར་རྒྱུ་འབྲས་སྐྱེ་མཐོང་ཞིང༌། །འཇིག་རྟེན་འདི་ན་ཇི་བཞིན་དུ། །སྤྲོས་ལས་བྱུང་བར་ཁས་བླངས་ནས། །མེད་པ་ཉིད་དུ་ཁས་མི་ལེན། །འགོག་ པ་སྤྲོས་ལས་མ་བྱུང་བ། །ཡང་དག་ཇི་བཞིན་ཉིད་གྱུར་པ། །ཁས་ལེན་ཡོད་པ་ཉིད་མི་འགྱུར། །དེས་ན་གཉིས་མི་བརྟེན་པ་གྲོལ། །ཐག་རིང་ནས་ནི་མཐོང་བའི་གཟུགས། །ཉེ་བ་རྣམས་ཀྱིས་གསལ་བར་མཐོང༌། །སྨིག་རྒྱུ་གལ་ཏེ་ཆུ་ཡིན་ན། །ཉེ་བ་རྣམས་ཀྱིས་ཅིས་མི་མཐོང༌། ༄༅། །ཇི་ལྟར་རིང་བ་རྣམས་ཀྱིས་ནི། །འཇིག་རྟེན་འདི་ནི་ཡང་དག་མཐོང༌། །དེ་ལྟར་དེ་དང་ཉེ་རྣམས་ཀྱིས། །མི་མཐོང་མཚན་མེད་སྨིག་རྒྱུ་བཞིན། །ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ། །ཆུ་མིན་དོན་དུ་མ་ཡིན་པ། །དེ་བཞིན་ཕུང་པོ་བདག་འདྲ་བ། །དེ་དག་བདག་མིན་དོན་ དུ་མིན༑ །སྨིག་རྒྱུ་ལ་ནི་འདི་ཆུ་ཞེས། །བསམ་དེ་དེ་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་པའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མེད་པ་ པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། ། གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །གང་དག་དོན་གྱི་མེད་ཉིད་དུ། །དམ་མི་འཆའ་ཞིང་མི་སྤྱོད་པ། །བྱང་ཆུབ་རྟེན་ཕྱིར་སེམས་མེད་ན། །དེ་དག་ཇི་ལྟར་མེད་པར་བཤད། །གང་ ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་འདི་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ ཞེས་གྱིས། །ཞིག་ནས་འགྲོ་མེད་འོང་མེད་ཅིང༌། །སྐད་ཅིག་ཀྱང་ནི་མི་གནས་པ། །དེ་ལྟར་དུས་གསུམ་འདས་པའི་བདག །འཇིག་རྟེན་དོན་དུ་ཅི་ཡོད་དམ། །གང་ཕྱིར་གཉིས་ཀ་འང་ཡང་དག་ཏུ། །འགྲོ་དང་འོང་དང་གནས་མེད་པ། །དེ་ཕྱིར་འཇིག་རྟེན་མྱ་ངན་ འདས༑ །དོན་དུ་ཁྱད་པར་ཇི་ལྟ་བུ། །གནས་པ་མེད་ཕྱིར་སྐྱེ་བ་དང༌། །འགག་པ་ཡང་དག་ཉིད་མིན་ན། །སྐྱེ་བ་དང་ནི་གནས་པ་དང༌། །འགག་པ་དོན་དུ་ག་ལ་ཞིག །གལ་ཏེ་རྟག་ཏུ་འགྱུར་ན་ནི། །ཇི་ལྟར་སྐད་ཅིག་མ་ཡིན་དངོས། །གལ་ཏེ་འགྱུར་བ་མེད་ན་ནི། །དོན་ དུ་གཞན་ཉིད་ག་ལ་འགྱུར། །ཕྱོགས་གཅིག་གམ་ནི་ཐམས་ཅད་དུ། །ཟད་པས་སྐད་ཅིག་འགྱུར་གྲང་ན། །མི་འདྲ་བ་ཉིད་མི་དམིགས་ཕྱིར། །དེ་རྣམས་གཉིས་ཀའང་རིགས་ལྡན་མིན། །སྐད་ཅིག་ཡིན་ན་རིལ་མེད་ཕྱིར། །རྙིང་པ་འགའ་ལྟ་ག་ལ་ཞིག །ཇི་ལྟར་སྐད་ཅིག་མཐའ་ ཡོད་པ༑ །དེ་བཞིན་ཐོག་མ་དབུས་བརྟག་གོ། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་པར་བྱ། །ཐོག་མ་དབུས་དང་ཐ་མ་ཉིད། །རང་བཞིན་ལས་ཀྱང་མ་ཡིན་ནོ། །ཐ་དད་ ཕྱོགས་ཕྱིར་གཅིག་པུ་མིན། །ཕྱོགས་མེད་པ་ནི་འགའ་ཡང་མེད། །གཅིག་མེད་པར་ནི་དུ་མའང་མེད། །ཡོད་པ་མེད་ཕྱིར་མེད་པའང་མེད། །ཞིག་པའམ་ནི་གཉེན་པོ་ཡིས། །ཡོད་ཉིད་མེད་པར་འགྱུར་གྲང་ན། །ཡོད་པ་སྲིད་པ་མ་ཡིན་ཕྱིར། །འཇིག་པའམ་གཉེན་པོར་ཇི་ལྟར་ འགྱུར༑ །དེ་ཕྱིར་མྱ་ངན་འདས་པ་ཡིས། །འཇིག་རྟེན་དོན་དུ་འགྲིབ་མི་འགྱུར། །འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་ཕྱིར། །དེ་ལྟར་ཟབ་མོའི་ཆོས་རྣམས་ནི། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་ པར་ཤེས། །དེ་ལྟར་ངེས་པར་ལེགས་པའི་ཆོས། །ཟབ་མོ་ཡོངས་སུ་འཛིན་མེད་ཅིང༌། །གནས་མེད་ཅེས་ནི་རྫོགས་སངས་རྒྱས། །ཐམས་ཅད་གཟིགས་པ་རྣམས་ཀྱིས་གསུངས། །གནས་མེད་ཆོས་འདིས་སྐྲག་པ་ཡིས། །སྐྱེ་བོ་གནས་ལ་མངོན་དགའ་ཞིང༌། །ཡོད་དང་མེད་ལས་མ་ འདས་པ། །མི་མཁས་རྣམས་ནི་ཕུང་བར་འགྱུར། །འཇིགས་མིན་གནས་འཇིགས་དེ་དག་ནི། །ཕུང་ལ་གཞན་ཡང་ཕུང་བར་བྱེད། །རྒྱལ་པོ་ཕུང་བ་དེ་དག་གིས། །ཅི་ནས་མི་ཕུང་དེ་ལྟར་གྱིས། །རྒྱལ་པོ་ཁྱོད་ནི་མི་ཕུང་བར། །བགྱི་སླད་འཇིག་རྟེན་འདས་ཀྱི་ཚུལ། །གཉིས་ལ་མི་ བརྟེན་ཡང་དག་པ། །ཇི་བཞིན་ལུང་གི་དབང་གིས་བཤད། །སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀྲོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་གི་ཡང༌། །གནས་མེད་འཇིགས་པས་མ་མྱངས་པའོ། །སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་ ༄༅། །མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བ། །དེ་བཞིན་ཁམས་ནི་རེ་རེ་ལའང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་ དེ་མིན་དེ་མེད་མིན། །ཕུང་བདག་མེ་ཤིང་ལྟར་འདྲེས་མིན། །དེ་ཕྱིར་བདག་ནི་ཇི་ལྟར་ཡོད། །འབྱུང་གསུམ་ས་མིན་འདི་ལ་མིན། །དེ་ལ་འདི་མིན་དེ་མེད་མིན། །རེ་རེའང་དེ་བཞིན་དེ་ཡི་ཕྱིར། །འབྱུང་བ་རྣམས་ཀྱང་བདག་བཞིན་བརྫུན། །ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེའང་ངོ་བོ་ཉིད་དུ་ མེད༑ །གང་གསུམ་མེད་པར་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་དོ། །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་ན། །སོ་སོར་ཡོད་པ་མ་ཡིན་ཏེ། །ཇི་ལྟར་འདུས་པ་སྐྱེད་པར་འགྱུར། །འོན་ཏེ་སོ་སོར་རང་ཡོད་ན། །བུད་ཤིང་མེད་པར་མེ་ཅིས་ མེད༑ །གཡོ་དང་ཐོགས་དང་སྡུད་པ་དང༌། །ཆུ་དང་རླུང་དང་ས་དེ་བཞིན། །འོན་ཏེ་མེ་འདི་གྲགས་ཡིན་ན། །ཇི་ལྟར་ཁྱོད་ཀྱིས་གསུམ་གཞན་རང༌། །གསུམ་པོ་རྟེན་ཅིང་འབྱུང་བ་དང༌། །ཆོས་མི་མཐུན་པར་རུང་བའང་མིན། །སོ་སོར་རང་ཡོད་དེ་དག་ནི། །ཇི་ལྟ་བུར་ན་ཕན་ཚུན་ཡོད། །སོ་སོར་ རང་ཡོད་མ་ཡིན་པ། །དེ་དག་ཇི་ལྟར་ཕན་ཚུན་ཡོད། །སོ་སོ་རང་གི་ཡོད་ཅེ་ན། །གང་ན་གཅིག་དེར་ལྷག་མ་རྣམས། །མ་འདྲེས་པ་རྣམས་གཅིག་གནས་མེད། །འདྲེས་པ་སོ་སོར་རང་ཡོད་མིན། །སོ་སོར་རང་མེད་འབྱུང་བ་རྣམས། །སོ་སོའི་རང་མཚན་ག་ལ་ཡོད། །སོ་སོ་རང་མེད་ཤས་ ཆེར་འང་མེད། །མཚན་ཉིད་དག་ནི་ཀུན་རྫོབ་བཤད། །ཁ་དོག་དྲི་རོ་རེག་པ་དག །དེ་དག་ལ་ཡང་ཚུལ་འདི་ཡིན། །མིག་དང་རྣམ་ཤེས་གཟུགས་རྣམས་དང༌། །མ་རིག་ལས་དང་སྐྱེ་བ་དང༌། །བྱེད་པ་པོ་ལས་དང་བྱ་བ་གྲངས། །ལྡན་དང་རྒྱུ་འབྲས་དུས་དང་ནི། །ཐུང་དང་རིང་སོགས་ ཤེས་བྱ་དང༌། །མིང་དང་མིང་ཅན་དེ་བཞིན་ནོ། །ས་དང་ཆུ་དང་མེ་དང་རླུང༌། །རིང་ཐུང་ཕྲ་དང་སྦོམ་ཉིད་དང༌། །དགེ་སོགས་ཉིད་ནི་རྣམ་ཤེས་སུ། །འགག་པར་འགྱུར་ཞེས་ཐུབ་པས་གསུངས། །རྣམ་ཤེས་བསྟན་མེད་མཐའ་ཡས་པ། །ཀུན་དུ་བདག་པོ་དེ་ལ་ནི། །ས་དང་ཆུ་དང་ མེ་དང་ནི། །རླུང་གིས་གནས་ཐོད་འགྱུར་མ་ཡིན། །འདིར་ནི་རིང་དང་ཐུང་བ་དང༌། །ཕྲ་སྦོམ་དགེ་དང་མི་དགེ་དང༌། །འདིར་ནི་མིང་དང་གཟུགས་དག་ཀྱང༌། །མ་ལུས་པར་ནི་འགག་པར་འགྱུར། །གང་མ་ཤེས་ཕྱིར་རྣམ་ཤེས་ལ། །སྔོན་ཆད་འབྱུང་བ་དེ་ཀུན་ནི། །དེ་ཤེས་ཕྱིར་ན་རྣམ་ ཤེས་སུ༑ །ཕྱིས་ནི་དེ་ལྟར་འགག་པར་འགྱུར། །རྣམ་ཤེས་མེ་ཡི་བུད་ཤིང་ནི། །འགྲོ་ཆོས་འདི་ཀུན་ཡིན་པར་འདོད། །དེ་དག་ཇི་བཞིན་རབ་འབྱེད་པའི། །འོད་དང་ལྡན་པས་བསྲེགས་ནས་ཞི། །མི་ཤེས་པ་ནི་སྔོན་བརྟགས་པ། །ཕྱིས་ནི་དེ་ཉིད་ངེས་པ་དང༌། །གང་ཚེ་དངོས་པོ་མི་ རྙེད་པ༑ །དེ་ཚེ་དངོས་མེད་ག་ལ་འགྱུར། །གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་ཡིན། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་འབྱུང་བ་ལྟ་བུ་དང༌། །བདག་ཉིད་དུ་ནི་བསམ་ བྱ་སྟེ༑ །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །རིན་པོ་ཆེའི་ཕྲེང་བ་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །།ཇི་ལྟར་ཆུ་ཤིང་ཡན་ལག་དག །མ་ལུས་བཅས་ཏེ་བཤིག་བྱས་ན། །ཅི་ཡང་མེད་ལྟར་སྐྱེས་བུ་ཡང༌། །ཁམས་ བཅས་བཤིག་ན་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་བདག་མེད་ཅེས། །དེ་ཕྱིར་རྒྱལ་བ་རྣམས་ཀྱིས་གསུངས། །ཁམས་དྲུག་དེ་ཀུན་བདག་མེད་པར། །ཁྱོད་ལ་གཏན་ལ་ཕབ་པ་ཡིན། །དེ་ལྟར་བདག་དང་བདག་མེད་པར། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་ དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་བརྫུན་པ་མིན་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་འགྱུར་ན། །དེ་ནི་གཉི་ག་དོན་དུ་མིན། །དེ་ལྟས་དམ་པའི་དོན་དུ་ན། །འཇིག་རྟེན་འདི་ནི་ བདེན་བརྫུན་འདས། །དེ་ཉིད་ཕྱིར་ན་ཡང་དག་ཏུ། །ཡོད་ཅེས་མེད་ཅེས་ཞལ་མི་བཞེས། །གང་ཞིག་དེ་ལྟར་རྣམ་ཀུན་དུ། །ཡོད་མིན་དེ་ནི་ཀུན་མཁྱེན་གྱིས། །མཐའ་ཡོད་མཐའ་མེད་གཉི་ག་དང༌། །གཉིས་མ་ཡིན་ཞེས་ཇི་སྐད་བསྟན། །སངས་རྒྱས་གྲངས་མེད་གཤེགས་དེ་ ༄༅། །བཞིན༑ །བྱོན་གྱུར་པ་དང་ད་ལྟར་བཞུགས། །སེམས་ཅན་མཐའ་ནི་དུས་གསུམ་སྐྱེས། །བྱེ་བ་དེ་དག་ལས་འདོད་ཅིང༌། །འཇིག་རྟེན་འཕེལ་བའི་རྒྱུ་མེད་ལ། །ཟད་པ་དུས་གསུམ་དུ་སྲིད་ན། །ཐམས་ཅད་མཁྱེན་པས་ཇི་ལྟར་དེའི། །ཕྱིན་ཆད་ལུང་མ་བསྟན་ པར་མཛད། །སོ་སོའི་སྐྱེ་བོ་ལ་གསང་བ། །གང་ཡིན་དེ་ནི་ཟབ་མོའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། །སངས་རྒྱས་བསྟན་པ་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དེ་ལ་དོན་གྱི་ཡང་དག་ཏུ། །སྐྱེ་དང་འཇིག་པ་ཉིད་མེད་ལྟར། །དེ་ བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་བཞིན་སྒྱུ་ མའི་འཇིག་རྟེན་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་ལྟར་དུས་གསུམ་འདས་བདག་ཉིད། །ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད།། སངས་རྒྱས་ཀྱིས་ནི་རྒྱུ་འདི་ལས། །མཐའ་ཡོད་པ་དང་མཐའ་མེད་དང༌། །གཉིས་དང་གཉིས་མིན་རྣམ་པ་བཞི། །ལུང་བསྟན་མ་མཛད་གཞན་ལས་མིན། །རེ་ཞིག་ལུས་འདི་མི་གཙང་ཉིད། །རགས་ཤིང་མངོན་གསུམ་སྤྱོད་ཡུལ་བ། །རྟག་ཏུ་སྣང་བ་གང་གི་ཚེ། །སེམས་ལ་ གནས་པ་མ་ཡིན་པ། །དེ་ཚེ་དམ་ཆོས་གནས་མེད་པ། །ཕྲ་རབ་མངོན་སུམ་མ་ཡིན་པ། །ཟབ་མོ་དེ་གོ་ཇི་ལྟ་བུར། །སེམས་ལ་བདེ་བླག་འཆར་བར་འགྱུར། །ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བར་ཐུགས་ཆུད་དེ། །དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་ པ་ལས་ལོག་པར་གྱུར། །ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །གཞན་ཡང་དེ་ནི་ལོག་བཟུང་ནས། །བླུན་པ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ཅན། །མནར་ མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཇི་ལྟར་ཁ་ཟས་བཟའ་ཉེས་པས། །ཕུང་བ་དག་ཏུ་འགྱུར་བ་དང༌། །བཟའ་ལེགས་ཚེ་དང་ནད་མེད་དང༌། །སྟོབས་དང་བདེ་བར་འགྱུར་བ་ལྟར། །དེ་བཞིན་ལོག་པར་བཟུང་བ་དེས། །ཕུང་བ་དག་ནི་ཐོབ་འགྱུར་ཞིང༌། །ལེགས་པར་ཤེས་པས་བདེ་བ་དང༌། ། བྱང་ཆུབ་བླ་ན་མེད་པ་ཐོབ། །དེ་ཕྱིར་འདི་ལ་སྤོང་བ་དང༌། །མེད་པའི་ལྟ་བ་སྤངས་ནས་ནི། །དོན་ཀུན་བསྒྲུབ་ཕྱིར་ཡང་དག་པའི། །ཤེས་ལ་ནན་ཏན་མཆོག་མཛོད་ཅིག །ཆོས་འདི་ཡོངས་སུ་མ་ཤེས་ན། །ངར་འཛིན་པ་ནི་རྗེས་སུ་འཇུག །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་ སྐྱེ་བ་བཟང་དང་ངན། །དེ་ཕྱིར་ཇི་སྲིད་ངར་འཛིན་པ། །སེལ་པའི་ཆོས་འདི་མ་ཤེས་པ། །དེ་སྲིད་སྦྱིན་དང་ཚུལ་ཁྲིམས་དང༌། །བཟོད་པའི་ཆོས་ལ་གུས་པར་མཛོད། །ལས་རྣམས་སྔོན་དུ་ཆོས་གཏོང་ཞིང༌། །བར་དུ་ཆོས་ལྡན་ཐ་མར་ཡང༌། །ཆོས་ལྡན་བསྒྲུབ་པའི་ས་བདག་ནི། ། འདི་དང་གཞན་དུ་གནོད་མི་འགྱུར། །ཆོས་ཀྱིས་འདིར་གྲགས་བདེ་བ་དང༌། །འདི་དང་འཆི་ཀར་འཇིགས་པ་མེད། །འཇིག་རྟེན་གཞན་དུ་བདེ་བ་རྒྱས། །དེ་བས་རྟག་ཏུ་ཆོས་བརྟེན་མཛོད། །ཆོས་ནི་ལུགས་ཀྱི་དམ་པ་སྟེ། །ཆོས་ཀྱིས་འཇིག་རྟེན་མངོན་དགར་འགྱུར། །འཇིག་ རྟེན་དགའ་བར་གྱུར་པས་ཀྱང༌། །འདི་དང་གཞན་དུ་བསླུས་མི་འགྱུར། །ཆོས་མིན་པས་ནི་ལུགས་འདོད་གང༌། །དེ་ཡིས་འཇིག་རྟེན་མི་དགར་འགྱུར། །འཇིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། །འདི་དང་གཞན་དུ་དགའ་མི་འགྱུར། །དོན་མེད་རིག་པ་ངན་འགྲོའི་ལམ། །གཞན་བསླུ་ ལྷུར་ལེན་མི་བཟད་པ། །ཤེས་རབ་འཆལ་པ་རྣམས་ཀྱིས་ནི། །ཇི་ལྟར་དོན་གྱིས་རིག་པར་བྱས། །ཕ་རོལ་སླུ་བ་ལྷུར་ལེན་པ། །དོན་དུ་ཇི་ལྟར་ལུགས་ལྡན་ཡིན། །དེས་ནི་ཚེ་རབས་སྟོང་ཕྲག་ཏུ། །བདག་ཉིད་ཁོ་ན་བསླུས་པར་འགྱུར། །དགྲ་ལ་གནོད་པ་བྱ་ན་ཡང༌། །སྐྱོན་རྣམས་ བཏང་སྟེ་ཡོན་ཏན་བསྟེན། །དེས་ནི་ཁྱོད་ཀྱིས་རང་ཕན་འཐོབ། །དགྲ་བོ་ཡང་ནི་མི་དགར་འགྱུར། །སྦྱིན་དང་སྙན་པར་སྨྲ་བ་དང༌། །ཕན་དང་དོན་གཅིག་སྤྱོད་པ་སྟེ། །དེ་དག་རྣམས་ཀྱིས་འཇིག་རྟེན་དང༌། །ཆོས་ཀྱང་བསྡུ་བ་ཉིད་དུ་མཛོད། །རྒྱལ་པོ་དག་ལ་ཇི་ལྟ་བུར། །བདེན་གཅིག་ཡིད་ ༄༅། །ཆེས་བརྟན་བསྐྱེད་པ། །དེ་ལས་བཟློག་སྟེ་བརྫུན་པ་ནི། །ཡིད་མི་ཆེས་པར་བྱེད་པའི་མཆོག །སླུ་བ་མེད་ལྡན་བདེན་མིན་ཏེ། །སེམས་པས་བསྒྱུར་བ་དོན་དུ་མིན། །གཞན་ལ་གཅིག་ཏུ་ཕན་པས་བདེན། །མི་ཕན་ཕྱིར་ནི་ཅིག་ཤོས་མིན། །ཇི་ལྟར་ རྒྱལ་པོའི་ཉེས་བ་དག །སྦྱིན་གསལ་གཅིག་གིས་སྦེད་པ་ལྟར། །དེ་བཞིན་འཇུངས་པའང་དེ་དག་གི །ཡོན་ཏན་བདོག་པ་ཐམས་ཅད་འཇོམས། །ཉེ་བར་ཞི་བ་ཟབ་པའི་ཕྱིར། །མཆོག་ཏུ་གུས་པ་བྱེད་པར་འགྱུར། །གུས་པས་བརྗིད་ལ་བཀའ་ཡང་བརྩན། །དེ་བས་ཉེ་བར་ཞི་བ་ བསྟེན༑ །ཤེས་རབ་ལྡན་པས་བློ་མི་འཕྲོགས། །གཞན་གྱི་དྲིང་མི་འཇོག་ཅིང་བརྟན། །སླུ་བས་མི་ཚུགས་རྒྱལ་པོ་སྟེ། །དེ་བས་ཤེས་རབ་ལྷུར་བླང་མཛོད། །བདེན་གཏོང་ཞི་དང་ཤེས་རབ་དང༌། །བཟང་པོ་བཞི་ལྡན་མི་དབང་ནི། །ཆོས་བཟངས་རྣམ་པ་བཞི་ལྟ་བུར། །ལྷ་མི་རྣམས་ ཀྱིས་བསྟོད་པར་འགྱུར། །ཕེབས་པར་སྨྲ་ཞིང་དག་གྱུར་པ། །ཤེས་རབ་སྙིང་རྗེ་དྲི་མེད་དང༌། །ལྷན་ཅིག་འགྲོགས་ན་རྟག་ཏུ་ཡང༌། །ཤེས་རབ་དང་ནི་ཆོས་ཀྱང་འཕེལ། །ཕན་པར་སྨྲ་བ་དཀོན་པ་སྟེ། །ཉན་པར་བྱེད་པ་ཤིན་ཏུ་དཀོན། །དེ་དག་བས་ཀྱང་མི་སྙན་ཡང༌། །ཕན་ པའི་རྗེས་སུ་བྱེད་པ་དཀོན། །དེ་ལྟ་བས་ན་མི་སྙན་ཡང༌། །ཕན་པར་མཁྱེན་ནས་མྱུར་དུ་སྤྱད། །ནད་གསོའི་དོན་དུ་བདག་བྱམས་པ། །མི་བཟད་ང་བའི་སྨན་ཡང་འཐུང༌། །སྲོག་དང་ནད་མེད་རྒྱལ་སྲིད་དག །མི་རྟག་ཉིད་ནི་རྟག་དགོངས་ཏེ། །དེ་ནས་ཡང་དག་བརྩོན་ལྡན་པར། ། ཆོས་ལ་གཅིག་ཏུ་ནན་ཏན་མཛོད། །གདོན་མི་ཟ་བར་འཆི་འགྱུར་ཞིང༌། །ཤི་ནས་སྡིག་པས་སྡུག་བསྔལ་བ། །གཟིགས་ཏེ་འཕྲལ་དུ་བདེ་ན་ཡང༌། །སྡིག་པ་བགྱི་བར་མི་རིགས་སོ། །ལ་ལར་འཇིགས་པ་མེད་མཐོང་ཞིང༌། །དུས་འགར་འཇིགས་པ་མཐོང་གྱུར་པ། །གལ་ཏེ་ གཅིག་ལ་ཡིད་རྟོན་ན། །གཅིག་ལ་ཁྱོད་ཀོ་ཅིས་མི་འཇིགས། །ཆང་གིས་འཇིག་རྟེན་བརྙས་འགྱུར་ཞིང༌། །དོན་ཡལ་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྟག་ཏུ་སྤོངས། །རྒྱན་པོ་ཆགས་དང་མི་དགའ་དང༌། །ཞེ་སྡང་གཡོ་སྒྱུ་དགོང་ པའི་གནས། །བརྫུན་དང་ཀྱལ་བ་ཚིག་རྩུབ་རྒྱུ། །དེ་བས་རྟག་ཏུ་སྤང་བར་མཛོད། །བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་བཟང་སེམས་ལས་བྱུང༌། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་པ་དང༌། །སོ་རྐྱག་མི་གཙང་ སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། །མིག་ནི་མིག་རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང༌། །གློ་བ་མཆིན་སྩོགས་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བ། །དེ་ཡི་ལུས་ལ་ཆགས་པར་བྱེད། །མི་ཤེས་འགའ་ཞིག་མི་གཙང་བའི། །བུམ་པ་ རྒྱན་ལ་ཆགས་པ་ལྟར། །འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་གི་འདོད་ཆགས་བྲལ་བར་བཀྲི། །ཇི་ལྟར་བཤང་དང་གཅི་གཞི་ ལ༑ །ངན་སྐྱུགས་ཕག་རབ་ཆགས་པ་ལྟར། །དེ་བཞིན་བཤང་དང་གཅི་གཞི་ལ། །འདོད་ཆགས་ངན་སྐྱུགས་པག་རྣམས་ཆགས། །ལུས་ཀྱི་གྲོང་ཁྱེར་མི་གཙང་བ། །འབྱུང་བའི་བུ་ག་དོད་པ་གང༌། །དེ་ནི་སྐྱེ་བོ་བླུན་པ་ཡིས། །དགའ་བའི་དོན་དུ་ཉེ་བར་བརྟགས། །ཁྱོད་བདག་ཉིད་ཀྱིས་ བཤང་གཅི་སྩོགས། །སོ་སོར་མི་གཙང་མཐོང་ནས་ནི། །དེ་འདུས་ལུས་ལ་ཇི་ལྟ་བུར། །ཡིད་དུ་འོང་བ་ཉིད་དུ་གྱུར། །ཁྲག་དང་ཁུ་བ་འདྲེས་པ་ཡི། །ས་བོན་མི་གཙང་སྙིང་པོས་བསྐྱེད། །མི་གཙང་ངོ་བོར་ཤེས་བཞིན་དུ། །འདི་ལ་འདོད་ཅན་གང་ཞིག་ཆགས། །མི་གཙང་ཕུང་པོ་དེའི་ བླན་གྱིས། །བརླན་པའི་པགས་པས་གཡོགས་པ་གང༌། །ཉལ་བ་དེ་ནི་བུད་མེད་ཀྱི། །ཆུ་སོའི་ཁོང་ནས་ཉལ་བར་ཟད། །གཟུགས་བཟང་བ་དང་གཟུགས་ངན་ནམ། །རྒན་ནམ་ཡང་ན་གཞོན་ཡང་རུང༌། །བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་གང་ལ་བསྐྱེད། ། གལ་ཏེ་མི་གཙང་ཁ་དོག་བཟང༌། །ཤིན་ཏུ་གསར་ལ་དབྱིབས་ལེགས་ཀྱང༌། །དེ་ལ་ཆགས་པར་མི་འོས་ལྟར། །བུད་མེད་གཟུགས་ལའང་དེ་བཞིན་ནོ། །ཁོང་རུལ་ཕྱི་རོལ་པགས་པས་གཡོགས། །རོ་མྱགས་འདི་ཡི་རང་བཞིན་ནི། །ཤིན་ཏུ་མི་བཟད་སྣང་བཞིན་དུ། །ཇི་ལྟ་བུར་ན་ ༄༅། །མཐོང་མ་གྱུར། །པགས་པ་འདི་ཡང་མི་གཙང་མིན། །རལ་གུ་བཞིན་དུ་འདུག་ཅེ་ན། །མི་གཙང་ཕུང་པོའི་པགས་པ་ལྟར། །ཇི་ལྟ་བུར་ན་གཙང་མར་འགྱུར། །མི་གཙང་གང་བའི་བུམ་པ་ནི། །ཕྱི་རོལ་བགྲོ་ཡང་སྨད་པ་ཡིན། །མི་གཙང་བ་ཡི་རང་བཞིན་ ལུས༑ །མི་གཙང་གང་བ་ཅིས་མི་སྨད། །གལ་ཏེ་ཁྱོད་ནི་མི་གཙང་སྨོད། །དྲི་དང་ཕྲེང་བ་བཟའ་བཏུང་ནི། །གཙང་མའང་མི་གཙང་བྱེད་པ་གང༌། །ལུས་འདི་ཅི་ཡི་ཕྱིར་མི་སྨད། །ཇི་ལྟར་རང་ངམ་གཞན་དག་གི །མི་གཙང་སྨད་པར་བྱ་བ་གང༌། །དེ་བཞིན་རང་དང་གཞན་དག་གི། མི་གཙང་གཟུགས་ཀོ་ཅིས་མི་སྨད། །ཇི་ལྟར་བུད་མེད་གཟུགས་མི་གཙང༌། །ཁྱོད་ཀྱི་རང་ལུས་དེ་དང་འདྲ། །དེ་བས་ཕྱི་དང་ནང་ཉིད་ལ། །འདོད་ཆགས་བྲལ་བར་རིགས་མིན་ནམ། །རྨ་དགུ་དག་ནས་འཛག་པ་ཅན། །བདག་ཉིད་མངོན་སུམ་འཁྲུ་བྱེད་ཀྱང༌། །ལུས་མི་གཙང་ པར་མི་རྟོགས་ན། །ཁྱོད་ལ་བཤད་པས་ཅི་ཞིག་ཕན། །གང་དག་མི་གཙང་ལུས་འདི་ལ། །སྟེག་ཆོས་སྙན་དངགས་བྱེད་པ་ནི། །ཨེ་མའོ་གཟུ་ལུམས་ཨེ་མའོ་བླུན། །ཨེ་མའོ་སྐྱེ་བོས་ཁྲེལ་དུ་རུང༌། །མི་ཤེས་མུན་པས་བསྒྲིབས་པ་ཡི། །སེམས་ཅན་འདིར་ནི་ཕལ་ ཆེར་ཡང༌། །འདོད་པའི་དོན་དུ་རྩོད་འབྱུང་བ། །མི་གཙང་དོན་དུ་ཁྱི་རྣམས་བཞིན། །གཡན་པ་ཕྲུགས་ན་བདེར་འགྱུར་བ། །དེ་བས་གཡེན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་པ་དེ་བས་བདེ། །གལ་ཏེ་དེ་ལྟར་བརྟགས་ན་ཁྱོད། །འདོད་ ཆགས་བྲལ་བ་མ་གྲུབ་ཀྱང༌། །འོན་ཀྱང་འདོད་ཆགས་བསྲབས་པ་ཡིས། །བུད་མེད་ཆགས་པར་མི་འགྱུར་རོ། །ཚེ་ཐུང་འཇིགས་དང་སྡུག་བསྔལ་དང༌། །དམྱལ་བའི་རྒྱུ་ནི་མི་བཟད་པ། །རི་དགས་ལིངས་ཏེ་དེ་ལྟ་བས། །རྟག་ཏུ་གསོད་མེད་བརྟན་པོར་མཛོད། །ཡན་ལག་ ཐམས་ཅད་མི་གཙང་བས། །བསྐུས་པའི་སྤྲུལ་གདུག་འཇིགས་པ་ལྟར། །གང་ལ་བརྟེན་ནས་ལུས་ཅན་རྣམས། །སྐྲག་པར་འགྱུར་བ་དེ་རེ་ངན། །ཆར་སྤྲིན་ཆེན་པོ་ལངས་པ་ན། །ཞིང་པ་རྣམས་ནི་ཇི་ལྟ་བར། །གང་ལ་བརྟེན་ནས་ལུས་ཅན་རྣམས། །དགའ་བར་འགྱུར་ བ་དེ་རེ་བཟང༌། །དེ་བས་ཆོས་མིན་སྤང་བྱ་སྟེ། །གཡེལ་བ་མེད་པར་ཆོས་ལ་བརྟེན། །བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ ལ་མི་བརྟེན་ཡེ་ཤེས་ལགས། །རྒྱལ་པོ་ཆེན་པོ་སྐྱེས་ཆེན་གྱི། །མཚན་ནི་སུམ་ཅུ་རྩ་གཉིས་ཀྱིས། །ཇི་ལྟར་ཁྱོད་སྐུ་བརྒྱན་གྱུར་པ། །དེ་ལྟ་བུ་དག་གསན་པར་མཛོད། །མཆོད་རྟེན་མཆོད་བྱ་འཕགས་པ་དང༌། །རྒན་རབས་རྣམས་ནི་ལེགས་བཀུར་བས། །དཔལ་ལྡན་ཕྱག་ ཞབས་འཁོར་ལོ་ཡིས། །མཚན་པའི་འཁོར་ལོས་སྒྱུར་བར་འགྱུར། །རྒྱལ་པོ་ཆོས་ལ་རྟག་པར་ནི། །ཡང་དག་བླངས་པ་བརྟན་པར་མཛོད། །དེས་ནི་ཤིན་ཏུ་ཞབས་གནས་པའི། །བྱང་ཆུབ་སེམས་དཔར་འགྱུར་བ་ལགས། །སྦྱིན་དང་སྙན་པའི་ཚིག་དང་ནི། །ཕན་དང་དོན་ གཅིག་སྤྱོད་པ་ཡིས། །དཔལ་ལྡན་ཕྱག་སོར་དྲ་བ་ཡིས། །འབྲེལ་བའི་ཕྱག་རིས་ཅན་དུ་འགྱུར། །བཟའ་བ་དང་ནི་བཏུང་བའི་མཆོག །རབ་ཏུ་མང་པོ་བྱིན་པ་ཡིས། །དཔལ་ལྡན་ཕྱག་དང་ཞབས་མཉེན་ཞིང༌། །སྐུ་ཆེ་བདུན་ཡང་མཐོ་བར་འགྱུར། །འཚེ་མེད་གསད་པ་ཐར་བྱས་ པས༑ །སྐུ་མཛེས་དྲང་ཞིང་ཆེ་བ་དང༌། །ཚེ་རིང་སོར་མོ་རིང་བ་དང༌། །རྟིང་པ་ཡངས་པ་དག་ཏུ་འགྱུར། །ཡང་དག་བླངས་པའི་ཆོས་རྣམས་ནི། །སྤེལ་བས་དཔལ་ལྡན་མདོག་བཟང་ཞིང༌། །ཞབས་ཀྱི་ལོང་བུ་མི་མངོན་དང༌། །བ་སྤུ་གྱེན་དུ་ཕྱོགས་མཚན་འགྱུར། །རིག་དང་བཟོ་ལ་ སོགས་པའི་གནས། །གུས་པས་ལེན་དང་སྦྱིན་པས་ཁྱོད། །ཨེ་ན་ཡ་ཡི་བྱིན་པ་དང༌། །ཡིད་རྣོ་ཤེས་རབ་ཆེན་པོར་འགྱུར། །རང་གི་ནོར་བདོག་བླངས་གྱུར་ན། །མྱུར་དུ་བཏང་བའི་བརྟུལ་ཞུགས་ཀྱིས། །ཕྱག་རྒྱ་བདེ་དང་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་ཉིད་དུ་འགྱུར། །གཉེན་ བཤེས་ཕན་ཚུན་བྱེ་བ་དག །ཡང་དག་བསྡུམ་པར་བྱས་པ་ཡིས། །དཔལ་ལྡན་མདོམས་ཀྱིས་པ་བ་ནི། །སྦུབས་སུ་ནུབ་པའི་དམ་པར་འགྱུར། །ཁང་བཟངས་གདིང་བ་རྒྱན་དག་ནི། །བདེ་ཞིང་བཟང་བ་རབ་འབྱིན་པས། །གསེར་ནི་བཙོ་མ་དྲི་མེད་པ། །ཤིན་ཏུ་འཇམ་པའི་མདོག་ ༄༅། །འདྲར་འགྱུར། །བླ་ན་མེད་པའི་དབང་བྱིན་ཞིང༌། །རིགས་པར་བླ་མའི་རྗེས་འཇུག་པ། །དཔལ་ལྡན་པ་སྤུ་ཉག་རེ་དང༌། །ཞལ་ནི་མཛོད་སྤུས་བརྒྱན་པར་འགྱུར། །སྙན་ཅིང་དགའ་བར་སྨྲས་པ་དང༌། །ལེགས་པར་སྨྲས་དང་མཐུན་བྱས་པས། །ཁྱོད་ནི་དཔུང་མགོ་ ཟླུམ་པ་དང༌། །རོ་སྟོད་སེང་གེའི་འདྲ་བར་འགྱུར། །ནད་པ་རྣམས་ལ་རིམ་གྲོ་དང༌། །གསོས་པས་ཐལ་གོང་རྒྱས་པ་དང༌། །བདག་ཉིད་རྣལ་དུ་གནས་པ་དང༌། །རོ་བྲོ་བ་ཡི་མཆོག་ཏུ་འགྱུར། །ཆོས་དང་མཐུན་པའི་བྱ་བ་ལ། །ཐོག་དྲངས་ཁྱོད་ཀྱི་དབུ་གཙུག་ཏོར། །ལེགས་གནས་ནྱ་གྲོ་དྷ་ ལྟ་བུར། །ཆུ་ཞེང་གབ་པ་དག་ཏུ་འགྱུར། །ཚིག་ནི་བདེན་པ་འཇམ་པོ་དག །ཡུན་རིངས་དུས་སུ་བརྗོད་པ་ཡིས། །མི་ཡི་དབང་པོ་ལྗགས་ཡངས་ཤིང༌། །ཚངས་པ་ཡི་ནི་དབྱངས་ལྡན་འགྱུར། །རྟག་ཏུ་རྒྱུན་མི་འཆད་པ་རུ། །བདེན་པའི་ཚིག་ནི་བརྗོད་པ་ཡིས། །འགྲམ་པ་སེང་གེའི་ལྟ་བུ་དང༌།། དཔལ་ལྡན་ཐུབ་པ་དགའ་བར་འགྱུར། །ལྷག་པར་གུས་དང་བཀུར་སྟི་དང༌། །ཇི་ལྟར་རིགས་པར་རྗེས་འཇུག་པས། །ཚེམས་ནི་ཤིན་ཏུ་དཀར་བ་དང༌། །མདོག་ལྡན་མཉམ་པའི་ཚེམས་སུ་འགྱུར། །དབྱེན་དང་ཕྲ་མ་མེད་པ་ཡི། །ཚིག་ནི་ཡུན་རིངས་གོམས་པ་ཡིས། །དཔལ་ལྡན་ཚེམས་ ནི་བཞི་བཅུ་ཐམ། །མཉམ་པར་ཐགས་ཀྱང་བཟང་བར་འགྱུར། །ཆགས་དང་སྡང་དང་རྨོངས་མེད་ཅིང༌། །བྱམས་པས་སེམས་ཅན་བལྟས་པ་ཡིས། །སྤྱན་ནི་བཀྲག་ཅན་མཐོན་མཐིང་ལ། །རྫི་མ་པ་ཡི་ལྟ་བུར་འགྱུར། །དེ་ལྟར་མངོན་ན་རྒྱུར་བྱས་པའི། །སུམ་ཅུ་རྩ་གཉིས་དེ་དག་ནི། །སྐྱེས་བུ་ སེང་གེ་ཆེན་པོ་ཡི། །མཚན་རྣམས་ལེགས་པར་མཁྱེན་པར་མཛོད། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །བྱམས་པའི་རྒྱུ་མཐུན་ལས་བྱུང་བ། །གཞུང་ནི་མངས་སུ་དོགས་པ་ཡིས། །རྒྱལ་པོ་ཁྱོད་ལ་མ་བཤད་དོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་ དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །འཁོར་ལོས་སྒྱུར་བའི་མཚན་དང་ནི། །དཔེ་བྱད་བཟང་པོ་གང་དག་གཅིག །ཐུབ་དབང་པོ་ལ་སེམས་དང་བའི། །ཡན་ལག་གཅིག་ལས་འབྱུང་བཤད་པའི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ནི། །གཅིག་ཏུ་བསགས་པའི་དགེ་ པས་ཀྱང༌། །སངས་རྒྱས་བ་སྤུ་ཉག་གཅིག་ཀྱང༌། །བསྐྱེད་པར་ནུས་པ་མ་ཡིན་ནོ། །ཉི་མ་རྣམས་ཀྱི་འོད་བྱེད་པ། །མེ་ཁྱེར་རྣམས་དང་བག་འདྲ་ལྟར། །སངས་རྒྱས་རྣམས་ཀྱི་མཚན་ཡང་ནི། །འཁོར་ལོས་སྒྱུར་བ་རྣམས་དང་འདྲ། །རིན་པོ་ཆེའི་ཕྲེང་བ་ལས་སྤེལ་མ་ཞེས་བྱ་བ་སྟེ་ ལེའུ་གཉིས་པའོ།། །།བསོད་ནམས་བསམ་གྱིས་མི་ཁྱབ་ལས། །ཇི་ལྟར་སངས་རྒྱས་མཚན་འབྱུང་བ། །ཐེག་པ་ཆེན་པོའི་ལུང་ཆེན་ལས། །རྒྱལ་པོ་ཆེན་པོ་དེ་བཞིན་གསོན། །རང་སངས་རྒྱས་ཀུན་ལས་བྱུང་དང༌། །སློབ་དང་མི་སློབ་ལས་བྱུང་བ། །འཇིག་ རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་དུ་དཔག་མེད་གང༌། །དེ་བཅུར་བསྒྲེས་པར་གྱུར་པ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །སངས་རྒྱས་བ་སྤུའི་བུ་ག་ནི། །ཐམས་ཅད་དེ་དང་འདྲ་བས་འབྱུང༌། །བ་སྤུའི་བུ་ག་ཐམས་ཅད་ནི། །སྐྱེད་པར་བྱེད་པའི་བསོད་ནམས་ གང༑ །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །དཔེ་བྱད་བཟང་པོ་གཅིག་ཏུ་བཞེད། །བསོད་ནམས་དེ་སྙེད་དེ་སྙེད་ཀྱིས། །རྒྱལ་པོ་དཔེ་བྱད་བཟང་པོ་ནི། །གཅིག་མཐར་ཕྱིན་ཏེ་དེ་ལྟ་བུར། །བརྒྱད་བཅུའི་བར་དུ་འབྱུང་བར་འགྱུར། །དཔེ་བྱད་བཟང་པོ་བརྒྱད་ཅུ་དག །འགྲུབ་པའི་བསོད་ ནམས་ཚོགས་གང་ཡིན། །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །སྐྱེས་བུ་ཆེན་པོའི་མཚན་གཅིག་གོ། །མཚན་ནི་སུམ་ཅུ་འགྲུབ་པའི་རྒྱུ། །བསོད་ནམས་རྒྱ་ཆེན་གང་ཡིན་པ། དེ་དག་སྟོང་དུ་བསྒྱུར་བ་ཡིས། །ཟླ་བ་ཉ་འདྲའི་མཛོད་སྤུའོ། །མཛོད་སྤུ་ཡི་ནི་བསོད་ནམས་དག །སྟོང་ ཕྲག་བརྒྱར་ནི་བསྡོམས་པ་ཡིས། །སྤྱི་གཙུག་བལྟར་ནི་མི་སྣང་བ། །སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད། །གཙུག་ཏོར་བསོད་ནམས་བྱེ་བ་ནི། །འབུམ་ཕྲག་བརྒྱར་ནི་བསྒྱུར་བ་ལས། །སྟོབས་བཅུ་མངའ་བའི་ཆོས་ཀྱི་དུང༌། །གཅིག་འབྱུང་བར་ནི་ཤེས་པར་བྱ། །དེ་ལྟར་བསོད་ནམས་ ཚད་མེད་ཀྱང༌། །ཇི་ལྟར་འཇིག་རྟེན་ཕྱོགས་ཀུན་དུ། །བཅུར་བསྒྲེས་མ་ལུས་བརྗོད་པ་ལྟར། །ཚད་དང་ལྡན་པར་བག་ཙམ་བརྗོད། །གང་ཚེ་སངས་རྒྱས་གཟུགས་སྐུ་ཡི། །རྒྱུ་ཡང་དེ་ལྟར་འཇིག་རྟེན་བཞིན། །གཞལ་མེད་དེ་ཚེ་ཆོས་སྐུ་ཡི། །རྒྱུ་ལྟ་ཇི་ལྟར་གཞལ་དུ་ཡོད། ། ༄༅། །ཐམས་ཅད་ཀྱི་ནི་རྒྱུ་ཆུང་ལས། །འབྲས་བུ་རྒྱ་ཆེན་སྐྱེད་འགྱུར་ན། །སངས་རྒྱས་རྒྱུ་ནི་དཔག་མེད་ལས། །འབྲས་བུ་དཔག་ཡོད་བསམ་ཐག་ཆད། །སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། ། རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟར་མདོར་ན་བསོད་ནམས་དང༌། །ཡེ་ཤེས་འདི་ནི་རྟག་བརྟེན་མཛོད། །རིགས་པ་དང་ནི་ལུང་བསྟན་པ། །དབུགས་འབྱིན་བྱེད་པའི་རྒྱུ་འདི་ཡིས། །བྱང་ཆུབ་བསྒྲུབ་པའི་བསོད་ ནམས་ནི། །འདི་ལ་སྒྱིད་ལུག་མི་བྱའོ། །ཕྱོགས་རྣམས་ཀུན་དུ་ནམ་མཁའ་དང༌། །ས་དང་ཆུ་དང་མེ་དང་རླུང༌། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། །སྡུག་བསྔལ་སེམས་ཅན་མཐའ་ཡས་འདོད། །སེམས་ཅན་མཐའ་ཡས་དེ་དག་ནི། །བྱང་ཆུབ་སེམས་དཔའི་སྙིང་བརྩེ་བས། །སྡུག་ བསྔལ་དག་ལས་དྲང་བྱས་ཏེ། །སངས་རྒྱས་ཉིད་ལ་འགོད་པར་ངེས། །དེ་ལྟར་བརྟན་པར་གནས་དེ་ནི། །མི་ཉལ་བའམ་ཉལ་ཡང་རུང༌། །ཡང་དག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་ སོགས་འགྱུར། །མཐའ་ཡས་དེས་ན་སངས་རྒྱས་ཉིད། །མཐའ་ཡས་ཐོབ་མིན་དཀའ་ཞེས་བྱ། །གང་ཞིག་དཔག་མེད་དུས་གནས་ཏེ། །ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང༌། །དགེ་བ་དཔག་ཏུ་མེད་འདོད་པ། །དེས་ཀོ་བྱང་ཆུབ་དཔག་མེད་ཀྱང༌། །དཔག་ ཏུ་མེད་པ་རྣམ་བཞི་ཡི། །ཚོགས་ཀྱིས་རིང་པོ་མི་ཐོགས་པར། །ཅི་ཡི་ཕྱིར་ན་འཐོབ་མི་འགྱུར། །བསོད་ནམས་མཐའ་ཡས་ཞེས་པ་དང༌། །ཡེ་ཤེས་མཐའ་ཡས་ཞེས་པ་དེས། །ལུས་དང་སེམས་ཀྱི་སྡུག་བསྔལ་དག །མྱུར་བ་ཉིད་དུ་སེལ་བར་བྱེད། །སྡིག་པས་ངན་འགྲོར་ལུས་ཀྱིས་ནི།། སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང༌། །དེས་སྡིག་མ་བྱས་བསོད་ནམས་ཀྱིས། །སྲིད་པ་གཞན་ན་དེ་མེད་དོ། །རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི། །ཆགས་སྡང་འཇིགས་དང་འདོད་ལ་སོགས། །དེས་རྟེན་མེད་པའི་ཤེས་པ་ཡིས། །དེ་ནི་མྱུར་བ་ཉིད་དུ་སྤོང༌། །ལུས་དང་ཡིད་ ཀྱི་སྡུག་བསྔལ་གྱིས། །དེ་ལྟར་ཤིན་ཏུ་མ་སྨས་ན། །གལ་ཏེ་འཇིག་རྟེན་མཐས་གཏུགས་པར། །འཇིག་རྟེན་འདྲེན་ཀྱང་ཅིས་ཏེ་སྐྱོ། །སྡུག་བསྔལ་བ་ལ་ཡུན་ཐུང་ཡང༌། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཇི་ཞིག་གནོད།། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །དེ་བས་སངས་རྒྱས་རིང་ཐོགས་ཤེས། །བློ་དང་ལྡན་པ་སྒྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཆགས་དང་ ཞེ་སྡང་གཏི་མུག་དག །ཉེས་པར་མཁྱེན་ནས་ཡོངས་སུ་སྤོངས། །མ་ཆགས་མིས་དང་གཏི་མུག་མེད། །ཡོན་ཏན་མཁྱེན་ནས་གུས་པས་བརྟེན། །ཆགས་པས་ཡི་དགས་འགྲོ་བར་འགྲོ་།ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །བཟློག་ པས་ལྷ་དང་མི་ཉིད་དོ། །སྐྱོན་སྤངས་ཡོན་ཏན་འཛིན་པ་ནི། །མངོན་པར་མཐོ་བ་པ་ཡི་ཆོས། །ཤེས་པས་འཛིན་པ་སྤངས་ཟད་པ། །ངེས་པར་ལེགས་པ་པ་ཡི་ཆོས། །སངས་རྒྱས་སྐུ་གཟུགས་མཆོད་རྟེན་དང༌། །གཙུག་ལག་ཁང་དག་གུས་ཚུལ་དུ། །ཤིན་ཏུ་རྒྱ་ཆེན་གནས་ མལ་སོགས། །རྒྱ་ཆེན་ཕྱུག་པ་བསྒྲུབ་པར་མཛོད། །རིན་ཆེན་ཀུན་ལས་བགྱིས་པ་ཡིས། །སངས་རྒྱས་སྐུ་གཟུགས་དབྱིབས་མཛེས་ཤིང༌། །ལེགས་པར་བྲིས་པ་པདྨ་ལ། །བཞུགས་པ་དག་ཀྱང་བགྱིད་དུ་སྩོལ། །དམ་ཆོས་དགེ་སློང་དགེ་འདུན་དག །ནན་ཏན་ཀུན་གྱིས་ བསྐྱང་བར་མཛོད། །གསེར་དང་རིན་ཆེན་དྲ་བ་དག །ཉིད་ཀྱིས་མཆོད་རྟེན་རྣམས་ལ་ཐོགས། །གསེར་དང་དངུལ་གྱི་མེ་ཏོག་དང༌། །རྡོ་རྗེ་བྱི་རུ་མུ་ཏིག་དང༌། །ཨནད་རྙིལ་དང་བཻ་ཌཱུཪྻ། །མཐོན་ཀ་ཆེན་པོས་མཆོད་རྟེན་མཆོད། །དམ་ཆོས་སྨྲ་ལ་མཆོད་པ་ནི། །རྙེད་དང་བཀུར་སྟི་ དང་ལྡན་པ། །དགའ་བར་འགྱུར་བ་རྣམས་བགྱི་ཞིང༌། །ཆོས་དྲུག་གུས་པར་བསྟེན་པར་མཛོད། །བླ་མ་རིམ་གྲོ་གུས་ཉན་དང༌། །ཞམ་རིང་དང་ནི་མདོངས་གསོལ་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རྟག་ཏུ་གུས་པས་མཆོད་པར་མཛོད། །མུ་སྟེགས་གཞན་ ༄༅། །ལ་གུས་པ་ཡིས། །མཆོད་དང་ཕྱག་ཀྱང་མི་བགྱི་སྟེ། །མི་ཤེས་པ་རྣམས་དེའི་རྐྱེན་གྱིས། །སྐྱོན་དང་བཅས་པ་ཆགས་འགྱུར་གདའ། །ཐུབ་དབང་གསུང་དང་དེས་བྱུང་བའི། །གཞུང་རྣམས་བྲི་དང་གླེགས་བམ་ནི། །སྣག་ཚ་དག་དང་སྨྱུ་གུ་དག །སྔོན་དུ་འགྲོ་ བ་སྤྱིན་པར་མཛོད། །ཡུལ་དུ་ཡི་གེ་གྲྭ་ཁང་དུ། །སློབ་དཔོན་འཚོ་བའི་བྱ་བ་དག །ཞིང་སྩལ་བ་ཡི་ངེས་པ་ནི། །ཡེ་ཤེས་སྤེལ་བའི་སླད་དུ་མཛོད། །རྒན་དང་བྱིས་པ་ནད་པ་དང༌། །སེམས་ཅན་སྡུག་བསྔལ་བསལ་སླད་དུ། །ཡུལ་དུ་སྨན་པ་འདྲེག་མཁན་དག །ཞིང་གི་རྔན་པ་ འཇོག་ཏུ་སྩོལ། །འགྲོན་གནས་ཀུན་དགའ་ཆུ་ལོན་དང༌། །རྫིང་དང་མདུན་ཁང་ཆུ་ར་དག །མལ་ཟས་རྩྭ་དང་ཤིང་ལྡན་པ། །ཤེས་རབ་བཟང་པོ་བགྱིད་དུ་སྩོལ། །གྲོང་དང་གཙུག་ལག་ཁང་དག་དང༌། །གྲོང་ཁྱེར་ཀུན་དུ་འདུན་ཁང་དང༌། །ཆུ་དཀོན་ལམ་རྣམས་ཐམས་ ཅད་དུ༑ །ཆུ་ར་དག་ནི་བགྱིད་དུ་སྩོལ། །ནད་པ་མགོན་མེད་སྡུག་བསྔལ་གྱིས། །ཉམ་ཐག་དམན་དང་ངན་པ་དག །སྙིང་རྗེས་རྟག་ཏུ་ཡོངས་བཟུང་ཞིང༌། །དེ་དག་གསོ་ཕྱིར་གུས་བསྟེན་མཛོད། །དུས་སུ་འབྱུང་བའི་ཟས་སྐོམ་དང༌། །བཅའ་བ་འབྲུ་དང་ཤིང་ ཏོག་དང༌། །དེ་དག་སློང་བའི་སྐྱེ་བོ་ལ། །མ་སྩལ་བར་དུ་གསོལ་མི་རིགས། །ལྷམ་དང་གདུགས་དང་ཆུ་ཚགས་དང༌། །ཚེར་མ་དབྱུང་བའི་ཆ་སྟ་དང༌། །ཁབ་དང་སྐུད་དང་བསིལ་ཡབ་དང༌། །ཆུ་ར་ཡི་ནི་གནས་སུ་བཞག །འབྲས་བུ་གསུམ་དང་ཚ་བ་ གསུམ༑ །མར་དང་སྦྲང་རྩི་མིག་སྨན་དང༌། །དུག་སེལ་ཆུ་རར་བཞག་བགྱི་ཞིང༌། །གྲུབ་པའི་སྨན་དང་སྔགས་ཀྱང་བྲི། །ལུས་དང་རྐང་པ་མགོ་བསྐུ་དང༌། །བལ་དང་ཁྲིའུ་དང་སྐྱོ་མ་དང༌། །བུམ་པ་ཟངས་དང་དགྲ་སྟ་སོགས། །ཆུ་ར་དག་ཏུ་འཇོག་ཏུ་སྩོལ། །ཏིལ་དང་འབྲས་དང་འབྲུ་ དང་ཟས། །བུ་རམ་སྣུམ་དང་ལྡན་པ་ཡི། །ཆུ་ར་ཆུང་དུ་བསིལ་གྲིབ་ཏུ། །རུང་པའི་ཆུས་བཀང་བགྱིད་དུ་སྩོལ། །གྲོག་སྦུར་ཚང་གི་སྒོ་དག་ཏུ། །ཟས་དང་ཆུ་དང་བུམ་རམ་དང༌། །འབྲུ་ཡི་ཕུང་པོ་རྟག་པར་ནི། །ཐུགས་བརྟན་མི་རྣམས་བགྱིད་དུ་སྩོལ། །བཤོས་གསོལ་སྔོན་དང་ འོག་དག་ཏུ། །ཡི་དྭགས་ཁྱི་དང་གྲོག་སྦུར་དང༌། །བྱ་ལ་སོགས་པ་ཅི་བདེ་བར། །རྟག་ཏུ་ཟས་དག་སྩལ་བར་མཛོད། །གཙེས་པ་དང་ནི་ལོ་ཉེས་དང༌། །གནོན་པ་དང་ནི་ཡམས་ནད་དང༌། །ཕམ་གྱུར་ཡུལ་དུ་འཇིག་རྟེན་པ། །རྗེས་སུ་བཟུང་བ་རྒྱ་ཆེན་མཛོད། །ཞིང་པ་ཉམ་ཐག་གྱུར་ རྣམས་ལ། །ས་བོན་ཟས་ཀྱིས་རྗེས་སུ་ཟུང༌། །ནན་གྱིས་དཔྱ་ཁྲལ་བཏང་བ་དང༌། །ཤས་རྣམས་ཀྱང་ནི་བསྐྱུར་བ་དང༌། །ཆགས་ཉེན་པ་ལས་ཡོངས་བསྐྱབ་དང༌། །ཤོ་གམ་བཏང་དང་ཤོ་གམ་དབྲི། །དེ་དག་སྒོ་ན་སྡོད་པ་ཡི། །ཉོན་མོངས་ལས་ཀྱང་བཟློག་པར་མཛོད། །རང་གི་ཡུལ་དང་ཡུལ་ གཞན་གྱི། །ཆོམ་རྐུན་རྣམས་ཀྱང་ཞི་བར་མཛོད། །དབྱིག་གི་སྤོབས་ནི་མཉམ་པ་དང༌། །རིན་ཐང་རིགས་པར་བགྱིད་དུ་སྩོལ། །བློན་པོས་ཅི་དང་ཅི་གསོལ་པ། །ཉིད་ཀྱིས་ཀུན་དུ་མཁྱེན་མཛོད་ལ། །འཇིག་རྟེན་སྨན་པ་གང་དང་གང༌། །དེ་དང་དེ་ཀུན་རྟག་ཏུ་མཛོད། །བདག་ཕན་ཅི་ དང་ཅི་བྱ་ཞེས། །ཇི་ལྟར་ཁྱེད་ལ་གུས་ཡོད་པ། །གཞན་ཕན་ཅི་དང་ཅི་བྱ་ཞེས། །དེ་བཞིན་ཁྱོད་ནི་གུས་པར་མཛོད། །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་ནགས་ཀྱི་ཤིང་བཞིན་དུ། །བདག་ཉིད་ཡུད་ཙམ་གཅིག་ཏུ་ཡང༌། །འདོད་དགུར་སྤྱད་པ་ཉིད་དུ་མཛོད། །གོམ་བ་བདུན་པའི་དུས་སུ་ ཡང༑ །བདོག་པ་ཀུན་གཏོང་སེམས་འཆང་བའི། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བསོད་ནམས་མཁའ་འདྲ་དཔག་མེད་སྐྱེ། །བུ་མོ་གཟུགས་བཟང་ལུས་མཛེས་ལ། །དེ་དོན་གཉེར་བ་རྣམས་སྩལ་ན། །དེས་ནི་དམ་ཆོས་ཡོངས་འཛིན་པའི། །གཟུངས་ནི་སོ་སོར་ཐོབ་པར་འགྱུར། ། རྒྱན་རྣམས་ཀུན་དང་ལྡན་པ་ཡི། །བུ་མོ་སྟོང་ཕྲག་བརྒྱད་ཅུ་དག །ཡོ་བྱད་ཀུན་དང་ལྷན་ཅིག་ཏུ། །ཐུབ་པ་ཡིས་ནི་སྔོན་སྩལ་ཏོ། །སྣ་ཚོགས་པ་དང་འོད་གསལ་བའི། །བགོ་བ་དག་དང་རྒྱན་རྣམས་དང༌། །དྲི་དང་ཕྲེང་བ་ལོངས་སྤྱོད་དག །སློང་བ་རྣམས་ལ་བརྩེ་བས་སྩོལ། །གང་ ལ་ཆོས་དོན་གང་མེད་ན། །ཤིན་ཏུ་ཉམ་ཐག་གྱུར་པ་དེ། །དེ་ཡི་མོད་ལ་བདེ་སྩལ་ན། །དེ་ལས་སྦྱིན་མཆོག་མ་མཆིས་སོ། །གང་ལ་དུག་ནི་ཕན་འགྱུར་ན། །དེ་ལ་དུག་ཀྱང་སྦྱིན་པར་བགྱི། །ཁ་ཟས་མཆོག་ཀྱང་མི་ཕན་ན། །དེ་ལ་དེ་ནི་སྦྱིན་མི་བགྱི། །སྦྲུལ་གྱིས་ཟིན་ལ་ཇི་ལྟ་བུར། །སོར་ ༄༅། །མོ་བཅད་ལ་ཕན་བཤད་པ། །དེ་བཞིན་ཐུབ་པས་གཞན་ཕན་པ། །མི་བདེ་བ་ཡང་བྱ་བར་གསུངས། །དམ་པའི་ཆོས་དང་ཆོས་སྨྲ་ལ། །ཉིད་ཀྱིས་བཀུར་སྟི་མཆོག་དང་ནི། །གུས་པར་བྱས་ཏེ་ཆོས་ཉན་ཞིང༌། །ཆོས་ཀྱི་སྦྱིན་པ་དག་ཀྱང་མཛོད། །འཇིག་རྟེན་གཏམ་ ལ་དགའ་མ་མཛད། །འཇིག་རྟེན་འདས་ལ་དགྱེས་པར་མཛོད། །བདག་ལ་ཇི་ལྟར་དེ་བཞིན་དུ། །གཞན་ལ་ཡོན་ཏན་བསྐྱེད་པར་མཛོད། །གསན་པའི་ཆོས་ཀྱིས་མི་ངོམས་ཤིང༌། །དོན་བཟུང་རྣམ་པར་དབྱེ་བ་དང༌། །བླ་མ་དག་ལ་ཡོན་དབུལ་བ། །རྟག་ཏུ་གུས་པར་མཛད་དུ་གསོལ། ། འཇིག་རྟེན་རྒྱང་ཕན་སོགས་མི་གདོན། །རྩོད་པའི་དོན་གྱི་ང་རྒྱ་ལ་སྤང༌། །རང་གི་ཡོན་ཏན་མི་བསྔགས་ཤིང༌། །དགྲ་ལའང་ཡོན་ཏན་བརྗོད་པར་མཛོད། །གནོད་ལ་དབབ་པར་མི་བགྱི་ཞིང༌། །ངན་སེམས་ཀྱིས་ནི་གླེང་མི་བགྱི། །གཞན་རྣམས་ཀྱི་དང་བདག་ཉིད་ཀྱི། །འཁྲུལ་པ་ སོ་སོར་བརྟག་པར་བྱ། །ཉེས་པ་གང་གིས་གཞན་དག་ལ། །མཁས་པས་རྟག་ཏུ་ཁ་བྱ་བ། །དེ་ནི་རང་གིས་ཡོངས་སྤང་ཞིང༌། །ནུས་པས་གཞན་ཡང་བཟློག་པར་མཛོད། །གཞན་གྱིས་གནོད་པ་བགྱིས་པ་ལ། །སྔོན་གྱི་ལས་དགོངས་ཁྲོ་མི་བགྱི། །སྡུག་བསྔལ་ཡང་འབྱུང་ མི་འགྱུར་བར། །རང་གི་ཉེས་པ་མེད་པར་བགྱི། །ལན་ལ་རེ་བ་མ་མཆིས་པར། །གཞན་དག་ལ་ནི་ཕན་པར་མཛོད། །སྡུག་བསྔལ་གཅིག་པུས་གནག་བགྱི་ཞིང༌། །བདེ་བ་སློང་དང་ལྷན་ཅིག་སྤྱད། །ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང༌། །ཁེངས་པ་ཉིད་དུ་མི་བྱ་ཞིང༌། །ཡི་དགས་ བཞིན་དུ་དབུལ་བ་ཡི། །རྒུད་པས་ཀྱང་ནི་ཞུམ་མི་བགྱི། །བདེན་པ་གང་གིས་རང་དོན་ལ། །རྒྱལ་སྲིད་ཉམས་པར་གྱུར་ན་ཡང༌། །རང་གི་དོན་ལ་རྟག་བརྗོད་ཅིང༌། །དེ་ལས་གཞན་སྨྲ་མི་བགྱིའོ། །ཇི་སྐད་གསུངས་པ་དེ་བཞིན་དུ། །མཛད་པའི་བརྟུལ་ཞུགས་རྟག་བརྟེན་མཛོད། །དེས་ ན་དཔལ་ལྡན་ས་སྟེངས་སུ། །ཚད་མ་ཡི་ནི་དམ་པར་འགྱུར། །ཁྱོད་ནི་རྟག་ཏུ་ཐམས་ཅད་ལ། །ལེགས་པར་བརྟགས་ཏེ་མཛད་པ་དང༌། །ཡང་དག་ཇི་བཞིན་དོན་གཟིགས་པས། །གཞན་གྱི་དྲིང་མི་འཇོག་པར་མཛོད། །ཆོས་ལས་རྒྱལ་སྲིད་བདེ་བ་དང༌། །ཕྱོགས་རྣམས་ཀུན་དུ་གྲགས་ པ་ཡི༑ །བླ་རེ་རྒྱ་ཆེན་འབྱུང་འགྱུར་ཞིང༌། །བློན་པོ་རྣམས་ཀྱང་ཀུན་དུ་འདུན། །འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ནི་འཆི་བ་ཡིན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །འདི་ལྟར་རྟག་ཏུ་ཆོས་མཛད་ན། །འཇིག་རྟེན་ཀུན་དང་བདག་ཉིད་ལ། །ཉམས་ བདེར་འགྱུར་བ་གང་ལགས་པ། །དེ་ཉིད་རེ་ཞིག་ལྟོག་མོ་ལགས། །ཆོས་ཀྱིས་བདེ་བར་གཉིད་ལོག་ཅིང༌། །བདེ་བར་སང་པ་དག་ཏུ་འགྱུར། །ནང་གི་བདག་ཉིད་སྐྱོན་མེད་པས། །རྨི་ལམ་དག་ཀྱང་བདེ་བ་མཐོང༌། །ཕ་མ་སྲི་ཞུ་ལྷུར་ལེན་དང༌། །རིགས་ཀྱི་གཙོ་ལ་རིམ་གྲོ་དང༌། །ལོངས་ སྤྱོད་ལེགས་སྤྱོད་བཟོད་གཏོང་དང༌། །ཚིག་འཇམ་ཕྲ་མ་མེད་བདེན་པའི། །བརྟུལ་ཞུགས་རྩེ་གཅིག་བྱས་པ་དེས། །ལྷ་ཡི་དབང་པོ་ཉིད་ཐོབ་ནས། །ད་དུང་དུ་ཡང་ལྷ་དབང་བགྱིད། །དེ་བས་དེ་འདྲའི་ཆོས་བསྟེན་མཛོད། །རྗེའུ་ཆོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་ བ་བས༑ །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་ཐོབ་དང༌། །ཚངས་པའི་འཇིག་ རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་པོ། །སེམས་ཅན་རྣམས་ནི་བྱང་ཆུབ་ཏུ། །སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན། །རི་དབང་རྒྱལ་པོ་ལྟར་བརྟན་ཞིང༌། །བྱང་ཆུབ་སེམས་ནི་རྟག་ཏུ་འཐོབ། །དད་པས་མི་ཁོམ་འགྲོ་མི་འགྱུར། ། ཁྲིམས་ཀྱིས་འགྲོ་བ་བཟང་པོར་འགྲོ། །སྟོང་པ་ཉིད་ལ་གོམས་པ་ཡིས། །ཆོས་རྣམས་ཀུན་ལ་ཆགས་མེད་འཐོབ། །གཡོ་མེད་པས་ནི་དྲན་ལྡན་འཐོབ། །སེམས་པར་བྱེད་པས་བློ་གྲོས་འཐོབ། །བཀུར་སྟི་བྱེད་པས་དོན་རྟོགས་ལྡན། །ཆོས་སྲུང་ཤེས་རབ་ཅན་དུ་འགྱུར། །ཆོས་མཉན་པ་དང་ སྦྱིན་པ་དག །སྒྲིབ་པ་མེད་པར་བྱས་པ་ཡིས། །སངས་རྒྱས་རྣམས་དང་འགྲོགས་པ་ཉིད། །འདོད་པ་མྱུར་དུ་འཐོབ་པར་འགྱུར། །མ་ཆགས་པས་ནི་དོན་འགྲུབ་སྟེ། །སེར་སྣ་མེད་པས་ལོངས་སྤྱོད་འཕེལ། །ང་རྒྱལ་མེད་པས་གཙོ་བོར་འགྱུར། །ཆོས་ལ་བཟོད་པས་གཟུངས་འཐོབ་པོ། །སྙིང་ ༄༅། །པོ་ལྔ་རྣམས་བྱིན་པ་དང༌། །འཇིགས་ལ་མི་འཇིགས་བྱིན་པ་ཡིས། །བདུད་རྣམས་ཀུན་གྱིས་མི་ཚུགས་ཤིང༌། །སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། །མཆོག་རྟེན་མར་མེ་ཕྲེང་བ་དང༌། །མུན་པ་དག་ཏུ་སྒྲོན་མ་དང༌། །མར་མེ་འབྲུ་མར་བྱིན་པ་ཡིས། །ལྷ་ཡི་མིག་ནི་འཐོབ་ པར་འགྱུར། །མཆོད་རྟེན་མཆོད་པ་རོལ་མོ་དང༌། །དྲིལ་བུ་དག་ནི་ཕུལ་བ་དང༌། །དུང་དང་རྔ་ནི་རབ་ཕུལ་བས། །ལྷ་ཡི་རྣ་བ་འཐོབ་པར་འགྱུར། །གཞན་གྱི་འཁྲུལ་པ་མི་གླེང་ཞིང༌། །ཡན་ལག་ཉམས་པ་རྣམས་མི་བརྗོད། །སེམས་ནི་རྗེས་སུ་བསྲུངས་པས་ན། །གཞན་གྱི་སེམས་ནི་ ཤེས་པ་འཐོབ། །ལྷམ་དང་བཞོན་པ་བྱིན་པ་དང༌། །ཉམ་ཆུང་བཀུར་བ་བྱས་བ་དང༌། །བཞོན་པས་བླ་མ་བཀུར་བ་ཡིས། །མཁས་པས་རྫུ་འཕྲུལ་ཐོབ་པར་འགྱུར། །ཆོས་ཀྱི་ཆེད་དང་དེ་བཞིན་དུ། །ཆོས་གཞུང་དོན་དག་དྲན་པ་དང༌། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ འཐོབ་པར་འགྱུར། །དངོས་རྣམས་ངོ་བོ་ཉིད་མེད་པར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མངོན་ཤེས་དྲུག་བ་ཟག་པ་ཀུན། །ཟད་པ་མཆོག་ནི་འཐོབ་པར་འགྱུར། །སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར། །དེ་བཞིན་ཉིད་ཤེས་མཉམ་ལྡན་པ། །སྙིང་རྗེས་བརླན་པ་བསྒོམས་ པ་ཡིས༑ །རྣམ་པའི་མཆོག་ལྡན་རྒྱལ་བར་འགྱུར། །སྨོན་ལམ་སྣ་ཆོགས་དག་པ་ཡིས། །སངས་རྒྱས་ཞིང་ནི་དག་པར་འགྱུར། །ཐུབ་དབང་རིན་ཆེན་ཕུལ་བ་ཡིས། །མཐའ་ཡས་འོད་ནི་རྣམ་པར་འཕྲོ། །དེ་བས་དེ་ལྟར་ལས་འབྲས་དག །མཐུན་པར་མཁྱེན་མཛད་དོན་དུ་ནི། །འགྲོ་ ལ་ཕན་པ་རྟག་ཏུ་མཛོད། །དེ་ཉིད་ཁྱོད་ལ་ཕན་པ་ལགས། །རིན་པོ་ཆེའི་ཕྲེང་བ་ལས་བྱང་ཆུབ་ཀྱི་ཚོགས་བསྡུས་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།གང་ཕྱིར་བཟོད་དམ་མི་བཟོད་པ། །ཤེས་པར་དཀའ་པས་རྒྱལ་པོ་ནི། །ཆོས་མིན་རིགས་པ་མིན་སྤྱོད་ཀྱང༌། །རྗེས་ སུ་འཚོ་བ་ཕལ་ཆེར་སྟོད། །རེ་ཞིག་གཞན་སུའང་རུང་བ་ལ་འང༌། །མི་སྙན་ཕན་པ་བརྗོད་དགའ་ན། །ས་ཆེན་མངའ་བའི་རྒྱལ་ཁྱོད་ལ། །དགེ་སློང་བདག་ལྟ་སྨོས་ཅི་དགོས། །ཁྱོད་ཀྱིས་དགྱེས་པ་མཛད་སླད་དང༌། །འགྲོ་བ་ལ་ཡང་བརྩེ་སླད་དུ། །ཁྱོད་ལ་མི་སྙན་ཡང་སྨན་པ། །བདག་ལྟ་ གཅིག་པུས་ཏེ་པོར་གསོལ། །བདེན་འཇམ་དོན་ལྡན་འཕྲོད་པ་ནི། །བརྩེ་བས་དུས་སུ་སློབ་མ་ལ། །བརྗོད་པར་བྱ་ཞེས་བཅོམ་ལྡན་གསུང༌། །དེ་ལྟ་བས་ན་དེ་སྐད་བརྗོད། །བརྟན་པ་ཁྲོ་བ་མེད་གྱུར་པ། །བདེན་པའི་ཚིག་ནི་བསྒྲགས་པ་ན། །ཁྲུས་བྱེད་བཟང་པོའི་ཆུ་བཞིན་དུ། །མཉན་འོས་ཉམས་ སུ་ལེན་པར་བགྱིད། །ཁྱོད་ལ་བདག་གིས་འདི་དང་ནི། །གཞན་དུ་ཕན་པ་བརྗོད་བགྱིད་པ། །མཁྱེན་པར་མཛོད་དེ་བདག་ཉིད་དང༌། །གཞན་ལ་སྨན་པར་འགྱུར་དེ་མཛོད། །སློང་ལ་སྔོན་ཆད་སྦྱིན་བགྱིས་པས། །དོན་བརྙེས་གྱུར་ན་མི་སྦྱིན་ན། །བྱས་མི་གཟོ་དང་ཆགས་པ་ཡིས། །ཕྱི་ནས་དོན་རྣམས་ འཐོབ་མི་འགྱུར། །འཇིག་རྟེན་འདི་ནི་ལས་བྱེད་པ། །བླ་མེད་ལམ་བརྒྱགས་ཁྱེར་མི་བཏུབ། །སློང་བ་དམན་པ་མ་དྲན་པར། །ཕྱི་མའི་ཚེ་ན་བརྒྱ་འགྱུར་ཏེ། །རྟག་ཏུ་ཐུགས་རྗེ་ཆེན་པོ་དང༌། །མཛད་པ་རྒྱ་ཆེན་ལས་དགྱེས་མཛོད། །རྒྱ་ཆེན་ལས་ལས་འབྲས་བུ་ནི། །ཐམས་ཅད་རྒྱ་ཆེན་འབྱུང་བར་འགྱུར། ། རྒྱལ་པོ་དམན་པ་རྣམས་ཀྱིས་ནི། །ཡིད་ལའང་བསམས་པར་མ་གྱུར་པའི། །ཆོས་བཞིན་དཀོན་མཆོག་གསུམ་གྱི་རྟེན། །གྲགས་པ་དཔལ་དང་ལྡན་པའི་མཛོད། །ཆོས་བཞིན་གང་ཞིག་ཀུན་འབྱོར་པའི། །རྒྱལ་པོ་བ་སྤུ་མི་ལྡང་བ། །ཤི་ནའང་སྙན་བར་མི་འགྱུར་བས། །རྒྱལ་པོ་དེ་ནི་མ་བྱས་བླ། ། རྒྱ་རབ་ཆེ་ཕྱིར་རྒྱ་ཆེན་རྣམས། །སྙེམས་བྲལ་སྤྲོ་བ་སྐྱེད་བྱེད་ཅིང༌། །དམན་རྣམས་སྤྲོ་བ་འཇོམས་བྱེད་པ། །བདོག་པ་ཐམས་ཅད་གཏུགས་ཏེ་མཛོད། །ཁྱོད་ནི་བདོག་པ་ཀུན་བོར་ནས། །དབད་མེད་ག་ཤེད་གཤེགས་འཚལ་བས། །ཆོས་ཀྱི་སླད་དུ་སྤྱད་པ་ཀུན། །ཁྱོད་ཀྱི་མདུན་དུ་འདོར་བ་ ཉིད༑ །མི་དབང་སྔ་མའི་བདོག་པ་ཀུན། །སར་པ་ཡིས་ནི་དབང་གྱུར་ན། །སྔ་མའི་ཆོས་སམ་བདེ་བ་འམ། །གྲགས་པ་དག་ཏུ་འགྱུར་རམ་ཅི། །ནོར་སྤྱད་པ་ཡིས་འདི་ལ་བདེ། །བྱིན་པས་གཞན་དུ་བདེ་བར་འགྱུར། །མ་སྤྱད་མ་སྦྱིན་ཆུད་ཟོས་པས། །སྡུག་བསྔལ་འབའ་ཞིག་ག་ལ་བདེ། ། འཆི་ཁར་བློན་པོ་རྗེས་ངན་ཅན། །གཅེས་པར་མི་འཛིན་རྒྱལ་པོ་གསར། །བྱམས་པར་འདོད་པ་རྣམས་ཀྱིས་ཀྱང༌། །དབང་མེད་བྱས་པས་སྦྱིན་མི་སྤྱོད། །དེ་བས་རྣལ་གནས་མྱུར་དུ་ནི། །བདོག་པ་ཀུན་གྱིས་ཆོས་གཞི་མཛོད། །འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་ ༄༅། །མེ་བཞིན། །སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི། །ལྷ་ཁང་ལ་སོགས་གཞན་བགྱིས་པ། །གང་དག་ལགས་པ་དེ་དག་ཀྱང༌། །སྔ་ལུགས་བཞིན་དུ་སྐྱོང་བར་མཛོད། །དེ་དག་འཚེ་མེད་དགེ་སྤྱོད་ཅིང༌། །བརྟུལ་ཞུགས་ལ་གནས་གློ་བུར་བྱམས། །བདེན་བཟོད་འཐབ་ ཀྲོལ་མ་མཆིས་པ། །རྟག་ཏུ་བརྩོན་རྣམས་སྤྱོད་དུ་གསོལ། །ལོང་བ་ནད་པ་དམན་པ་དང༌། །མགོན་མེད་སྡུག་ཕོངས་ཡན་ལག་ཉམས། །དེ་དག་ཀྱང་ནི་ཟས་དང་སྐོམ། །དགག་པ་མེད་པར་སྙོམས་ཐོབ་མཛོད། །ཆོས་ལྡན་དོན་དུ་མི་གཉེར་བ། །རྒྱལ་པོ་གཞན་ཡུལ་གནས་རྣམས་ ལའང༑ །རྗེས་སུ་གཟུང་བར་བགྱིད་པ་དག །ཅི་རིགས་པ་ནི་རབ་ཏུ་མཛོད། །ཆོས་ཀྱི་གཞི་ནི་ཐམས་ཅད་དུ། །ཆོས་འཁོར་སྣ་བོས་མི་གཡེལ་བ། །མི་གཟན་མཁས་ཤིང་ཆོས་མཐུན་པ། །དེ་དག་རྣམས་ལ་མི་གནོད་སྐོས། །ལུགས་ཤེས་ཆོས་དང་ལྡན་ལ་འབྱར། །གཙང་ཞིང་སྙིང་ཉེ་མི་ སྡང་བ༑ །རིགས་བཟང་ངང་ཚུལ་ཕུན་སུམ་ཚོགས། །བྱས་པ་གཟོ་བའི་བློན་པོ་སྐོས། །གཏོང་ཕོད་མ་ཆགས་དཔའ་བ་དང༌། །འཇམ་ཞིང་རན་སྤྱོད་བརྟན་པ་དང༌། །རྟག་ཏུ་བག་ནི་ཡོད་པ་དང༌། །ཆོས་དང་ལྡན་པའི་དམག་དཔོན་སྐོས། །ཆོས་ཀྱི་དང་ཚུལ་གཙང་ལ་གཟོ། །དོན་ཤེས་ གཙུག་ལག་ལ་མཁས་པ། །ཚུལ་ལྡན་སྙོམས་ཤིང་ངང་འཇམ་པ། །རྒན་རབས་རྣམས་ནི་སྣ་བོར་སྐོས། །ཟླ་རེ་ཞིང་ནི་དེ་དག་ལས། །ཉིད་ཀྱིས་འདུ་འགོད་ཀུན་གསོན་ཏེ། །གསན་ནས་ཆོས་ཀྱི་གཞི་སོགས་ཀྱི། །དོན་ཀུན་ཉིད་ཀྱིས་བཀའ་སྩོལ་ཅིག །ཁྱོད་ཀྱི་རྒྱལ་སྲིད་ཆོས་དོན་དུ། ། གྲགས་དོན་འདོད་སླད་མ་ལགས་ན། །དེ་ནི་ཤིན་ཏུ་འབྲས་བུར་བཅས། །དེ་ལས་གཞན་དུ་འགྱུར་མ་མཆིས། །མི་དབང་ད་ལྟ་འཇིག་རྟེན་ན། །ཕལ་ཆེར་ཕན་ཚུན་ལྟོར་འཛུད་པས། །ཇི་ལྟར་ཁྱོད་ཀྱིས་རྒྱལ་སྲིད་དང༌། །ཆོས་སུ་འགྱུར་བ་དེ་བཞིན་གསོན། །ཤེས་པས་རྒན་ཞིང་རིགས་ བཟང་བ། །རིག་པ་ཤེས་ལ་སྡིག་ལ་འཛེམ། །ནང་གཤིན་དགོས་པ་མཐོང་འགྱུར་བ། །མང་པོ་རྟག་ཏུ་ཁྱོད་ཀྱིས་སོགས། །ཆད་པ་གཟུང་དང་བརྡེག་ལ་སོགས། །རིགས་པའང་ཁྱོད་ཀྱིས་མི་བགྱི་སྟེ། །སྙིང་རྗེས་བརླན་པར་བགྱིས་ནས་ནི། །རྟག་ཏུ་རྗེས་སུ་གཟུང་བར་མཛོད། །མི་ བཟད་སྡིག་པ་བྱེད་པ་ཡི། །ལུས་ཅན་དག་ནི་ཐམས་ཅད་ལའང༌། །རྒྱལ་པོ་ཁྱོད་ཀྱིས་རྟག་པར་ཡང༌། །སྙིང་རྗེས་ཕན་སེམས་ཁོ་ན་སྐྱེད། །མི་བཟད་སྡིག་ཅན་གསོད་བྱེད་ལ། །ཁྱད་པར་དུ་ཡང་སྙིང་རྗེ་བགྱི། །བདག་ཉིད་ཉམས་པ་དེ་བདག་ཉིད། །བདག་ཉིད་ཆེན་པོའི་སྙིང་རྗེའི་གནས། ། ཉིན་གཅིག་བཞིན་ནམ་ཞག་ལྔ་བར། །ཉམ་ཆུང་བཙོན་རྣམས་གཏོང་བར་མཛོད། །ལྷག་མ་རྣམས་ཀྱང་ཅི་རིགས་མཛོད། །འགའ་ཡང་མི་དགྲོལ་མིན་པར་མཛོད། །ཁྱོད་ནི་འགའ་ལའང་གཏང་སེམས་མེད། །དེ་ལས་སྡོམ་པ་མིན་པ་སྐྱེ། །སྡོམ་པ་མ་ཡིན་དེ་ལས་ནི། །རྒྱུན་མི་འཆད་ པར་སྡིག་པ་སོགས། །བཙོན་ནི་ཇི་སྲིད་མ་བཏང་བ། །དེ་ཡི་བར་དུ་འདྲེག་མཁན་དང༌། །ཁྲུས་དང་བཟའ་དང་བཏུང་བ་དང༌། །སྨན་དང་ལྡན་པས་བདེ་བར་བགྱི། །སྣོད་མེད་པ་ཡི་བུ་དག་ལ། །སྣོད་དུ་རུང་བར་བྱ་འདོད་ལྟར། །སྙིང་རྗེ་ཡིས་ནི་ཚར་གཅད་ བྱའི༑ །སྡང་བས་མ་ཡིན་ནོར་ཕྱིར་མིན། །རབ་སྡང་གསོད་པར་བྱེད་པའི་མི། །བརྟགས་ཏེ་ལེགས་པར་ཤེས་བགྱིས་ནས། །མི་གསད་གནོད་པར་མི་བགྱི་བར། །ཡུལ་ནས་བསྐྲད་པ་དག་ཏུ་མཛོད། །རང་དབང་ཡོད་པར་ཡུལ་ཀུན་ཡང༌། །བྱ་མ་རྟ་ཡི་སྤྱན་གྱིས་གཟིགས། །རྟག་ཏུ་བག་ཡོད་ དྲན་ལྡན་པས། །ཆོས་དང་མཐུན་པའི་དོན་མཛོད་ཅིག །ཡོན་ཏན་གནས་ལ་བདག་ཉིད་ཀྱིས། །རབ་སྦྱིན་བཀུར་སྟི་རིམ་གྲོ་དག །རྒྱ་ཆེ་རྗེས་སུ་མཐུན་སྦྱར་ཞིང༌། །ལྷག་མ་རྣམས་ལའང་ཅི་རིགས་བགྱི། །རྒྱལ་པོའི་ལྗོན་ཤིང་བཟོད་གྲིབ་ཅན། །བཀུར་སྟིའི་མེ་ཏོག་རྒྱས་གྱུར་ཅིང༌། ། རབ་སྦྱིན་འབྲས་བུ་ཆེ་ལྡན་ལ། །དམངས་ཀྱི་བྱ་རྣམས་བསྟེན་པར་འགྱུར། །རྒྱལ་པོ་གཏོང་བའི་ངང་ཚུལ་ཅན། །བརྗིད་དང་ལྡན་ན་དགའ་འགྱུར་ཏེ། །སུག་སྨེལ་ན་ལེ་ཤམ་རྩུབ་པའི། །ཤ་ཁ་ར་ཡི་ལ་དུ་བཞིན། །དེ་ལྟར་རིགས་པས་དཔྱད་ན་ནི། །ཁྱོད་ཀྱི་རྒྱལ་སྲིད་འགོད་མི་ འགྱུར༑ །རིགས་པ་མ་ཡིན་མི་འགྱུར་ཞིང༌། །ཆོས་མིན་མ་ཡིན་ཆོས་སུ་འགྱུར། །རྒྱལ་སྲིད་འཇིག་རྟེན་ཕ་རོལ་ནས། །བསྣམས་ཏེ་མ་བྱོན་བསྣམས་མི་འགྱུར། །ཆོས་ཀྱིས་སྙེམས་པས་དེའི་སླད་དུ། །ཆོས་མིན་ཁྱོད་ཀྱིས་བགྱི་མི་རིགས། །འཚོག་ཆས་ཟོང་ནི་རྒྱལ་སྲིད་ཀྱིས། །སྡུག་ ༄༅། །བསྔལ་འཚོག་ཆས་བརྒྱུད་པ་དག །ཅི་ནས་བསྒྲུབ་པར་མི་འགྱུར་བར། །རྒྱལ་པོ་དེ་ལྟར་ནན་ཏན་མཛོད། །འཚོག་ཆས་ཟོང་ནི་རྒྱལ་སྲིད་ཀྱིས། །རྒྱལ་སྲིད་འཚོག་ཆས་བརྒྱུད་པ་དག །རྒྱལ་པོ་ཅི་ནས་མཉེས་འགྱུར་བ། །དེ་ལྟ་བུར་ནི་ནན་ཏན་མཛོད། །གླིང་བཞི་པ་ ཡི་ས་ཐོབ་ཀྱང༌། །འཁོར་ལོས་སྒྱུར་བའི་བདེ་བ་ནི། །ལུས་ཀྱི་དག་དང་སེམས་ཀྱི་སྟེ། །འདི་གཉིས་ཁོ་ནར་ཟད་པར་འདོད། །ལུས་ཀྱི་ཚོར་བ་བདེ་བ་ནི། །སྡུག་བསྔལ་ཕྱིར་ན་བཅོས་མ་ཙམ། །སེམས་ཀྱི་འདུ་ཤེས་རང་བཞིན་ཏེ། །རྟོག་པས་བྱས་པ་ཁོ་ནར་ཟད། །འཇིག་རྟེན་ བདེ་བས་བདོག་པ་ཀུན། །སྡུག་བསྔལ་ཕྱིར་ནི་བཅོས་ཙམ་དང༌། །རྟོག་པ་ཙམ་ཉིད་ཡིན་དེའི་ཕྱིར། །དེ་ནི་དོན་དུ་དོན་མེད་དོ། །གླིང་དང་ཡུལ་དང་གནས་དང་ཁྱིམ། །ཁྱོགས་དང་སྟན་དང་གོས་རྣམས་དང༌། །མལ་ཆ་བཟའ་བཏུང་གླང་པོ་རྟ། །བུད་མེད་སྤྱད་བྱ་རེ་རེར་ཟད། །གང་ཚེ་ གང་ལ་སེམས་འཇུག་པ། །དེ་ཚེ་དེ་ཡིས་བདེ་ཞེས་གྲག །ལྷག་མ་ཡིད་ལ་མི་བྱེད་པས། །དེ་ཚེ་དོན་དུ་དོན་མེད་ཉིད། །མིག་ལ་སོགས་པའི་དབང་པོ་ལྡས། །ཡུལ་ལྔ་འཛིན་ཚེ་གང་གི་ཕྱིར། །རྟོག་པར་མི་བྱེད་དེ་ཡི་ཕྱིར། །དེ་ཚེ་དེ་ལ་བདེ་བ་མེད། །གང་ཚེ་ཡུལ་ནི་གང་དང་གང༌། ། དབང་པོ་གང་གིས་ཤེས་གྱུར་པ། །དེ་ཚེ་ལྷག་མས་ལྷག་མ་མིན། །གང་ཚེ་དེ་ཕྱིར་དོན་མེད་ཉིད། །དབང་པོ་ཡིས་ནི་མིག་གྱུར་པ། །འདས་པའི་ཡུལ་གྱི་རྣམ་པ་ལ། །ཡིད་ཀྱིས་དམིགས་ནས་རྟོགས་པ་ན། །བདེའོ་སྙམ་དུ་རློམ་པར་བྱེད། །འདི་ནི་དབང་པོ་གཅིག་གིས་ནི། །དོན་གཅིག་ཤེས་ པ་གང་ཡིན་པ། །དེ་ཡང་དོན་མེད་པར་དོན་མེད། །དོན་ཡང་དེ་མེད་པར་དོན་མེད། །ཇི་ལྟར་ཕ་དང་མ་དག་ལ། །བརྟེན་ནས་བུ་ནི་འབྱུང་བཤད་པ། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་བར་བཤད། །ཡུལ་ནི་འདས་དང་མ་འོངས་རྣམས། །དབད་པོ་དང་བཅས་ དོན་མེད་ལ། །དེ་གཉིས་ལས་ཐ་དད་མེད་ཕྱིར། །གང་དག་ད་ལྟར་ཡང་དོན་མེད། །ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །མགལ་མའི་འཁོར་ལོ་འཇིག་བྱེད་པ། །དེ་བཞིན་དབང་པོ་རྣམས་ཀྱིས་ནི། །དེ་ལྟའི་ཡུལ་དག་འཛིན་པར་བྱེད། །དབང་པོ་རྣམས་དང་དབང་དོན་རྣམས། །འབྱུང་ བ་རྣམས་ཀྱི་རང་བཞིན་འདོད། །འབྱུང་བ་སོ་སོར་དོན་མེད་པས། །འདི་དག་དོན་དུ་དོན་མེད་དོ། །འབྱུང་རྣམས་སོ་སོར་ཐ་དད་ན། །བུད་ཤིང་མེད་བའི་མེར་ཐལ་འགྱུར། །འདུས་ན་མཚན་ཉིད་མེད་འགྱུར་ཏེ། །ལྷག་མ་ལ་ཡང་དེ་ལྟར་ངེས། །དེ་ལྟར་འབྱུང་རྣམས་རྣམ་གཉིས་སུའང༌། །དོན་ མེད་པས་ན་འདུས་དོན་མེད། །འདུས་པ་དོན་མེད་ཉིད་ཀྱི་ཕྱིར། །གཟུགས་ཀྱང་དོན་དུ་དོན་མེད་དོ། །རྣམ་ཤེས་ཚོར་དང་འདུ་ཤེས་དང༌། །འདུ་བྱེད་རྣམས་ཀྱང་ཐམས་ཅད་དུ། །སོ་སོར་བདག་ཉིད་དོན་མེད་ཕྱིར། །དམ་པའི་དོན་དུ་དོན་མེད་དོ། །ཇི་ལྟར་སྡུག་བསྔལ་ཕྱིར་བཅོས་ལ། །དོན་དུ་བདེ་ བར་ང་རྒྱལ་བྱེད། །དེ་བཞིན་བདེ་འཇོམས་འབྱུང་བ་ལ། །སྡུག་བསྔལ་དུ་ཡང་ང་རྒྱལ་བྱེད། །ད་ལྟར་ངོ་བོ་ཉིད་མེད་ཕྱིར། །བདེ་དང་ཕྲད་པའི་སྲེད་པ་དང༌། །སྡུག་བསྔལ་བྲལ་བའི་སྲེད་པ་སྤོང༌། །དེ་ཕྱིར་དེ་ལྟར་མཐོང་བ་གྲོལ། །གང་གིས་སེམས་མཐོང་འགྱུར་ཞེ་ན། །ཐ་སྙད་དུ་ནི་ སེམས་བརྗོད་དེ། །སེམས་བྱུང་མེད་པར་སེམས་མི་འབྱུང༌། །དོན་མེད་ལྷན་ཅིག་མི་འདོད་དོ། །དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདའ། །དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་ བྱང་ཆུབ་ངེས་པར་འདོད། །དེ་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །དེ་བཞིན་གཤེགས་པས་ཐེག་ཆེན་ལས། །བྱང་ཆུབ་སེམས་དཔའི་ཚོགས་བསྟན་ན། །དེ་ལ་ཀུན་དུ་རྨོངས་པ་དང༌། །རབ་ཏུ་སྡང་བས་སྨོད་པར་བྱེད། །ཡོན་ཏན་སྐྱོན་དག་མི་ཤེས་ པའམ༑ །ཡོན་ཏན་སྐྱོན་དུ་འདུ་ཤེས་པའམ། །ཡང་ན་ཡོན་ཏན་སྡང་བ་ཞིག །ཐེག་པ་ཆེ་ལ་སྨོད་བྱེད་གྲང༌། །གཞན་ལ་གནོད་པ་སྐྱོན་དང་ནི། །གཞན་ལ་ཕན་པ་ཡོན་ཏན་དུ། །ཤེས་ན་ཐེག་པ་ཆེན་པོ་ལ། །སྨོད་བྱེད་ཡོན་ཏན་སྡང་ཞེས་བརྗོད། །རང་གི་དོན་ལ་མི་ལྟ་ཞིང༌། །གཞན་ དོན་རོ་གཅིག་དགའ་བ་གང༌། །ཡོན་ཏན་འབྱུང་གནས་ཐེག་ཆེན་ཏེ། །དེས་ན་དེས་སྡང་བསྲེག་པར་འགྱུར། །དད་པ་ཅན་ནི་བཟུང་ཉེས་པས། །ཅིག་ཤོས་སྡང་ཞིང་ཁྲོས་པ་ཡིས། །དད་པ་ཅན་ཡང་བསྲེག་བཤད་ན། །སྡང་བས་ཕྱིར་ཕྱོགས་སྨོས་ཅི་དགོས། །དུག་གིས་དུག་ནི་བསལ་བྱ་ ༄༅། །བར༑ །ཇི་ལྟར་སྨན་དཔྱད་ལས་བཤད་བཞིན། །སྡུག་བསྔལ་གྱིས་ཀྱང་མི་ཕན་པ། །བསལ་བར་བྱ་བ་ཅི་ཞིག་འགལ། །ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང༌། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །སྡུག་བསྔལ་གྱིས་ཀྱང་ཕན་ཡིད་ཀྱིས། །ཕན་པར་བྱེད་པ་ཅིས་མི་ ཕན༑ །མི་བདེའང་ཕྱིས་རྗེས་ཕན་འགྱུར་བ། །བྱ་ན་བདག་དང་གཞན་དག་ལ། །བདེ་ཕན་ལྟ་ཞིག་ཅི་སྨོས་ཏེ། །ཆོས་འདི་གནའ་ཡི་ལུགས་ཡིན་ནོ། །གལ་ཏེ་བདེ་ཆུང་ཡོངས་བཏང་བས། །བདེ་བ་རྒྱ་ཆེན་མཐོང་འགྱུར་ན། །བརྟན་པས་བདེ་ཆེན་ཡངས་གཟིགས་ལ། །བདེ་བ་ཆུང་དུ་ བཏང་བར་མཛོད། །གལ་ཏེ་དེ་ཡང་མི་བཟོད་ན། །དེས་ན་སྨན་པ་ལ་སོགས་པ། །མི་ཞིག་སྨན་ནི་སྦྱིན་བྱེད་པ། །བཅོམ་འགྱུར་འདི་ནི་རྟད་མ་ཡིན། །གནོད་པར་འགྱུར་བ་གང་ཡིན་དེ། །ལ་ལར་མཁས་པས་ཕན་པར་མཐོང༌། །སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་ བཅོས་དག་ནི་ཀུན་ལ་བསྔགས། །ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ཡུལ་དང༌། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཤིན་ཏུ་རྒྱ་ཆེ་རབ་ཟབ་ལ། །སྒྱིད་ལུག་བདག་ཉིད་མ་སྦྱངས་པས། །བདག་གཞན་དགྲ་རྣམས་རྨོངས་པ་ཡིས། ། འདི་ནི་ཐེག་པ་ཆེ་ལ་སྨོད། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེའི་བདག །ཐེག་ཆེན་ཡིན་ན་དེ་ཡི་ཕྱིར། །འདི་ལ་ཉེས་བཤད་ཅི་ཞིག་ཡོད། །ཚུལ་ཁྲིམས་སྦྱིན་པས་གཞན་གྱི་དོན། །བརྩོན་འགྲུས་བཟོད་པས་བདག་ཉིད་ཀྱི། །བསམ་ གཏན་ཤེས་རབ་ཐར་པའི་རྒྱུ། །ཐེག་ཆེན་དོན་ནི་བསྡུས་པ་ཡིན། །བདག་དང་གཞན་ཕན་ཐར་པའི་དོན། །མདོར་སངས་རྒྱས་བསྟན་དེ་དག་ནི། །ཕ་རོལ་ཕྱིན་དྲུག་ཁོ་ན་ཡིན། །དེ་བས་འདི་ནི་སངས་རྒྱས་བཀའ། །བྱང་ཆུབ་ལམ་ཆེན་བསོད་ནམས་དང༌། །ཡེ་ཤེས་རང་བཞིན་སངས་ རྒྱས་ཀྱིས། །གང་ལས་བསྟན་པའི་ཐེག་ཆེན་དེ། །མི་ཤེས་ལྡོངས་རྣམས་མི་བཟོད་དོ། །ཡོན་ཏན་མཁའ་ལྟར་བསམ་ཡས་པས། །རྒྱལ་པོའི་ཡོན་ཏན་བསམ་ཡས་གསུངས། །གང་ཕྱིར་སངས་རྒྱས་བདག་ཉིད་ཆེ། །ཐེག་ཆེན་ལས་བཤད་འདིར་བཟོད་ཀྱི། །འཕགས་པ་ ཤ་རདྭ་ཏིའི་བུས། །ཚུལ་ཁྲིམས་ཙམ་ཡང་མི་ཤེས་པས། །དེས་ན་སངས་རྒྱས་བདག་ཉིད་ཆེ། །དེ་བསམ་ཡས་པར་ཅི་མི་བཟོད། །ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །སྟོང་ཉིད་ སངས་རྒྱས་ཆེ་བདག་ཉིད། །དེ་ལྟར་རིགས་པས་རྗེས་བལྟས་ན། །ཐེག་ཆེན་ཅིག་ཤོས་ལས་གསུངས་པ། །མཁས་པ་རྣམས་ལ་ཅིས་མི་མཉམ། །དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་བླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པས། ། བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེར་མི་འགྱུར། །དེ་བས་ཐེག་ཆེན་ཞེ་སྡང་བ། །བདག་ལེགས་འདོད་པས་བྱར་མི་རིགས། །ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་ སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཕྱིར། །བྱིན་རླབས་སངས་རྒྱས་ཀྱིས་མ་བཤད། །དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་སུ་ཡོད། །བྱིན་རླབས་འཕགས་པའི་བདེན་དོན་དང༌། ། བྱང་ཆུབ་ཕྱོགས་མཐུན་ལྡན་པ་ཡི། །ལམ་ནི་ཉན་ཐོས་ཐུན་མོང་ལས། །སངས་རྒྱས་འབྲས་བུ་གང་གིས་ལྷག །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པས། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང༌། །བརྡ་སྤྲོད་པ་དག་ ཇི་ལྟ་བུར། །ཡེ་གེའི་ཕྱི་མོའང་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལས་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ། །ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ ལ་ནི་གཉིས་མི་བརྟེན། །ཟབ་མོ་ཁུ་འཕྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལ། །དེ་ལྟར་མཁས་པས་ཐེག་ཆེན་ལ། །ཁོང་ཁྲོ་བ་ནི་ཟད་བྱ་ཞིང༌། །རྫོགས་པའི་བྱང་ཆུབ་འགྲུབ་བྱའི་ཕྱིར། །ལྷག་པར་རབ་ཏུ་དང་བར་བྱ། །ཐེག་པ་ཆེ་ ༄༅། །ལ་རབ་དང་ཞིང༌། །དེ་ལས་བཤད་པ་སྤྱད་པ་ཡིས། །བླ་མེད་བྱང་ཆུབ་ཐོབ་འགྱུར་ཞིང༌། །བདེ་བ་ཀུན་ཀྱང་ཞར་ལ་འགྲུབ། དེར་ནི་སྦྱིན་དང་ཚུལ་ཁྲིམས་དང༌། །བཟོད་པའི་ཆོས་ནི་ཁྱད་པར་དུ། །ཁྱིམ་པ་ལ་བཤད་སྙིང་རྗེ་ཡི། །སྙིང་པོ་ཅན་ དེ་བསྟན་གོམས་མཛོད། །འོན་ཏེ་འཇིག་རྟེན་མི་སྲུན་ཕྱིར། །ཆོས་ཀྱི་རྒྱལ་སྲིད་བགྱིད་དཀའ་ན། །དེས་ན་ཆོས་དང་གྲགས་དོན་དུ། །ཁྱོད་ཀྱིས་རབ་ཏུ་བྱུང་ཐོབ་མཛད་རིགས། །རིན་པོ་ཆེའི་ཕྲེང་བ་ལས་རྒྱལ་པོའི་ཚུལ་བསྟན་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་ རབ་ཏུ་བྱུང་བ་ཡིས། །དང་པོར་བསླབ་ལ་རབ་གུས་བྱ། །སོ་སོར་ཐར་པ་འདུལ་བཅས་དང༌། །མང་ཐོས་དོན་གཏན་དབབ་ལ་བསྒྲིམ། །དེ་ནས་ཉེས་པ་ཕྲན་ཚེགས་ཤེས། །ཉེས་པའི་གཞི་རྣམས་སྤང་བར་བྱ། །ལྡ་བཅུ་རྩ་བདུན་བསྒྲགས་པ་རྣམས། །འབད་དེ་ངེས་ པར་བརྟག་པར་བྱ། །ཁྲོ་བ་སེམས་ཀྱི་འཁྲུགས་པ་སྟེ། །དེ་དང་རྗེས་འབྲེལ་ཁོན་དུ་འཛིན། །འཆབ་པ་སྡིག་པ་འཆབ་པ་སྟེ། །འཚིག་པ་སྡིག་ལ་ཞེན་པའོ། །གཡོ་ནི་ཤིན་ཏུ་སླུ་བ་སྟེ། །སྒྱུ་ནི་སེམས་རྒྱུད་གྱ་གྱུ་ལ། །ཕྲག་དོག་གཞན་གྱི་ཡོན་ཏན་གདུང༌། །སེར་སྣ་གཏོང་ བས་འཇིགས་པ་ཉིད། །ངོ་ཚ་མེད་དང་ཁྲེལ་མེད་པ། །རང་དང་གཞན་ལ་མི་འཛེམ་པའོ། །ཁེངས་པ་འདུད་པར་མི་བྱེད་པ། །ཉེས་རྩོམ་ཁྲོས་པས་བསླད་པའོ། །རྒྱགས་པ་དྲེགས་པ་བག་མེད་པ། །དགེ་བ་རྣམས་ལ་མི་སྦྱོར་བའོ། །ང་རྒྱལ་རྣམ་པ་བདུན་ཡིན་ཏེ། །དེ་ནི་ རབ་ཏུ་ཕྱེ་སྟེ་བཤད། །དེ་ལ་མངོན་པར་རློམ་བྱེད་པ། །དམན་པ་དམན་ཞིང་མཉམ་དང་མཉམ། །མཉམ་པས་ལྷག་པ་མཉམ་སྙམ་པ། །བདག་ཉིད་ང་རྒྱལ་ཞེས་པའོ། །ཆོས་གང་བདག་ཉིད་ཁྱད་འཕགས་དང༌། །མཉམ་པར་རློམ་པ་གང་ཡིན་དེ། །ལྷག་པའི་ང་རྒྱལ་ ཁྱད་འཕགས་པས། །ཁྱད་པར་འཕགས་པར་རློམ་པ་གང༌། །ཤིན་ཏུ་མཐོ་བས་མཐོ་སྙམ་པ། །ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ། །འབྲས་ཀྱི་སྟེང་དུ་ཕོལ་མིག་དག །བྱུང་བ་བཞིན་དུ་ཐུ་བ་ཡིན། །ཉེ་བར་ལེན་པ་ཞེས་བྱ་བ། །ལྔ་པོ་སྟོང་པ་དེ་དག་ལ། །རྨོངས་པས་ང་ སྙམ་འཛིན་པ་གང༌། །དེ་ནི་ངའོ་སྙམ་པར་བཤད། །འབྲས་མ་ཐོབ་པར་ཐོབ་སྙམ་པ། །གང་ཡིན་མངོན་པའི་ང་རྒྱལ་ཏེ། །སྡིག་ལས་བྱེད་ལ་བསྟོད་པ་ནི། །མཁས་པས་ལོག་པའི་ང་རྒྱལ་རྟོགས། །བདག་དགོས་མེད་པ་ཉིད་དོ་ཞེས། །བདག་ཉིད་སྨོད་པ་གང་ཡིན་དེས། །དམན་ པའི་ང་རྒྱལ་ཞེས་བྱ་སྟེ། །དེ་དག་མདོར་བདུན་བཤད་པའོ། །ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། ། ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །སྐྱོན་ཟློས་གཞན་གྱི་འཁྲུལ་གྱུར་པ། །དེ་དང་དེ་ནི་གང་ཟློས་པའོ། །སྦུངས་མེད་སོ་སོར་མ་བརྟགས་པར། །ནད་ལས་གྱུར་པའི་སློང་ བའམ༑ །བདག་གི་ཡོ་བྱད་ངན་པ་ལ། །ཆགས་ངན་ལེ་ལོ་ཅན་གྱི་ཡིན། །ཐ་དད་འདུ་ཤེས་འདུ་ཤེས་གང༌། །ཆགས་སྡང་མུན་གྱིས་བསྒྲིབས་པའོ། །ཡིད་ལ་མི་བྱེད་གང་ཡིན་དེ། །སེམས་ལ་ལྟ་བ་མེད་པར་བཤད། །མཐུན་པར་བྱ་བ་རྣམས་ལ་ནི། །ལེ་ལོས་བཀུར་སྟི་ཉམས་ པ་གང༑ །བླ་མར་བཅོས་ལྡན་ཚུལ་མིན་ཏེ། །སྐྱེ་བོ་ངན་པ་ཡིན་པར་འདོད། །ཞེན་པས་ཀུན་ནས་དཀྲིས་པ་ཆུང༌། །འདོད་པའི་འདོད་ཆགས་ལས་བྱུང་བའོ། །ཡོངས་ཞེན་འདོད་པ་ལས་བྱུང་བའི། །ཀུན་ནས་དཀྲིས་པ་ཆེ་རབ་ཡིན། །ཆགས་པ་རང་གི་རྫས་ལ་ནི། །ཆགས་པས་ འདོད་ཆགས་ལྡན་པའི་ཡིད། །གཞན་གྱི་རྫས་ལ་ཞེན་པ་ནི། །མི་རིགས་ཆགས་པ་ཞེས་བྱའོ། །སྤང་བྱ་བུད་མེད་ཆགས་སྟོན་པ། །ཆགས་པ་མ་ཡིན་འདོད་ཆགས་སོ། །སྡིག་འདོད་ཡོན་ཏན་མེད་བཞིན་དུ། །ཡོན་ཏན་ལྡན་པར་ཚུལ་འཆོས་པའོ། །འདོད་ཆེན་ཤིན་ཏུ་བརྐམ་ པ་སྟེ༑ །ཆོག་ཤེས་དཔལ་ལས་འདའ་བའོ། །ཐོབ་འདོད་བདག་ཉིད་ཅི་ནས་ཀྱང༌། །ཡོན་ཏན་ཡང་དག་ལྡན་ཤེས་འདོད། །མི་བཟོད་གནོད་པ་བྱེད་པ་དང༌། །སྡུག་བསྔལ་དག་ཀྱང་མི་བཟོད་པའོ། །ཚུལ་མེད་སློབ་དཔོན་བླ་མ་ཡི། །བྱ་བ་རྣམས་ལ་མ་གུས་པའོ། །བཀའ་ ༄༅། །བློ་བདེ་བ་མ་ཡིན་གང༌། །ཆོས་མཐུན་ཚིག་སྨྲས་མ་གུས་པའོ། །ཉེ་དུ་དང་འབྲེལ་རྣམ་རྟོག་ནི། །ཉེ་དུ་ལ་བྱམས་ཆགས་པའོ། །དེ་བཞིན་ཡུལ་སྲེད་དེ་དོན་དུ། །དེ་ཡི་ཡོན་ཏན་བརྗོད་པའོ། །དེ་བཞིན་མི་འཆི་རྟོགས་པ་གང༌། །འཆི་བའི་འཇིགས་ པས་མི་དོགས་པའོ། །རྗེས་རྣམ་རིག་དང་ལྡན་རྟོག་ནི། །བདག་ཉིད་ཅི་ནས་གཞན་དག་གི །ཡོན་ཏན་བདོག་པའི་རྣམ་པ་ཡིས། །བླ་མར་བྱེད་པར་འགྱུར་སྙམ་པའོ། །གཞན་རྗེས་ཆགས་དང་ལྡན་པ་ཡི། །རྣམ་རྟོག་གང་ཡིན་གཞན་དག་ལ། །ཆགས་དང་གནོད་སེམས་རེག་ པ་ཡིས༑ །ཕན་དང་མི་ཕན་རྣམས་སེམས་པའོ། །མི་དགའ་བརྟན་པ་མེད་པ་ཡི། །ཕྲག་དོག་རྙོགས་པའི་ཡིད་ཡིན་ནོ། །སྙམ་པ་བརྩོན་པ་མེད་པའི་ལུས། །སྒྱིད་ལུག་དོན་ནི་ཉེས་པ་ཡིན། །འགྱུར་བ་ཉོན་མོངས་དབང་གིས་ནི། །ལུས་དང་ཁ་དོག་འགྱུར་བའོ། །ཟས་མི་ འདོད་པ་བཟའ་དྲགས་པས། །ལུས་མི་བདེ་བ་ཡིན་པར་བཤད། །སེམས་ནི་ཤིན་ཏུ་དམའ་བ་ཉིད། །སེམས་ཞུམ་ཡིན་པ་ཉིད་དུ་བསྟན། །འདོད་འདུན་ཡོན་ཏན་ལྔ་དག་པ། །འདོད་པ་དོན་དུ་གཉེར་བ་ཉིད། །གནོད་སེམས་དག་དང་གྲོགས་དང་དགྲའི། །ཕྱོགས་ལ་དུས་ གསུམ་དོན་མིན་པ། །གནོད་བྱས་གནོད་པ་གནོད་དོགས་ཕྱོགས། །དོགས་པའི་གཞན་ལ་གནོད་པའི་སེམས། །རྒྱུ་དགུ་ལས་ནི་བྱུང་བ་ཡིན། །ལུས་སེམས་ལྕི་ཕྱིར་ལས་བྲལ་བ། །གང་ཡིན་པ་ནི་རྨི་བའོ། །གཉིད་ནི་གཉིད་ཉིད་རྒོད་པ་ནི། །ལུས་སེམས་རབ་ཏུ་མ་ཞི་བའོ། ། འགྱོད་པ་ངན་པར་བྱས་ལ་འགྱོད། །ཕྱིས་གདུང་བ་ལས་བྱུང་བའོ། །བདེན་དང་དཀོན་མཆོག་གསུམ་སྩོགས་ལ། །བློ་རྣམ་གཉིས་ནི་ཐེ་ཚོམ་མོ། །དེ་དག་བྱང་ཆུབ་སེམས་དཔས་སྤང༌། །སྡོམ་བརྩོན་ཅན་གྱིས་ལྷག་པར་སྤང༌། །ཉེས་པ་དེ་རྣམས་དང་བྲལ་བ། །ཡོན་ཏན་རྣམས་ ལ་བདེ་བླག་བསྟེན། །དེ་ལ་བྱང་ཆུབ་སེམས་དཔའ་ཡི། །ཡོན་ཏན་མདོར་བསྟན་བྱ་བ་ནི། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་བརྩེ་སོགས། །སྦྱིན་པ་རང་ནོར་ཡོངས་གཏོང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤངས་བ་ སྟེ༑ །བརྩོན་འགྲུས་དགེ་ལ་སྤྲོ་བ་ཉིད། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་བདེན་དོན་གཏན་ལ་འབེབས། །སྙིང་བརྩེས་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་རོ་གཅིག་བློ་གྲོས་སོ། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་ བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཇི་ལྟར་ཉན་ཐོས་ཐེག་པ་ ལ༑ །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་དག་དང་པོར་རབ་དགའ་བ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཕྱིར། །ཀུན་དུ་སྦྱོར་བ་གསུམ་སྤངས་ཤིང༌། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར། ། དེ་ཡི་རྣམ་པར་སྨིན་པས་ན། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང༌། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །གཉིས་པ་དྲི་མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཆར་དྲི་མ་མེད་པའི་ཕྱིར། །ངང་གིས་དེ་ དག་ལ་གནས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་བདུན་གྱི་བདག །འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །སེམས་ཅན་རྣམས་ཀྱི་འཆལ་བའི་ཁྲིམས། །སྤོང་བར་བྱེད་ལ་མཁས་པར་འགྱུར། ། ས་གསུམ་པ་ནི་འོད་བྱེད་པ། །ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །བསམ་གཏན་མངོན་ཤེས་སྐྱེ་བ་དང༌། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །བཟོད་དང་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་ འདོད་ཆགས་ཟློག་པ་ཡིན། །བཞི་པ་འོད་འཕྲོ་ཅན་ཞེས་བྱ། །ཡང་དག་ཡེ་ཤེས་འོད་འབྱུང་ཕྱིར། །བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། །ཁྱད་པར་དུ་ནི་བསྒོམས་པ་ཡིས། །དེ་ཡི་རྣམ་པར་སྨིན་པས་ནི། །རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བ་ ༄༅། །རབ་བྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ལ་མཁས་པ་འབྱུང་བའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉོན་མོངས་ལྟ་གནས་ཟློག་བྱེད་པའོ། །དྲུག་ལ་མངོན་ཕྱོགས་ཤེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་གོམས་པ་ཡིས། །འགོག་པ་ཐོབ་པས་རྒྱས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་ པས་ནི༑ །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཉན་ཐོས་རྣམས་ཀྱིས་མི་འཕྲོགས་པ། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། །བདུན་པ་རིང་དུ་སོང་བ་སྟེ། །གྲངས་ནི་རིང་དུ་སོང་ལྡན་ཕྱིར། །གང་ཕྱིར་སྐད་ཅིག་སྐད་ཅིག་ལ། །དེར་ནི་འགོག་ལ་སྙོམས་པར་འཇུག །དེ་ ཡི་རྣམ་པར་སྨིན་པས་ནི། །དབང་སྒྱུར་ལྷ་ཡི་བདག་པོར་འགྱུར། །འཕགས་པའི་བདེན་མངོན་རྟོགས་ཤེས་པའི། །སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །དེ་བཞིན་བརྒྱད་པ་གཞོན་ནུའི་ས། །མི་གཡོ་བ་དེ་མི་རྟོག་ཕྱིར། །མི་གཡོ་དེ་བཞིན་ལུས་དང་ནི། །དག་སེམས་སྤྱོད་ཡུལ་ བསམ་མི་ཁྱབ། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གི་བདག་པོའི་ཚངས་པར་འགྱུར། །དགྲ་བཅོམ་རང་སངས་རྒྱས་སོགས་ཀྱིས། །དོན་གཏན་འབེབས་ལ་འཕྲོགས་པ་མེད། །ས་དགུ་པ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །གང་ཕྱིར་སོ་སོ་ཡང་དག་ རིག །ཐོབ་པས་འདི་ལ་བློ་གྲོས་བཟང༌། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་པོ་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལ། །དགྲ་བཅོམ་སོགས་ཀྱིས་འཕྲོགས་པ་མེད། །བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ། །དམ་པ་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་ དཔའ་སངས་རྒྱས་ཀྱིས། །འོད་ཟེར་དག་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །དེ་ལྟར་བཅུ་པོ་དེ་དག་ནི། །བྱང་ཆུབ་སེམས་དཔའི་ས་བཅུར་བསྒྲགས། ། སངས་རྒྱས་རྣམས་ཀྱི་ས་གཞན་ཏེ། །རྣམ་པ་ཀུན་དུ་གཞལ་ཡས་པར། །རྒྱ་ཆེ་དེ་ནི་སྟོབས་བཅུ་དང༌། །ལྡན་པ་ཡིན་པ་ཙམ་ཞིག་བརྗོད། །དེ་ཡི་སྟོབས་ནི་རེ་རེ་ཡང༌། །འགྲོ་བ་ཀུན་བཞིན་དཔག་ཏུ་མེད། །སངས་རྒྱས་རྣམས་ཀྱི་ཚད་མེད་ཉིད། །ཕྱོགས་རྣམས་ཀུན་གྱི་ནམ་མཁའ་དང༌། ། ས་ཆུ་མེ་རླུང་ཇི་ལྟ་བ། །དེ་ཙམ་ཞིག་ཏུ་བརྗོད་པ་བས། །གལ་ཏེ་རྒྱུ་ནི་དེ་ཙམ་དུ། །ཚད་མེད་ཉིད་དུ་མ་མཐོང་ན། །སངས་རྒྱས་རྣམས་ཀྱི་ཚད་མེད་པ། །དེ་ལ་ཡིད་ཆེས་མི་འགྱུར་བས། །དེ་ཕྱིར་སྐུ་གཟུགས་མཆོད་རྟེན་གྱི། །སྤྱན་སྔ་འམ་ཡང་ན་གཞན་ཡང་རུང༌། །ཚིགས་སུ་བཅད་པ་ ཉི་ཤུ་འདི། །ཉིན་གཅིག་བཞིན་ཡང་དུས་གསུམ་བརྗོད། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རྣམ་ཀུན་བཏུད་དེ་སྐྱབས་མཆིས་ནས། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ། །སྡིག་པ་ལས་ནི་ལྡོག་བགྱིད་ཅིང༌། །བསོད་ནམས་ཐམས་ ཅད་ཡོངས་སུ་བཟུང༌། །ལུས་ཅན་ཀུན་གྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ངོ༌། །བདག་ནི་སྤྱི་བཏུད་ཐལ་སྦྱར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དང༌། །འགྲོ་གནས་བར་དུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱིས་པའི་ བསོད་ནམས་དང༌། །བདག་གིས་བགྱིས་དང་མ་བགྱིས་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་དང་ ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་དུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང༌། །རྐང་པར་ ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང༌། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། །བལྟ་ན་སྡུག་ཅིང་ནད་མེད་དང༌། །སྟོབས་ཅན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་པ་དང༌། །དཀོན་མཆོག་གསུམ་ལ་གཞོལ་ ༄༅། །བ་དང༑ །སངས་རྒྱས་ཆོས་ནོར་ཆེ་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང༌། །ཉོན་མོངས་བཏང་སྙོམས་གནས་པ་དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌། །ཚོགས་རྣམས་ཐམས་ཅད་ཡོངས་ རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང༌། །གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་ བྱམས་པ་དང༌། །སེམས་ཅན་ཀུན་ཡིད་རེ་བ་ཡི། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱེ་བོ་ཀུན། །བདག་གི་མིང་ཙམ་ཐོས་ པས་ཀྱང༌། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང༌། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུག་མེད་རྣལ་མ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་དུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག ། སེམས་ཅན་ཀུན་ལ་རྣམ་ཀུན་དུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ལ་སྐྱེ་བོ་གང༌། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་ དུ༑ །རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱོད་པར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལས་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་ འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་ལྟར་བརྗོད་པའི་བསོད་ནམས་གང༌། །གལ་ཏེ་དེ་ནི་གཟུགས་ཅན་གྱུར། །གང་གཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །དེ་ནི་ བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང༌། །སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །དེ་ལྟར་བདག་གིས་ཁྱོད་ལ་ནི། །མདོར་བསྡུས་ཆོས་བཤད་གང་ཡིན་དེ། །ཁྱོད་ལ་ཇི་ལྟར་རྟག་ཏུ་སྐུ། །ཕངས་པ་བཞིན་དུ་ཕངས་ པར་མཛོད། །གང་ལ་ཆོས་དེ་ཕངས་གྱུར་པ། །དེ་ལ་དོན་དུ་བདག་ལུས་ཕངས། །ཕངས་ལ་ཕན་པ་བྱ་དགོས་ན། །དེ་ནི་ཆོས་ཀྱི་བྱེད་པར་འགྱུར། །དེ་བས་ཆོས་ནི་བདག་བཞིན་བསྟེན། །ཆོས་བཞིན་དུ་ནི་བསྒྲུབ་པ་དང༌། །སྒྲུབ་པ་བཞིན་དུ་ཤེས་རབ་དང༌། །ཤེས་རབ་ བཞིན་དུ་མཁས་པ་བསྟེན། །གཙང་ཞིང་བྱམས་ལ་བློ་ལྡན་པ། །ཕེབས་པས་ཕན་པ་སྨྲ་བ་ལ། །གང་ཞིག་བདག་ངན་དོགས་བྱེད་པ། །དེ་ནི་རང་དོན་ཆུད་ཀྱང་གསོན། །གཙང་ཞིང་བྱམས་ལ་བློ་ལྡན་པ། །སྤོབས་ལ་ཕན་པར་སྨྲ་བ་ལ། །བདག་ནི་མགོན་དང་བཅས་འགྱུར་ཞེས། ། མི་དབང་བདག་ཐུལ་ཐུགས་དམ་མཛོད། །དགེ་བའི་བཤེས་གཉེན་དེ་དག་གི །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་གིས་ནི་ཁྱོད་བསྟེན་ན། །ཁྱོད་ཀྱིས་མཁྱེན་གྱི་གུས་པར་མཛོད། ། ལུགས་ནི་ཕུན་སུམ་ཚོགས་པ་འདིས། །གྲུབ་པ་ཡི་ནི་མཆོག་ཐོབ་འགྱུར། །བདེན་དང་སེམས་ཅན་འཇམ་སྨྲ་ཞིང༌། །བདེ་བའི་ངང་ཚུལ་བསྙེན་དཀའ་བ། །ཚུལ་ལྡན་ཁྱད་དུ་གསོད་མི་འདོད། །རང་དབང་ལེགས་པར་སྨྲ་བར་མཛོད། །ལེགས་བཏུལ་བག་ལ་ཉལ་གཏོང་དང༌། །བརྗིད་ བག་ལྡན་ཞིང་སེམས་ཞི་བ། །རྒོད་པ་མེད་ཅིང་མཐའ་མི་རིང༌། །གཡོ་བ་མེད་དང་ངེས་པར་མཛོད། །ཟླ་བ་ཉ་བཞིན་ངེས་པ་དང༌། །སྟོན་གྱི་ཉ་བཞིན་གཟི་ལྡན་དང༌། །རྒྱ་མཚོ་བཞིན་དུ་ཟབ་པ་དང༌། །རི་རབ་བཞིན་དུ་ཆེས་བརྟན་མཛོད། །ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ ཀུན་གྱིས་བརྒྱན་གྱུར་ཏེ། །སེམས་ཅན་ཀུན་གྱི་ཉེར་འཚོ་དང༌། །ཐམས་ཅད་མཁྱེན་པ་ཉིད་དུ་མཛོད། །ཆོས་འདི་རྒྱལ་པོ་འབའ་ཞིག་ལ། །བསྟན་པ་ཁོ་ནར་མ་བས་ཀྱི། །སེམས་ཅན་གཞན་ལའང་ཅི་རིགས་པར། །ཕན་པར་འདོད་པས་བསྟན་པ་ལགས། །བདག་དང་གཞན་རྣམས་ ༄༅། །ཡང་དག་པར། །རྫོགས་པའི་སངས་རྒྱས་འགྲུབ་བགྱི་སླད། །རྒྱལ་པོ་གཏམ་དུ་བགྱི་བ་ནི། །གདུགས་རེ་ཞིང་ཡང་བསམ་པའི་རིགས། །ཚུལ་ཁྲིམས་སྐྱེ་བོ་བླ་མ་མཆོག་བཀུར་བཟོད་དང་དེ་བཞིན་ཕྲག་དོག་མེད། །སར་སྣ་དང་བྲལ་རེ་བ་མེད་པར་བྱས་ནས་ གཞན་དོན་ནོར་ཅན་དང༌། །ཕོངས་པར་གྱུར་ལ་ཕན་བྱེད་མཆོག་དང་མཆོག་མིན་ཡོངས་བཟུང་དོར་བ་དང༌། །དོན་ཆོས་ཡོངས་བཟུང་བྱང་ཆུབ་དོན་ཕྱིར་གཉེར་བ་རྣམས་ཀྱིས་རྟག་ཏུ་བྱ། །རིན་པོ་ཆེའི་ཕྲེང་བ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་ལྔ་པའོ།། །།རྒྱལ་ པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་ ན་ཀ་ཝ་རྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལེགས་པར་བཅོས་པའོ།། Copyright © 2012 by the Asian Classics Input Project. All rights reserved.